༧ རྗེ་ཐམས་ཅད་མཁྱེན་པའི་རྣམ་རིག་པའི་ལྟ་བའི་བཞེད་སྲོལ་འཇམ་མགོན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

༄༅།། རྡོ་རྗེ་ཐེག་པའི་རྩེར་སོན་གསང་བའི་རྒྱུད། །
རིམ་གཉིས་རྣལ་འབྱོར་ཁྱད་པར་སྒྱུ་ལུས་དོན། །
ཆེས་ཆེར་གསལ་བར་མཛད་པས་གངས་ལྗོངས་ཀྱི། །
ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྲགས་དེ་རྒྱལ། །

ཀླུ་སྒྲུབ་ཡབ་སྲས་རིང་ལུགས་ལེགས་བཤད་གཏེར། །
སྣང་སྟོང་ཟུང་འཇུག་ལྟ་བའི་ལམ་གྱི་གནད། །
ཇི་བཞིན་སྟོན་པར་མཛད་པས་བསིལ་ལྡན་གྱི། །
ལྗོངས་འདིའི་ཤིང་རྟའི་སྲོལ་འབྱེད་གྱུར་ལ་འདུད། །

ཐོགས་མེད་སྐུ་མཆེད་ལས་བརྒྱུད་སེམས་ཙམ་ལུགས། །
སྔོན་མེད་ལེགས་བཤད་གདོང་ལྔ་འབར་བའི་དབྱངས། །
གླིང་འདིར་བསྒྲགས་པས་གངས་ཅན་ཤིང་རྟའི་སྲོལ། །
འབྱེད་མཁས་མཚན་གྱི་སྙན་པ་འཕུར་ལ་འདུད། །

འཇམ་མགོན་བླ་མའི་དྲིན་ལས་ལེགས་མཐོང་བའི། །
ཡོངས་སུ་རྫོགས་པའི་རྣམ་རིག་ལྟ་བའི་གནད། །
རྗེ་བཙུན་བླ་མའི་ཞལ་ལུང་འཁྲུལ་མེད་གང་། །
ཅུང་ཟད་སྤྲོ་ལ་དད་པས་སྤྲོ་བ་བརྟས། །

སྔོན་གླེང་།

འཇམ་དཔལ་རྩ་རྒྱུད་ལས། བྱང་ནས་བྱང་དུ་དར་གྱུར་ཅིག ཅེས་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་རྒྱ་གར་གྱི་བྱང་ཕྱོགས་སུ་ཆགས་པའི་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བ། རི་མཐོ། ས་གཙང་། ཆུ་འཇམ། མི་བཟང་། གཤིས་རྒྱུད་དྲང་བའི་རྩམ་གཟན་གྱི་སྐྱེ་འགྲོ་རྒྱུ་བའི་བོད་ཀྱི་ཞིང་ཁམས་སུ་དར་བར་ལུང་གིས་ཟིན་པ་བཞིན། བོད་དུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་བྱུང་། ཕྱི་དར་དུ་ས་སྐྱ། བཀའ་བརྒྱུད། དགེ་ལྡན་སོགས་བྱུང་ཞིང་། ཆོས་བརྒྱུད་དེ་དག་ནི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་ཆ་ལ་མི་མཐུན་པ་ཆེར་མེད་ཀྱང་། དངོས་བསྟན་ཟབ་མོ་སྟོང་ཉིད་བསྟན་པའི་ཆ་ནས་འགྲེལ་ཚུལ་དང་བླ་བརྒྱུད་མི་འདྲ་བའི་དབང་གིས་ལུགས་སོ་སོར་བྱུང་བ་ཡིན་མོད། རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་མདོ་སྨད་ནས་ཡུལ་དབུས་སུ་བྱོན་ནས་གུས་སྦྱོར་གྱི་བརྩོན་པ་ཆེན་པོས་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། ཇོ་ནང་པའི་བླ་མ་སོགས་བཅུ་ཕྲག་གསུམ་ལྷག་བསྟེན་ནས་རྒྱ་བོད་ཀྱི་གཞུང་ཆེན་ཁག་ལ་ཐོས་པ་ཡུན་རིང་དུ་གནང་བ་དང་། ལུང་རིགས་གཉིས་ཀྱིས་ཡང་ནས་ཡང་དུ་ཞིབ་དཔྱད་གནང་མཐར་ཁོང་རྣམ་པས་འགྲེལ་བརྗོད་གནང་བཞིན་པའི་དབུ་སེམས་ཀྱི་ལྟ་བ་ནི་ཡོངས་སུ་རྫོགས་པའི་དབུ་སེམས་ཀྱི་ལྟ་བ་མ་ཡིན་པ་དགོངས་པར་འཁྲུངས་ནས་གཙོ་བོ་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཟླ་བ་གྲགས་པའི་དབུ་མའི་བསྟན་བཅོས་དག་ལ་ཁུངས་གཏུགས་ནས་དྲི་མ་མེད་པའི་ལུང་རིགས་གཉིས་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་དག་སུམ་སྦྲེལ་དུ་གནང་ནས་དབུ་མའི་ལྟ་བའི་སྐོར་གྱི་ལེགས་བཤད་ཆེན་མོ་ལྔ་དང་། འཕགས་པ་ཐོགས་མེད་སྐུ་མཆེད་དང་། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དག་ལ་ཁུངས་གཏུགས་ནས་ཡང་དག་པའི་ལུང་རིགས་གཉིས་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་དག་སུམ་སྦྲེལ་དུ་བྱས་ནས་ཡོངས་སུ་རྫོགས་པའི་སེམས་ཙམ་པའི་ལྟ་བའི་གནད་བསྟན་པའི་གཞུང་ཆེན་ཁག་མཛད་པ་ནི་རྣམ་ཐར་དུ་གསལ་བ་ལྟར་རོ། །

རྗེ་ཐམས་ཅད་མཁྱེན་པས་ཡང་དག་པའི་ལུང་རིགས་གཉིས་དང་རྗེ་བཙུན་འཇམ་དབྱངས་ཀྱི་མན་ངག་དག་སུམ་སྦྲེལ་གྱིས་ཡོངས་སུ་རྫོགས་པའི་དབུ་མའི་ལྟ་བའི་གནད་རྣམས་ཆེས་ཆེར་གངས་ཅན་ལྗོངས་སུ་གསལ་བར་མཛད་པར་མ་ཟད། རྗེས་འཇུག་སྲས་ཀྱི་ཐུ་བོས་གཙོས་ཞལ་སློབ་རྣམས་ཀྱིས་ཀྱང་། དོན་འགྲེལ་དང་། ཚིག་འགྲེལ། མཆན་འགྲེལ། མཐའ་དཔྱོད་སོགས་མཛད་ནས་ཉི་མ་ལྟར་གསལ་བར་མཛད་གནང་ཡོད།

ཡིན་ན་ཡང་།  རྣམ་རིག་པའི་ལྟ་བའི་སྐོར་ལ་རྗེ་ཐམས་ཅད་མཁྱེན་པས་ལྟ་བའི་ལེགས་བཤད་ལྔ་ལས་དྲང་ངེས་ལེགས་སྙིང་གི་སེམས་ཙམ་པའི་སྐབས་སུ་ཆེས་ཆེར་གསལ་བར་མཛད་པ་ལས་གཞུང་གཞན་དང་གཞན་དུ་དམིགས་ཀྱིས་བཀར་ནས་གསལ་བར་མཛད་གནང་མེད་ཅིང་། རྗེས་འཇུག་གདུལ་བྱ་ཚོས་ཀྱང་རྗེ་ཐམས་ཅད་མཁྱེན་པའི་རྣམ་རིག་པའི་ལྟ་བའི་བཞེད་སྲོལ་གྱི་ཐད་ལ་གཞུང་གསར་དུ་བརྩམས་པ་དང་དཔྱད་རྩོམ་སོགས་མཛད་པ་ཉུང་ངུར་སྣང་བས་རྗེ་ཐམས་ཅད་མཁྱེན་པ་བར་དོ་ལོངས་སྐུའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་གྱི་ཆ་ཤས་སུ་རྗེའི་ལྟ་སྤྱོད་སྒོམ་གསུམ་གྱི་བཞེད་སྲོལ་གྱི་སྐོར་འགྲན་རྩོམ་ཞིག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་ལྟར་རྗེ་བླ་མས་ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་བའི་རྒྱུ་ཚོགས་སོགས་སུ་དམིགས་ཏེ། རྗེ་ཐམས་ཅད་མཁྱེན་པའི་རྣམ་རིག་པའི་ལྟ་བའི་བཞེད་སྲོལ་སླད་མེད་གང་ཡིན་ཅུང་ཟད་འཚོལ་བ།  རྗེ་ཐམས་ཅད་མཁྱེན་པའི་རྣམ་རིག་པའི་ལྟ་བའི་བཞེད་སྲོལ་འཇམ་མགོན་བླ་མའི་ཞལ་ལུང་།  ཞེས་བྱ་བ་བྲི་བར་འཇུག་པ་ལ།

རྣམ་རིག་གཞུང་ལ་སློབ་གཉེར་མཛད་སྟངས།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །[1] ཞེས་རང་རྣམ་དུ་གསལ་བ་ལྟར་རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་བཅུ་བདུན་གྱི་སྟེང་ལྷ་ལྡན་ཆོས་ཀྱི་ཞིང་སར་ཕེབས་ནས་དགའ་སྐྱོར་ཟུལ་གསུམ། གསང་བདེ་གུང་གསུམ་སོགས་དབུས་གཙང་གི་གདན་ས་ཆེ་ཁག་ཏུ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་བསམ་སྒོམ་གསུམ་མཛད་པ་ནི། གཞུང་གང་བྱུང་བྱུང་དང་། དགེ་བའི་བཤེས་གཉེན་གང་འཕྲད་འཕྲད་བསྟེན་པ་མ་ཡིན་པར། རྗེ་ཐམས་ཅད་མཁྱེན་པ་མདོ་སྨད་ཙོང་ཁའི་ཡུལ་ནས་དབུས་སུ་སློབ་གཉེར་ལ་འབྱོན་པར་རྩོམ་སྐབས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཐོག་མར་རྗེ་བཙུན་གྱི་བྱམས་ཆོས་སྡེ་ལྔ་དང་། འཕགས་པ་ཐོགས་མེད་ཀྱི་ས་སྡེ་སོགས་ལ་སློབ་གཉེར་མཛད་དགོས་པའི་ཞལ་གདམས་གནང་བ་ལྟར།[2]དབུས་སུ་ཕེབས་ནས་བདེ་བ་ཅན་དུ་སློབ་དཔོན་ཆེན་པོ་ཡོན་ཏན་རྒྱ་མཚོའི་དྲུང་ནས་མངོན་རྟོགས་རྒྱན་དང་། བླ་མ་འཇམ་རིན་པའི་མདུན་ནས་བྱམས་ཆོས་སྡེ་ལྔར་ཐོག་མར་ལོ་ངོ་གཉིས་ཀྱི་རིང་སློབ་གཉེར་བརྩོན་པ་ཆེན་པོས་གནང་ནས་དགུང་ལོ་བཅུ་དགུའི་སྟེང་གསང་ཕུར་བྱམས་ཆོས་དང་བདེ་བ་ཅན་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པ་དང་།[3] བྱམས་ཆོས་སྡེ་ལྔར་སློབ་གཉེར་མཛད་རྗེས་ཚད་མའི་སྐོར་སློབ་གཉེར་གནང་འདུག་པས་རྗེ་ཐམས་ཅད་མཁྱེན་པས་དབུ་སེམས་ཀྱི་ལྟ་བ་གཉིས་ལས་སྔོན་ལ་སེམས་ཙམ་པའི་ལྟ་བར་ཐོས་བསམ་རྒྱ་ཆེར་གནང་འདུག

དེར་བརྟེན། རི་བོ་དགེ་ལྡན་པའི་གདན་ས་ཆེ་ཁག་གིས་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་གྱི་གོ་རིམ་ཡང་། རྗེ་ཐམས་ཅད་མཁྱེན་པས་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་སྟངས་དང་བསྟུན་ནས་རྗེ་ཉིད་ཀྱིས་སེ་འབྲས་དགེ་གསུམ་ལ་ཞལ་བཀོད་དངོས་སུ་གནང་འདུག་སྙམ། རྗེ་ཐམས་ཅད་མཁྱེན་པས་དབུ་སེམས་ཀྱི་ལྟ་བ་གཉིས་ལས་སྔོན་ལ་སེམས་ཙམ་པའི་ལྟ་བ་དང་། སེམས་ཙམ་པའི་གཞུང་ཆེན་རྣམས་ལ་ཐོས་བསམ་རྒྱ་ཆེར་གནང་དགོས་དོན་ཡང་། གྲུབ་མཐའ་འོག་མའི་ལྟ་གྲུབ་ཀྱི་རྣམ་གཞག་ནི་གྲུབ་མཐའ་གོང་མའི་ལྟ་གྲུབ་རྟོགས་པའི་འབབ་སྟེགས་ཡིན་པ་སྟོན་ཆེད་དང་། ཚད་མའི་གཞུང་ལ་ཐོས་བསམ་རྒྱ་ཆེར་གནང་དགོས་ཀྱང་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལས་འབྱུང་བའི་རིགས་ལམ་ཕྲ་མོའི་འགྲོས་རྣམས་ནི་དབུ་སེམས་ཀྱི་ལྟ་བའི་གནད་བཀྲལ་བར་མེད་ཐབས་མེད་པའི་ལྡེ་མིག་ཏུ་ངེས་པས། དེ་ལྟར་ཕྱི་རབས་པའི་གདུལ་བྱ་རྣམས་ཀྱིས་གོ་རྟོགས་ཡོང་བའི་ཕྱིར་རོ། །

རྣམ་རིག་པའི་བསྟན་བཅོས་གང་མཛད།

རྗེ་ཐམས་ཅད་མཁྱེན་པས་དབུ་མ་ཐལ་རང་གི་ལྟ་བའི་སྐོར་ལས་བརྩམས་པའི་ལྟ་བའི་ལེགས་བཤད་ཆེན་མོ་ཕྱེད་དང་ལྔ་ཡོད་ཀྱང་། རྣམ་རིག་པ་དང་སེམས་ཙམ་པའི་ལྟ་བ་བསྟན་པའི་གཞུང་ཁེ་གཙང་མཛད་པ་ནི་དེ་དག་ལ་ལྟོས་ན་ཧ་ཅང་ཉུང་ངུར་སྣང་སྟེ། ཀུན་གཞིའི་རྩ་བ་དང་དེའི་འགྲེལ་པ་རྒྱ་ཆེར་འགྲེལ་པ་དང་།     དྲང་ངེས་ལེགས་སྙིང་ལས་སེམས་ཙམ་པའི་དྲང་ངེས་ཀྱི་སྐོར་མཛད་པ་ལས་གཞན་ཟུར་དུ་རྣམ་རིག་པའི་གཞི་ལམ་འབྲས་གསུམ་གྱི་སྐོར་ཆེད་དུ་གཉེར་ནས་མཛད་པ་མི་སྣང་བ་དང་།  དབུ་མ་དགོངས་པ་རབ་གསལ་དུ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ཞེས་པའི་ས་བཅད་དང་འབྲེལ་ནས་སེམས་ཙམ་པའི་འདོད་ཚུལ་འགའ་ཞོར་འཕྲོས་སུ་ཅུང་ཟད་རེ་མཛད་གནང་བ་ལས་གཞན་མེད་དོ།།

ཡང་།   མཁས་གྲུབ་རྗེས་རྗེ་རིན་པོ་ཆེས་རྣམ་འགྲེལ་མངོན་སུམ་ལེའུ་ལུང་ཁྲིད་གནང་སྐབས་ཟིན་བྲིས་སུ་ཕབ་པའི་མངོན་སུམ་ལེའུའི་ཌཱིཀྐ་དང་། རྒྱལ་ཚབ་རྗེས་རྗེ་རིན་པོ་ཆེས་ཚད་མའི་གཞུང་ལུང་ཁྲིད་གནང་སྐབས་བརྗེད་བྱང་དུ་བཀོད་པ་ཚད་མའི་བརྗེད་བྱང་ཆེན་མོ།  ཞེས་པའི་བསྟན་བཅོས་གཉིས་རྗེའི་གསུང་ཡིན་པའི་ཁོངས་སུ་དྲངས་ནའང་དེ་གཉིས་སུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྐོར་རྒྱས་པར་བཤད་པ་མི་སྣང་ངོ་།།

དེ་ལྟ་ན་ཡང་།  རྗེ་ཐམས་ཅད་མཁྱེན་པས་སེམས་ཙམ་པའི་གཞུང་། མདོ་སྡེ་རྒྱན། དབུས་མཐའ། ཆོས་ཉིད་རྣམ་འབྱེད། སློབ་དཔོན་ཐོགས་མེད་ཀྱི་ས་སྡེ་ལྔ་སོགས་དང་། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་སོགས་ལ་ཐོས་བསམ་རྒྱ་ཆེར་མཛད་ཡོད་པ་ནི་རྗེའི་རྣམ་ཐར་དག་ན་ཤིན་ཏུ་གསལ་བར་མ་ཟད་སེམས་ཙམ་པའི་དྲང་ངེས་དང་ཀུན་གཞིའི་དཀའ་འགྲེལ་སོགས་སུ་གཞུང་དེ་དག་གི་ལུང་ཚིག་མང་དུ་དྲངས་པ་ལས་ཀྱང་དཔོག་ནུས།

ཡིན་ན་ཡང་།  རྗེ་ཐམས་ཅད་མཁྱེན་པས་ཀུན་གཞིའི་རྩ་འགྲེལ་དང་། དྲང་ངེས་ལེགས་སྙིང་ལས་སེམས་ཙམ་པའི་དྲང་ངེས་དེ་གཉིས་མ་གཏོགས་གོང་དུ་སྨོས་པའི་སེམས་ཙམ་པའི་གཞུང་དེ་དག་གི་དོན་འགྲེལ་དང་། ཚིག་འགྲེལ། མཆན་འགྲེལ་སོགས་མཛད་པའི་གསུང་ཞིག་དེང་སང་མཇལ་རྒྱུ་མེད་པ་ནི་ཆེས་ཕངས་སེམས་སྐྱེ་དགོས་པའི་གནད་དོན་དང་། རྗེ་རིན་པོ་ཆེས་རྒྱ་གཞུང་དེ་དག་ལ་ཐོས་བསམ་རྒྱ་ཆེར་གནང་བའི་བརྒྱུད་རིམ་དང་། ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྣམས་ལ་དམིགས་བསལ་གཙིགས་ཆེན་ག་ཚོད་གནང་ཡོད་པ་ནི་རྗེའི་ལམ་རིམ་སོགས་ལ་མཇལ་ནའང་ཤེས་ནུས་ཀྱང་། དེ་དག་ལ་འགྲེལ་པ་སོགས་མཛད་མེད་པ་ནི་ཡིད་ཆེས་མི་ཐུབ་པ་ལྟ་བུ་ཞིག་འདུག

ཡང་ན།   རྗེ་ཐམས་ཅད་མཁྱེན་པས་དེ་ལྟར་མཛད་ཡོད་ཀྱང་ཡུལ་དུས་གནས་བབ་ཀྱི་དབང་ལས་བོར་བརླག་དང་། ཡང་ན། པར་དུ་འཁོད་མ་ཐུབ་པར་བོད་ཀྱི་དགོན་རྙིང་ཁག་ཅིག་གི་ནང་དུ་ས་འོག་གི་གཏེར་ལྟར་མི་མངོན་པའི་ཚུལ་དུ་ལུས་ཡོད་ཀྱང་སྲིད།

རྗེ་ཐམས་ཅད་མཁྱེན་པས་མཛད་པའི་སེམས་ཙམ་པའི་གཞུང་ལ་འདི་གཉིས་མ་གཏོགས་དེང་སང་མཇལ་དུ་མེད་པ་དང་། ལྷག་པར་དུ་རྗེ་ཐམས་ཅད་མཁྱེན་པས་དྲང་ངེས་ལེགས་སྙིང་ལས་གསུངས་པའི་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཆོས་ཀྱི་བདག་མེད་ནི་སྔོན་མེད་ལེགས་བཤད་བླ་ན་མེད་པ་ཞིག་ཡིན་པས་གངས་ཅན་གྱི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཐོགས་པའི་རྒྱུ་མཚན་གཅིག་ནི་ལེགས་བཤད་དེ་ཉིད་གསལ་བར་མཛད་པའི་ཆ་ནས་ཀྱང་ཡིན་ཚུལ་སྲས་མཆོག་གཉིས་ཀྱིས་ཀྱང་ཞལ་གྱིས་བཞེས་ཀྱང་ཁོང་རྣམ་གཉིས་ཀྱིས་གཞུང་འདི་གཉིས་ལ་དོན་འགྲེལ་དང་མཆན་འགྲེལ་སོགས་མ་མཛད་པ་ནི་ཐུགས་མཉམ་མ་བཞག་པའི་གསེང་ནས་ལྷག་འདུག་སྙམ་པ་དང་། རྗེ་བདག་ཉིད་ཆེན་པོས་ཀྱང་། དྲང་ངེས་ལེགས་སྙིང་དང་།[4][5] དབུ་མ་དགོངས་པ་རབ་གསལ་[6 ]སོགས་སུ་སེམས་ཙམ་པའི་དཀའ་གནད་མང་པོ་ཞིག་མངས་པས་མ་བྲིས། ཞེས་པ་དང་། དཔྱོད་པའི་སྒོ་ཙམ་བསྟན་པ་ཡིན། ཞེས་ད་དུང་མཐའ་དཔྱོད་དགོས་རྒྱུའི་དཀའ་གནད་མང་པོ་ཞིག་ལྷག་ཡོད་སྐོར་ལན་ཅིག་ཙམ་མ་ཡིན་པར་ལན་མང་དུ་གསུངས་འདུག་པས་རྗེས་འཇུག་རྣམས་ཀྱིས་ངེས་པར་དུ་དེའི་ལྷན་ཐབས་ཀྱི་ཚུལ་དུ་དོན་འགྲེལ་དང་ཚིག་འགྲེལ་སོགས་མཛད་དགོས་འདུག

ཡིན་ན་ཡང་།  མཁས་གྲུབ་རྗེའི་སྟོང་ཐུན་དུ་ཞོར་འཕྲོས་ཀྱི་ཚུལ་དུ་སྒྲ་རྟོག་གི་འཇུག་གཞིའི་སྐོར་གསུངས་པ་ཙམ་ལས་དྲང་ངེས་ལེགས་སྙིང་གི་སེམས་ཙམ་པའི་སྐོར་རྒྱས་པ་མ་གསུངས་པ་དང་། རྒྱལ་ཚབ་རྗེའི་གསུང་འབུམ་པོད་བརྒྱད་དུ་རྗེའི་དྲང་ངེས་ལེགས་སྙིང་གི་སྐོར་ཟུར་ཙམ་ཡང་མ་གསུངས་པ་ནི་ཆེས་ཡ་མཚན་པའི་ནང་གི་ཡ་མཚན་པའི་མཛད་པ་ཞིག་ཡིན་པར་སྣང་ངོ་། །

རྗེ་ཐམས་ཅད་མཁྱེན་པས་གསལ་བར་མཛད་རྒྱུར་ལྷག་པ་དང་དཔྱོད་དགོས་ཞེས་བཀའ་གནང་བའི་རིགས་ལ་སྲས་ཀྱི་ཐུ་བོ་རྣམས་ཀྱིས་དམིགས་བསལ་གྱིས་ཐུགས་ཁུར་བཞེས་ནས་མཐའ་དཔྱོད་ཀྱིས་མཚོན་པའི་ཡིག་འཇོག་སོགས་ཕྱོགས་གང་ལ་བསམ་ཡང་མཛད་དགོས་པ་ཞིག་འདུག་ཀྱང་། སྲས་མཆོག་གཉིས་ཀྱིས་སེམས་ཙམ་པའི་ལྟ་བ་ལས་བརྩམས་པའི་རྣམ་རིག་པའི་གཞི་ལམ་འབྲས་གསུམ་བརྗོད་བྱར་བྱས་པའི་སེམས་ཙམ་པའི་གཞུང་ཁེ་གཙང་གཅིག་ཀྱང་མ་མཛད་པ་ནི་སྲས་མཆོག་གཉིས་ཀྱིས་དགོངས་པ་གང་ཞིག་ལ་བཞེས་ནས་མཛད་པ་དེ་ལྟར་གནང་ཡོད་མེད་ཞིབ་འཇུག་ངེས་པར་བྱེད་དགོས་འདུག་སྙམ།

ལྷག་པར་དུ་སྲས་མཆོག་གཉིས་ཀྱིས་རྣམ་འགྲེལ་སོགས་ཀྱི་འགྲེལ་པ་སོགས་ལས་སེམས་ཙམ་པའི་ལྟ་བའི་སྐོར་འགྲེལ་སྐབས་སུ་རྗེའི་ཀུན་གཞིའི་དཀའ་འགྲེལ་དང་སེམས་ཙམ་པའི་དྲང་ངེས་ཀྱི་ལུང་ཚིག་སྣ་གཅིག་ཀྱང་མ་དྲངས་པ་དང་།  སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྐོར་ཟུར་ཙམ་ཡང་མ་གསུངས་པ་ནི་བློ་ཕམ་དང་དགོས་དམིགས་གང་ཞིག་དགོངས་ནས་དེ་ལྟར་གནང་ཡོད་མེད་ཀྱང་དཔྱད་དགོས་འདུག

སེམས་ཙམ་པའི་དྲང་ངེས་སྐོར་མཛད་དགོས་པའི་རྒྱུ་མཚན།

རྗེ་ཐམས་ཅད་མཁྱེན་པས་དྲང་ངེས་ལེགས་སྙིང་ལས་སེམས་ཙམ་པའི་སྐབས་སུ་སྔོན་མེད་ལེགས་བཤད་ཆེན་མོའི་ཆོས་སྒྲ་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ཉིད་ཡོངས་སུ་རྫོགས་པའི་སེམས་ཙམ་པའི་ལྟ་བ་མཐར་ཐུག་ཡིན་པར་ལུང་རིགས་ཀྱི་སྒོ་ནས་གཏན་ལ་ཕབ་པ་དང་།  དེ་ཡང་འོལ་ཚོད་དང་མཁས་ཉམས་སྟོན་ཆེད་ཙམ་མ་ཡིན་ཏེ།  རྗེ་ཐམས་ཅད་མཁྱེན་པས་ཐོག་མར་སེམས་ཙམ་པའི་མདོ་དང་རྒྱ་གཞུང་སོགས་ལ་ཐོས་བསམ་རྒྱ་ཆེན་པོ་དང་གྲྭ་སྐོར་སོགས་མཛད་པ་ནི་རྣམ་ཐར་དུ་གསལ་བ་ལྟར་དང་།  རྗེ་བཙུན་རེད་མདའ་བ་དང་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་སོགས་དགེ་བའི་བཤེས་གཉེན་མང་པོ་ཞིག་བསྟེན་ནས་སེམས་ཙམ་པའི་ལྟ་གྲུབ་ལ་ཐོས་བསམ་རྒྱ་ཆེར་གནང་ཡང་།  ཅི་ཙམ་ལུང་རིགས་ཀྱིས་བརྟགས་པ་ན་ཁོང་རྣམ་པས་གསུངས་པའི་སེམས་ཙམ་པའི་ལྟ་བ་དང་ཆོས་ཀྱི་བདག་མེད་ནི་ལུགས་འདིའི་ཆོས་ཐམས་ཅད་ཀྱི་སྟེང་དུ་ཁྱབ་ཐུབ་པའི་ཡོངས་སུ་རྫོགས་པའི་ལྟ་བ་མཐར་ཐུག་མ་ཡིན་པའི་ཚུལ་དགོངས་པར་འཁྲུངས་ནས་ལུགས་འདིར་ཡོངས་སུ་རྫོགས་པའི་ཆོས་ཀྱི་བདག་མེད་ཅིག་གཏན་ལ་འབེབས་ཆེད་དུ་སེམས་ཙམ་པའི་དྲང་ངེས་ཀྱི་གཞུང་འདི་མཛད་པ་ཡིན།

རྗེའི་ལྟ་བའི་ལེགས་བཤད་གཞན་རྣམས་སུ་སྔ་རབས་པའི་དབུ་མ་ཐལ་རང་གི་ལྟ་བའི་བཞེད་སྲོལ་ལ་དགག་བཞག་སྤོང་གསུམ་རྒྱ་ཆེར་གནང་ཡོད་ཀྱང་། སེམས་ཙམ་པའི་ལྟ་བའི་ཆ་ནས་བྱུང་བའི་མ་རྟོགས་པ་དང་ལོག་རྟོག་རྣམས་དགག་བཞག་སྤོང་གསུམ་གནང་རྒྱུར་རྒྱས་པ་ལྷག་ཡོད་ཅིང་། དུས་སྐབས་དེར་ཇོ་ནང་པའི་གཞན་སྟོང་གི་ལྟ་བ་ཆེས་ཆེར་བདོ་ཞིང་།  ཕྱོགས་གཅིག་ནས་ཇོ་ནང་པས་གཞན་སྟོང་གི་ལྟ་བ་ནི་དགོངས་འགྲེལ་གྱི་དགོངས་དོན་མཐར་ཐུག་དང་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པར་སྨྲ་བའི་ལོག་རྟོག་རྣམས་དགག་ཆེད་དུ་དྲང་ངེས་ལེགས་སྙིང་གི་སེམས་ཙམ་པའི་སྐོར་འདི་དམིགས་སུ་བཀར་ནས་ལྗགས་རྩོམ་གནང་འདུག

དེར་བརྟེན།  སེམས་ཙམ་པའི་དྲང་ངེས་ཀྱི་སྐབས་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་མཚན་དངོས་སུ་མ་སྨོས་ཀྱང་། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་རི་ཆོས་ངེས་དོན་རྒྱ་མཚོ་ཕྱོགས་སྔའི་གཙོ་བོར་བཟུང་གནང་འདུག

དེའི་རྒྱུ་མཚན་ནི་སྐབས་འདིར་སེམས་ཙམ་པའི་དྲང་ངེས་ཀྱི་མགོ་མཇུག་བར་གསུམ་དུ་རི་ཆོས་ངེས་དོན་རྒྱ་མཚོའི་འདོད་པ་མི་འདྲ་བ་དགུ་བཀོད་ནས་དེ་དག་རེ་རེ་ལ་ལུང་རིགས་ཀྱིས་དགག་སྒྲུབ་དཔྱིས་ཕྱིན་པ་གནང་བའི་ཚུལ་ནི་གཞུང་དཀྱུས་ན་གསལ་བ་ལྟར་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། སེང་ཆེན་བརྒྱད་སོགས་ཀྱི་འདོད་པ་བཀག་ཡོད་ཀྱང་གྲངས་དང་འགོག་ཚུལ་གྱི་ལུང་རིགས་ནི་དོལ་པོ་པ་ཤེས་རབ་རྒྱལ་མཚན་འགོག་པའི་ལུང་རིགས་ལ་ལྟོས་ན་ཧ་ཅང་ཉུང་བས་ཀྱང་ཤེས་ནུས། འདིར་རི་ཆོས་ངེས་དོན་རྒྱ་མཚོའི་འདོད་ཚུལ་མི་འདྲ་བ་དགུ་པོའི་གསུང་ཚིག་རྣམས་དང་། དེ་དག་ལ་རྗེ་ཐམས་ཅད་མཁྱེན་པས་དགག་པ་གནང་བའི་ལུང་རིགས་ཀྱི་གསུང་ཚིག་གཉིས་ཤན་སྦྱར་དུ་བཀོད་ནས་དོགས་གཅོད་སོགས་བྱེད་དགོས་འདུག་ཀྱང་ཤིན་ཏུ་མངས་པར་གྱུར་ནས་དཔྱད་རྩོམ་གྱི་ཚད་གཞི་ལས་བརྒལ་བའི་སྐྱོན་དུ་འགྱུར་བས་འདིར་ངལ་བ་མ་བསྟེན།

ཡང་།  དྲང་ངེས་ལེགས་སྙིང་གི་མཆོད་བརྗོད། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང་།[7] ཞེས་པའི་ཚིག་རྐང་གསུམ་གྱིས་བསྟན་པའི་ཁ་ཅིག་ལ། རྔོག་བློ་ལྡན་དང་། བུ་སྟོན་རིན་ཆེན་གྲུབ། སེང་ཆེན་བརྒྱད། ཀུན་མཁྱེན་དོལ་པོ་པ། ཡིན་ཞེས་འགྲེལ་བྱེད་སྔ་མ་རྣམས་ལ་གྲགས་པར་མ་ཟད། བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ཐབས་མཁས་ཀྱིས་རྩོམ་སྒྲིག་གནང་བའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། ཅོག་རོ་ཀླུའི་རྒྱལ་མཚན་དང་།[8]  ཉ་འཕྲུག་ཀུན་དགའ་དཔལ་[9]སོགས་ཁ་ཅིག་ཡོད་ཚུལ་གསལ།

དེས་ན།   ཞིབ་འཇུག་པ་རྣམ་པས་སེམས་ཙམ་པའི་དྲང་ངེས་ཀྱི་ཕྱོགས་སྔར་སུ་དང་སུ་ཡོད་མེད་དང་།  དེ་དག་གི་འདོད་ཚུལ་འགོག་པའི་དྲང་ངེས་ཀྱི་གཞུང་ཚིག་དང་།  ཕྱོགས་སྔ་སོ་སོའི་བསྟན་བཅོས་ཀྱི་མཚན་སོགས་བཀོད་ཐུབ་ན།  དྲང་ངེས་ལེགས་སྙིང་གི་དགོངས་དོན་ལ་གནའ་དེང་གཉིས་ཀ་ཚང་བའི་དཔྱད་ཐབས་གསར་པ་དང་ཞིབ་འཇུག་གི་ཁ་ཕྱོགས་གསར་པ།  དགོངས་དོན་དཔྱིས་ཕྱིན་པ་ལོན་པར་སྔོན་མེད་ལེགས་བཤད་ཅིག་ཏུ་འཁུམས།

དེས་ན།  རི་ཆོས་ངེས་དོན་རྒྱ་མཚོའི་འདོད་པ་མི་འདྲ་བ་དགུ་པོ་དག་བསྡུས་ན། གཙོ་བོ་གསུམ་དུ་འདུས་སྙམ་སྟེ།  ཡོངས་གྲུབ་ནི་གཞན་དབང་དང་ཀུན་བཏགས་ཀྱིས་སྟོང་པ་དང་འབྲེལ་ནས་གཞན་སྟོང་འདོད་ཚུལ་དང་།  འཁོར་ལོའི་ངོ་བོ་དང་སྐོར་དུས་སོགས།  ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་གཞུང་ཡིན་པའི་འདོད་ཚུལ་བཅས་སོ། །

མདོར་ན།  རྗེ་ཐམས་ཅད་མཁྱེན་པས་སེམས་ཙམ་པའི་དྲང་ངེས་མཛད་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཏེ།

༡༽  སྔ་རབས་པ་དག་གིས་སེམས་ཙམ་པའི་ལུགས་འདིར་ཉི་ཚེ་བའི་ཆོས་ཀྱི་བདག་ མེད་མ་གཏོགས་ཆོས་ཐམས་ཅད་ལ་ཁྱབ་པའི་ཡོངས་གྲུབ་གཏན་ལ་འབེབས་མ་ནུས་པས་ཡོངས་སུ་རྫོགས་པའི་ཡོངས་གྲུབ་གཏན་ལ་འབེབས་པའི་ཆེད།

༢༽  དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་འདོད་པའི་གཞན་སྟོང་གི་ལྟ་བ་དང་དེ་ཉིད་ཐོགས་མེད་སྐུ་མཆེད་ཀྱི་དགོངས་པར་སྨྲ་བའི་ལོག་རྟོག་དགག་པའི་ཆེད་དུ་ཡིན།

རྗེ་ཐམས་ཅད་མཁྱེན་པས་སེམས་ཙམ་པའི་དྲང་ངེས་ལེགས་སྙིང་བརྩམས་པའི་དགོས་པ་དེ་ལྟར་མི་སྨྲ་བར་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཐ་སྙད་ཙམ་གསར་གཏོད་དང་།   ལུགས་འདིར་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་གསར་གཏོད་མ་བྱས་ཀྱང་ལུགས་འདིར་ཆོས་ཀྱི་བདག་མེད་རྫོགས་པར་གཏན་ལ་འབེབས་ནུས་ཞེས་སྨྲ་བ་ནི་རྗེ་ཐམས་ཅད་མཁྱེན་པའི་དྲང་ངེས་ལེགས་སྙིང་གི་གཞུང་སྤྱི་ཁོག་གུང་བསྒྲིགས་ནས་གོ་བ་མ་ལོན་པའི་རང་རྟགས་མངོན་པ་ཡིན་ནོ། །

སེམས་ཙམ་པའི་དྲང་ངེས་ལས་གསུངས་པའི་ཡོངས་སུ་རྫོགས་པའི་རྣམ་རིག་པའི་ལྟ་བ།

 སྤྱིར་རྗེའི་ཀུན་གཞིའི་རྩ་འགྲེལ་ལས་ནི།  ལུང་གི་རྗེས་འབྲངས་ཀྱི་སེམས་ཙམ་པས་འདོད་པའི་བློ་རིག་གི་རྣམ་གཞག་དང་འབྲེལ་ནས་ས་ལམ་གྱི་རྣམ་གཞག་གཙོར་བསྟན་དང་། ཞོར་དུ་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་ཚུལ་དང་། ཕྱི་རོལ་དོན་གྱིས་སྟོང་པ་བསྟན་དོན་བྱེད་པ་ལས། གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྐོར་ཚིག་དོན་གཉིས་ཀའི་ཆ་ནས་གསལ་པོར་གསུངས་པ་མི་སྣང་། རྗེའི་སེམས་ཙམ་པའི་དྲང་ངེས་ཀྱི་སྐབས་སུ། གཙོ་བོ་སེམས་ཙམ་པའི་ལྟ་བའི་སྐོར་ལ་དགག་བཞག་སྤོང་གསུམ་གྱི་སྒོ་ནས་རྗེ་ཉིད་ཀྱི་བཞེད་ཚུལ་རྩལ་དུ་བཏོན་ཏེ་གཏན་འབེབས་གནང་ཡོད་པས། གལ་ཏེ་རྗེ་ཐམས་ཅད་མཁྱེན་པའི་ལུགས་ལ། སེམས་ཙམ་པའི་ལྟ་སྤྱོད་གཉིས་སོ་སོར་བསྟན་པའི་རང་རྐང་གི་གཞུང་ཞིག་ངོས་འཛིན་བྱེད་དགོས་ན། སེམས་ཙམ་པའི་མངོན་རྟོགས་ཀྱི་རིམ་པ་གཙོར་བསྟན་གྱི་གཞུང་ལ་ཀུན་གཞི་རྩ་འགྲེལ་དང་། སེམས་ཙམ་པའི་ལྟ་བའི་རྣམ་གཞག་གཙོར་བསྟན་གྱི་གཞུང་ལ་ལེགས་སྙིང་གི་སེམས་ཙམ་པའི་དྲང་ངེས་ཀྱི་གཞུང་ངོས་འཛིན་བྱས་ན་མི་འགྲིགས་པ་མེད་སྙམ།

དྲང་ངེས་ལེགས་སྙིང་ལས་གསུངས་པའི་སེམས་ཙམ་པའི་ལྟ་བའི་རྣམ་གཞག་ནི། རྗེ་ཐམས་ཅད་མཁྱེན་པ་བོད་གངས་ཅན་ལྗོངས་སུ་ཞབས་མ་བཅགས་པའི་གོང་དུ་གངས་ཅན་པའི་མཁས་གྲུབ་སུས་ཀྱང་དོན་དང་ཐ་སྙད་གཉིས་ཀའི་ཆ་ནས་ཟུར་ཙམ་ཡང་གསུང་མ་ནུས་ཤིང་།[10] དེ་ཡང་།  རྗེ་ཐམས་ཅད་མཁྱེན་པ་ཁོ་ནས་ས་འོག་ནས་གཏེར་བཏོན་པ་བཞིན་ཡང་དག་པའི་ལུང་རིགས་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་བཅས་སུམ་སྦྲེལ་ལ་བརྟེན་ནས་ལུགས་འདིར་གཏན་ལ་ཕབ་པའི་ཆ་ནས་ཀྱང་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་སྙན་བྱུང་བ་དང་། དེ་ལྟ་བུའི་རྨད་དུ་བྱུང་བའི་ལེགས་བཤད་ནི། འདུས་བྱས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་སྟེང་དུ་ཁྱབ་མཉམ་གྱིས་འཇོག་ཐུབ་པའི་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བའམ་གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ཉིད་ཡིན་ལ། ལྟ་བའི་ལེགས་བཤད་ཆེན་མོ་དེ་ཉིད་ས་འོག་ནས་གཏེར་བཏོན་པ་བཞིན་འཇིག་རྟེན་འདིར་གསལ་བར་མཛད། ས་འོག་གི་གཏེར་ནི་ས་འོག་ཏུ་ཡོད་པ་ཞིག་འདོན་དགོས་པ་ལས་མེད་པར་འདོན་རྒྱུ་མེད་པ་བཞིན། གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་མདོ་སྡེ་དགོངས་འགྲེལ་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་ཀྱི་སེམས་ཙམ་པའི་གཞུང་དག་ཏུ་གསལ་ཁ་མེད་ན། རྟོག་བཟོར་མི་འགྱུར་བའི་ངེས་པ་མེད་པས། མདོ་བསྟན་གྱི་གཞུང་ཚིག་གང་ཞིག་ལས་ཡིད་ཤེས་རྟོག་པ་ལ་ལྟོས་པའི་ལྟ་བ་དེ་ཉིད་བསྟན་པ་ཡིན་ནམ། ཞེ་ན། མདོ་བསྟན་རྣམས་ཀྱི་གཞུང་ཚིག་གི་སྒྲས་དངོས་སུ་བསྟན་པ་མི་སྣང་སྟེ།  གཞན་དུ་ན་སྔ་རབས་པས་ལེགས་བཤད་ཆེན་མོ་དེའི་དོན་དང་ཐ་སྙད་གང་ཡང་སྨྲ་སྤོབས་མི་ནུས་པའི་རྒྱུ་མཚན་མེད་དོ། ། ཡིད་ཤེས་རྟོག་པ་ལ་ལྟོས་པའི་ལྟ་བ་བསྟན་པའི་མདོ་བསྟན་གྱི་གཞུང་ཡོད་དེ། དགོངས་འགྲེལ།[11]ཐེག་བསྡུས།[12] བརྒྱད་སྟོང་དོན་བསྡུས་[13] ཀྱི་གཞུང་ཚིག་དེ་དག་གིས་བསྟན་པ་ཡིན་ནོ། །

རྗེའི་སེམས་ཙམ་པའི་དྲང་ངེས་ལས་གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྩལ་དུ་བཏོན་ན།  གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིའི་དོན་དང་།  དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་དོན་ཅི་ཞིག་ཡིན་ནམ་ཞེ་ན།

རྟོག་པའི་ཞེན་གཞིའི་དོན་ལ་དཔྱད་པ།

རྗེའི་སེམས་ཙམ་པའི་དྲང་ངེས་ལས།  སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཆོས་ཀྱི་བདག་མེད་ཡིན་པའི་རྣམ་གཞག་ས་འོག་ནས་གཏེར་བཏོན་པ་བཞིན་གངས་ཅན་གྱི་ལྗོངས་འདིར་གསལ་བར་མཛད་ཀྱང་ཕྱི་རབས་པའི་གདུལ་བྱ་རྣམས་ཀྱིས་རྟོགས་དཀའ་བར་གཟིགས་རྗེས། རྗེ་ཉིད་ཀྱིས་དོགས་པ་ཁོང་ནས་སློང་བའི་ཚུལ་གྱིས་དྲི་བ་ལྔ་དང་དེའི་ལན་ལྔ་བཏབ་པའི་སྒོ་ནས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གངས་ཅན་ལྗོངས་འདིར་གསལ་བར་མཛད་མོད ། འོ་ན། རྗེ་ཉིད་ཀྱིས་གཟུགས་སོགས་རྟོག་པའི་ཞེན་གཞིའི་དོན་ཅི་འདྲ་ཞིག་ལ་བཞེད་དམ་ཞེ་ན། རྗེའི་ལེགས་སྙིང་ལས།  གཟུགས་སོགས་རྟོག་པའི་ཞེན་གཞི་ཡིན་པ་ཡོད་པ་དང་རྟོག་བཏགས་ཡིན་པ།[14]  དབང་ཤེས་ལ་སྣང་བའི་ཚུལ་གསུངས་པ་[15] ཙམ་ལས་དེའི་དོན་དེ་དང་འདི་ཡིན་ཞེས་སྒྲས་ཟིན་དུ་དངོས་སུ་གསལ་པོར་གསུངས་པ་མི་སྣང་ངོ་། །

ཡིན་ན་ཡང་།  ལེགས་སྙིང་ལས་གསུང་པའི་གོང་དུ་སྨོས་པའི་དོན་གནད་གསུམ་དང་། དྲང་ངེས་ལེགས་སྙིང་གི་འགྲེལ་པ་སྔ་གྲས། དྲང་ངེས་དཀའ་འགྲེལ་དང་། གཉལ་སྟོན་དཀའ་འགྲེལ། སྟོང་ཐུན་གྱི་སྐབས་འདིའི་གསུང་ཚིག་རྣམས་གུང་བསྒྲིགས་ནས་ཚིག་གི་སྤྲོས་པ་མེད་པར་གོ་བདེའི་ལམ་ནས་བརྗོད་ན། གཟུགས་སོགས་དབང་ཤེས་དང་ཡིད་ཤེས་ལ་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་ཉིད་ལ་གོ་དགོས་ཏེ།[16]][17]གཟུགས་འཛིན་རྟོག་པ་ནི་གཟུགས་འཛིན་དབང་ཤེས་ཀྱིས་དྲངས་པས་དབང་ཤེས་ལ་གཟུགས་སོགས་ཕྱི་རོལ་རྒྱང་ཆད་དུ་སྣང་བས་སྣང་བ་དེ་ཉིད་ལ་ཞེན་ནས་རྟོག་པས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཡིན་པའི་ཕྱིར།[18]

ཡང་། དབང་ཤེས་ལ་ཕྱི་རོལ་རྒྱང་ཆད་དུ་སྣང་མི་ཐུབ་པའི་འདུས་མ་བྱས་ཀྱི་རིགས་རྣམས་ནི།  རང་རང་འཛིན་པའི་རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་དེ་ནི་རང་རང་འཛིན་པའི་ཞེན་གཞིའི་དོན་ཡིན།

དེས་ན།  གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ཚུལ་ཅི་ཞིག་ཡིན་ནམ་ཞེ་ན།   གཟུགས་སོགས་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་རྟོག་པའི་སྣང་བ་ཙམ་མིང་བརྡས་བཞག་པ་རྟོགས་ཚུལ་མ་ཡིན་ཏེ།  དེ་ལྟར་མདོ་སྡེ་པས་རྟོགས་པའི་ཕྱིར།[19]

ཡང་།  སྣང་བའི་སྣང་བ་དེ་ཉིད་མེད་པར་རྟོགས་ཚུལ་མ་ཡིན་ཏེ།  དེ་ཉིད་ཡོད་པའི་ཕྱིར།

དེས་ན།  གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ཚུལ་ནི། གཟུགས་སོགས་རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་དེ་ཉིད་སྣང་བ་ལྟར་མེད་པར་རྟོགས་ཚུལ་དང་།[20][21] ཡང་ན།  གཟུགས་སོགས་དབང་ཤེས་ལ་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་དེ་གཟུགས་སོགས་སུ་མ་གྲུབ་པ་རྟོགས་ཚུལ་ཡིན་པས། གཟུགས་སོགས་དབང་ཤེས་དང་རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བ་ལྟར་མ་གྲུབ་པ་རྟོགས་ཚུལ་དང་། དབང་ཤེས་དང་རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་གཟུགས་དེ་གཟུགས་སོགས་སུ་མ་གྲུབ་པ་རྟོགས་ཚུལ་གཉིས་གོ་བ་གཅིག་ཡིན་ཏེ། རྟོག་པའི་ཞེན་གཞིའི་དོན་ལ། གཟུགས་སོགས་དབང་ཤེས་དང་ཡིད་ཤེས་ལ་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་དང་། དབང་ཤེས་དང་རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་གཟུགས་སོགས་གཉིས་ཀར་འཇུག་པ་གོང་གི་སྟོང་ཐུན་དང་དྲང་ངེས་དཀའ་འགྲེལ་གྱི་ལུང་ཚིག་དག་གིས་ཤེས་ནུས་པའི་ཕྱིར།

ཡང་།   རྗེ་ཐམས་ཅད་མཁྱེན་པས་དབང་ཤེས་ལ་གཟུགས་སོགས་རྟོག་པའི་ཞེན་གཞི་ཡིན་པ་སྣང་བར་བཞེད་པའི་རྒྱུ་མཚན་གྱིས་ཀྱང་།[22].[23]དབང་ཤེས་ལ་གཟུགས་སོགས་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་དེ་ཉིད་རྟོག་པའི་ཞེན་གཞི་ཡིན་པར་གྲུབ་སྟེ། གཞན་དུ་ན། དབང་ཤེས་ལ་གཟུགས་སོགས་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་ཡོད་པའི་རྒྱུ་མཚན་གྱིས་དབང་ཤེས་ལ་གཟུགས་སོགས་རྟོག་པའི་ཞེན་གཞི་ཡིན་པ་སྣང་བ་དེ་ཇི་ལྟར་སྒྲུབ།[24]

དེས་ན།  གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཞེས། ར་ཡིག་སྦྱར་མ་སྦྱར་ལ་ཁྱད་པར་ཆེས་ཆེར་མི་འདུག་སྙམ་སྟེ། གཟུགས་སོགས་རྟོག་པའི་ཞེན་གཞི་ནི་དབང་ཤེས་དང་རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བའི་སྣང་བ་དེ་ཉིད་ཡིན་པར་གོང་གི་ལུང་དག་གིས་གྲུབ་པ་དང་།  དེ་ཉིད་སྣང་བ་ལྟར་མ་གྲུབ་པ་རྟོགས་ཚུལ་ནི་གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ཚུལ་ཡིན་པ་གོང་གི་སྟོང་ཐུན་སོགས་ཀྱི་ལུང་གིས་གྲུབ་པའི་ཕྱིར།

དེས་ན།  ར་ཡིག་སྦྱར་བར་གོ་བ་ལྷག་པ་ཡོད་མེད་དཔྱད་དགོས་ཏེ། དྲང་ངེས་ལེགས་སྙིང་རང་ལས་ཞེན་གཞི་ལ་ར་ཡིག་དངོས་སུ་སྦྱར་བ་གཅིག་ཀྱང་མཇལ་དུ་མེད་པའི་ཕྱིར།[25] [26]

ཡང་།   ཕྱིས་ཀྱི་འགྲེལ་བྱེད་མཁན་པོ་དག་གིས་ར་ཡིག་སྦྱར་བའི་ཁུངས་ནི། ལེགས་སྙིང་དུ།  ཞེན་གཞི་ཡིན་པ། ཞེས་ཡིན་པ་ཡང་ཡང་གསུངས་ཡོད་པས་དེའི་རྒྱུ་མཚན་གྱིས་ཡིན་སྙམ་ཡང་།  ཞེན་གཞིར་དང་ཞེན་གཞི་ཡིན་པ་གཉིས་གོ་བ་གཅིག་ཏུ་འབབ་མིན་ཡང་དཔྱད་དགོས་སོ། །

གལ་ཏེ། གཟུགས་སོགས་རྟོག་པའི་ཞེན་གཞིའི་དོན་དང་། དེ་ཉིད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ཚུལ་དེ་ཙམ་ཡིན་ན། བོད་སྔ་རབས་པ་རྣམས་ཀྱིས་དོན་དེ་ཙམ་ཡང་མ་རྟོགས་པ་ཡིན་ནམ་ཞེ་ན།

བོད་སྔ་རབས་པས་གཟུགས་སོགས་ཀྱི་སྟེང་དུ་ཕྱི་རོལ་དོན་གྱིས་སྟོང་པ་འཇོག་ཐུབ་པ་ཙམ་ལས། འདུས་མ་བྱས་པའི་ཆོས་ཀྱི་སྟེང་དུ་ཆོས་ཀྱི་བདག་མེད་འཇོག་མ་ཐུབ་པའི་གནད་ཀྱིས་ཡིན། དེའི་རྒྱུ་མཚན་ཡང་། བོད་སྔ་རབས་པས་ལུགས་འདིའི་ཆོས་ཀྱི་བདག་མེད་ལ་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མ་གྲུབ་པའི་ཕྱི་དོན་མེད་པ་ཁོ་ནར་འདོད་པས་ཡིན་ནོ། །

འོ་ན།  རྗེ་ཐམས་ཅད་མཁྱེན་པས་གཟུགས་ཕྱི་དོན་གྱི་དོན་ཇི་ལྟར་བཞེད་དམ་ཞེ་ན།

རྗེ་ཐམས་ཅད་མཁྱེན་པས་ཀྱང་། གཟུགས་ཕྱི་དོན་གྱི་དོན་ནི། རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་འདོད་དེ།

རྒྱུ་མཚན་དང་པོ། རྗེ་ཐམས་ཅད་མཁྱེད་པའི་དབུ་མ་དགོངས་པ་རབ་གསལ་དང་།[27] [28] དྲང་ངེས་ལེགས་སྙིང་[29]གི་གཞུང་ཚིག་དག་ལ་གཞིགས་ན། རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུ་ལ་ཕྱི་དོན་དང་། དེ་ཉིད་མེད་པ་ཕྱི་དོན་མེད་པའི་དོན་དུ་བཞེད་པ་ཧ་ཅང་གསལ་པོ་ཡིན་པའི་ཕྱིར་དང་། རྗེ་ཐམས་ཅད་མཁྱེན་པས་བོད་སྔ་རབས་པས་གཟུགས་སོགས་ཕྱི་དོན་གྱི་དོན་འཇོག་ཚུལ་ལ་དགག་པ་གནང་བ་ཟུར་ཙམ་ཡང་མེད་པ་དང་། ལུགས་འདིར་ཆོས་ཀྱི་བདག་འཛིན་ལ་འཛིན་ཚུལ་དེ་ཁོ་ནར་བཞག་ན་ཆེས་མི་རིགས་པ་དུ་མ་འབྱུང་བར་ཐལ་བའི་སྐྱོན་བཏང་གནང་མཛད་པ་ལས་ཀྱང་ཤེས་ནུས་པའི་ཕྱིར།

རྒྱུ་མཚན་གཉིས་པ།  གལ་ཏེ།  རྗེ་ཐམས་ཅད་མཁྱེན་པས། གཟུགས་ཕྱི་དོན་གྱི་དོན་ནི། རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མི་འདོད་ན། ལེགས་སྙིང་ལས། ལུགས་འདིར་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཁོ་ནར་བཤད་ན།  འདུས་མ་བྱས་པའི་ཆོས་ཀྱི་སྟེང་དུ་ཡོངས་གྲུབ་འཇོག་མི་ཐུབ་པའི་སྐྱོན་སོགས་ཆེས་མི་རིགས་པ་དུ་མ་ཞིག་སྨྲ་དགོས་པའི་ཐལ་བ།[30]  ཇི་ལྟར་གསུངས་རིགས་ཏེ་མི་རིགས་པར་ཐལ། རྫས་གཞན་གྱིས་སྟོང་པ་ཁོ་ནར་བཤད་ཀྱང་འདུས་མ་བྱས་པའི་ཆོས་ཀྱི་སྟེང་དུ་ཡོངས་གྲུབ་འཇོག་ཐུབ་པའི་ཕྱིར།  དེར་ཐལ།  འདུས་མ་བྱས་ཀྱི་ནམ་མཁའ་ཕྱི་དོན་གྱིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་ནུས་པའི་ཕྱིར།

རྒྱུ་མཚན་གསུམ་པ།   འདུས་མ་བྱས་ཀྱི་ནམ་མཁའ་ཕྱི་རོལ་དོན་གྱིས་སྟོང་པ་ཡོངས་གྲུབ་ཏུ་གསུངས་པའི་རྗེའི་གསུང་ཚིག་གཅིག་ཀྱང་མཇལ་རྒྱུ་མེད་པར་མ་ཟད། དྲང་ངེས་ལེགས་སྙིང་གི་འགྲེལ་པ་ཆེས་སྔ་གྲས་གཉལ་སྟོན་དཀའ་འགྲེལ་དང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་དཀའ་འགྲེལ་ལས་ཀྱང་འདུས་མ་བྱས་ཀྱི་ནམ་མཁའ་ཕྱི་རོལ་དོན་གྱིས་སྟོང་པ་ཡོངས་གྲུབ་ཏུ་གསུངས་པ་ཟུར་ཙམ་ཡང་མཇལ་རྒྱུ་མེད་པའི་ཕྱིར།

རྒྱུ་མཚན་བཞི་པ། མཁས་གྲུབ་རྗེས་འདུས་མ་བྱས་ཀྱི་ནམ་མཁའ་ཕྱི་རོལ་དོན་གྱིས་སྟོང་པ་ཡོངས་གྲུབ་མ་ཡིན་པའི་ཚུལ་ཚིག་ཐག་ཆོད་པའི་ཚུལ་གྱིས་གསུངས་གནང་འདུག་[31]. [32] པས་ཀྱང་གཟུགས་ཕྱི་དོན་འཛིན་ཚུལ་དངོས་ནི།  རྡུལ་ཕྲན་ཆ་མེད་བསགས་ནས་གོང་བུར་འཛིན་ཚུལ་ཡིན་པ་བདེ་བླག་ཏུ་གོ་ནུས་པའི་ཕྱིར།

དེས་ན།   རྗེ་ཐམས་ཅད་མཁྱེན་པས་ལུགས་འདིར།  ཆོས་ཀྱི་བདག་མེད་ལ་ཕྱི་དོན་གྱིས་སྟོང་པའི་ཡོངས་གྲུབ་ཁོ་ནར་བཞག་ན། འདུས་མ་བྱས་ཀྱི་ནམ་མཁའ་སོགས་ཀྱི་སྟེང་དུ་ཆོས་ཀྱི་བདག་མེད་འཇོག་མི་ཐུབ་པའི་སྐྱོན་སོགས་བྱུང་བས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟེང་དུ་ཆ་མཉམ་གྱིས་འཇོག་ཐུབ་པའི་ཆོས་ཀྱི་བདག་མེད་ནི། དགོངས་འགྲེལ་ལས་གསུངས་པའི་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ཡིན་པ་ལུང་རིགས་གཉིས་ཀྱི་སྒོ་ནས་ནན་ཏན་ཆེན་པོས་གཏན་ལ་ཕབ་དགོས་པའི་རྒྱུ་མཚན་ནི་གནད་དེ་ལ་ཐུག་པ་ཡིན།

དེས་ན།   གཟུགས་སོགས་ཀྱི་སྟེང་དུ་ཕྱི་རོལ་དོན་གྱིས་སྟོང་པའི་ཡོངས་གྲུབ་དང་། གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཡོངས་གྲུབ་གཉིས་གནད་གཅིག་ཡིན་མིན་གྱི་དོགས་པ་ཁོང་སློང་ལྔ་པ་དེ་གསུངས་པ་ཡིན་པ་ལས། དེ་གཉིས་ཐ་སྙད་ཙམ་ལས་ཕྱོགས་ཐམས་ཅད་ནས་གཅིག་པ་གཅིག་རྐྱང་ཡིན་ན།  དོགས་སློང་དེ་ལྟར་གནང་དགོས་དོན་མེད་པའི་ཕྱིར།

འོ་ན།  རྗེ་ཐམས་ཅད་མཁྱེན་པའི་བཞེད་པར་དེ་གཉིས་ལ་ཁྱད་པར་གང་ཞིག་ཡོད་དམ་ཞེ་ན།  སྔ་མ་ནི་གཟུགས་སོགས་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མ་གྲུབ་པ་དང་།  དེའི་ལྡོག་ཕྱོགས་འཛིན་པ་ལ་གཟུགས་ལྟ་བུའི་སྟེང་དུ་ཆོས་ཀྱི་བདག་འཛིན་ཀུན་བཏགས་འབའ་ཞིག་གི་འཛིན་པ་དང་།[33] ཕྱི་མ་ནི་གཟུགས་སོགས་ཕྱི་རོལ་རྒྱང་ཆད་དུ་མ་གྲུབ་པ་དང་།  དེའི་ལྡོག་ཕྱོགས་འཛིན་པ་ལ་ཀུན་ལྷན་གཉིས་ཀ་ཡོད། གཞི་འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་སྔ་མའི་དབང་དུ་བྱས་པའི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་འཛིན་པ་མེད་ཀྱང་།   ཕྱི་མའི་དབང་དུ་བྱས་པའི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་འཛིན་པ་གཉིས་ཀ་འཇོག་ཆོག་གོ

དེ་བཞིན་དུ།  རྗེ་ཐམས་ཅད་མཁྱེན་པས་ཤེས་པ་ཕྱི་དོན་དུ་འཛིན་ཚུལ་ཡང་།  གཟུགས་སོགས་ཕྱི་དོན་དུ་འཛིན་ཚུལ་དང་མི་འདྲ་བར་ཤེས་པ་ཆ་མེད་རྒྱུན་མཐུད་པའི་གསལ་རིག་འཛིན་ཚུལ་དུ་འདོད་པས།[34]  ཕྱི་དོན་དུ་འཛིན་པ་དང་ཕྱི་དོན་གྱིས་སྟོང་པ་ནི་ཆོས་ཐམས་ཅད་ཀྱི་སྟེང་དུ་མ་ཁྱབ་པས། ཆོས་ཐམས་ཅད་ལ་ཁྱབ་པའི་ཡོངས་གྲུབ་ནི་ཕྱི་རོལ་རྒྱང་ཆད་དུ་གྲུབ་པས་སྟོང་པའམ་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ཉིད་ལུང་རིགས་གཉིས་ཀྱི་སྒོ་ནས་རྗེ་ཐམས་ཅད་མཁྱེན་པས་གཏན་ལ་ཕབ་པའི་ཆ་ནས་གངས་ཅན་ལྗོངས་འདིར་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་སྙན་བྱུང་བ་ཡིན།

འོ་ན།  ཕྱོགས་གླང་ཆོས་གྲགས་སོགས་ཀྱིས་ཀྱང་།  ལུགས་འདིར་ཡོངས་གྲུབ་མཐའ་ཆོད་པ་མ་ཤེས་པར་ཐལ་ལོ།  ཞེ་ན།

སློབ་དཔོན་ཁོང་རྣམ་པས་ལུགས་འདིའི་ཆོས་ཀྱི་བདག་མེད་ལ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ཡོངས་གྲུབ་བམ་ཕྱི་དོན་གྱིས་སྟོང་པ་ཁོ་ན་འདོད་ན། ཡོངས་སུ་རྫོགས་པའི་ཡོངས་གྲུབ་འཇོག་མི་ཤེས་པའི་སྐྱོན་དུ་འགྱུར་ཡང་། སློབ་དཔོན་ཁོང་རྣམ་པས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཡང་བཞེད་པ་བརྒྱད་སྟོང་དོན་བསྡུས་སོགས་སུ་གསལ་བས་སྐྱོན་དེ་ལྟར་མེད་དོ། །

ཡང་།  རྗེ་ཐམས་ཅད་མཁྱེན་པའི་དྲང་ངེས་ལེགས་སྙིང་གི་དངོས་ཟིན་གྱི་དགོངས་པ་དང་། དབུ་མ་དགོངས་པ་རབ་གསལ། ལེགས་སྙིང་གི་འགྲེལ་པ་ཆེས་སྔ་གྲས་རྣམས་ཀྱི་དགོངས་པ་རྣམས་གུང་བསྒྲིགས་ན། གཟུགས་ཕྱི་དོན་དུ་འདོད་ཚུལ་ནི། གཟུགས་དེ་ཉིད་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་འདོད་ཚུལ་ཡིན་པ་རྗེའི་དགོངས་པ་རྨ་མེད་པ་ཡིན་ཡང་།   དེ་ལ་རྩོད་པ་ཆེན་པོ་གསུམ་འབྱུང་ངེས་ཏེ།

དང་པོ། གཟུགས་ཕྱི་དོན་དུ་མ་གྲུབ་པ་ཆོས་ཅན། ཡོངས་གྲུབ་མ་ཡིན་པར་ཐལ། དབུ་མ་པས་དེ་རྟོགས་པའི་ཕྱིར། དེར་ཐལ། གཟུགས་དེ་ཉིད་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མ་གྲུབ་པ་རྟོགས་པའི་ཕྱིར། དེར་ཐལ། རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མ་གྲུབ་པ་རྟོགས་པའི་ཕྱིར།  ཞེས་པའི་རྩོད་པ་དང་།

གཉིས་པ།  ཕྱི་དོན་དུ་མ་གྲུབ་པ་ཆོས་ཅན།  ཉི་ཚེ་བའི་ཡོངས་གྲུབ་ཡིན་པར་ཐལ། ཆོས་ཐམས་ཅད་ལ་ཁྱབ་པར་འཇོག་ཐུབ་པའི་ཡོངས་གྲུབ་མ་ཡིན་པའི་ཕྱིར། ཞེས་པའི་རྩོད་པ་དང་།

གསུམ་པ། ཤེས་བྱ་ཆོས་ཅན། ལུགས་འདིར་ཆོས་ཀྱི་བདག་འཛིན་ལ་འཛིན་སྟངས་མི་མཐུན་པ་གཉིས་ཡོད་པར་ཐལ། ཕྱི་དོན་དུ་འཛིན་ཚུལ་དང་།  ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་ཚུལ་གཉིས་མི་གཅིག་པའི་ཕྱིར། ཞེས་པའི་རྩོད་པ་དེ་གསུམ་ལ་ལན་ཇི་ལྟར་བསྐྱོན་དགོས་མིན་དཔྱད་པར་འཚལ་ལོ།།

ཡིད་ཤེས་རྟོག་པ་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དོན།

གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ལ་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ལྟ་བ་དང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་ལ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་ཞེས་ཕྱིས་ཀྱི་རྗེའི་དྲང་ངེས་ཀྱི་འགྲེལ་བྱེད་མཁན་པོ་མང་པོས་ཐ་སྙད་དེ་ཉིད་བེད་སྤྱོད་གནང་ཡོད་ཀྱང་། ལེགས་སྙིང་གི་འགྲེལ་པ་ཆེས་སྔ་གྲས་སྟོང་ཐུན་སྐལ་བཟང་མིག་འབྱེད་དང་། གཉལ་སྟོན་དཀའ་འགྲེལ། དྲང་ངེས་དཀའ་འགྲེལ་རྣམས་སུ་ཐ་སྙད་དེ་ཉིད་བེད་སྤྱོད་བྱས་པ་མི་སྣང་ཞིང་། རྗེའི་ལེགས་སྙིང་རང་ལས་ཀྱང་། ཡིད་ཤེས་རྟོག་པ་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་གཟུང་འཛིན་ཁེགས་པ།[35]]ཞེས་པ་མ་གཏོགས་ཐ་སྙད་དེ་དག་དངོས་སུ་སྤྱད་པ་མི་སྣང་།  དེ་ལྟར་ན་ཡང་། ཡིད་ཤེས་རྟོག་པ་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དོན་ཅི་ཞིག་ཡིན་ནམ་ཞེ་ན།

འགྲེལ་བྱེད་མཁན་པོ་དག་གིས་དེའི་དོན་གསལ་པོ་ཞིག་ངོས་བཟུང་བའི་གཞུང་ཞིག་སྔར་ཕན་མ་མཇལ་བས་དེའི་དོན་ཇི་བཞིན་འཇོག་པར་དཀའ་ཡང་། ཞིབ་ཏུ་བསམ་ན་དེའི་དོན་འདི་ལྟར་ཡིན་ངེས་ཏེ། དབང་ཤེས་ལ་ཕྱི་རོལ་དོན་དུ་སྣང་བ་ལྟར་མ་གྲུབ་པའི་ཆ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དོན་དང་། རྟོག་པར་ཕྱི་རོལ་རྒྱང་ཆད་དུ་སྣང་བ་ལྟར་མ་གྲུབ་པའི་ཆ། ཡིད་ཤེས་རྟོག་པ་ལ་ལྟོས་པའི་ལྟ་བའི་དོན་ཡིན་ཏེ། གཙོ་བོ་དབང་ཤེས་དང་ཡིད་ཤེས་ལ་ཆོས་ཅན་དེ་ཉིད་དགག་བྱའི་ངོར་སྣང་སྟངས་དང་འབྲེལ་ནས་ཆོས་ཅན་གྱི་སྟེང་དུ་དགག་བྱ་བཀག་པའི་ཆ་སོ་སོ་ལ་འཇོག་དགོས་པའི་ཕྱིར།

ཡང་ན།  རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མ་གྲུབ་པའམ།  ཤེས་པ་ཆ་མེད་རྒྱུན་མཐུད་པའི་གསལ་རིག་ཏུ་མ་གྲུབ་པའི་ཆ། རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དོན་དང་། སྒྲ་རྟོག་གི་ཞེན་གཞིར་མ་གྲུབ་པ་དང་ཕྱི་རོལ་རྒྱང་ཆད་དུ་མ་གྲུབ་པའི་ཆ།  ཡིད་ཤེས་རྟོག་པ་ལ་ལྟོས་པའི་ལྟ་བའི་དོན་དུ་བཞག་ནའང་རིགས་སྙམ།

དེ་ལྟར་ན་ཡང་།   ཡིད་ཤེས་རྟོག་པ་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་གཉིས་དོན་གཅིག་ཏུ་འདོད་པར་མི་རིགས་ཏེ།  འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བ་བཤད་དུ་མེད་དེ།  དེ་ཉིད་དབང་ཤེས་ལ་ཕྱི་རོལ་དོན་དུ་མི་སྣང་བའི་ཕྱིར།

ཡང་ན།   འདུས་མ་བྱས་ཀྱི་ནམ་མཁའི་སྟེང་དུ་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུ་དང་ཤེས་པ་ཆ་མེད་རྒྱུན་མཐུད་པའི་གསལ་རིག་ཏུ་གྲུབ་པར་འཛིན་པའི་ཀུན་བཏགས་དང་ལྷན་སྐྱེས་གང་ཡང་མེད་པའི་ཕྱིར། འདིར་ངེས་པ་རྙེད་པའི་ཡིད་ཤེས་རྟོག་པ་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ལྟ་བའི་དོན་ཞིག་མ་ཐོབ་པས་ད་དུང་ཡང་དེའི་མཚན་ཉིད་ལ་ཅི་ཞིག་འཇོག་མིན་དཔྱད་དགོས་སོ། །

སེམས་ཀྱི་བདག་ཉིད་དུ་གྲུབ་པ་དང་།  ཀུན་རྫོབ་ཕྲ་མོ་རྟོགས་ཚུལ་སྐོར།

གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ནི། ལུགས་འདིའི་དོན་དམ་བདེན་པ་མཐར་ཐུག་ཡིན་མོད་ཀྱང་། ལུགས་འདིའི་ཀུན་རྫོབ་ཕྲ་མོ་ནི་དེ་དང་འདི་ཡིན་ཞེས་གསལ་པོར་བསྟན་པའི་གཞུང་ཞིག་སྔར་ཕན་མ་མཇལ་ཡང་། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པ་དེ་ལུགས་འདིའི་ཀུན་རྫོབ་ཕྲ་མོར་འཇོག་དགོས་པ་དང་། དེ་ཉིད་རྟོགས་པར་ཡོངས་གྲུབ་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། ཐལ་འགྱུར་བའི་ལུགས་ལ། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དང་། དེ་ཉིད་ཀུན་རྫོབ་ཕྲ་མོ་དང་། དེ་རྟོགས་པར་དོན་དམ་བདེན་པ་རྟོགས་པ་སྔོན་དུ་འགྲོ་དགོས་པ་བཞིན་ནོ། །

སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་ཚར་རྗེས་སེམས་ཀྱི་བདག་ཉིད་དུ་རྟོགས་དགོས་པ་ནི། ལེགས་སྙིང་དང་།[36] དྲང་ངེས་དཀའ་འགྲེལ།[37] གཉལ་སྟོན་དཀའ་འགྲེལ་[38]ན་ཤིན་ཏུ་གསལ་བས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་པའི་རྗེས་ལ་མ་གཏོགས་སེམས་ཀྱི་བདག་ཉིད་དུ་གྲུབ་པ་རྟོགས་མི་ནུས་པས། སེམས་ཀྱི་བདག་ཉིད་དུ་གྲུབ་པར་རྟོགས་པར་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །

ལ་ལས། སེམས་ཀྱི་བདག་ཉིད་དུ་གྲུབ་པ་ནི། ཆོས་ཀྱི་བདག་མེད་པའི་ཡོངས་གྲུབ་ཏུ་སྨྲ་བར་མི་རིགས་ཏེ།

རྒྱུ་མཚན་དང་པོ།  དེ་ཉིད་སྒྲུབ་པ་ཡིན་པའི་ཕྱིར་དང་།

རྒྱུ་མཚན་གཉིས་པ།  སྔོན་ལ་གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིས་ཀྱིས་གྲུབ་པས་སྟོང་པ་རྟོགས་དགོས་པ་དང་། དེ་ནས་གཟུགས་སོགས་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བའི་དབང་ཤེས་དེ་འཁྲུལ་ཤེས་ཡིན་པར་རྟོགས་དགོས་པ་དང་། དེ་རྗེས་གཟུགས་སོགས་སེམས་ཀྱི་བདག་ཉིད་དུ་གྲུབ་པར་རྟོགས་པའི་གོ་རིམ་[39]མི་འཐད་པའི་སྐྱོན་ཡོད་པའི་ཕྱིར།

ཡིན་ན་ཡང་། ལེགས་སྙིང་དུ།  གཟུང་འཛིན་རྫས་ཐ་དད་བཀག་པའི་རྣམ་པ་རིག་པ་ཙམ་ཞེས་གཟུང་འཛིན་རྫས་ཐ་དད་བཀག་པ་དང་། རྣམ་པ་རིག་པ་ཙམ་གཉིས་མཉམ་དུ་སྦྱར་བར་སྣང་ཡང་། དེ་གཉིས་གཅིག་ཏུ་སྦྲེལ་ནས་གོ་བ་ལེན་མི་རིགས་ཏེ། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པ་ནི་མེད་དགག་དང་། སེམས་ཀྱི་བདག་ཉིད་དང་རྣམ་པར་རིག་པ་ཙམ་ནི་སྒྲུབ་པ་ཡིན་པའི་ཕྱིར་དང་། དེ་གཉིས་གཅིག་ཏུ་སྦྱར་ནས་གོ་བ་ལེན་དགོས་ན་ནི། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་རྣམ་པར་རིག་པ་ཙམ་དེ་རྟོག་མེད་དབང་ཤེས་ལ་ལྟོས་པའི་ཆོས་ཀྱི་བདག་མེད་ལས་གཞན་འོས་མེད་པས་དེ་ཉིད་མེད་དགག་ཏུ་ཇི་ལྟར་འཐད་སྙམ།

དེས་ན།   དེའི་གོ་དོན་ནི།  གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ལ་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་གོ་བ་དང་། སེམས་ཀྱི་བདག་ཉིད་དུ་གྲུབ་པའི་གོ་བ་མེད་པའི་ཕྱིར།  ཞེས་པའི་རྩོད་པར།[40]  དེའི་ལན་དུ་གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་པ་ལ་བརྟེན་ནས། གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བའི་མིག་ཤེས་དེ་ཉིད་འཁྲུལ་ཤེས་སུ་འགྲུབ་པས། མིག་ཤེས་ལ་ཕྱི་རོལ་དོན་དུ་སྣང་བ་ལྟར་མ་གྲུབ་པར་རྟོགས་པ་དང་། དེ་ལ་བརྟེན་ནས་གཟུགས་སོགས་མིག་ཤེས་ཀྱི་བདག་ཉིད་དུ་གྲུབ་པར་རྟོགས་པར་གྱུར། ཅེས་ལན་མཛད་པས་གཟུགས་སོགས་རང་སྣང་བའི་ཤེས་པ་དང་རྒྱང་ཆད་དུ་མེད་པ་རྟོགས་པ་ལ་བརྟེན་ནས། གཟུགས་སོགས་རྡུལ་ཕྲན་ཆ་མེད་བསགས་པའི་གོང་བུར་མ་གྲུབ་པར་རྟོགས་པར་འགྱུར་བས། སྟོང་ཚུལ་འདི་ལ་གཟུང་འཛིན་རྫས་ཐ་དད་བཀག་པའི་སྟོང་པའི་གོ་བ་ཡོད་ཅེས་དང་། གཟུགས་སོགས་རང་སྣང་བའི་ཤེས་པ་དང་རྒྱང་ཆད་དུ་སྣང་བ་ལྟར་མ་གྲུབ་ཀྱང་མེད་པར་མི་འགྱུར་ཏེ། སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ། ཅེས་ལན་སོ་སོ་ནས་མཛད་འདུག་པས་རྩོད་པའང་སོ་སོ་ནས་ཡོད་པ་དཔོག་ནུས་པའི་ཕྱིར།

གཞན་ཡང་།  གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང་། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པ་གཉིས་ཀ་རྣམ་པར་རིག་པ་ཙམ་རྟོགས་པའི་ཐབས་ཡིན་པ་དང་། རྣམ་པར་རིག་པ་ཙམ་ནི་སེམས་ཀྱི་བདག་ཉིད་དང་དོན་གཅིག་ཡིན་པའི་ཕྱིར།[41]

མདོར་ན།  གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་ལ་འཇུག་ཅེས་པ་ནི། ཐལ་འགྱུར་བའི་ལུགས་ལ་སྟོང་པ་རྟེན་འབྱུང་གི་གྲོགས་སུ་ཤར་དགོས་པ་ལྟར། ལུགས་འདིར་ཡང་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་རྣམ་པར་རིག་པ་ཙམ་གྱི་གྲོགས་སུ་ཤར་དགོས་པ་དང་།  དེ་ལྟར་མ་བྱུང་ན་ཆོས་བདག་ཕྲ་མོ་མཚན་ཉིད་པར་མི་འགྱུར་བས་དེ་ལ་རྣམ་པར་རིག་པ་ཙམ་གྱི་དོན་ཚང་ངམ་ཞེས་རྩོད་པའམ་དོགས་པ་ཁོང་སློང་མཛད་པ་ཡིན་ནོ། །

ལུགས་འདིས་ཀྱང་ཆོས་ཐམས་ཅད་སྒྲ་རྟོག་གི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཡིན་ཡང་། ཆོས་ཐམས་ཅད་མེད་པར་མི་འགྱུར་ཏེ། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པའི་སྒོ་ནས་ཐ་སྙད་དུ་ཡོད། ཅེས་པའི་ལན་འདེབས་ཀྱི་སྒོ་ནས་ཆད་མཐའ་སེལ་བ་དང་། དེ་ལྟར་དུ་ཡོད་ཚུལ་ནི་ལུགས་འདིའི་ཐ་སྙད་ཕྲ་མོ་དང་ཀུན་རྫོབ་ཕྲ་མོར་ཡོད་ཚུལ་ཡིན་པས་ལུགས་འདིར་མཐའ་གཉིས་སེལ་ཚུལ་གཉིས་ཀ་ཚང་བ་ཡིན།

གཞན་དུ་ན། ལུགས་འདིར་ཀུན་རྫོབ་ཕྲ་མོ་དང་ཆད་མཐའ་སེལ་བའི་རྣམ་གཞག་འཇོག་རྒྱུ་མེད་པར་ཐལ་ལོ།། ལུགས་འདིས་གཟུགས་སོགས་ཐ་སྙད་དུ་ཡོད་ཚུལ་ལ། གཟུགས་སོགས་སེམས་ཀྱི་བདག་ཉིད་ཙམ་དང་། གཟུགས་སོགས་སེམས་ཀྱི་ངོ་བོ་ཡིན་པ། གཟུགས་སོགས་སེམས་དང་རྫས་གཅིག་ཡིན་པ། གཟུགས་སོགས་སེམས་ཀྱི་སྣང་ཆ་ཡིན་པ།[42][43]གཟུགས་སོགས་སེམས་ཀྱི་དངོས་པོ་ཡིན་པ་[44] ཞེས་ཐ་སྙད་མི་འདྲ་བ་ཇི་སྙེད་ཅིག་ཡོད་ཀྱང་། དོན་གྱི་འབབ་ས་ནི་སེམས་ཀྱི་བདག་ཉིད་དུ་གྲུབ་པ་དང་རྣམ་པར་རིག་པ་ཙམ། ཞེས་པའི་དོན་ལས་མ་འདས་སྙམ།

དེས་ན།  གཟུགས་སེམས་ཀྱི་བདག་ཉིད་ཡིན་པ་དང་རྣམ་པར་རིག་པ་ཙམ་ཞེས་པའི་དོན་ཅི་ཞིག་ཡིན་ནམ་ཞེ་ན། དཔེར་ན། སྔོན་པོ་ལྟ་བུ་དེ་ཀུན་གཞིའི་རྣམ་ཤེས་སྟེང་དུ་བཞག་པའི་བག་ཆགས་སད་སྟོབས་ལས་འགྲུབ་པར་འདོད་པ་དང་།[45]

ཡང་ན།  ཤེས་པ་དེ་ཉིད་སྔོན་པོའི་རྣམ་པར་ཤར་བའི་དོན་ཡིན།[46) [47]ཤེས་པ་དེ་ཉིད་སྔོན་པོའི་རྣམ་པར་ཤར་ཞེས་པའི་དོན་ཡང་།  ཤེས་པ་དེ་ཉིད་སྔོན་པོའི་ངོ་བོར་གྱུར་པ་དང་ཤེས་པ་དེ་ཉིད་ཀྱིས་སྔོན་པོའི་ཉེར་ལེན་བྱས་པའི་དོན་ཡིན་ནོ། །

འོ་ན།   སྔོན་པོ་ཉིད་ཤེས་པ་ཡིན་དགོས་སམ། ཞེ་ན།

དེ་ལྟ་བུའི་དོགས་པ་ནི་རྗེ་རིན་པོ་ཆེ་མ་ཕེབས་པའི་གོང་དུའང་ཡོད་དེ། ཀུན་མཁྱེན་རོང་ཟོམ་[48]དང་། ཀུན་མཁྱེན་ཀློང་ཆེན། ཕྱིས་སུ་སྟག་ཚང་ལོ་ཙཱ་བ་སོགས་ཀྱིས་ཀྱང་བཞེད། འགྲེལ་བྱེད་མཁན་པོ་དེ་དག་གིས་སྔོན་པོ་ཡོད།  ཡིན་ན་ཡང་། སྔོན་པོ་སྔོན་པོ་མ་ཡིན།   ཤེས་པ་ཡིན་ཟེར་སྨྲ་བར་བྱས།[49]

རྗེ་ཐམས་ཅད་མཁྱེན་པས་ལུགས་འདིར་གཟུགས་སོགས་ཡོད་པ་དང་ཕྱི་རོལ་རྒྱང་ཆད་དུ་མེད་པ་གཉིས་ཚོགས་གཟུགས་ཀྱི་སྟེང་དུ་འཇོག་རྒྱུ་ནི་ལུགས་འདིའི་ཆེས་དཀའ་གནད་ཡིན་སྐོར་གསུངས་[50]ཀྱང་རྗེ་ཐམས་ཅད་མཁྱེན་པས་ལུགས་འདིར་གཟུགས་སོགས་མཚན་ཉིད་པ་འདོད་པས།[51]སེམས་ཀྱི་ཉེར་ལེན་བྱས་ནས་གཟུགས་སོགས་གྲུབ་པ་དང་།  སེམས་དེ་གཟུགས་སོགས་ཀྱི་ངོ་བོར་ཤར་ཡང་། གཟུགས་སོགས་སེམས་ཡིན་མི་དགོས་ཏེ།  དཔེར་ན།  རྒྱ་མཚོའི་རླབས་ནི་རྒྱ་མཚོས་ཉེར་ལེན་བྱས་པ་ལས་བྱུང་ཡང་།  རླབས་ཕྲེང་དེ་ཉིད་རྒྱ་མཚོ་ཡིན་མི་དགོས་པ་དང་། འཇིམ་པས་ཉེར་ལེན་བྱས་ནས་གྲུབ་པའི་རྫ་བུམ་དེ་འཇིམ་པ་ཡིན་པར་མི་འགྱུར་བ་བཞིན་ནོ། །

ལ་ལས་རྗེ་ཐམས་ཅད་མཁྱེན་པས་གཟུགས་དང་ཤེས་པའི་གཞི་མཐུན་ཁས་ལེན་ཟེར་བ་ནི་མ་བརྟགས་པ་ཡིན་ཏེ། དེ་ལྟར་ན་ལུགས་འདིར་ཕྱི་དོན་བཀག་ནས་གཟུགས་ཡོད་པར་འཇོག་པ་ལ་དཀའ་བ་གང་ཡང་མེད་པའི་ཕྱིར།

བོར་བརླག་ཏུ་སོང་བའི་རྗེའི་སེམས་ཙམ་པའི་བསྟན་བཅོས།

རྗེ་ཐམས་ཅད་མཁྱེན་པས་ཐོག་མར་སློབ་གཉེར་མཛད་པའི་གཞུང་ཆེན་ཁག་ནི་བྱམས་ཆོས་སྡེ་ལྔ་ལས་གཙོ་བོ་བྱམས་ཆོས་སྔ་མ་གསུམ་ཡིན་ཞིང་། གཞུང་དེ་དག་གི་ཐོག་གྲྭ་སྐོར་ཡང་ལན་མང་མཛད་པ་ནི་རྣམ་ཐར་དུ་གསལ་བ་བཞིན་དང་། ཕྱི་རབས་པའི་གདུལ་བྱའི་དོན་དུ་རྒྱ་གཞུང་དེ་དག་བརྗོད་བྱར་བྱས་པའི་བསྟན་བཅོས་ཀྱང་། ཀུན་གཞིའི་རྩ་འགྲེལ་དང་། སེམས་ཙམ་པའི་དྲང་ངེས་ལེགས་སྙིང་མཛད་ནས་དུས་ད་ལྟའང་འགྲོ་དོན་གྱི་འཕྲིན་ལས་མ་ནུབ་པར་སེམས་ཙམ་པའི་ལྟ་སྤྱོད་ཚང་ལ་མ་ནོར་བར་སྟོན་པའི་སྒྲོན་མེ་ལྟ་བུའི་གཞུང་ཞིག་ཏུ་གནས་ཡོད།

འོ་ན།  རྗེ་ཐམས་ཅད་མཁྱེན་པས་སེམས་ཙམ་པའི་གཞུང་ལ་དེ་གཉིས་ལས་གཞན་པའི་བསྟན་བཅོས་མཛད་མེད་དམ་ཞེ་ན།

དྲི་བ་དེར་ལན་དོན་མཐུན་ཞིག་འདེབས་པར།  རྗེ་ཐམས་ཅད་མཁྱེན་པའི་སྐུ་ཚེའི་རྣམ་ཐར་ཆ་ཚང་མཇལ་རྒྱུ་ཧ་ཅང་གལ་ཆེ་བ་དང་། དེར་མ་ཟད་རྗེ་རིན་པོ་ཆེས་མཛད་པའི་བསྟན་བཅོས་དག་གི་རྣམ་གྲངས་ལ་དཔྱད་པ་ཞིབ་ཚགས་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན།  རྗེའི་རྣམ་ཐར་ཁག་ཅིག་ལས། རྗེ་ཐམས་ཅད་མཁྱེན་པས་སེམས་ཙམ་པའི་གཞུང་ལ་ཀུན་གཞིའི་རྩ་འགྲེལ་དང་། སེམས་ཙམ་པའི་དྲང་ངེས་ལེགས་སྙིང་ལས་གཞན་པའི་སེམས་ཙམ་པའི་བསྟན་བཅོས་གཞན་ཇི་སྙེད་ཅིག་མཛད་ཡོད་པ་མཇལ་རྒྱུ་འདུག དཔེར་ན། རྗེ་ཐམས་ཅད་མཁྱེན་པས་སེམས་ཙམ་པའི་ལྟ་གྲུབ་ཀྱི་དཀའ་གནད་ལས་བརྩམས་པའི་ « དྲང་ངེས་རྣམ་འབྱེད་ཀྱི་རྣམ་རིག་པའི་སྐོར་གྱི་ཟིན་བྲིས་ » [52] ཞེས་པ་ཞིག་ཀྱང་མཛད་འདུག་པས། ཕལ་ཆེར་གཞུང་དེ་ཉིད་རྗེ་ཐམས་ཅད་མཁྱེན་པས་རྗེ་བཙུན་འཇམ་པའི་དབྱངས་ལ་སེམས་ཙམ་པའི་ལྟ་གྲུབ་ཀྱི་དཀའ་གནད་ལས་བརྩམས་པའི་དྲི་བ་ཕུལ་བར། ལན་གནང་སྐབས་རྗེ་རིན་པོ་ཆེས་མ་གོ་ལགས་ཞུས་པར་དེ་རྣམས་ཟིན་བྲིས་ཕོབས་གསུངས་པ། རྣམ་ཐར་ཁག་ཏུ་གསལ་བས།[53] ཕལ་ཆེར་ « དྲང་ངེས་རྣམ་འབྱེད་ཀྱི་རྣམ་རིག་པའི་སྐོར་གྱི་ཟིན་བྲིས་ » ཞེས་པའི་གཞུང་དེ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་ཐམས་ཅད་མཁྱེན་པར་གནང་བའི་ལན་རྣམས་ཕྱོགས་གཅིག་ཏུ་ཟིན་བྲིས་སུ་བཏབ་པའི་གཞུང་ཡིན་པ་གོར་མ་ཆག་སྙམ།

ཡང་ན། དྲང་ངེས་ལེགས་སྙིང་མཛད་ཚར་རྗེས་བརྗོད་བྱའི་གནད་དོན་གང་ཞིག་གསལ་པོར་མ་ཆགས་པ་དང་། ཇེ་གསལ་དུ་གཏོང་དགོས་པའི་རིགས་དང་། སྐབས་འདིའི་དངོས་སློབ་དང་ཆོས་བརྒྱུད་གཞན་གྱི་འགྲེལ་བྱེད་མཁན་པོ་སོགས་ཀྱིས་ལེགས་སྙིང་ལས་གསུངས་པའི་སེམས་ཙམ་པའི་ལྟ་གྲུབ་ཀྱི་དཀའ་གནད་ཁག་ཅིག་ཇི་བཞིན་མ་གོ་བས། དྲི་བའམ་རྩོད་པ་ཕུལ་བའི་ལན་དུ་ཟིན་བྲིས་དེ་ཉིད་ལྗགས་རྩོམ་གནང་ཡོད་སྲིད་སྙམ།

དེས་ན།  དྲང་ངེས་རྣམ་འབྱེད་ཀྱི་རྣམ་རིག་པའི་སྐོར་གྱི་ཟིན་བྲིས་ཞེས་པའི་ལྟ་བའི་ལེགས་བཤད་དེ་བརྩམས་པའི་དགོས་པ་དང་དུས་ཚིགས་ནི་གོང་གི་དེ་གཉིས་ལས་གཞན་དུ་མ་མཆིས་པས་དེ་གཉིས་གང་གི་དབང་དུ་བྱས་ཀྱང་ « དྲང་ངེས་རྣམ་འབྱེད་ཀྱི་རྣམ་རིག་པའི་སྐོར་གྱི་ཟིན་བྲིས་ » ཞེས་པའི་ལེགས་བཤད་དེ་ཉིད་སེམས་ཙམ་པའི་དྲང་ངེས་ཀྱི་སྐབས་སུ་དོགས་པ་ཁོང་སློང་ལྔ་ཡིས་མཚོན་སེམས་ཙམ་པའི་ལྟ་གྲུབ་ཀྱི་དཀའ་གནད་ཕྲ་ཞིང་ཕྲ་བ་མང་པོ་ཞིག་བཀྲལ་ཐུབ་པའི་བསྟན་བཅོས་ཤིག་ཏུ་ངེས་པས།  རྗེ་རིན་པོ་ཆེའི་དངོས་སློབ་སྟོད་བྱང་སེམས་ཤེས་རབ་བཟང་པོས་ཕྱི་ལོ་ ༡༤༢༧ ལོར་ཕྱག་བཏབ་པའི་ལ་དྭགས་སྟག་མོ་དགོན་དང་། དེ་ནས་ལོ་གཉིས་ཀྱི་རྗེས་བཏབ་པའི་ཁྲིག་སེ་དགོན་དུ་གུས་པ་ད་ལོ་གནས་སྐོར་དུ་བསླེབས་པའི་གོ་སྐབས་བྱུང་བས་དགོན་དེ་གཉིས་ཀྱི་དཔེ་རྙིང་ཁག་གི་ཁྲོད་དུ་བཞུགས་ཡོད་མེད་འཚོལ་འདོད་ཀྱི་འདུན་པ་ཆེས་ཆེར་སྐྱེས་ཀྱང་གྲྭ་རྐྱང་དཀྱུས་མ་ཞིག་ལ་དེ་ལྟ་བུའི་གོ་སྐབས་རག་ཐབས་མི་འདུག་སྙམ་ནས་འཚོལ་ཞིབ་ཀྱི་ངལ་བ་མ་བསྟེན།

ཡིན་ན་ཡང་།  སྟོད་ལ་དྭགས་ཀྱི་དགེ་ལྡན་པའི་དགོན་རྙིང་ཁག་དང་། ཆེན་པོ་ཧོར་གྱི་དགོན་རྙིང་ཁག་ཏུ་བསྟན་བཅོས་དེ་བཞུགས་ཡོད་མེད་ངེས་པར་རྩད་གཅོད་བྱེད་དགོས་པར་མཐོང་། དེ་བཞིན་དུ། རྗེ་ཐམས་ཅད་མཁྱེན་པས་བྱམས་ཆོས་ཀྱི་གྲངས་དང་གོ་རིམ། ཉམས་ལེན་སོགས་ལམ་གྱི་རིམ་པར་བསྒྲིགས་ཚུལ། ཞེས་པའི་གཞུང་ཞིག་ཀྱང་མཛད་འདུག་པས།[54]     དེའི་ནང་དུ་སེམས་ཙམ་པའི་ལྟ་གྲུབ་ཀྱི་དཀའ་གནད་མང་པོའི་སྒྲོ་འདོགས་གཅོད་ཐུབ་པའི་མན་ངག་མང་པོ་ཡོད་པ་གོར་མ་ཆག་པས་ངེས་པར་དུ་དེང་དུས་ཀྱི་ཞིབ་འཇུག་ཐབས་ལམ་དང་སྦྲེལ་ནས་ས་གནས་ས་ཐོག་ཏུ་ཕྱིན་ནས་རྩད་གཅོད་བྱེད་དགོས་འདུག གལ་ཏེ་གཞུང་དེ་དག་ལག་སོན་བྱུང་ཚེ། རྗེ་ཐམས་ཅད་མཁྱེན་པ་བར་དོ་ལོངས་སྐུའི་ངོ་བོར་སངས་རྒྱས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་ནང་ནས་ཕུལ་དང་མཆོག་ཡིན་པར་མ་ཟད། རྗེ་བླ་མ་མཆོག་དགྱེས་པའི་མཆོད་སྤྲིན་སྨོས་མེད་ཡིན་པས། མཐུན་རྐྱེན་དང་ཆ་རྐྱེན་འཛོམས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་། འབྲེལ་ཡོད་དོ་སྣང་ཅན་ཚོས་ངེས་པར་རྩད་གཅོད་བྱེད་དགོས་འདུག

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ཙོང་ཁ་པའི་ལོ་སྟེ། ཕྱི་ལོ་ ༢༠༡༩ ལོ་འདི་བཞིན་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་སྲུང་བརྩིའི་ལས་རིམ་སྣ་མང་གི་གྲས་ནས་དཔྱད་རྩོམ་འགྲན་བསྡུར་ལ། དཔྱད་རྩོམ་གྱི་རྣམ་པ་དང་བརྗོད་བྱ་གསར་བ་ཞིག་གི་ཐོག་བྲི་ཐུབ་ན་ལེགས་པའི་ལམ་སྟོན་གནང་བ་ལྟར་དཔྱད་རྩོམ་འདིའི་ནང་དེ་སྔ་དམིགས་བསལ་གྱིས་ཆེས་ཆེར་གསལ་འདོན་མ་གནང་བ་དང་མ་དཔྱད་པའི་རིགས། རྗེ་ཐམས་ཅད་མཁྱེན་པས་རྣམ་རིག་པའི་ལྟ་བའི་བཞེད་སྲོལ་སྐོར་ལ་དམིགས་སུ་བཀར་ནས་དཔྱད་པ་བཏང་ཁུལ་བྱས་ཡོད།

དེ་ཡང་རྗེ་བླ་མའི་སེམས་ཙམ་པའི་ལྟ་བའི་བཞེད་སྲོལ་ངོ་མ་གང་ཡིན་གསལ་སྟོན་ཆེད་དྲང་ངེས་ལེགས་སྙིང་གི་འགྲེལ་པ་ཆེས་སྔ་གྲས། སྟོང་ཐུན་སྐལ་བཟང་མིག་འབྱེད་དང་། གཉལ་སྟོན་དཀའ་འགྲེལ། དྲང་ངེས་དཀའ་འགྲེལ་གསུམ་གཙོ་བཟུང་བྱས་ཡོད། དེ་ཡང་རྗེ་ཐམས་ཅད་མཁྱེན་པས་ཐོག་མར་རྣམ་རིག་པའི་གཞུང་ལ་སློབ་གཉེར་གནང་སྟངས་དང་། དེ་ནས་རྣམ་རིག་པའི་གཞུང་མཛད་ཚུལ། སེམས་ཙམ་པའི་དྲང་ངེས་ཀྱི་གཞུང་མཛད་དགོས་པའི་རྒྱུ་མཚན། དྲང་ངེས་ལེགས་སྙིང་ལས་རྩལ་དུ་བཏོན་ནས་གསུངས་པའི་ཞེན་གཞིའི་དོན། ཕྱི་དོན་གྱི་དོན་བཞེད་ཚུལ། སེམས་ཙམ་པའི་དྲང་ངེས་ལེགས་སྙིང་གི་ཕྱོགས་སྔར་སུ་དང་སུ་ཡོད་མེད། རྗེ་ཐམས་ཅད་མཁྱེན་པས་ལྗགས་རྩོམ་གནང་བའི་སེམས་ཙམ་པའི་བསྟན་བཅོས་བོར་བརླག་སོང་བའི་སྐོར་སོགས་ཞིབ་འཇུག་གི་ཁ་ཕྱོགས་དང་བརྗོད་བྱ་གསར་པར་གང་ཐུབ་ཀྱིས་དཔྱད་ཁུལ་དང་། ཞབས་མཆན་འདེབས་པ་སོགས་གནའ་དེང་གི་དཔྱད་ཐབས་ཟུང་དུ་སྦྲེལ་ཏེ་གང་ཐུབ་དཔྱད་པའི་ཁུལ་ལགས་སོ། །

འདི་ལྟར་འབད་པའི་རྣམ་དཀར་ཕུང་པོའི་ཚོགས། །
མཁའ་མཉམ་འགྲོ་བའི་སྡིག་སྒྲིབ་དག་པ་དང་། །
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པའི་རྒྱུར། །
འགྱུར་བར་མཆོག་གསུམ་ལྷ་ཡིས་བྱིན་གྱིས་རློབས། །

བདག་ཀྱང་ཚེ་རབས་ཀུན་ཏུ་ཁྱེད་ཀྱི་གསུང་། །
ཐོས་བསམ་བགྱིད་ལ་འགལ་རྐྱེན་མི་འབྱུང་ཞིང་། །
ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བ་ཡིས། །
ཀུན་མཁྱེན་རྒྱལ་བའི་ས་ལ་མྱུར་རེག་ཤོག །

ཅེས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་བྲེལ་ཟིང་གི་གསེང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༧ ཉིན་མཇུག་ཡོངས་སུ་གྲུབ་པར་བྱས།  དགེ་བར་གྱུར་ཅིག། །།

དཔྱད་ཡིག་དང་ཞབས་མཆན།

[1] རྟོགས་བརྗོད་འདུན་ལེགས་མ།

[2]  འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ལས། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། །ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་པ་ན། །ལུང་ཆོས་ཀུན་ལ་འཕྲིགས་ཚུད་འགྱུར། །དེ་ཡང་སེམས་ཀྱི་ཟུར་ལ་ཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ལམ་དང་སྤྱོད་པའི་རྣམ་གཞག་དག །སྟོན་པར་བྱེད་པའི་མདོ་སྡེ་རྒྱན། །མཁས་པའི་ཡན་ལག་དག་ཏུ་བསླབ། །འཁོར་བ་མྱ་ངན་འདས་པ་ཡི། །རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་། །ཐོག་མ་མཐའ་མ་རྣམ་སྤངས་པའི། །དབུ་མའི་ལམ་ནི་སྟོན་པས་ན། །དབུས་དང་མཐའ་ནི་རྣམ་འབྱེད་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི། །སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་གཤེགས་སྙིང་བོར་ནི། །སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། །བྱམས་ཆོས་ལྔ་པོ་དེ་དག་ལ། །མཁས་པར་བྱེད་པའི་གོ་ཆ་གྱིས། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། །འབྲིང་དུ་སྟོན་པའི་རྣམ་ངེས་དང་། །ཤིན་ཏུ་བསྡུས་པའི་རིགས་ཐིག་སྟེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིག་པ་འབྲེལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིག་སྟེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། ། ཞེས་དང་། བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ། །གལ་ཏེ་མོས་པ་ཡོད་གྱུར་ན། ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །དབུ་མ་རིགས་པའི་ཚོགས་རྣམས་དང་། །དེ་ཡི་རྗེས་འབྲང་ཞེས་སོགས་ཡོད་དེ། ། ཤོག་གྲངས། ༡༡༨ ཕྱི་ལོ། ༡༩༨༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ །

[3] འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ལས། དེ་ལྟར་ལོ་གཉིས་ཙམ་ནས་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས། སྲིན་བུ་ཞེས་པ་ཤིང་ཡོས་དགུང་ལོ་བཅུ་དགུའི་སྟེང་དུ་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན། ཤོག་གྲངས། ༡༢༥ ཕྱི་ལོ། ༡༩༨༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

[4] ལེགས་སྙིང་ལས།  ཁྱད་པར་དུ་རིགས་པ་དེ་དག་གིས་གཟུང་འཛིན་རྫས་གཞན་ཁེགས་ནས་རྣམ་པར་རིག་པ་ཙམ་ལ་འཇུག་པའི་ཚུལ་ཤེས་དགོས་པར་སྣང་ཡང་དཔྱོད་པ་ཙམ་ཡང་མ་ཞུགས་པར་མཐོང་ནས་བློ་གྲོས་ཅན་རྣམས་ལ་དཔྱོད་པའི་སྒོ་ཙམ་ཞིག་བསྟན་ཏོ། ། ཤོག་གྲངས། ༧༢ བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

[5] ལེགས་སྙིང་ལས། སྔར་བསྡུ་བ་ལས་གསུངས་པ་དང་གནད་གཅིག་གོ །འདི་དག་གི་བཀྲལ་ཚུལ་ཞིབ་པ་ནི་མངས་སུ་དོགས་ནས་མ་བྲིས། ། ཤོག་གྲངས། ༦༢ བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

[6] དབུ་དགོངས་ལས།  གྲུབ་མཐའ་གཉིས་ཀའི་དཀའ་གནས་ཆེན་པོར་སྣང་བས། དབུ་མའི་ཚུལ་དཀའ་བར་མ་ཟད་སེམས་ཙམ་པའི་ལུགས་འདི་ལ་ཡང་། ཕྱི་རོལ་བཀག་ན་གཟུགས་སོགས་ཀྱང་མེད་པར་འགྲོ་ཞིང་། གཟུགས་སོགས་བཞག་ན་ཕྱི་རོལ་ཡང་བཞག་དགོས་པར་མཐོང་བར་འདུག་པའི་ཕྱིར་རོ། ། འདི་དག་དཀའ་མོད་ཀྱང་མངས་པས་འཇིགས་ནས་མ་བྲིས་སོ། ། ཤོག་གྲངས། ༢༥༢ བློ་གླིང་པར་མ། ཕྱི་ལོ། ༡༩༩ ༩

[7] ལེགས་སྙིང་ལས།  གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང་། །ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། །ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང་། ། ཤོག་གྲངས། ༢  བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

[8] བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ཐབས་མཁས་རྩོམ་སྒྲིག་གནང་བའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྲེལ་ཆེན་ལས། ཤོག་གྲངས། ༥༥ ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། ཕྱི་ལོ། ༡༩༩༧

[9] བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ལྷ་རམས་པ་ཡེ་ཤེས་ཐབས་མཁས་རྩོམ་སྒྲིག་གནང་བའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། དྲང་ངེས་བཞི་འདྲིལ་ནང་། དེ་ལ་གཞན་དག་ཅེས་པའི་ཁ་ཅིག་འདི་ཉ་འཕྲུག་ཀུན་དགའ་དཔལ་ཡིན་པར་གསུངས། ( ཉ་འཕྲུག་ཀུན་དགའ་དཔལ་གྱིས་གསུང་བདག་ལ་མ་ཐོབ་པས་བདག་གིས་མཁས་པ་འདི་ཡི་བཞེད་པ་རྣམས་འདིར་འགོད་མ་ནུས་སོ། ། ) ཤོག་གྲངས། ༣༧ ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། ཕྱི་ལོ། ༡༩༩༧

[10] སྟོན་ཐུན་སྐལ་བཟང་མིག་འབྱེད་ལས།  དེ་ལྟ་ན་ཡང་གངས་རིའི་ཁྲོད་འདིར་བདག་ཅག་གི་རྗེ་ཐམས་ཅད་མཁྱེན་པ་གཅིག་པུས་གསལ་བར་མཛད་དུ་ཟད་ཀྱི། མཁས་པར་ཁས་འཆེ་གཞན་མཐའ་དག་གིས་ནི་དབང་ཤེས་རང་གི་སྣང་ཡུལ་སྔོན་པོ་ལ་སོགས་པ་དང་རྫས་ཐ་དད་པ་བཀག་པ་ཙམ་གྱི་ཕྱོགས་གཅིག་བུ་ལས་གཞན་པ་ངོ་བོ་དང་ཁྱད་པར་དུ་ཀུན་བརྟགས་པའི་ཀུན་བརྟགས་དང་། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཆོས་ཀྱི་བདག་མེད་འཇོག་པའི་ཚུལ་གྱི་ཐ་སྙད་ཙམ་ཡང་སྨྲ་བར་མི་ནུས་ཏེ།  ཤོག་གྲངས། ༨༨ དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། ཕྱི་ལོ། ༡༩༩༧

[11] སྡེ་དགེའི་བཀའ་འགྱུར། མདོ་སྡེ། ཅ། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད། ཀུན་བཏགས་པའི་མཚན་ཉིད་དེ ར་ཡོངས་སུ་མ་གྲུབ་ཅིང་། ཞེས་སོགས།

[12] ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །སྡེ་དགེའི་བསྟན་འགྱུར། པོད། ལི། ཤོག་གྲངས ༢༢༤། དེབ་གཟུགས།

[13] བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བཏགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས་གཞན་གྱིས་དབང་ནི་ཡང་དག་བསྟན། ། རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། །སྡེ་དགེའི་བསྟན་འགྱུར། པོད། ཕ། ཤོག་གྲངས། ༡༤༩ དེབ་གཟུགས།

[14] ལེགས་སྙིང་ལས། དེ་ལྟར་ན་གཟུགས་སོགས་རྟོག་པའི་ཞེན་གཞི་ཡིན་པ་དེ་མིང་དང་བརྡས་བཞག་པའི་ཀུན་བཏགས་ཡིན་མོད་ཀྱང་ཚད་མས་གྲུབ་པས་དགག་མི་ནུས། ཤོག་གྲངས། ༦༨ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[15] ལེགས་སྙིང་ལས། གལ་ཏེ་སྔོན་པོ་རྟོག་པའི་ཞེན་གཞི་ཡིན་པ་དེ་རྟོག་པའི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར་རྟོག་བྲལ་ལ་མི་སྣང་ངོ་སྙམ་ན། སྒྱུ་མ་རྟ་གླང་ཡིན་པ་ཡང་རྟོག་བྲལ་ལ་མི་སྣང་བར་འགྱུར་ཏེ། རྟོག་པས་བཞག་པ་ཙམ་ཡིན་པའི་ཕྱིར། ཤོག་གྲངས། ༧༡ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[16] སྟོན་ཐུན་སྐལ་བཟང་མིག་འབྱེད་ལས། དེའི་ཕྱིར་དབང་ཤེས་ལ་ཚུལ་དེ་ལྟར་སྣང་བའི་གཟུགས་སོགས་དེ་ལ་རྟོག་པའི་ཞེན་གཞི་ཞེས་བྱ་སྟེ། འདིར་གཟུགས་སོགས་རྟོག་པའི་ཞེན་གཞི་ཞེས་ཡང་ཡང་འབྱུང་བའི་དོན་ནི་དེ་ཡིན་གྱི།  ཤོག་གྲངས། ༩༦ དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། ཕྱི་ལོ། ༡༩༩༧

[17] དྲང་ངེས་དཀའ་འགྲེལ། སྔོན་པོ་སྔོན་འཛིན་རྟོག་པའི་ཞེན་གཞི་ཡིན་པའི་དོན་ཡང་། སྔོན་འཛིན་དབང་ཤེས་ལ་སྔོན་པོ་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་སྔོན་པོ་རང་གི་གནས་ཚུལ་གྱི་ངོས་ནས་སྣང་བ་བཞིན་དུ་སྣང་བའི་སྣང་བ། ཤོག་གྲངས། ༧༩ བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

18] དྲང་ངེས་དཀའ་འགྲེལ། དེ་ལ་རྗེས་ཀྱི་རྟོག་པས་ཞེན་ནས་འདི་སྔོན་པོ་འོ་ཞེས་སོགས་ཀྱི་ཐ་སྙད་བྱེད་ཅིང་། སྔོན་འཛིན་དབང་ཤེས་ལ་སྔོན་པོ་སྣང་ཚུལ་དེ་ལྟར་དུ་གྲུབ་པར་ཡང་རྟོག་པས་ཞེན་པའི་སྒོ་ནས་སྔར་རང་རྒྱུད་ལ་ཡོད་པའི་མངོན་པར་བརྗོད་པའི་བག་ཆགས་ཡང་དང་ཡང་དུ་གསོ་བར་བྱེད་པས་དེའི་ཕྱིར་སྔོན་འཛིན་དབང་ཤེས་ལ་ཚུལ་དེ་ལྟར་དུ་སྣང་བའི་སྔོ་སོགས་དེ་ལ་རྟོག་པའི་ཞེན་གཞི་ཞེས་བཞག་པ་ཡིན་པས། ཤོག་གྲངས། ༧༩ བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

[19] སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། དེ་ལ་གཟུགས་སོགས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་རྟོག་པ་ལ་སྣང་བའི་སྣང་བ་ཙམ་ནི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྒྲོ་བཏགས་སུ་མདོ་སྡེ་བས་ཀྱང་གྲུབ་ཟིན་ཅིང་། རྟོག་པ་དེ་སྣང་བ་དེ་ལ་འཁྲུལ་ཤེས་སུའང་དེས་གྲུབ་ཟིན་པས། ཤོག་གྲངས། ༩༡ དགའ་ལྡན་བྱང་རྩེ་ཐོས་བསམ་གླིང་། ཕྱི་ལོ། ༡༩༩༧

[20]  སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། རྟོག་པའི་སྣང་བ་དེ་རྟོག་པ་ལ་སྣང་བ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པར་རྟོགས་པ་ཆོས་ཀྱི་བདག་མེད་རྟོགས་པར་འོང་དོན་མེད་དོ། ། ཤོག་གྲངས། ༩༡ དགའ་ལྡན་བྱང་རྩེ་ཐོས་བསམ་གླིང་། ཕྱི་ལོ། ༡༩༩༧

[21] སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། གཟུགས་སོགས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་པས་དེ་ལྟར་གྲུབ་པར་སྣང་བ་དག་སྣང་བ་ལྟར་ཐ་སྙད་དུ་ཡང་གྲུབ་པ་ཁེགས་པ་དང་། དེ་ལྟར་གྲུབ་པར་ཞེན་པའི་ཞེན་ཚུལ་ལྟར་ཐ་སྙད་དུའང་གྲུབ་པ་ཁེགས་དགོས་སོ། ། ཤོག་གྲངས། ༩༡ དགའ་ལྡན་བྱང་རྩེ་ཐོས་བསམ་གླིང་། ཕྱི་ལོ། ༡༩༩༧

[22] ལེགས་སྙིང་ལས། གལ་ཏེ་སྔོན་པོ་རྟོག་པའི་ཞེན་གཞི་ཡིན་པ་དེ་རྟོག་པའི་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར་རྟོག་བྲལ་ལ་མི་སྣང་ངོ་སྙམ་ན། སྒྱུ་མ་རྟ་གླང་ཡིན་པ་ཡང་རྟོག་བྲལ་ལ་མི་སྣང་བར་འགྱུར་ཏེ། རྟོག་པས་བཞག་པ་ཙམ་ཡིན་པའི་ཕྱིར། ཤོག་གྲངས། ༧༡ འབྲས་སྤུངས་བློ་་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[23] ལེགས་སྙིང་ལས།  སྔོན་པོ་ཞེན་གཞི་ཡིན་པ་སྣང་བའི་སྔོ་འཛིན་དེ་སྣང་ཡུལ་ལ་འཁྲུལ་བར་འགྲུབ་སྟེ། ཤོག་གྲངས། ༧༠ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[24]  དྲང་ངེས་དཀའ་འགྲེལ། སྔོན་འཛིན་མིག་ཤེས་ལ་སྔོན་པོ་སྣང་བའི་ཚེ་སྔོན་པོ་མིང་དང་བརྡས་བཞག་ཙམ་མིན་པར་སྔོན་པོ་རང་གི་གནས་ཚུལ་གྱི་ངོས་ནས་གྲུབ་པ་བཞིན་དུ་སྣང་བ་ནི་སྔོན་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོའི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་དོན་ཡིན་ལ། ཤོག་གྲངས། ༧༧ བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

[25] ལེགས་སྙིང་ལས།  དེ་ལྟར་ན་གཟུགས་སོགས་རྟོག་པའི་ཞེན་གཞི་ཡིན་པ་དེ་མིང་དང་བརྡས་བཞག་པའི་ཀུན་བཏགས་ཡིན་མོད། ཤོག་གྲངས། ༦༨ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[26] ལེགས་སྙིང་ལས། དོན་སྨྲ་གཉིས་ཀྱིས་གཟུགས་སོགས་རྟོག་པའི་ཞེན་གཞི་དང་བརྡ་འདོགས་པའི་གནས་སུ་རང་མཚན་གྱིས་གྲུབ་པ་ཁེགས་ན། ཤོག་གྲངས། ༦༨ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[27]  དབུ་མ་དགོངས་པ་རབ་གསལ་ལས། འོ་ན། སེམས་ཙམ་པས་རྡུལ་ཆ་མེད་མེད་པས་བསགས་པའི་ཕྱི་དོན་འགོག་པའི་རིགས་པས། ཕྱོགས་ཀྱི་ཆ་མེད་ཀྱི་ཕྱི་དོན་མི་ཁེགས་སོ་སྙམ་ན། དེ་དག་ཚད་མས་མ་ཁེགས་པར་མི་སྨྲའི། དེ་ཁེགས་ཀྱང་ཕྱི་རོལ་གྱི་དོན་མེད་མི་དགོས་སོ། །འདིས་ནི་མི་ཤེས་པ་དུས་ཀྱི་ཆ་མེད་དང་དེ་འཐུད་པའི་རྒྱུན་ཁེགས་ཀྱང་ཤེས་པ་མི་ཁེགས་པར་ཡང་ཤེས་པར་བྱའོ། །གཞན་གྱི་ལུགས་ཀྱིས་ནི་ཕྱི་རོལ་ཆ་མེད་ཁེགས་ན་སྣང་བ་ལ་མ་འཁྲུལ་བའི་དབང་ཤེས་ཁེགས། དབང་ཤེས་འཁྲུལ་པས་དོན་འཇོག་མི་ནུས་པས་ཕྱི་དོན་ཁེགས་སོ་སྙམ་དུ་བསམས་སོ། ། ཤོག་གྲངས། ༤༩ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[28]དབུ་མ་དགོངས་པ་རབ་གསལ་ལས། དཔེར་ན། སེམས་ཙམ་པས་རྡུལ་ཆ་མེད་དང་། དེ་བསགས་པའི་ཕྱི་དོན་དང་། དེ་ལས་རྫས་ཐ་དད་པའི་འཛིན་པ་བཀག་པ་ཡང་ཚད་མས་གྲུབ་ཅིང་། ཤོག་གྲངས། ༤༩ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[29]   ལེགས་སྙིང་ལས།   ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དང་དེ་བསགས་པའི་གཟུང་བ་དང་།  དུས་སྔ་ཕྱིའི་ཆ་ཤས་མེད་པའི་ཤེས་པ་སྐད་ཅིག་མ་དང་དེ་འཐུད་པའི་རྒྱུན་གྱི་ཤེས་པ་ཡོད་པར་འཛིན་པ་ལྟ་བུ་གྲུབ་མཐས་བློ་བསྒྱུར་པ་ཁོ་ནས་བཏགས་པ་རྣམས་ནི།  གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་ཀྱི་སེམས་ཅན་གཞན་ལ་མེད་དོ། ། ཤོག་གྲངས། ༧༥ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[30]  ལེགས་སྙིང་ལས། ཡུམ་གྱི་མདོ་ལས་མེད་ཅེས་གསུངས་པ་ཐམས་ཅད་ཀྱིས་ཀུན་བཏགས་འགོག་པ་ཐེག་བསྡུས་ལས་གསུངས་པ་རྣམས་ལ་དགོངས་འགྲེལ་གྱི་ཀུན་བཏགས་འགོག་ཚུལ་འདི་མི་ཤེས་ན། གཟུང་འཛིན་རྫས་གཞན་གཞན་གྱི་ཀུན་བཏགས་ཁོ་ན་ལ་བཤད་པས་རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་ལ་ཆེས་མི་རིགས་པ་དུ་མ་ཞིག་དགོས་ལ། ཤོག་གྲངས། ༧༠འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[31] སྟོན་ཐུན་སྐལ་བཟང་མིག་འབྱེད་ལས།  འདུས་མ་བྱས་ཀྱི་ནམ་མཁའ་མེད་པར་གསུངས་པའང་ནམ་ མཁའ་ཕྱི་རོལ་དོན་དུ་མེད་པ་ལ་དགོངས་སོ། །ཞེས་སོགས་རྟོག་ལྡན་ལ་སྐྱེ་མི་སྲིད་པའི་ལོག་རྟོག་འགོག་པ་འབའ་ཞིག་ལ་སྦྱར་ཏེ་འཆད་དགོས་པ་མང་བར་འབྱུང་བའི་ཕྱིར་རོ།། ཤོག་གྲངས། ༡༠༥ དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། ཕྱི་ལོ། ༡༩༩༧

[32] སྟོན་ཐུན་སྐལ་བཟང་མིག་འབྱེད་ལས། ནམ་མཁའ་ཕྱི་རོལ་གྱི་བེམ་པོར་འཛིན་པའི་བློ་ལྷན་སྐྱེས་མི་སྲིད་དེ། ཤོག་གྲངས། ༡༠༥ དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། ཕྱི་ལོ། ༡༩༩༧

[33] ལེགས་སྙིང་ལས། ཆོས་ཀྱི་བདག་འཛིན་ཡང་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དང་དེ་བསགས་པ འི་གཟུང་བ་དང་། དུས་སྔ་ཕྱིའི་ཆ་ཤས་མེད་པའི་ཤེས་པ་སྐད་ཅིག་མ་དང་དེ་འཐུད་པའི་རྒྱུན་གྱི་ཤེས་པ་ཡོད་པར་འཛིན་པ་ལྟ་བུ་གྲུབ་མཐས་བློ་བསྒྱུར་པ་ཁོ་ནས་བཏགས་པ་རྣམས་ནི། གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་ཀྱི་སེམས་ཅན་གཞན་ལ་མེད་དོ། །ཤོག་གྲངས། ༧༥ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[34] ལེགས་སྙིང་ལས།  དུས་སྔ་ཕྱིའི་ཆ་ཤས་མེད་པའི་ཤེས་པ་སྐད་ཅིག་མ་དང་དེ་འཐུད་པའི་རྒྱུན་གྱི་ཤེས་པ་ཡོད་པར་འཛིན་པ་ལྟ་བུ་གྲུབ་མཐས་བློ་བསྒྱུར་པ་ཁོ་ནས་བཏགས་པ་རྣམས་ནི། གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་ཀྱི་སེམས་ཅན་གཞན་ལ་མེད་དོ། ། ཤོག་གྲངས། ༧༥ འབྲས་སྤུངས་ བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[35] ལེགས་སྙིང་ལས། གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་ཁེགས་པ་ཡིན་ལ། བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རིགས་པ་ཁེགས་པ་མིན་པས། ཤོག་གྲངས། ༧༠ འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[36] ལེགས་སྙིང་ལས། ཁྱད་པར་དུ་རིགས་པ་དེ་དག་གིས་གཟུང་འཛིན་རྫས་གཞན་ཁེགས་ནས་རྣམ་པར་རིག་པ་ཙམ་ལ་འཇུག་པའི་ཚུལ་ཤེས་དགོས་པར་སྣང་ཡང་། ཤོག་གྲངས། ༧༢ འབྲས་སྤུངས་ བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[37] དྲང་ངེས་དཀའ་འགྲེལ་ལས། གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པ་ལ་བརྟེན་གཟུགས་གཟུགས་འཛིན་དབང་ཤེས་ལས་རྫས་ཐ་དད་དུ་མེད་པའི་ཤེས་པའི་བདག་ཉིད་ཙམ་དུ་རྟོགས་པར་འགྱུར་བའི་ཕྱིར་ཏེ། ཤོག་གྲངས། ༩༦ བློ་གླིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦

[38]  གཉལ་སྟོན་དཀའ་འགྲེལ་ལས། རྟོག་པའི་ཞེན་གཞི་ཡིན་པ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ རྟོགས་པ་ལ་བརྟེན་ནས་ཁམས་གསུམ་ཕྱི་དོན་དུ་མེད་པའི་ཤེས་པའི་བདག་ཉིད་ཙམ་དུ་རྟོགས་པ་ལ་འ ཇུག་པར་འགྱུར་ཏེ། ཤོག་གྲངས། ༦༤ སེར་བྱེས་དཔེ་མཛོད་ཁང་། ཕྱི་ལོ། ༢༠༠༩

[39] ལེགས་སྙིང་ལས། གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་ཁེགས་པ་ཡིན་ལ། བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རིགས་པ་ཁེགས་པ་མིན་པས་རྣམ་རིག་ཙམ་ལ་འཇུག་པར་ཇི་ལྟར་འཐད་ཅེ་ན་སྐྱོན་མེད་དེ། འདི་ལྟར་སྔོན་པོ་གཟུང་བ་དོན་གཞན་དུ་འཛིན་པའི་ཞེན་གཞི་ཡིན་པ་རང་མཚན་གྱིས་ཡོད་པ་རིགས་པས་ཁེགས་ན་སྔོན་པོ་ཞེན་གཞི་ཡིན་པ་སྣང་བའི་སྔོ་འཛིན་དེ་སྣང་ཡུལ་ལ་འཁྲུལ་བར་འགྲུབ་སྟེ། དེ་སྣང་བ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་ཕྱིར། །དེ་གྲུབ་ན་སྔོན་པོ་དེ་རང་སྣང་བའི་ཤེས་པ་ལས་རྫས་གཞན་དུ་མེད་པ་གྲུབ་བོ། །ཤོག་གྲངས། ༧༠ འབྲས་སྤུངས་ བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[40] ལེགས་སྙིང་ལས། གལ་ཏེ་འདི་ཡིད་ཤེས་རྟོག་པ་ལ་ལྟོས་པའི་གཟུང་འཛིན་ཁེགས་པ་ཡིན་ལ། བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རིགས་པ་ཁེགས་པ་མིན་པས་རྣམ་རིག་ཙམ་ལ་འཇུག་པར་ཇི་ལྟར་འཐད་ཅེ་ན་།  ཤོག་གྲངས། ༧༠ འབྲས་སྤུངས་ བློ་གླིང་དཔེ་མཛོད་ཁང་། ཕྱི་ལོ། ༡༩༩༧

[41] དྲང་ངེས་འཇུག་ངོགས་ལས།  རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པ་དང་ཕྱི་དོན་གྱིས་སྟོང་པ་སྒྲུབ་པའི་རིགས་པ་གཉིས་ག་རྣམ་རིག་ཙམ་གྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་སུ་གསུངས་པའི་ཕྱིར་དང་། རྣམ་རིག་ཙམ་གྱི་དེ་ཁོ་ན་ཉིད་ནི་བྱང་སེམས་བསྒོམ་བྱའི་དེ་ཁོ་ན་ཉིད་མཐར་ཐུག་ཡིན་པའི་ཕྱིར་དང་། དེ་ཡང་གཟུགས་སོགས་ཤེས་པ་དང་བདག་ཉིད་གཅིག་པ་ཁོ་ན་ལ་བཤད་པའི་ཕྱིར་དང་།  ཤོག་གྲངས། ༣༣༢ སེར་སྨད་དཔེ་་མཛོད་ཁང་། ཕྱི་ལོ། ༢༠༠༢

[42] དབུ་མ་དགོངས་པ་རབ་གསལ།  གང་གི་ཕྱིར་བྱང་སེམས་འདིས་ནང་གི་བག་ཆགས་སྨིན་པ་ལས་གཟུགས་སོགས་འབྱུང་བར་འཆད་པར་འགྱུར་བའི་རིགས་པས་སེམས་ལ་རང་ལས་རྫས་གཞན་གྱི་གཟུང་བ་མེད་པར། ཤོག་གྲངས། ༢༤༨ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[43] དབུ་མ་དགོངས་པ་རབ་གསལ།  བྱིས་པ་རྣམས་གཟུང་བ་དང་འཛིན་པ་ཕྱི་ནང་དུ་རྒྱང་ཆད་པར་འཛིན་པའི་ཚུལ་གྱིས་རྟོག་པར་བྱེད་ཀྱི་རྣམ་ཤེས་ལས་རྫས་ཐ་དད་པའི་གཟུང་བ་ནི་ཅུང་ཟད་ཀྱང་ཡོད་པ་མིན་ནོ། །ཤོག་གྲངས། ༢༤༩ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[44] དབུ་མ་དགོངས་པ་རབ་གསལ།  ཤེས་བྱ་ནང་གིར་སྨྲ་བ་ཞེས་པའི་མིང་དོན་ཀྱང་ཤེས་བྱ་ནི་གཟུགས་སྒྲ་སོགས་ཡིན་ལ། དེ་ཕྱི་རོལ་དུ་མི་འདོད་ཀྱི་ནང་ཤེས་པའི་དངོས་པོར་སྨྲ་བ་ལ་ཟེར་བ་ཡིན་ནོ། ། ཤོག་གྲངས། ༢༥༠ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[45]དབུ་མ་དགོངས་པ་རབ་གསལ་ལས། ཆགས་སོགས་དང་དད་སོགས་འགག་བཞིན་པས་རང་དང་རྗེས་སུ་མཐུན་པའི་ནུས་པ་ཀུན་གཞི་ལ་བཞག་པའི་བག་ཆགས་སྨིན་པ་ལས་མ་དག་པའི་གཞན་དབང་རྣམ་ཤེས་ཙམ་ཞིག་འབྱུང་བ་དེ་ཉིད་ལ། ཞེས་དང་། ཀུན་གཞི་རྣམ་ཤེས་སྨྲ་བ་རྣམས་ཀྱང་རྣམ་ཤེས་དམིགས་པའི་དངོས་པོ་མཐའ་དག་གི་རྟེན་ཉིད་ཀྱིས་ས་བོན་ཐམས་ཅད་སྨྲ་བར་བྱེད་དོ། ། ཤོག་གྲངས། ༢༥༠ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[46] ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །

[47] དབུ་མ་དགོངས་པ་རབ་གསལ།  སེམས་ལས་ལོགས་ཤིག་ན་ཕྱི་རོལ་ཡོད་པ་མ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ཙམ་ཞིག་ཁོ་ན་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་སྐྱེ་བ་ན་ཡུལ་གྱི་དངོས་པོར་གནས་པ་ལུས་ལ་སོགས་པ་རྣམ་པར་ཤེས་པ་ལས་ཐ་དད་པར་ཕྱི་རོལ་ལྟ་བུར་མངོན་པ་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་པོ་ནི་སེམས་ཙམ་ཡིན་ནོ་ཞེ་ན། ཤོག་གྲངས། ༣༢༡ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[48] གྲུབ་མཐའི་བརྗེད་བྱང་ལས། ད་ལྟར་ཡུལ་དུ་སྣང་བ་འདི་སེམས་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་སེམས་གཟུང་བ་ཆ་གཅིག་ཡུལ་དུ་འཁྲུལ། གཟུང་བ་ཆ་གཅིག་སེམས་སུ་འཁྲུལ་བ་རྟོག་པས་བརྟགས་པ་དང་། བག་ཆགས་ཙམ་ལ་བག་ཆགས་སུ་རྟོག་པ་ཞེས་བྱའོ། །

[49] སྡེ་བདུན་ཡིད་ཀྱི་མུན་སེལ་ལས།  ཡང་ཁ་ཅིག་ན་རེ། སྔོ་སེར་སོགས་གཞི་གྲུབ་ཀྱང་། སྔོན་པོ་སྔོན་པོ་མ་ཡིན་གྱི། སྔོན་པོ་ཤེས་པ་ཡིན་ལ། དེ་ཡང་སེམས་ཙམ་པའི་ལུགས་ལ་སྔོ་སེར་སོགས་ཐམས་ཅད་རང་འཛིན་ཤེས་པ་དེ་དང་དེ་ཡིན་པས་ཁྱབ་པ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ནི་སྔོན་འཛིན་མིག་ཤེས་ཡིན་པ་སོགས་སུ་ཁས་བླང་བར་བྱའི། །དེ་ལྟ་མ་ཡིན་ན་སྔོ་སོགས་བེམ་པོར་འདོད་དགོས་པས་སྔོ་སོགས་ཕྱི་དོན་དུ་འགྱུར་རོ་ཞེས་ཟེར་ཏེ། ཤོག་གྲངས། ༡༦༤ འབྲས་བློ་གླིང་དཔེ་མཛོད། ཕྱི་ལོ། ༡༩༩༩

[50]  དབུ་མ་དགོངས་པ་རབ་གསལ་ལས། གྲུབ་མཐའ་གཉིས་ཀའི་དཀའ་གནས་ཆེན་པོར་སྣང་བས། དབུ་མའི་ཚུལ་དཀའ་བར་མ་ཟད་སེམས་ཙམ་པའི་ལུགས་འདི་ལ་ཡང་། ཕྱི་རོལ་བཀག་ན་གཟུགས་སོགས་ཀྱང་མེད་པར་འགྲོ་ཞིང་། གཟུགས་སོགས་བཞག་ན་ཕྱི་རོལ་ཡང་བཞག་དགོས་པར་མཐོང་བར་འདུག་པའི་ཕྱིར་རོ། ། འདི་དག་དཀའ་མོད་ཀྱང་མངས་པས་འཇིགས་ནས་མ་བྲིས་སོ། ། ཤོག་གྲངས། ༢༥༢ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[51] དབུ་མ་དགོངས་པ་རབ་གསལ་ལས། གལ་ཏེ་སེམས་ཙམ་པས་གཟུགས་ཅན་ཁས་མི་ལེན་ན། སེམས་ཙམ་པས་ཀུན་གཞི་སྒྲུབ་པའི་རིགས་པ་བསྟན་པ་ན། ཐེག་བསྡུས་ལས། ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཡང་། དེ་ལས་གཞན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་པར་མི་འཐད་དེ་ཞེས་དང་། རྣམ་པར་ཤེས་པ་དང་མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་བརྟེན་པའི་ཚུར་གྱིས་འཇུག་པ་གང་ཡིན་པ། དེ་ཡང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་།  ཞེས་གསུངས་པ་རྣམས་འགལ་བ་ཁོ་ནར་འགྱུར་ཏེ། གཟུགས་ཅན་གྱི་ཆོས་ཁས་བླངས་ན་ཕྱི་རོལ་ཁས་ལེན་དགོས་པར་འདོད་པའི་ཕྱིར་རོ། །ཤོག་གྲངས། ༣༡༩ བློ་གླིང་པར་མ། ཕྱི་ལོ། ༡༩༩༩

[52] འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ལས། གསུང་ཐོར་བུ་བ་རྣམས་དང་བཅས་པ་དང་པར་དུ་མ་འཁོད་ཅིང་།  དེང་སང་དཔེ་རྒྱུན་ཡང་ཤིན་ཏུ་དཀོན་པ་རྒྱན་དང་ཉི་མ་སྦས་པས་རྣམ་འགྲེལ་ཐལ་འགྱུར་དུ་འགྲེལ་ཚུལ།  དྲང་ངེས་རྣམ་འབྱེད་ཀྱི་རྣམ་རིག་པའི་སྐོར་གྱི་ཟིན་བྲིས། བསམ་གཟུགས་ཀྱི་དཀའ་གནད་ཆེ་ལོང་ཙམ་གཏན་ལ་ཕབ་པ་སོགས་དང་། ཤོག་གྲངས། ༤༧༠ ཕྱི་ལོ། ༡༩༨༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

[53]  མཁས་གྲུབ་རྗེས་མཛད་པའི་རྗེའི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན། ཤོག་གྲངས། ༢༨༥ ཝཱ་ཎ་བོད་དགོན་པར་མ། ཕྱི་ལོ། ༡༩༦༧

[54] འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ལས། བྱམས་ཆོས་ཀྱི་གྲངས་དང་གོ་རིམ། ཉམས་ལེན་སོགས་ལམ་གྱི་རིམ་པར་བསྒྲིགས་ཚུལ། སྔགས་ཀྱི་སྐོར་ལ་གསུང་འདུས་ཞལ་ཤེས་ཐོར་བུ་མདོར་བྱས་ཟིན་བྲིས་རྗེ་རང་ནས་མཛད་པ། ཤོག་གྲངས། ༤༧༠ ཕྱི་ལོ། ༡༩༨༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།