༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་ཞབས་བཏགས་མ།

སྔོན་གླེང་། 

རྩོམ་ཡིག་འདིར་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་འཚོལ་ཞིབ་བགྱིས་ཏེ། གསོལ་འདེབས་འདི་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཐོག་མར་༧གོང་ས་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་ཕུལ་བ་དང་། ཡང་། མི་དབང་ཕོ་ལྷ་བས་ཐོག་མར༧གོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོར་ཕུལ་བ་རེད་ཅེས་བཞེད་པ་མི་མཐུན་པ་གཉིས་ཡོད་པ་ལས་འཕྲོས་ཏེ། བཞེད་ཚུལ་འདི་གཉིས་ཀྱི་ཁུངས་ལུང་རྩད་གཅོད་བྱས་མཐར། དོན་ངོ་མར་ཞབས་བརྟན་འདི་ནི། ༧གོང་ས་སྐུ་ཕྲེང་ལྔ་པའི་སྐབས་སུ་ཡོད་པའི་སྒྲུབ་བྱེད་བཀོད་ཡོད་པར་མ་ཟད། ༧གོང་ས་སྐུ་ཕྲེང་བདུན་པ་དང་། ༧གོང་ས་སྐུ་ཕྲེང་དགུ་པ། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་རྣམ་པ་གསུམ་གྱི་ཞབས་བརྟན་གསོལ་འདེབས་ཙམ་མིན་པར་༧གོང་ས་སྐུ་ཕྲེང་གཞན་ལའང་ཞབས་བརྟན་གསོལ་འདེབས་འདི་བཞུགས་པའི་གནས་ཚུལ་གྱི་སྐོར་དང་། མཐར་ཡིག་ཐོག་ཏུ་བསྟན་འཛིན་རྒྱ་མཚོ་ཞེས་པའི་མཚན་བསྒྱུར་གནང་མཁན་སུ་ཡིན་གྱི་དྲི་བ་དག་ལ་ལན་འདེབས་བགྱིས་ཡོད།

༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་འཚོལ་བ།

 ཕྲན་གྱིས་‘‘གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །’’ཅེས་པའི་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ཚིགས་བཅད་འདི་དེབ་གང་དུ་འཁོད་ཡོད་མེད་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་བཙལ་འཚོལ་བྱེད་སྐབས། ཞེ་ཆེན་གཞི་རིམ་སློབ་གྲྭའི་ཆོས་སྤྱོད་ཀྱི་རིམ་པ་ཐར་ལམ་རབ་གསལ་[1]དང་། ཞལ་འདོན་ཆོས་སྤྱོད་ཉུང་བསྡུས།[2] རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཆོས་འབྱུང་ལོ་རྒྱུས་འདོད་འཇོའི་བུམ་བཟང་།[3] དགའ་ལྡན་ཤར་རྩེའི་ཆོས་སྤྱོད་མཛད་རིམ་ངོ་མཚར་བསྟན་པའི་མཛེས་རྒྱན་ཉིན་བྱེད་སྣང་བའི་ཡང་གསལ།[4]  ཨོ་རྒྱན་རྩ་གསུམ་གླིང་པའི་རིང་ལུགས་ཟབ་གཏེར་པོད་དང་པོ་ཆོས་སྤྱོད་ས་བརྟོལ་ལྗོན་བཟང་[5]བཅས་ཀྱི་ནང་དུ། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ཚིགས་བཅད་ཤླཽ་ཀ་འདི་བཞུགས་པ་མཇལ་མོད། གསོལ་འདེབས་ཚིགས་བཅད་འདི་ཐོག་མར་སུས་བརྩམས་མིན་དང་འབྲེལ་བའི་ལོ་རྒྱུས་གང་ཡང་འཁོད་ཡོད་པ་མ་མཐོང་།

ད་ཕན་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་ཐོར་རེ་བ་གསལ་བའི་ཡིག་ཆ་ཁ་ཤས་མཐོང་བའི་ཁྲོད་ཀྱི་གཅིག་ནི། «རི་དགོན་བཀྲ་ཤིས་ཆོས་གླིང་གི་ཕྱག་བཞེས་རྒྱུན་མཁོའི་ཆོས་སྤྱོད་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་རྣམ་གྲོལ་ལམ་གྱི་ཤིང་རྟ་»ཞེས་པ་དེ་ཡིན་ལ། དེབ་དེའི་ནང་དུ། ‘‘གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་པ་འདི་ནི། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཐམས་ཅད་མཁྱེན་པ་༧རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་ཕུལ་བའི་གསོལ་འདེབས་ད་བར་༧རྒྱལ་དབང་རིམ་བྱོན་གྱི་མཚན་བསྒྱུར་གྱིས་མང་ཚོགས་ཡོངས་ནས་འདོན་ཆོག་ཚིག་ཉུང་དོན་བསྡུས་བྱིན་རླབས་ཅན་ནོ། །’’[6]ཞེས་གསལ་ཞིང་། ‘‘དམ་ཆོས་འབྱུང་གནས་’’[7]ཞེས་པའི་དྲྭ་ཚིགས་ཤིག་ཏུའང་གོང་དུ་གསལ་བ་ཇི་བཞིན་དྲངས་འདུག དེས་ན། མཇུག་བྱང་འདི་ལྟར་ན། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་ (༡༧༨༡-༡༨༥༡) གྱིས་༧གོང་ས་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་ (༡༧༠༨-༡༧༥༧) ཕུལ་བ་དང་། ཕྱིས་སུ་༧རྒྱལ་དབང་རིམ་བྱོན་གྱི་མཚན་བསྒྱུར་གྱིས་དད་ལྡན་མང་ཚོགས་ཡོངས་ཀྱི་འདོན་ཆོག་ཏུ་གྱུར་པ་ལྟ་བུ་གསུངས་ཡོད།

«ས་སྐྱོང་འབུར་བའི་གདུང་རབས་ལས་འཕྲོས་པའི་འབྲོག་སྡེ་ཆེན་པོ་སྤོ་རོང་གི་བྱུང་བ་བརྗོད་པ་དྭངས་གསལ་མེ་ལོང»ཞེས་པའི་ནང་དུ་‘‘དེ་བཞིན་ཡོངས་གྲགས་༧རྒྱལ་བ་ཐམས་ཅད་མཁྱེན་པའི་བསྔོ་སྨོན། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་པའི་སྨོན་ལམ་འདི་ཐོག་མར་ཕྱི་ལོ་ ༡༧༤༥ ལོར་མི་དབང་ཕོ་ལྷས་༧རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོར་བསྟོད་པ་བརྩམས་པའི་བོད་ཀྱི་རྒྱལ་གླུ་དང་པོ་དེ་ཡིན་པ་ཡང་བརྗོད་ཆོག་’’[8] ཅེས་འཁོད་འདུག་ལ། དེ་ལྟར་ན་ཞབས་བརྟན་གསོལ་འདེབས་འདི་ནི་ཐོག་མར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ (༡༦༨༩-༡༧༤༧) གྱིས་༧གོང་ས་སྐུ་ཕྲེང་བདུན་པར་ (༡༧༩༨-༡༧༥༧) ཕུལ་བ་ཞིག་དང་། སྔར་ཚིགས་བཅད་འདི་ཉིད་བཀའ་ཤག་སྲིད་གཞུང་གིས་མཉམ་སྤྱོད་[9] གནང་གི་ཡོད་པ་རྟོགས་ཐུབ།

ཡིག་ཆ་གཞན་པ་དེ་ནི། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༢༠༡༤ ལོར་སྤར་སྐྲུན་བྱས་པའི་«བཀའ་བློན་རྟོགས་བརྗོད་»ཀྱི་སྔོན་གླེང་ཡིན་ལ། དེའི་ནང་དུ་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་སྐོར་ལ་ཚིག་ཕྲེང་འགའ་བྲིས་ཡོད་པ་འདི་ལྟར། ‘‘བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༢ ལོར་ཨ་རིར་དུས་འཁོར་དབང་ཆེན་ཐེངས་ ༣༡ དང་། རྡོར་གདན་དུས་འཁོར་དབང་ཆེན་ཐེངས་ ༣༢ པའི་གྲ་སྒྲིག་ལྷན་ཚོགས་བཅས་ནས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཤོག་རྐྱང་མའི་ངོས་བརྒྱད་པར། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་བཀོད་པ་གནང་སྟེ་དེ་ཡི་འོག་ཏུ་ཡིག་ཆུང་ནང་། མདོ་སྨད་རེབ་གོང་པ་གྲུབ་པའི་དབང་ཕྱུག་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་མཆོག་ནས་༧རྒྱལ་མཆོག་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་ཕུལ་བའི་གསོལ་འདེབས་ད་བར་༧རྒྱལ་དབང་རིམ་བྱོན་གྱི་༧ཞབས་བརྟན་གསོལ་འདེབས་སུ་མཚན་བསྒྱུར་མཛད་ཅེས་བཀོད་འདུག་ཅིང་། ལོ་རྒྱུས་དངོས་འབྲེལ་ཕོ་ལྷ་ནས་ཀྱིས་༧རྒྱལ་མཆོག་བདུན་པར་ཕུལ་བའི་གསོལ་འདེབས་ཡིན་པ་བཀའ་བློན་རྟོགས་བརྗོད་འདི་ནས་ར་འཕྲོད་བྱུང་ཡོད་པ་དགོངས་འཇགས་འཚལ།’’[10] ཞེས་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས་༧གོང་ས་སྐུ་ཕྲེང་དགུ་པར་༧རྒྱལ་བའི་གསོལ་འདེབས་འདི་འབུལ་སྐབས་མཚན་བསྒྱུར་བས། ཕྱིས་སུ་༧གོང་ས་རིམ་བྱོན་གྱི་ཞབས་བརྟན་གསོལ་འདེབས་སུ་གྱུར་ཚུལ་གསུངས་ཡོད་པར་མ་ཟད། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ནི་ཐོག་མར་མི་དབང་ཕོ་ལྷ་བས་༧གོང་ས་སྐུ་ཕྲེང་བདུན་པར་ཕུལ་བ་ཞིག་ཡིན་ཚུལ་བྲིས་ཡོད།

 ཞབས་དཀར་བས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་མཛད་པའི་ལོ་རྒྱུས།

དེས་ན།  དེ་ལ་འདིར་ཐོག་མར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཞབས་བརྟན་གསོལ་འདེབས་འདི་༧གོང་ས་སྐུ་ཕྲེང་དགུ་པར་ཕུལ་བའི་སྐོར་རོབ་ཙམ་ཞུས་ན། ཞབས་དཀར་བ་ནི་ཡུལ་མདོ་སྨད་རེབ་གོང་དུ་འཁྲུངས་ཤིང་། དགུང་ལོ་ཉེར་བདུན་སྟེང་ནས་བཟུང་རྒྱལ་ཁམས་ཕྱོགས་མེད་འགྲིམས་ཏེ་སྒྲུབ་པ་སྙིང་པོར་མཛད་པ་དང་། གངས་ཅན་བོད་ཀྱི་གནས་ཆེན་ཁག་ལ་ཞབས་ཀྱིས་བཅགས་ཏེ། དབེན་གནས་བརྒྱ་ཕྲག་ཏུ་ལོ་སུམ་ཅུའི་རིང་ལ་སྒྲུབ་པ་ལྷུར་ལེན་མཛད་ནས་གྲུབ་པ་བརྙེས་པའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་ལ།  ཁོང་གིས་གསོལ་འདེབས་འདི་ནི་སྟོད་ཉི་མ་ལྷ་ས་ནས་ལྗགས་རྩོམ་གནང་བ་ཞིག་རེད།

ཞབས་དཀར་བའི་རང་རྣམ། «ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་རྒྱས་པ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་»ཞེས་པའི་ནང་དུ་། ཁོང་དང་ལམ་གྲོགས་སྐོར་ཞིག་སྟོད་ཉི་མ་ལྷ་སར་འབྱོར་བའི་ལོ་རྒྱུས་མདོར་བསྡུས་ཤིག་བྲིས་ཡོད་པ་འདི་ལྟ་སྟེ། ‘‘དེ་ནས་སྐྱེལ་མི་བཅུ་ཙམ་གྱིས་བསྐྱལ། གཞན་ཡང་དབུས་ལ་འགྲོ་རོགས་བྲ་ཚའི་ཕྱག་རྡོར་དང་། མཁར་བྱམས། རྐང་ཚའི་ཚེ་རིང་རྒྱལ་སོགས་སྦྲ་ནག་ཁག་གསུམ་གྱི་མགྲོན་པོ་ལྔ་བཅུ་ཁལ་རྟ་མང་པོ་དང་བཅས་ཏེ། རབ་མྱོས་ཞེས་པ་ལྕགས་ཕོ་རྟའི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་དགེ་བར་དབུས་གཙང་དག་པའི་ཞིང་དུ་ཡར་ལ་ཆས་ནས་སོང་།’’[11] ཞེས་གསལ་བ་དང་། ཞབས་དཀར་ཚང་གིས་ཁོང་ལྷ་སར་ཕེབས་པའི་ལོ་དེ་ནི་ལྕགས་ཕོ་རྟ་ལོ་ཡིན་པར་གསུངས་ཤིང་། དེ་ནི་ཕྱི་ལོ་ ༡༨༡༠ ལོར་འཁེལ་འདུག ཁོང་གི་རང་རྣམ་དུ་གསལ་བའི་‘‘གངས་རིའི་ར་(རྭ)བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་ལུང་རྟོགས་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་པར་ཤོག །’’[12] ཅེས་པའི་ཚིགས་བཅད་འདི་ནི་ཡན་ལག་བདུན་པ་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་དེའི་ཡན་ལག་དྲུག་པ་ཡིན་ལ། ཁོང་ལྷ་སར་ཕེབས་ནས་ལོ་གཅིག་གི་རྗེས་སུ་ཕུལ་བ་དང་། སྐབས་དེར་༧གོང་ས་སྐུ་ཕྲེང་དགུ་པ་དགུང་ལོ་དྲུག་ཙམ་ལས་ཕེབས་མི་འདུག

རང་རྣམ་དེའི་ནང་དུ། ཁོང་གིས་༧གོང་ས་སྐུ་ཕྲེང་དགུ་པར་ཞབས་བརྟན་གསོལ་འདེབས་ཕུལ་བའི་ལོ་རྒྱུས་ཟུར་ཙམ་གསལ་བ་དྲངས་ན། ‘‘སྐྱབས་མགོན་རིན་པོ་ཆེས། སྨད་སོག་དཔོན་པོ་དང་། འཇམ་དབྱངས་བཞད་པའི་མགྲོན་གཉེར་གཉིས་ལ་རིམ་བཞིན་བཀའ་ཕེབས་དང་། དེའི་རྗེས་སུ་ང་ལ་ཡང་། ཨ་མདོ་བླ་མ་ལམ་སྐབས་རྣམས་སུ་དཀའ་ལས་མ་བྱུང་ངམ། གསུངས་པ་དང་། ངས་ཀྱང་ཁོང་གཉིས་ཀྱི་ལད་མོ་བྱས་ནས། ཡར་ལངས་ཏེ་ལག་པ་ཐལ་མོ་སྦྱར་ཅུང་ཟད་བསྒུར་ནས། སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེས་བདེ་མོ་བྱུང་ལགས་ཞུས་པས། ངའི་སྐད་འགོ་ཅུང་ཟད་མཐོ་སེ་བྱུང་བ་དང་། ཨ་མདོའི་སྐད་ཡིན་པའི་སྟབས་ཀྱིས་སྐྱབས་མགོན་མཆོག་དང་། མགྲོན་གཉེར་འགའ་རེས་ང་ལ་བལྟས་ནས་ཅིག་འཛུམ་པར་གདའ། དེ་ནས་སྨད་སོག་དཔོན་པོ་དེས་རིགས་གསུམ་མགོན་པོའི་ལུང་ཞིག་ཞུ་བའི་སྔོན་དུ་མཎྜལ་འབུལ་དུས། ངས་ཀྱང་ཁ་བཏགས་ཤིག་དང་བཅས་ཏེ་ཡན་ལག་བདུན་པ་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་འདི་ཉིད་ཕུལ་ལོ། །’’[13] ཞེས་འབྱུང་ཞིང་། སྐབས་དེར་༧གོང་ས་མཆོག་གིས་ཞབས་དཀར་བ་ཚང་ལ་ཆོས་ཉན་པའི་ཀུན་སློང་ཡག་པོ་གསལ་བཏབ་ནས་ཉན་དགོས་ཚུལ་རྣམས་གསུངས་ཏེ་ལུང་གནང་བ་དང་། ཕྱིས་སུ་ཉིན་གཅིག་ཞབས་དཀར་ཚང་སྐུ་མདུན་དུ་བོས་ནས་སྡེར་ཁ་དང་ཕྲུག་གཅིག་བྱིན་རྟེན། སྲུང་མདུད་དང་ཁ་བཏགས་བཅས་སྩལ་ཏེ་ཞལ་གསུང་གནང་བའི་ལོ་རྒྱུས་ཀྱང་བྲིས་འདུག

དེ་ལྟ་ནའང་། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ནི་ཞབས་དཀར་བས་ཐོག་མར་མཛད་པ་མིན་པར་མི་དབང་ཕོ་ལྷ་བའི་སྐབས་སུ་བྱུང་བའི་ལོ་རྒྱུས་གཤམ་དུ་ཞུ་རྒྱུ་ཡིན།

མི་དབང་ཕོ་ལྷ་བས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འབུལ་དགོས་དོན།

མི་དབང་ཕོ་ལྷ་བས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ནི་༧གོང་ས་སྐུ་ཕྲེང་བདུན་པར་ཕུལ་བའི་གནས་ཚུལ་ཞིག་«བཀའ་བློན་རྟོགས་བརྗོད་»དུ་གསལ་བ་དྲངས་ན། ‘‘མི་དབང་མཆོག་ལའང་༧གོང་ས་མཆོག་ནས་བཀའ་ཕེབས་དོན་རྣམས་ཆད་ལྷག་མེད་པར་སྙན་དབང་དུ་གང་འཇེབས་ཞུས་པར་ཕྱིར་ཕེབས་ལ། སྔོན་མའི་རྒྱུ་མཚན་རྣམས་ནི་ཆོས་དབྱིངས་ཀྱི་མཆོད་པ་ལྟར་ཡིན་འདུག ད་སྒོས་ཐད་ནི། གངས་རི་ར་(རྭ)བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག ། ཅེས་པའི་དོན་དགོངས་དབྱིངས་སུ་འཇགས་པ་དང་། བོད་འབངས་བསྟན་འགྲོའི་ཕན་བདེར་དགོངས་པ་བཀའ་དྲིན་ཆེ་བ་ལས་ལེགས་སུ་སྙན་འདེབས་ཞུ་རྒྱུ་མེད་ཅེས་སོགས་ཞུ་ལན་འབུལ་གནང་གི་ཡང་ཏིག་ཞི་འཇགས་སུ་ལེགས་ལམ་དུ་གྱུར་པ་དམ་པའི་རྣམ་ཐར་ཟབ་ཅིང་བརླིང་བ་ལྷུར་བཞེས་པའི་བཀྲ་ཤིས་ལུགས་ལེགས་ཀྱི་དགེ་མཚན་གཞལ་དུ་མེད་པར་གྱུར་ཏོ། །’’[14] ཞེས་འཁོད་ཡོད་ལ། ལོ་རྒྱུས་འདིའི་ཚིག་ཟིན་ལ་བལྟས་ན། ༧གོང་ས་སྐུ་ཕྲེང་བདུན་པ་དང་ཕོ་ལྷ་བ་རྣམ་གཉིས་ཀྱི་བར་ལ་འགལ་བ་ཞིག་བྱུང་སྟེ། ཕོ་ལྷ་བས་༧གོང་ས་མཆོག་ལ་ཞབས་བརྟན་གསོལ་འདེབས་འདི་བཟོད་གསོལ་གྱི་ཚུལ་དུ་ཕུལ་བའི་རྣམ་པ་ལྟ་བུར་མངོན།

༧གོང་ས་བདུན་པ་དང་ཕོ་ལྷ་བ་རྣམ་གཉིས་ཀྱི་བར་ལ་ཡོངས་གྲགས་སུ་འགལ་བ་ཞིག་བྱུང་ཡོད་པ་ནི། སྐབས་དེར། བཀའ་བློན་རྣམས་ནས་སྲིད་དབང་ལོ་བདུན་བསྐྱངས་པའི་བརྒྱུད་རིམ་ནང་། བཀའ་བློན་ཕན་ཚུན་དད་མོས་དང་། ཉེ་ཕྱོགས་སོགས་ཀྱི་དབང་གིས་མི་མཐུན་པར་གྱུར་ཏེ་དའི་ཆིང་བཱ་དུར་དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཕྱོགས་གཅིག་དང་། ང་ཕོད། ལུམ་པ། སྦྱར་ར་བ་གསུམ་ཕྱོགས་གཅིག་ཏུ་གྱུར་པས། ཕྱིས་སུ་ང་ལུམ་སྦྱར་གསུམ་གྱིས་ཐབས་ལ་བརྟེན་ནས་དའི་ཆིང་བཱ་དུར་བཀྲོངས་ཤིང་། ཕོ་ལྷ་བ་ཡང་བཀྲོངས་རྩིས་བྱེད་སྐབས། ཕོ་ལྷ་བས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མངའ་རིས་སྐོར་གསུམ་ནས་དཔུང་དམག་བསྡུས་ཏེ་ཕར་རྒོལ་གྱིས་རྩེ་ཕོ་བྲང་དང་ཞོལ་གྱི་མཐའ་བསྐོར་བ་དང་། སྐབས་དེར་ང་ལུམ་སྦྱར་གསུམ་ཕོ་བྲང་པོ་ཏ་ལར་བྲོས་ཤིང་། ༧གོང་ས་མཆོག་གིས་ཁོང་ཚོ་ཉིན་ཤས་རིང་ཕོ་བྲང་དུ་སྡོད་དུ་བཅུག་པའི་གནས་ཚུལ་བྱུང་། དེ་ལ་བརྟེན་ནས་མི་དབང་ཕོ་ལྷ་བ་ཐུགས་མཉེས་པོ་བྱུང་མེད་པའི་ལོ་རྒྱུས་དེ་ཡིན།

འོན་ཀྱང་། ཕྱིས་སུ་འགལ་བ་དེ་ཞི་འཇགས་སུ་ཕྱིན་ཡོད་ཚུལ་ནི་«བོད་ཀྱི་སྲིད་དོན་རྒྱལ་རབས་»སུ་འདི་ལྟར། ‘‘དེ་ནས་ལོ་སེམས་པ་དང་། སླེ་ལུང་རྗེ་དྲུང་། བཙན་པོ་ནོ་མི་ཧན། བ་སོ་སྤྲུལ་པའི་སྐུ། ཁྲི་རིན་པོ་ཆེ། ༧མི་དབང་བཅས་ཕོ་བྲང་ཆེན་པོར་༧རྒྱལ་བའི་དབང་པོའི་སྐུ་མདུན་དུ་བཅར་ཏེ་མཆོད་ཡོན་ལྷན་རྒྱས་སྔ་འཁོན་དམ་ཚིག་མེད་པའི་བཀའ་མོལ་ཞུས་པའི་མཐར། གཟིམ་ཆུང་ཉི་འོད་དུ་རྗེ་དྲུང་སྤྲུལ་སྐུ་ནས་མཆོད་ཡོན་དགོངས་པ་གཡལ་སེལ་མཛད་དེ་རྗེ་བཀྲ་ཤིས་དོ་ཁ་མ་དང་། གུ་རུའི་སྐུ་ཚབ་གཏེར་བྱོན་མ། ལྷ་མོའི་སྣང་བརྙན་བཅས་དབུ་ཐོག་ཏུ་བཞག་པའི་དམ་བཅའ་མཛད།’’[15] ཅེས་སྐབས་དེའི་མི་དབང་སྐོར་ཞིག་༧གོང་ས་མཆོག་གི་མདུན་ལ་བཅར་ཏེ་བཀའ་མོལ་ཞུས་མཐར་དགོངས་པ་གཡའ་སེལ་མཛད་པ་དང་། མཐར་ལྷ་སྐུ་གསུམ་དབུ་ཐོག་ཏུ་བཞག་སྟེ་དམ་བཅའ་མཛད་ཡོད་པ་ལས་རྟོགས་ཐུབ།

ཕོ་ལྷ་བས་གོང་གི་ཞབས་བརྟན་གསོལ་འདེབས་དེ་ཁོང་སྐུ་མ་གཤེགས་པའི་ལོ་གཉིས་ཀྱི་སྔོན་ལ་ཕུལ་བ་འདྲ་ཞིང་། དེ་ནི་བཀའ་བློན་ང་ལམ་སྦྱར་གསུམ་དང་འབྲེལ་བའི་འགལ་བ་ལས་བརྟེན་ནས་ཕུལ་བ་མ་ཡིན་ཏེ། «བཀའ་བློན་རྟོགས་བརྗོད་»དུ་‘‘གཉིས་སུ་ན་སྐྱེ་བོ་བདུད་ཀྱིས་སྙིང་བརླམས་པ་འཕྲལ་དང་ཡུན་གྱི་ཕན་བདེ་འཇོམས་པ་ལ་བསམ་བཞིན་དུ་སྨོན་ལམ་གྱི་མཐུ་གྲུབ་པ་ལ་ལ་དག་གི་བྱེད་པས་དབྱེན་བཅོས་ཏེ་མི་དབང་ཆེན་པོར་ཡང་ལོག་པའི་སྙན་བསྐྱོད་དུ་མས་བསྐུལ་བའི་རྣམ་འགྱུར་ལ་བརྟེན། ཇི་སྐད་དུ། བློ་ཆེན་ཡིན་ཡང་འབྱུང་པོས་རྒྱུད། །བརླམས་ན་ལོག་པའི་ལམ་དུ་འགྲོ། །གསུངས་པ་ལྟར། དྲུང་ཡིག་ཚངས་སྐྱེས་ནས་མནན་པ་བྱས་ཚུལ་སོགས་ཀྱི་གླེང་གཞིའི་སྐོར་ནས་འཕྲོས་པའི། གསོལ་དཔོན་ཆེན་མོ་གྲགས་པ་མཐའ་ཡས་ལའང་གླེང་གཞི་བཟོས་པ་དེ་སྐོར་ལ་ཁོ་བོ་ཁྲི་ཆེན་ནོ་མིན་ཧན་གྱི་དྲུང་དུ་མི་དབང་མཆོག་ནས་བསླབ་སྟོན་ཞུ་བར་མངགས་པ་དང་།’’[16] ཞེས་དང་། ཡང་། ‘‘བཙོན་དོང་ནང་གི་མི་དང་ལབ་གླེང་བྱེད་རྒྱུ་མི་འདུག དཔོན་པོ་དགོངས་པ་དྭངས་ཕྱིན་དེ་ཀས་ཆོག་ཅེས་ཞུས་སོང་བ་བཅས་འཁྲུན་ཐག་ཆོད་པ་དེ་བཞིན་ལ། དེའི་སང་ཉིན་༸གོང་ས་མཆོག་ནས་ཁོ་བོ་འབོད་དུ་གཏོང་བ་གནང་བྱུང་བ་བཞིན་སྐུ་མདུན་དུ་བཅར་བར་བཀའ་ལས། ཁ་སང་མི་དབང་གིས་ཁྱོད་བཏང་ནས་གྲགས་པ་མཐའ་ཡས་ལ་དྲི་བ་བྱས་པ་དེ་ངེད་ནས་གོ་བྱུང་། དེ་སྐོར་གྲགས་པ་མཐའ་ཡས་ལ་དོན་མེད་དུ་གཟུགས་མེད་གཟུགས་བཅོས་ཀྱི་རྒྱུ་མཚན་བྱས་པ་ལས། དོན་དུ་སྙད་སྙོད་རྒྱུ་འདི་ཚོ་ཐམས་ཅད་ང་མ་འདོད་པས་བྱས་པ་ལོས་ཡིན། དེས་ན་ངེད་ནི་ཁང་རྭའི་སྦུག་ཏུ་དཔེ་ཆ་འདྲ་བལྟས་ནས་ཉམ་ཆུང་གི་སྡོད་པ་ལས་གཞན་མའི་བྱ་བྱེད་རྣམ་འགྱུར་གང་ཡང་མེད། འདིས་ཀྱང་མ་འཐུས་ན་འབྲས་སྤུངས་སམ་རི་ཁྲོད་གང་རིགས་ལ་ཕྱིན་པས་ཆོག དེ་གའི་རྒྱུ་མཚན་མི་དབང་ལ་ལོབས་ཕེབས་བྱུང་།’’[17] ཞེས་གསལ་བ་ལྟར་ན། ༧གོང་ས་སྐུ་ཕྲེང་བདུན་པ་ལ་རྐྱེན་བྱས་ཏེ་གསོལ་དཔོན་ཆེན་མོ་གྲགས་པ་མཐའ་ཡས་དང་ཕོ་ལྷ་བ་གཉིས་ཀྱི་བར་ལ་འགལ་བ་ཞིག་བྱུང་ཞིང་། མི་དབང་ཕོ་ལྷ་བས་འགལ་བ་དེ་ཞི་དབྱིངས་སུ་འཐིམ་ཆེད་ཞབས་བརྟན་གསོལ་འདེབས་ཚིགས་བཅད་དེ་ཕུལ་མེད་དམ་སྙམ།

«༧རྒྱལ་དབང་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་»ཞེས་པའི་ནང་དུ། མི་དབང་ཕོ་ལྷ་བས་༧གོང་ས་སྐུ་ཕྲེང་བདུན་པར་ཞབས་བརྟན་གསོལ་འདེབས་ཕུལ་བའི་སྐོར་གང་ཡང་འཁོད་མེད་མོད། གསོལ་དཔོན་གྲགས་པ་མཐའ་ཡས་ཀྱི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག་གསལ་བ་ཁོལ་ཕྱུང་གིས་དྲངས་ན་འདི་ལྟར། ‘‘གསོལ་དཔོན་ཆེ་བ་གྲགས་པ་མཐའ་ཡས་ནས་བསམ་སྦྱོར་རྣམ་པར་དག་པས་རྒྱུ་སྦྱར་ཏེ་རྣམ་རྒྱལ་གྲྭ་ཚང་ནས་མདོ་ལུགས་ཀྱི་ཞབས་བརྟན་བདེན་ཚིག་བརྗོད་ཅིང་། སྐུ་གསུང་ཐུགས་རྟེན་གྱིས་གཙོས་དངོས་འབྱོར་གྱི་འབུལ་བ་རྒྱ་ཆེན་པོ་ཕུལ། གསོལ་དཔོན་འདི་པ་བླ་མ་ལ་སྙིང་ནས་གུས་པ་ལྷུར་ལེན་ཅིང་སྒོ་གསུམ་གཡོ་ཟོལ་མེད་པའི་ཞབས་འདེགས་རྩེ་གཅིག་ཏུ་བསྒྲུབ་པ། འདོད་ཆུང་ཆོག་ཤེས་སོགས་དམ་པས་བསྔགས་པར་འོས་པའི་ཡོན་ཏན་དུ་མ་དང་ལྡན་པས། རྗེ་བཙུན་བླ་མ་མཆོག་ཉིད་དགྱེས་པ་ཆེན་པོ་སྒྲུབ་པའི་སྐལ་ལྡན་གྱི་སྐྱེས་བུ་མཆོག་ཏུ་སྣང་།’’[18] ཞེས་འཁོད་འདུག་ལ། རྣམ་ཐར་དེའི་ནང་དུ་ཕོ་ལྷ་བས་ཀྱང་། ༧གོང་ས་སྐུ་ཕྲེང་བདུན་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཞབས་བརྟན་རབ་དང་རིམ་པ་གནང་ཚུལ་བྲིས་འདུག

རྡོ་རིང་བསྟན་འཛིན་དཔལ་འབྱོར་ (༡༧༦༠-?) གྱིས་བཀའ་བློན་གྱི་ཐུགས་འགན་བཞེས་པའི་དུས་སུ། ཁོང་གིས་ཡོན་སྦྱར་ནས་ལྷ་སའི་ལྕགས་པོ་རིའི་ནུབ་ངོས་བྲག་ལྡེབས་ངོས་སུ། མི་འཁྲུག་པའི་སྐུ་སོགས་བརྐོས་པའི་བཤད་རྒྱུན་ཡོད་པ་དང་། མི་འཁྲུག་པའི་སྐུ་དེའི་གཡས་ངོས་སུ། གོང་གི་གསོལ་འདེབས་ཚིགས་བཅད་དེ་བརྐོས་པའི་ལོ་རྒྱུས་ཡོད་པ་དཔེར་ན། «བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་»ཀྱི་ནང་‘‘རྡོ་བརྐོས་སྐུ་བརྙན་གཙོ་བོ་དེའི་གཡས་སུ་‘‘གངས་རི་རྭ་བས་བསྐོར་བའི་’’ཞེས་པའི་ཚིགས་བཅད་ཤླཽ་ཀ་གཅིག་ཡོད་པ་དེའི་ཚིགས་རྐང་གསུམ་པར་‘‘སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི། །’’ཞེས་གསལ་བར་དཔྱད་ན། རྡོ་བརྐོས་དེ་རྡོ་རིང་པཎྜི་ཏས་ཡོན་སྦྱར་ནས་བརྐོས་ཟེར་བ་དེ་བདེན་པར་སེམས།’’[19] ཞེས་འབྱུང་བས། «དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་»ཞེས་གྲགས་པ་དེའི་ལེའུ་འགའ་ཆེད་དམིགས་ཀྱིས་ཞིབ་ཏུ་བཀླགས་མོད་རྣམ་ཐར་དེའི་ནང་ན་གོང་གི་ལོ་རྒྱུས་འདི་མི་གསལ་བས་ད་དུང་དཔྱད་པར་འཚལ། ཡིན་ནའང་། ཕྲན་གྱིས་རྩད་གཅོད་བྱས་པ་ལྟར་ན། ལྕགས་པོ་རིའི་བྲག་ལྡེབས་སུ་བརྐོས་པའི་༧རྒྱལ་བའི་ཞབས་བརྟན་དེ་དིང་སང་ཡང་མཇལ་དུ་ཡོད་ལ། གསོལ་འདེབས་དེ་དང་མཉམ་དུ་རྗེ་རིན་པོ་ཆེས(༡༣༥༧-༡༤༡༩ )མཛད་པའི་རྟེན་འབྲེལ་བསྟོད་པའི་ཚིགས་བཅད་ཅིག་སྟེ། སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། ། དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། ། བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ།། ཞེས་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་(༡༣༨༥-༡༤༣༨)གིས་མཛད་པའི་དཔལ་ལྡན་ས་གསུམ་མའི་ནང་དུ་བཞུགས་པའི་ང་ཡི་བླ་མ་བློ་བཟང་གྲགས་པ་དེ།། དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས།། དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང་།། བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།། ཅེས་པ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་མཇུག་ཏུ་བརྐོས་འདུག

མདོར་བསྡུས་ན། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ནི་མི་དབང་ཕོ་ལྷ་བས་ཐོག་མར་ཕུལ་བར་གྲགས་པ་དེ་ལྟ་ནའང་། གསོལ་འདེབས་འདི་ཐོག་མར་རྩོམ་མཁན་ནི་དོན་དངོས་སུ་ཕོ་ལྷ་བ་མ་ཡིན།

རྒྱལ་བའི་ཞབས་བརྟན་གསོལ་འདེབས་མཛད་མཁན་ཐོག་མ་སུ་ཡིན་ནམ།

༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ཕོ་ལྷ་བའི་སྔ་རོལ་ཏུ་བྱོན་པའི་བོད་ཀྱི་མཁས་པ་ཚོའི་བསྟན་བཅོས་ཁག་ཏུ་བཞུགས་མིན་རྩད་གཅོད་ཞུ་སྐབས། ༧པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ (༡༥༧༠-༡༦༦༠) གྱི་གསུང་འབུམ་པོད་ཀ་པའི་ནང་བཞུགས་པའི་‘‘རྗེ་ཐམས་ཅད་མཁྱེན་པའི་གསོལ་འདེབས་’’ཞེས་པའི་ནང་དུ། ‘‘གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་པར་ཤོག །ཅེས་རྗེ་ཐམས་ཅད་མཁྱེན་པའི་རང་བཞིན་བརྗོད་པའི་སྒོ་ནས་གསོལ་འདེབས་ཞབས་བརྟན་དང་བཅས་པ་འདི་ཡང༌། རྒོད་ཚང་རི་ཁྲོད་པ་རྣམས་དང༌། དམ་པ་རང་ཉིད་ཀྱི་ཞབས་འབྲིང་དགེ་བའི་བཤེས་གཉེན་མང་པོས་གསོལ་བ་བཏབ་པ་དང༌། ཁྱད་པར་བདག་ཉིད་ཀྱང་མཆོག་ཏུ་དད་པའི་སྒོ་ནས་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་རྣམ་དཔྱོད་དང་ལྡན་པ་བློ་བཟང་དབང་རྒྱལ་ལོ། །’’[20] ཞེས་ཞབས་བརྟན་གསོལ་འདེབས་འདི་བཞུགས་པ་མཇལ་བྱུང་།

ཡ་མཚར་བ་ཞིག་ལ། «ཆོས་སྨྲ་བའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བའི་ཕྲེང་བ་»དང་། ༧གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ (༡༦༡༧-༡༦༨༢) གསུང་འབུམ་ཁྲོད་དུ་བཞུགས་པའི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསང་རྣམ། གཞན་ཡང་། ༧གོང་ས་ལྔ་པའི་རང་རྣམ་ལྟ་བུའི་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ཏུ་ཞབས་བརྟན་གསོལ་འདེབས་འདིའི་སྐོར་གྱི་ལོ་རྒྱུས་ཅི་ཡང་མི་གསལ། འོན་ཀྱང་། ‘‘རྗེ་ཐམས་ཅད་མཁྱེན་པའི་གསོལ་འདེབས་སུ་‘‘ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུ་བཞིན། །བློ་བཟང་བསྟན་པའི་རྒྱ་མཚོ་རྒྱས་མཛད་པའི། ། འཕྲིན་ལས་འོད་དཀར་བྱེ་བ་འགྱེད་མཁས་པ། །སྨྲ་བའི་ཟླ་བ་མཆོག་ལ་གསོལ་བ་འདེབས།།’’[21]ཞེས་གསལ་བའི་ཚིགས་བཅད་འདིའི་ནང་དུ་༧གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་མཚན་གསལ་བས། སྐབས་འདིའི་རྗེ་ཐམས་ཅད་མཁྱེན་པ་ནི་༧གོང་ས་ལྔ་པ་ཆེན་པོ་ཡིན་ཞིང་། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ནི་༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་༧གོང་ས་ལྔ་པ་མཆོག་ལ་མཛད་པ་ཞིག་ཡིན་པ་དོགས་པ་རྩ་བྲལ་རེད།

༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདིའི་མཛད་བྱང་དུ་ལོ་ཚིགས་སོགས་བཀོད་མེད་ནའང་། གསོལ་འདེབས་འདི་ཉིད་སྐུལ་བ་པོ་ནི་རྒོད་ཚང་རི་ཁྲོད་པ་རྣམས་དང་། དམ་པ་རང་ཉིད་ཀྱི་ཞབས་འབྲིང་དགེ་བའི་བཤེས་གཉེན་སྐོར་ཞིག་ཡིན་པར་གསུངས། «པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་»ལྟར་ན། ཁོང་རྒོད་ཚང་རི་ཁྲོད་དུ་རྒྱ་ནག་ཏུ་མ་ཕེབས་པའི་ལོ་གཅིག་གི་ཡར་སྔོན་ཙམ་ལ་ཕེབས་པ་འདྲ་ཞིང་། དྲུང་པ་རྒྱལ་ཚབ་པ་བརྩོན་འགྲུས་རྒྱལ་མཚན་དང་། ཆོས་རྗེ་བཀའ་བཅུ་པ་སྙིང་སྟོབས་རྒྱ་མཚོ། སྡེ་སྣོད་འཛིན་པའི་དགེ་སློང་རི་ཁྲོད་པ་རྣམས་ལ་བེའུ་བུམ་སྔོན་པོ་ལྷ་འབྲི་སྒང་པས་མཛད་པའི་འགྲེལ་པ་དང་བཅས་པའི་ལུང་དང་། གཞན་ཡང་བཀའ་ཆོས་ཅི་རིགས་གནང་བར་མ་ཟད། དེར་བཞུགས་ཀྱི་རི་ཁྲོད་པ་རྣམས་ཀྱིས་ཀྱང་དད་པའི་འོ་མཚོ་ལས་འཁྲུངས་པའི་བསྙེན་བཀུར་རྨད་དུ་བྱུང་བ་དང་བཅས་ཏེ་བརྟན་བཞུགས་རྒྱས་པར་ཕུལ་འདུག ཁོང་གིས་ལྗགས་རྩོམ་གནང་བའི་‘‘རྒྱལ་པོ་མཆོད་ཡོན་གྱི་བརྟན་བཞུགས་’’དང་། ‘‘ཚེ་དབང་བརྒྱུད་པའི་གསོལ་འདེབས།’’ ‘‘བསྟན་སྲུང་གཙོ་བོ་གསུམ་ལ་རྒྱུན་པར་གཏོར་མ་འབུལ་ཚུལ་མདོར་བསྡུས་པ་ཚིགས་སུ་བཅད་པའི་སྒོ་ནས་འཁྱེར་བདེ་བར་བརྗོད་པ།’’ ‘‘བསྟན་སྲུང་ཆེན་མོ་རྡོ་རྗེ་རབ་བརྟན་མའི་གསོལ་ཁ་གཏོང་ཚུལ།’’ ‘‘རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་ཤེས་རབ་གསལ་བྱེད་མ་’’སོགས་རྒོད་ཚང་རི་ཁྲོད་དུ་སྦྱར་ཞེས་གསུང་རྩོམ་དེ་དག་གི་མཛད་བྱང་དུ་འཁོད་པ་མཇལ་བྱུང་།

སྐབས་འདིར་གསལ་བའི་༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞབས་འབྲིང་དགེ་བའི་བཤེས་གཉེན་རྣམས་ནི་འདི་དག་རེད་ཅེས་ཁ་ཚོན་གཅོད་པར་མི་ནུས་མོད། སྤྱིར་བཏང་ཁོང་གི་དགེ་རྒན་དག་ནི། སྒོམ་སྡེ་བ་ནམ་མཁའ་རྒྱལ་མཚན་ (༡༥༣༢–༡༥༩༢) དང་། པཎ་ཆེན་དམ་ཆོས་ཡར་འཕེལ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། འོལ་དགའ་རྗེ་དྲུང་སྐུ་ཕྲེང་དང་པོ་བསྟན་པ་རྒྱ་མཚོ།(༡༥༥༧/༡༥༦༠–༡༦༢༥) མཁས་གྲུབ་སངས་རྒྱས་ཡེ་ཤེས། (༡༥༢༥–༡༥༩༠/༡༥༩༡) སོགས་ཡིན་པ་རེད།

༧པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་ལོ་ལྔ་བཅུ་ང་གཉིས་པར་༧གོང་ས་ལྔ་པ་ཆེན་པོ་ངོས་འཛིན་གྱིས་མཚན་གསོལ་མཛད་དེ་འཕྱོང་རྒྱས་ནས་འབྲས་སྤུངས་སུ་གདན་འདྲེན་ཞུས་ཤིང་། སྐུ་གོང་མའི་བཞུགས་ཁྲིར་གསོལ་བའི་མཛད་འགན་བཞེས་པའི་ལོ་རྒྱུས་ཡོད་ལ། དེ་ནས་དགུང་ལོ་ང་ལྔ་པར་༧གོང་ས་ལྔ་པ་ཆེན་པོའི་རབ་བྱུང་གི་མཁན་པོ་མཛད་པ་དང་། དགུང་ལོ་རེ་བརྒྱད་པར་༧རྒྱལ་དབང་ལྔ་པར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ་ཡོད་པས། དུས་སྐབས་དེ་གསུམ་གྱི་གང་རུང་ཞིག་ཏུ་ཞབས་བརྟན་གསོལ་འདེབས་འདི་མཛད་ཡོད་པར་སྙམ།

༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་༧གོང་ས་སྐུ་ཕྲེང་གཞན་ལ་ཡོད་མེད།

«རི་དགོན་བཀྲ་ཤིས་ཆོས་གླིང་གི་ཕྱག་བཞེས་རྒྱུན་མཁོའི་ཆོས་སྤྱོད་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་རྣམ་གྲོལ་ལམ་གྱི་ཤིང་རྟ་»དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་སྤར་སྐྲུན་བྱས་པའི་«བཀའ་བློན་རྟོགས་བརྗོད་»ཀྱི་སྔོན་གླེང་དུ། ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱིས་༧རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་མཚན་བསྒྱུར་བས་༧རྒྱལ་དབང་རིམ་བྱོན་གྱི་ཞབས་བརྟན་གསོལ་འདེབས་སུ་གྱུར་ཚུལ་གསུངས་པ་དེ་ལ་བདེན་ཤས་ཆེ་སྟེ། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་འབྲེལ་བའི་ཡིག་ཆ་ཁག་ཕར་སློག་ཚུར་སློག་བྱས་ན། གསོལ་འདེབས་འདི་ནི་༧གོང་ས་བདུན་པ་དང་། ༧གོང་ས་དགུ་པ། ༧གོང་ས་བཅུ་བཞི་པ་རྣམ་པ་གསུམ་གྱི་ཞབས་བརྟན་གསོལ་འདེབས་ཙམ་མིན་པར་༧གོང་ས་སྐུ་ཕྲེང་གཞན་གྱི་ཞབས་བརྟན་གསོལ་འདེབས་སུ་མཚན་བསྒྱུར་གནང་བའང་ཡོད་དེ། སྒོ་མང་མཁན་པོ་བསྟན་པ་ཆོས་འཕེལ་ (༡༨༤༠-༡༩༠༧/༡༩༠༨) གྱིས་མཛད་པའི་‘‘དཔལ་ལྡན་གསང་ཕུའི་རྟེན་གསུམ་སྤོ་བཤུགས་སྐབས་ཀྱི་འདོད་གསོལ་མཆོག་ཏུ་གྲུབ་པའི་བདེན་ཚིག་བཞུགས་སོ། །’’ཞེས་པའི་ནང་དུ། ‘‘གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་ཐུབ་བསྟན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །’’[22]ཅེས་གསལ་བ་དང་། བྱ་བྲལ་ཚུལ་ཁྲིམས་ཉི་མས་མཛད་པའི་‘‘དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་བཞུགས་སོ། །’’ཞེས་པ་དེ་སྤར་དུ་བཏབ་རྗེས། ཤྲི་ཡ་ཤཱ་ས་ནངྷྲིཀས་སྤར་བྱང་སྨོན་ཚིག་[23]ཅིག་བྲིས་པ་དེའི་མཇུག་ཏུ། ‘‘གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་ཐུབ་བསྟན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའ་བར་དུ་བརྟན་གྱུར་ཅིག །’’[24]ཅེས་གསལ་བ་དང་། འདི་ནི་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་ཡིན་པ་རེད།

གཞན་ཡང་། ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (༡༧༡༣-༡༧༩༣) གྱིས་མཛད་པའི་‘‘༧རྒྱལ་དབང་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་ཕན་བདེའི་གྲུ་ཆར་འབེབས་པའི་སྤྲིན་གྱི་སྒྲ་དབྱངས་’’ཞེས་པའི་ནང་དུའང་། ‘‘གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་འཇམ་དཔལ་རྒྱ་མཚོ་ཉིད། །ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །’’[25]ཅེས་ཞབས་བརྟན་གསོལ་འདེབས་འདི་བཞུགས་པ་དང་། མཛད་བྱང་དུ། ཞབས་བརྟན་གསོལ་འདེབས་འདི་ནི། མེ་ཁྱི་ཟླ་བ་དགུ་པའི་ཚེས་ཉེར་ལྔའི་ཉིན་ཕོ་བྲང་ཆེན་པོའི་གཟིམས་ཆུང་ཉི་འོད་འཁྱིལ་བར་ཁྲིམས་ལྡན་ངུར་སྨྲིག་འཛིན་པ་བཅུ་ཕྲག་གསུམ་ལྷག་ཙམ་དང་ཆབས་ཅིག་ཏུ་དོན་འདི་བཞིན་དུ་གསོལ་བ་བཏབ་པའི་ཚེ། སྐུ་མདུན་དུ་བཞུགས་པའི་འཕྲིན་ལས་པ་ཆེན་པོ་སོགས་ཀྱིས་གསོལ་འདེབས་དེ་བཞིན་ཡི་གེར་འཁོད་ན་ལེགས་སོ་ཞེས་བཀས་བསྐུལ་བ་ལ་བརྟེན་ནས། དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་ཡི་གེར་བཀོད་པའོ། །ཞེས་གསལ་བ་དང་། མེ་ཁྱི་ནི་ཕྱི་ལོ་ ༡༧༦༦ ལོར་འཁེལ་འདུག

སྒོ་མང་མཁན་པོ་བསྟན་པ་ཆོས་འཕེལ་གྱིས་རྟ་ཚག་བསྟན་པའི་མགོན་པོའི་གསུང་ལ་གཞིར་བྱས་ཏེ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཞབས་བརྟན་གསོལ་འདེབས་ཕུལ་ཡོད་པ་དང་། རྟ་ཚག་བསྟན་པའི་མགོན་པོའི་ཡོངས་འཛིན་ནི་༧གོང་ས་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ཡིན་པ་རེད།

གཞན་ཡང་། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ (༡༧༦༢-༡༨༢༣) མཆོག་གི་གསུང་འབུམ་པོད་བཅུ་གཅིག་པའི་ནང་བཞུགས་པའི་‘‘ཚིག་སྣ་ཚོགས་ཀྱི་སྐོར་སྐལ་བཟང་མདོངས་མཐའ་དགྱེས་པའི་དབྱར་རྔ་’’ཞེས་པའི་བསྟན་བཅོས་སུ། ‘‘གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིའི། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་ཆེ་གེ་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན། །’’[26]ཞེས་པའི་ཚིགས་བཅད་གཅིག་བཞུགས་པར་མ་ཟད། དོན་གླིང་མཁན་སྤྲུལ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ (༡༨༨༨–༡༩༥༩) གྱིས་‘‘ཞབས་བརྟན་གསོལ་འདེབས་རྫོགས་ལྡན་སྤྲིན་ཕུང་བྱ་བ་བཞུགས་སོ། །’’ཞེས་པ་ཞིག་མཛད་འདུག་ཅིང་། དེའི་མཛད་བྱང་གི་མཇུག་ཏུ་ ‘‘གངས་རི་རྭ་བ་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །རྒྱལ་བ་ཀུན་དངོས་ཆོས་ཀྱི་རྒྱལ་མཚན་གྱི། །ཞབས་པད་སྲིད་མཐའ་བར་དུ་བརྟན་གྱུར་ཅིག །’’ཅེས་གསལ་བ་དང་། འདི་ནི་ཨ་རོལ་རིན་པོ་ཆེས་ཐུའུ་བཀྭན་སྐུ་ཕྲེང་གཉིས་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ (༡༨༠༥–༡༨༢༦) ལ་ཕུལ་བ་ཞིག་ཡིན་ནའང་། ཚིགས་བཅད་འདི་གཉིས་ནི་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གོར་མ་ཆག

བསྟན་འཛིན་རྒྱ་མཚོ་ཞེས་མཚན་བསྒྱུར་གནང་བའི་ཡིག་ཆ་སྔ་ཤོས།

ཕྲན་གྱིས་༧རྒྱལ་བའི་གསོལ་འདེབས་འདི་བསྟན་འཛིན་རྒྱ་མཚོ་ཞེས་མཚན་བསྒྱུར་གནང་མཁན་དེ་སུ་ཡིན་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་འཚོལ་ཞིབ་ཞུ་སྐབས། ཐོག་མར་ཡོངས་འཛིན་གླིང་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་བསྟན་འཛིན་འཕྲིན་ལས་[27] (༡༩༠༣-༡༩༨༣) དང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་ (༡༩༠༡-༡༩༨༡) རྣམ་གཉིས་ཀྱི་གསུང་འབུམ་ཡང་ཆེད་དུ་བཀླགས་མོད། བསྟན་འཛིན་རྒྱ་མཚོ་ཞེས་མཚན་བསྒྱུར་བའི་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་མཇལ་རྒྱུ་མི་འདུག

འོན་ཀྱང་། «རི་དགོན་བཀྲ་ཤིས་ཆོས་གླིང་གི་ཕྱག་བཞེས་རྒྱུན་མཁོའི་ཆོས་སྤྱོད་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་རྣམ་གྲོལ་ལམ་གྱི་ཤིང་རྟ་»ཞེས་པའི་ནང་། རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (༡༨༩༣-༡༩༥༩) མཆོག་གིས་‘‘༧རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །’’ཞེས་མཛད་པ་དེ་བཀོད་པའི་མཇུག་རྩོམ་དུ། ‘‘ཞེས་སྒོ་གསུམ་དངོས་པོ་ཀུན་གྱི་(གྱིས)བཏུད་དེ། ཤར་མདོ་ཁམས་ཀྱི་ལྗོངས་སུ་གནས་པ་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གུས་པ་ཆེན་པོས། དབུས་འགྱུར་འཆང་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཆོས་འཁོར་ཆེན་པོའི་ལྷོ་ཕྱོགས་བསམ་འགྲུབ་ཕོ་བྲང་གི་གཟིམ་ཤག་ཏུ་གསོལ་བ་བཏབ་པ་བཞིན་བྲིས་ཏེ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྤྱན་སྔར་ཕུལ་བ་༧ཞབས་པད་བསྐལ་པ་རྒྱ་མཚོར་བཞུགས་པའི་རྒྱུར་གྱུར་ཅིག། གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །’[28]ཅེས་གསལ་བ་འདི་རྙེད་བྱུང་ལ། ལོ་རྒྱུས་འདི་ལྟར་ན། རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་‘‘ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན་’’ཞེས་པ་ཞིག་མཛད་པ་དེའི་མཇུག་བྱང་དུ་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་བསྣན་ཡོད་པ་རྟོགས་ཐུབ།

རི་དགོན་བཀྲ་ཤིས་ཆོས་གླིང་གི་ཕྱག་བཞེས་རྒྱུན་མཁོའི་ཆོས་སྤྱོད་ཀྱི་དེབ་འདི་སྤར་དུས་དང་ཕྱི་ལོ་ ༢༠༡༢ ལོར་ཨ་རིར་དུས་འཁོར་དབང་ཆེན་ཐེངས་ ༣༡ པའི་གྲ་སྒྲིག་ལྷན་ཚོགས་ཀྱིས་བཏོན་པའི་དེབ་ཆུང་གཉིས་སྤར་སྐྲུན་བྱས་པའི་ལོ་གཅིག་ལ་འཁེལ་ཞིང་། དེ་ནི་ཕྱི་ལོ་ ༢༠༡༢ ཡིན་པ་རེད།

«འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྟོགས་པ་བརྗོད་པ་སྒྱུ་མའི་རོལ་རྩེད་»ཅེས་པའི་རང་རྣམ་དུ། ཁོང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་མཇལ་ཚུལ་ཚིགས་བཅད་ཤློ་ཀ་ཞིག་བྲིས་ཡོད་པ་དཔེར་ན། ‘‘ཆུ་གླང་ལྷ་གདན་གནས་སྐོར་དང་། ཇོ་ཤཱཀ་མདུན་དུ་ཕྱག་མཆོད་ཕྱིན། །སྨོན་ལམ་ཡིད་ནི་ཚིམ་པར་བཏབ། །༧རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ཡི། །མཚན་དཔེ་མཇལ་དང་བྱང་ཆུབ་ཀྱི། །ལམ་སྒྲོན་ཆོས་ཀྱི་བཀའ་འབྲེལ་མནོས། །ཞབས་པད་བརྟན་པའི་འདུན་སྨོན་ཞུས། །’’[29]ལྟ་བུ་འབྱུང་བ་ལས། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་མཇལ་བ་དང་ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་གནང་བའི་ལོ་རྒྱུས་གང་ཡང་མི་གསལ། ཁོང་གིས་རང་རྣམ་དེ་བྲིས་པའི་ལོ་ཚིགས་གསལ་པོར་བཀོད་མེད་ནའང་། རང་རྣམ་དུ་‘‘དེ་ནི་རྣམ་ཐར་སྙིང་པོ་ཡིན། ད་ནི་རང་ལོ་བརྒྱ་ཕྱེད་ལ། །’’ཞེས་གསལ་བར་བརྟགས་ན། སྐབས་དེར་ཁོང་དགུང་ལོ་ང་བཅུ་རྩ་གྲངས་ནང་ཕེབས་ཡོད་པ་ཤེས་ཐུབ་ཅིང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྩེ་ཕོ་བྲང་པོ་ཏ་ལར་བཞུགས་པའི་དུས་སྐབས་ཤིག་ཡིན་པ་རེད།

«རྗེ་བཙུན་བླ་མ་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་རྣམ་ཐར་ཆ་ཤས་ཙམ་བརྗོད་པ་»ཞེས་པའི་ནང་དུ། ཁོང་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་མཇལ་བའི་ལོ་རྒྱུས་སྐོར་ཞིག་འཁོད་ཡོད་པར་མ་ཟད། ༧གོང་ས་མཆོག་གི་ཞལ་སྔ་ནས། ‘‘འཇམ་དཔལ་རྡོ་རྗེ་གྲུབ་པའི་དྲུག་ཅུའི་དབྱངས། །ཆོས་ཚུལ་རྒྱ་མཚོར་འཁྲོལ་བའི་དཔྱིད་ཀྱི་གླུས། །བློ་ལྡན་བྱེ་བའི་སྙིང་ལ་གྲོས་འདེབས་པའི། །འགྲོ་མགོན་དཔལ་ལྡན་བླ་མར་གསོལ་བ་འདེབས། །’’[30] ཞེས་བསྔགས་བརྗོད་ཐུན་མིན་དུ་སྩལ་བའི་སྐོར་གསལ་ནའང་། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་སྐོར་མཇལ་དུ་མེད། འོན་ཀྱང་། ཁོང་གི་གསུང་འབུམ་དབུ་ཅན་དང་དབུ་མེད་བྲིས་མ་ཅན་གཉིས་བཞུགས་པ་དེའི་ནང་ཞབས་བརྟན་གསོལ་འདེབས་འདི་འབྱུང་མོད། གོང་གི་གསོལ་འདེབས་ཀྱི་མཇུག་རྩོམ་དུ་གསལ་བའི་‘‘གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །’’ཅེས་པའི་གསོལ་འདེབས་དང་། དེའི་མཇུག་བྱང་མི་གསལ། དེས་ན་ཁོང་གི་གསུང་འབུམ་སྤར་དུ་བརྐོ་སྐབས་གསོལ་འདེབས་ཚིགས་བཅད་འདི་དང་དེའི་མཇུག་གི་ཚིག་ཕྲེང་དེ་དག་མ་བཅུག་པ་གང་ཡིན་ཆ་མ་འཚལ།

འོན་ཀྱང་། རྫོང་སར་མཁྱེན་བརྩེས་མཛད་པའི་‘‘ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན་’’ཞེས་པ་འདི་ནི་ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་མ་བྱུང་གོང་གི་ལོ་རེ་ཟུང་གི་སྔོན་ལ་ལྗགས་རྩོམ་གནང་བར་གྲགས་ཤིང་། ༧རྒྱལ་བའི་ཞབས་བརྟན་གྱི་གྲས་སུ་ཕྱི་ལོ་ ༡༩༨༣ ལོ་ནས་བཟུང་བཅུག་ཡོད་པ་འདྲ་སྟེ། «ལྷ་བསངས་རྣམ་དག་ཆོས་སྐུ་སོགས་དང། ༸རྒྱལ་བའི་ཞབས་བརྟན་སོགས་གསོལ་འདེབས་སྨོན་ལམ་ཕྱོགས་བསྡུས་»སུ་འདི་ལྟར། ‘‘བསྟན་པའི་གསལ་བྱེད་ཆེན་པོ་སྡེ་དགེ་རྗོང་སར་འཇམ་དབྱངས་མཁྱེན་བརྩེ་སྤྲུལ་སྐུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ ༡༩༥༩ ལོའི་དུས་འགྱུར་མ་བྱུང་བའི་ལོ་རེ་ཟུང་སྔོན་ལྷ་སར་ཕེབས། སྲིད་ཞིའི་རྣམ་འདྲེན་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་རིས་སུ་མ་ཆད་པའི་ཐུབ་བསྟན་མདོ་སྔགས་ཡོངས་རྗོགས་ཀྱི་མངའ་བདག་དང་། ས་སྟེང་སྐྱེ་བོ་ཀུན་གྱི་མགོན་སྐྱབས་གཅིག་པུར་གསལ་བར་མཁྱེན་ཅིང་གཟིགས་ཏེ། ༧ཞབས་པད་བརྟན་པའི་གསོལ་འདེབས་ཆེད་གཉེར་གྱིས་གསར་རྩོམ་གནང་བ་ཞིག་ཡིན་འདུག་པ་དང་། འདི་དག་བཙོན་པ་འགའ་ཞིག་གིས་སྔ་དུས་ནས་བློ་འཛིན་ཟིན་པ་ལྟར་བཙོན་ཁང་ནང་མངོན་ཆུང་གཅིག་ཐོག་ནས་གཅིག་སྤེལ་གྱི་རྒྱུན་འདོན་བྱ་མུས་ཁར། མ་དཔེ་གཅིག་ཡིག་ཐོག་ཏུ་ཕབ་སྟེ། ༡༩༨༣ ལོ་རྣམ་གྲྭ་དབུ་མཛད་ཐུབ་བསྟན་མཆོག་ལྡན་མདུན་རྒྱ་གར་དུ་ཕེབས་འབྱོར་ཐོག འདི་དག་གི་འབྲུ་དོན་བཞིན་༧ཞབས་པད་བརྟན་ཅིང་། མཛད་འཕྲིན་རྒྱས་པའི་ཞུ་སྐུལ་གསོལ་འདེབས་ནན་ཅན་ཞུས་པ་ལྟར། ད་ལམ་༧ཞབས་བརྟན་རྒྱས་བསྡུས་གྲས་སུ་འགོད་འཇུག་ཞུས་པའོ། །’’[31]ཞེས་འཁོད་འདུག་པས། སྐབས་དེ་ཙམ་ནས་བཟུང་སྟེ། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདི་ཡང་དེབ་དེའི་ནང་དུ་གསལ་བར་བལྟས་ན། གོང་གི་གསོལ་འདེབས་དང་མཉམ་དུ་ཞབས་བརྟན་གསོལ་འདེབས་ཚིགས་བཅད་འདི་ཡང་བཅུག་མེད་དམ་སྙམ། གལ་སྲིད་འདི་གཉིས་མཉམ་དུ་ཡོད་ཚེ། བསྟན་འཛིན་རྒྱ་མཚོ་ཞེས་མཚན་བསྒྱུར་གནང་བ་འདི་ཡིག་ཐོག་ཏུ་འགོད་མཁན་ནི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཡིན་པར་སྣང་།

ཕྱི་ལོ་ ༡༩༧༧ ལོར་སྤར་སྐྲུན་བྱས་པའི་«རྣམ་རྒྱལ་གྲྭ་ཚང་གི་ཆོས་སྤྱོད་»ཅེས་པའི་ཤིང་སྤར་མ་པོད་གསུམ་བཞུགས་པ་དེའི་ནང་དུ་‘‘ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན་’’དང་ཞབས་བརྟན་གསོལ་འདེབས་ཚིགས་བཅད་གཉིས་མི་འབྱུང་མོད། ཕྱིས་སུ་སྤར་སྐྲུན་བྱས་པའི་དེབ། དཔེར་ན། «བླ་མ་ལྷ་སྲུང་ཡུལ་ལྷ་གཞི་བདག་རྣམས་ལ་བསང་མཆོད་འབུལ་བའི་རིམ་པ་ཆ་ལག་དང་བཅས་པ་ལག་ཏུ་བླང་བདེ་བར་བཀོད་པ་བཞུགས་སོ། །»ཞེས་པའི་ནང་དུ་‘‘ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན་’’དང་། ཞབས་བརྟན་གསོལ་འདེབས་ཚིགས་བཅད་གཉིས་བཀོད་ཡོད་མོད། མཇུག་བྱང་ཞིག་ཡོད་པ་བཀོད་ཡོད་མི་འདུག་ཞུའོ།།

རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་‘‘༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པར་ཞབས་བརྟན་དུ་གསོལ་བ་འཆི་མེད་བདུད་རྩིའི་དབྱངས་སྙན་’’ཞེས་པ་ནི། ལྷ་ལྡན་ར་ས་འཕྲུལ་སྣང་གི་ཆོས་འཁོར་ཆེན་པོའི་ལྷོ་ཕྱོགས་བསམ་གྲུབ་ཕོ་བྲང་གི་གཟིམ་ཤག་ཏུ་གསོལ་བ་འདེབས་བཞིན་བྲིས་ཚུལ་ཞབས་བརྟན་འདིའི་མཛད་བྱང་དུ་གསལ་ཞིང་། ཞབས་བརྟན་འདི་ལ་ཚིགས་བཅད་ཤླཽ་ཀ་བཅུ་བདུན་བཞུགས། ཁོང་གིས་༧གོང་ས་མཆོག་ལ་ཞབས་བརྟན་གསོལ་འདེབས་གཞན་ཡང་མཛད་ཡོད་དེ། ‘‘༧གོང་ས་ཆེན་པོའི་ཞབས་བརྟན་དུ་གསོལ་བ་འཆི་མེད་སྒྲ་དབྱངས་’’ཞེས་པ་དེ་ནི་ཚིགས་བཅད་ཤླཽ་ཀ་གསུམ་ཅན་ཞིག་ཡིན་ལ། ‘‘༧གོང་ས་ཆེན་པོར་ཞབས་བརྟན་དུ་གསོལ་བ་དཔག་བསམ་ལྗོན་ཤིང་’’ཞེས་པ་དེར་ཚིགས་བཅད་ཤླཽ་ཀ་དྲུག་བཞུགས་པ་དང་། ཡང་། ‘‘༧རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཞབས་བརྟན་གསོལ་འདེབས་’’ཞེས་པ་དེར་ཚིགས་བཅད་ཤླཽ་ཀ་བཅུ་བཞུགས་ཤིང་། དེ་དག་གི་སྐུལ་བ་པོ་སོགས་ཀྱང་མཛད་བྱང་དུ་འཁོད་ཡོད་པ་རེད།

མཇུག་གཏམ།

དེ་ལྟར་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཀྱི་ལོ་རྒྱུས་འཚོལ་ཞིབ་བགྱིས་ཏེ་མི་དབང་ཕོ་ལྷ་བས་༧གོང་ས་སྐུ་ཕྲེང་བདུན་པ་ལ་ཞབས་བརྟན་གསོལ་འདེབས་ཕུལ་བའི་རྒྱུ་མཚན་གྱིས་ཕོ་ལྷ་བས་ཐོག་མར་བརྩམས་པ་དང་། ཡང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་དུ་གསོལ་འདེབས་འདི་མཇལ་དུ་ཡོད་པས་ཞབས་དཀར་བས་མཛད་པར་བཤད་པ་མཆིས་པ་ལས། དེ་གཉིས་མ་དག་རྒྱུན་འབྱམས་ཡིན་པའི་སྒྲུབ་བྱེད་དུ། ༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་དུ་བཞུགས་པའི་ཞབས་བརྟན་གསོལ་འདེབས་དེའི་ནང་དུ་༧གོང་ས་ལྔ་པ་ཆེན་པོའི་མཚན་གསལ་བ་གསལ་པོར་ཞུས་ཏེ་ཕྱིས་སུ་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་སུ་མཚན་བསྒྱུར་ཞུས་ཏེ་སྤྱོད་པ་བྱུང་བའི་ལོ་རྒྱུས་སོགས་བྲིས་ཟིན། མཐའ་དོན་ཚིག་གཅིག་ཞུ་རྒྱུ་ཡོད་པ་ནི། ༧པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་༧གོང་ས་སྐུ་ཕྲེང་ལྔ་པར་ཞབས་བརྟན་གསོལ་འདེབས་འདི་མཛད་པ་ནས་བཟུང་། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཞབས་བརྟན་གསོལ་འདེབས་སུ་གྱུར་པ་ལས། མི་དབང་ཕོ་ལྷ་བ་དང་། ཞབས་དཀར་བ། རྗོང་སར་མཁྱེན་བརྩེས་མཚན་བསྒྱུར་བའམ་ཡང་ན་གསར་དུ་མཛད་དེ་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་ཞིག་མིན་པའང་ཞོར་ནས་རྟོགས་དགོས་སོ།།  །།

དཔྱད་ཡིག་དང་ཞབས་མཆན། 

[1] ཞེ་ཆེན་གཞི་རིམ་སློབ་གྲྭའི་ཆོས་སྤྱོད་ཀྱི་རིམ་པ་ཐར་ལམ་རབ་གསལ་བཞུགས་སོ། །ཞེ་ཆེན་དཔེ་མཛོད་ཁང་། ཤིང་སྤར། ༢༠༡༢ ལྡེབ་གྲངས་ ༥༧༣ ན་གསལ།

[2] ཞལ་འདོན་ཆོས་སྤྱོད་ཉུང་བསྡུས་བཞུགས་སོ། །རྫོགས་ཆེན་འགྲོ་ཕན་དགེ་བསྐུལ་ཚོགས་པས་སྒྲིག་སྤེལ་བྱས། ཤོག་གྲངས་ ༡༠༢ ན་གསལ།

[3] རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཆོས་འབྱུང་ལོ་རྒྱུས་འདོད་འཇོའི་བུམ་བཟང་། ཆོས་དགེ་བློ་བཟང་བསམ་གཏན། ཤོག་གྲངས་ ༩༩ ན་གསལ། ༢༠༠༢ ལོར་སྤར་སྐྲུན་བྱས།

[4] དགའ་ལྡན་ཤར་རྩེའི་ཆོས་སྤྱོད་མཛད་རིམ་ངོ་མཚར་བསྟན་པའི་མཛེས་རྒྱན་ཉིན་བྱེད་སྣང་བའི་ཡང་གསལ། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་དཔར་བསྐྲུན་དང་འགྲེམ་སྤེལ་བྱས། དེབ་ཕྲེང་གཉིས་པ། ༢༠༡༣ ཤོག་གྲངས་ ༦༢༤ ན་གསལ།

[5] ཨོ་རྒྱན་རྩ་གསུམ་གླིང་པའི་རིང་ལུགས་ཟབ་གཏེར་པོད་དང་པོ་ཆོས་སྤྱོད་ས་བརྟོལ་ལྗོན་བཟང་ཞེས་བྱ་བ་བཞུགས་སོ། །བཀའ་གཏེར་སྲི་ཞུ་ཨེ་ཝཾ་དཔེ་སྐྲུན་ཁང་། ཤིང་སྤར། ༢༠༠༦ ལྡེབས་གྲངས་ ༦༠༢ ན་གསལ།

[6]  https://www.tbrc.org/?locale=bo#!rid=W3JT13341

[7] http://www.dharmadownload.net/download/html/pecha-html/P0021_Taksham%20Chochod/062_rgyal%20ba’i%20zhabs%20brtan.html

[8] ས་སྐྱོང་འབུར་བའི་གདུང་རབས་ལས་འཕྲོས་པའི་འབྲོག་སྡེ་ཆེན་པོ་སྤོ་རོང་གི་བྱུང་བ་བརྗོད་པ་དྭངས་གསལ་མེ་ལོང་། པོད་དང་པོ། སྤོ་རོང་ཟླ་བ་དར་རྒྱས་ཀྱིས་བརྩམས། དབུས་གཙང་དག་པའི་ཞིང་ཁམས་ཀྱི་ལོ་རྒྱུས་དེབ་ཕྲེང་གཉིས་པ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་སྤར་དུ་བསྐྲུན། ༢༠༠༩ ཤོག་གྲངས་ ༡༧༠ ན་གསལ།

[9] དིང་སང་གི་རྒྱལ་གླུ་ནི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ཀྱི་ནང་བརྩམས་པར་གྲགས།

[10] བཀའ་བློན་རྟོགས་བརྗོད། མདོ་མཁར་བ་ཚེ་རིང་དབང་རྒྱལ། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་། ༢༠༡༤ སྔོན་གླེང་གི་ཤོག་གྲངས་ ༧ ན་གསལ།

[11] རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༤༤༢ ན་གསལ།

[12] རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༤༦༣ ན་གསལ།

[13] རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་དང་པོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༤༦༢ ན་གསལ།

[14] བཀའ་བློན་རྟོགས་བརྗོད།མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཤོག་གྲངས་༥༥ན་གསལ།

[15] སྲིད་དོན་རྒྱལ་རབས། གླེགས་བམ་གཉིས་པ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ཀ་བློན་སྦུག་ཞྭ་སྒབ་ཤག ༡༩༧༦ ཤོག་གྲངས་༥༤༢ན་གསལ།

[16] བཀའ་བློན་རྟོགས་བརྗོད། མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཤོག་གྲངས་ ༥༣ ན་གསལ།

[17] བཀའ་བློན་རྟོགས་བརྗོད། མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཤོག་གྲངས་ ༥༤ ན་གསལ།

[18] ༧རྒྱལ་དབང་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་བཞུགས་སོ། ། སྟོད་ཆ། ལྕང་སྐྱ་རོལ་བའི་རྡོ་རྗེ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ ཤོག་གྲངས་ ༣༥༦ ན་གསལ།

[19] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་པུའུ་ཡིས་རྩོམ་སྒྲིག་བྱས། པོད་དགུ་པ། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༦༣༨ ན་གསལ།

[20] རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་འབུམ། ཤིང་སྤར། བཀྲ་ཤིས་ལྷུན་པོའི་པར་ཁང་། པོད་ཀ་པའི་ལྡེབ་གྲངས་ ༨༦༣ ན་གསལ།

[21] རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་འབུམ། ཤིང་སྤར། བཀྲ་ཤིས་ལྷུན་པོའི་སྤར་ཁང་། པོད་ཀ་པའི་ལྡེབ་གྲངས་༨༦༤ན་གསལ། ཞབས་བརྟན་གསོལ་འདེབས་ཆ་ཚང་དྲངས་ན་འདི་ལྟར། ན་མོ་ལོ་ཀེ་ཤྭ་ར་ཡ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི། ། ཐུགས་རྗེ་བདུད་རྩིའི་རྒྱ་མཚོ་ལས་འཁྲུངས་པ། ། པད་དཀར་འདབ་སྟོང་འཛིན་པའི་བདག་ཉིད་ཅན། ། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཀུན་མཁྱེན་གཉིས་པ་བློ་བཟང་གྲགས་པ་ཡི། ། མདོ་སྔགས་བཤད་སྒྲུབ་རྒྱ་མཚོ་སྤེལ་བ་ལ། ། ཕྱོགས་དུས་ཀུན་ཏུ་འགྲན་པའི་ཟླ་བྲལ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། སྔོན་གོམས་ཚོགས་གཉིས་གསེར་གྱི་ཤིང་རྟ་ཡིས། ། དྲངས་པའི་སྐུ་གསུམ་ཡིད་བཞིན་དབང་གི་རྒྱལ། ། མཆོག་དང་ཐུན་མོང་འདོད་དགུའི་ཆར་འབེབས་པ། ། སྐྱབས་མགོན་དམ་པའི་ཞབས་ལ་གསོལ་བ་འདེབས། ། གངས་ཅན་དགའ་ཚལ་མཛེས་བྱེད་མཁན་སློབ་དང་། ། དམ་ཆོས་འཁོར་ལས་བསྒྱུར་བའི་མི་དབང་སོགས། ། སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། ། རྣམ་རོལ་བླ་མ་མཆོག་ལ་གསོལ་བ་འདེབས། ། འཛམ་གླིང་མཛེས་བྱེད་རྒྱན་དང་མཆོག་རྣམས་ཀྱི། ། འཆད་རྩོད་རྩོམ་པའི་འཕང་འགྲོའི་སྒྲ་དབྱངས་རྣམས། ། གཅིག་ཏུ་བསྡོམས་འདྲའི་ལེག་བཤད་རྒྱུད་མང་གིས། ། ཕན་བདེའི་དགའ་སྟོན་སྩོལ་ལ་གསོལ་བ་འདེབས། ། ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུ་བཞིན། ། བློ་བཟང་བསྟན་པའི་རྒྱ་མཚོ་རྒྱས་མཛད་པའི། ། འཕྲིན་ལས་འོད་དཀར་བྱེ་བ་འགྱེད་མཁས་པ། ། སྨྲ་བའི་ཟླ་བ་མཆོག་ལ་གསོལ་བ་འདེབས། ། འདི་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་མཐུས། ། ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། ། འབྲལ་བ་མེད་པར་རྗེས་སུ་འཛིན་པ་དང་། ། ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་ཐོབ་ཤོག ། བསླུ་མེད་དཀོན་ཅོག་གསུམ་གྱི་བྱིན་རླབས་དང་། ། དམ་ཅན་ཆོས་སྐྱོང་བསྲུང་མའི་མཐུ་སྟོབས་དང་། ། དྲང་སྲོང་གྲུབ་པ་རྣམས་ཀྱི་བདེན་ཚིག་དང༌། ། མཐའ་ཡས་འགྲོ་འདིའི་ལེགས་པར་སྤྱད་པའི་མཐུས། ། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡི། ། ཞབས་པད་སྲིད་མཐའི་བར་དུ་བརྟན་པར་ཤོག ། ཅེས་གསལ།

[22] མཁྱེན་རབ་བསྟན་པ་ཆོས་འཕེལ་གྱི་གསུང་འབུམ། པོད་གཉིས་པ། ཤིང་སྤར། ལྡི་ལི། ༡༩༧༠ ལྡེབ་གྲངས་ ༡༩༠ ན་གསལ།

[23] རྒྱལ་རོང་དགེ་བཤེས་བྱ་བྲལ་གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་ཉི་མས་མཛད་པའི་བླ་མཆོད་ཆོ་གའི་འཁྲིད་ཡིག་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་འདི་བཞིན་དཔེ་རྒྱུན་ཡང་དཀོན་པའི་ཐོག་ཡན་ལག་ཆ་ཚང་ལག་ཏུ་བླང་བདེ་བས་ཆོས་སྦྱིན་རྒྱ་ཆེར་སྤེལ་ཆེད་པར་དུ་བསྒྲུབ་ན་ལེགས་ཞེས་༧རྡོ་རྗེ་འཆང་དཱ་ན་ཤཱི་ལ་དཔལ་བཟང་པོ་ཉིད་ནས་བཀའ་སྩལ་ཕེབས་པ་བཞིན་ཆ་རྐྱེན་རྣམས་དགའ་ལྡན་བཤད་སྒྲུབ་གླིང་གི་བླ་མཆོད་སྤྱི་པ་ནས་བསྒྲུབས་ཏེ། པར་ཡིག་འབྲི་པ་པོ་དགེ་སློང་ཚེ་མདོ་སྐྱབས། ཡིག་བརྐོས་ཚེ་རན་དོན་རྟོགས། དོ་དམ་དང་ཞུས་དག་སོགས་གྲ་སྒྲིག་ལས་གཉེར་པ་རྣམས་ཀྱིས་ལེགས་པར་བསྒྲུབས་ཏེ་པར་བྱང་སྨོན་ཚིག་ཏུ་བཙུན་གཟུགས་ཤྲི་ཡ་ཤཱ་ས་ནངྷྲིཀས་སྦྱར་བ་འདིས་ཀྱང་འཇམ་དགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་ཅིག  ཤིང་སྤར། ལྡེབ་གྲངས་༢༥༥-༣༥༦བར་གསལ།

[24] དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག ནང་བསྟན་དཔེ་ཚོགས་ལྟེ་གནས།(BDRC)

[25] ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། གསུང་འབུམ་པོད་ ༡༤ ཤིང་སྤར། ལྡེབ་གྲངས་ ༤༧༨ ན་གསལ།

[26] གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། པོད་ད་པ། གུང་ཐང་བསྟན་པའི་སྒྲོན་མེས་བརྩམས། མི་རིགས་དཔེ་སྐྲན་ཁང་། ༢༠༠༣ ཤོག་གྲངས་༣༡༢ ན་གསལ།

[27] ཡོངས་འཛིན་བགྲེས་གཞོན་རྣམ་གཉིས་ཀྱིས‘‘སྲིད་ཞིའི་གཙུག་རྒྱན་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་བསྟན་འགྲོའི་མགོན་དུ་ཞབས་ཟུང་བརྟན་ཅིང་། རླབས་ཆེན་བཞེད་དོན་ལྷུན་འགྲུབ་ཆེན་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན’’ཞེས་པ་ཞིག་མཛད་ཡོད་ཅིང་། དེ་ལ་ཚིགས་བཅད་ཉི་ཤུ་བཞུགས། དེབ་ཆུང་འདི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་སུ་བཞུགས་ཤིང་། སྤར་ཁང་དང་སྤར་ལོ་སོགས་ཅི་ཡང་བྲིས་མི་འདུག(BDRC)

[28]  https://www.tbrc.org/?locale=bo#!rid=W3JT13341

[29] འཇམ་དབྱངས་ཆོས་ཀྱི་བློ་གྲོས། གསུང་འབུམ་པོད་ཀ་པ། ཤིང་སྤར། ལྡེབ་གྲངས་༡༥ ན་གསལ།

[30] རྗེ་བཙུན་བླ་མ་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་རྣམ་ཐར་ཆ་ཤས་ཙམ་བརྗོད་པ། དཔེ་ཝར་སྤྲུལ་མིང་འཇམ་དབྱངས་བསོད་ནམས་དབང་པོ།འཇམ་དབྱངས་ཆོས་ཀྱི་བློ་གྲོས། གསུང་འབུམ་པོད་ཀ་པ། ཤིང་སྤར། ལྡེབ་གྲངས་༥༣༩ ན་གསལ།

[31] ལྷ་བསངས་རྣམ་དག་ཆོས་སྐུ་སོགས་དང་། རྒྱལ་བའི་ཞབས་བརྟན་སོགས་གསོལ་འདེབས་སྨོན་ལམ་ཕྱོགས་བསྡུས། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༨ ཤོག་གྲངས་༧༥ ན་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།