ནང་པ་དང་ཚན་རིག་པའི་བར་དུ་བགྲོ་གླེང་ཇི་ལྟར་བྱུང་བའི་བརྒྱུད་རིམ་དང་རིག་ཚན་དེ་གཉིས་ཀྱི་འགལ་འབྲེལ་དང་མཉམ་ལས་བྱེད་ཐབས་གླེང་བ།

0
1084

ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༦ ཉིན། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཚན་རིག་སྡེ་ཚན་གྱི་ལས་ཤོག་སྟེང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་ནང་ཆོས་དང་ཚན་རིག་བར་གདམ་གསེས་བྱ་ཆོག་པའི་བརྗོད་གཞི་འགའ་ཤས་བཀོད་དེ། དེ་འབྲེལ་གྱི་རྩོམ་ཡིག་དགོས་སྐོར་གྱི་བརྡ་ཁྱབ་མཇལ་མ་ཐག་དུས་ཐོག་ཆར་པ་ལྟ་བུའི་ལས་དོན་དེར་ཡི་རངས་ཟབ་མོ་བྱུང་བར་མ་ཟད། རང་ངོས་ནས་ཀྱང་གོ་སྐབས་འདི་བརྒྱུད་ནས་༧གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས་མི་ལོ་བཅུ་ཕྲག་གསུམ་ལྷག་གི་རིང་ཚན་རིག་པ་དང་མཉམ་དུ་འཛམ་གླིང་སྤྱི་སྨན་གྱི་ལམ་བཟང་དེ་འདྲ་ཞིག་སྲོལ་གཏོད་མཛད་པའི་བཀའ་དྲིན་ཟབ་མོར་ལྷག་བསམ་རྣམ་དག་གིས་རྗེས་དྲན་དང་། རྩོམ་སྒྲིག་ཚོགས་ཆུང་གི་གལ་ཆེའི་ལས་དོན་ལ་རྒྱབ་སྐྱོར་ཕྲན་བུ་མཚོན་སླད་ << ནང་ཆོས་དང་ཚན་རིག་གི་འགལ་འབྲེལ་དང་མཉམ་ལས་བྱེད་ཐབས་>> ཞེས་པའི་བརྗོད་གཞིིའི་ཐོག་རྨོངས་འཆར་འགའ་ཞིག་འབྲི་བའི་སྤྲོ་བ་བརྟས་སོ། །

དང་པོ། བོད་བརྒྱུད་ནང་བསྟན་དང་ཚན་རིག་མཐུན་ལམ་གྱི་དྲིལ་བརྡ་ཐོག་མ།

༡] དགེ་ཆོས་དང་། ཁོང་གི་རྨི་ལམ།

མིག་སྔའི་བྱུང་རབས་ཀྱི་དབང་དུ་བྱས་ཚེ་དུས་རབས་བཅུ་དགུ་པ་དང་། ཉི་ཤུ་པའི་ནང་ཚན་རིག་པས་ཡེ་ཤུའི་ཆོས་ལྟར་ཤར་ནུབ་ཀྱི་ཆོས་དང་འབྲེལ་བའི་གནས་ཚུལ་ཁག་ལ་ཚན་རིག་གིས་དཔྱད་རིན་མེད་པའི་ལྟ་ཚུལ་ཞིག་བཟུང་སྟེ། ང་རྒྱལ་དང་སྤོབས་པ་ཆེན་པོས་ཟུར་སྡོད་བྱས་ན་ཡང་། དུས་རབས་ཉེར་གཅིག་པར་ཤྲི་ལངྐའི་ནང་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ནང་པའི་དགེ་སློང་ཚོའི་བར་བགྲོ་གླེང་ཕྲན་བུ་རེ་བྱུང་བ་དེས་ཚན་རིག་པ་འགའ་རེར་ནང་ཆོས་ནི་ཆོས་ལུགས་གཞན་དང་མི་འདྲ་བའི་ལྟ་ཚུལ་བྱུང་འགོ་བརྩམས་ཡོད།

གནད་དོན་དེ་དང་འབྲེལ་ནས་རང་རེའི་སྐད་ཡིག་ནང་དུ་ཡང་རིག་གསར་དང་ཚན་རིག་ཅེས་པའི་བརྡ་ཆད་རིམ་པར་བྱུང་ཡོད་ཅིང་། བོད་ལ་མཚོན་ན། Science ས་ཡིན་སིའམ་རིག་གསར་ཞེས་པའི་བརྡ་ཆད་འདི་བོད་སྐད་ནང་ཐོག་མར་སྤྱོད་མཁན་དེ་མཁས་དབང་དགེ་འདུན་ཆོས་འཕེལ་མིན་ནམ་སྙམ་སྟེ། དགེ་ཆོས་ཀྱིས། རིག་གསར་འདི་ཡུལ་གྲུ་ཆེན་པོ་དག་གི་ཕྱོགས་གང་སར་དར་བ་ན། ལྟ་གྲུབ་སྨྲ་བའི་མཁས་བླུན་མང་པོས་ལུང་རིགས་ཀྱིས་དགག་སྒྲུབ་དང་། ཐ་ན་ཆོས་ལུགས་པ་དག་དང་རྒྱལ་པོའི་དབང་ཤུགས་གཉིས་དཔུང་བསྡེབས་ཏེ་ཚན་རིག་པ་རྣམས་མཐར་བསྐྲོད་དང་། བཙོན་འཇུག དམར་གསོད། གསོན་པོར་མེ་ལ་བསྲེགས་པ་སོགས་ཀྱང་བྱས་མོད། ཉི་འོད་ལག་པས་མི་ཁེབ་པའི་དཔེ་ལྟར་གྱུར་ཚུལ་དང་། དགེ་ཆོས་རང་ཉིད་ཀྱང་ཅི་བཤད་ཁས་ལེན་པའི་བླུན་པོ་ཞིག་མ་ཡིན་པར་མ་ཟད། དབང་པོ་རྣོན་པོ་ཡིན་ཚུལ་དང་། ནང་ཆོས་ལ་ཤ་ཚ་སུ་ལས་ཀྱང་མི་དམན་པ་ཞིག་ཡོད་ཚུལ་སོགས་བྲིས་ཤིང་། ད་དུང་ཁོང་གིས་ངས་སྨྲས་པ་འདི་དག་ང་ལ་ཚར་གཅོད་པའི་བསམ་བློ་ཙམ་ཞིག་མ་བཏང་བར་བསྟན་པའི་སྡོང་པོ་དང་རང་རེའི་ནང་རིག་པའི་རྩ་བ་འདི་དག་ཧྲིལ་གྱིས་ལོག་པ་ཞིག་མི་འདོད་ན་མིག་རྒྱང་རིང་པོ་བྱས། རིག་གསར་གྱི་སྲོལ་དང་མཉམ་དུ་བསྟན་པ་ཨེ་གནས་ཀྱི་ཐབས་ལ་འབད་དགོས་[1] ཞེས་རྒྱལ་ཁམས་རིགས་པས་བསྐོར་བའི་ཉམས་མྱོང་མཐའ་དག་དུས་རབས་ཕྱེད་ཙམ་གྱི་སྔོན་ནས་རང་ཅག་ལ་སྙིང་གཏམ་གྱི་ཚུལ་དུ་བྲིས་པ་འདིས་ནི། དམ་པ་གང་གིས་ཐུབ་བསྟན་སྤྱི་ལ་བཅངས་པའི་ལྷག་བསམ་གྱི་རང་མདངས་གཙང་མ་དེ་གསལ་པོར་རྟོགས་ནུས་ཤིང་། ནུབ་ཕྱོགས་ཀྱི་ཆོས་ལུགས་ཐལ་སྤྱོད་པ་དག་གིས་རིགས་པའི་སྒྲུབ་བྱེད་མ་རྙེད་པར་དབང་ཤེད་ཁོ་ནས་ཚན་རིག་པའི་རྙེད་དོན་ཐམས་ཅད་འཇིག་རྟེན་འདི་ནས་རྦད་དེ་བསུབ་པར་བརྩོན་མྱོང་བའི་བྱུང་བ་ནག་པོ་དེ་དག་ནི། འགྲོ་བ་མིའི་རིགས་ཀྱི་ཉེ་རབས་ལོ་རྒྱུས་ནང་ཧ་ཅང་ཡ་ང་བའི་སྐྱོ་གར་དུ་རྟོགས་ཏེ་བསྟན་པ་གནས་ཐབས་སུ་ནང་ཆོས་དང་ཚན་རིག་ལྷན་དུ་བགྲོ་གླེང་བྱ་དགོས་པའི་དྲིལ་བརྡ་ཐོག་མ་དེ་དཀྲོལ་སྣང་ངོ་། །

གཉིས་པ། ༧གོང་ས་མཆོག་དང་། ཁོང་གི་ཚན་རིག་ལམ་བུ།

༡] ཚན་རིག་པ་ཆུང་ཆུང་། ལྷ་མོ་དོན་གྲུབ།

རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི། སྐུ་ན་གཞོན་དུས་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟབ་ཅིང་མྱུར་བར་མ་ཟད། སྐྱེ་དངོས་སྤྱི་དང་། ལྷག་པར་དེང་རབས་འཕྲུལ་རིགས་ལ་དམིགས་བསལ་ཐུགས་དབྱིངས་ལྡན་པའི་བོད་ཀྱི་སྐྱེས་ཆེན་ཁྱད་པར་བ་ཞིག་ཡིན་ཏེ། ཁོང་གིས་གལ་སྲིད་ང་གྲྭ་པ་ཞིག་མིན་ཚེ་ཚན་རིག་གི་འཛུགས་སྐྲུན་བྱེད་པ་པོ་ཞིག་ཡོང་ས་རེད་ཅེས་[2]བཀའ་སྩལ་མྱོང་བར་མ་ཟད། ལག་ལེན་དངོས་ཀྱི་ཐོག་ཏུ་སྐུ་ན་ཆུང་དུས་ནས་ཆུ་ཚོད་[3]ཀྱི་ལྷུ་ལག་བཤིགས་ཏེ་བསྐྱར་བསྒྲིགས་ཚད་ལྡན་གནང་ཡོད། ཁོང་ནི་ང་ཚོ་ལྟར་དངོས་པོ་དེ་སྤྱད་པ་ཙམ་མིན་པར་དེ་ཉིད་ཇི་ལྟར་གྲུབ་ཚུལ་གྱི་གསང་བའི་གནས་ལུགས་དང་དེའི་རྒྱབ་ལྗོངས་འཚོལ་ཞིབ་ཆེད་བརྩོན་པ་བསྟེན་མཁན་ཞིག་ཀྱང་ཡིན་ཏེ། སྐུ་གོང་མའི་རླངས་འཁོར་རྙིང་གོག་[4]གི་མ་ལག་གཏོར་ཏེ་སླར་གསོ་ཐུབ་པའི་བརྒྱུད་རིམ་ཁྲོད། གློག་བཞུའི་གསང་བ་དང་། རྡོ་ཁབ་ལེན་གྱི་ནུས་པ་སོགས་གསར་རྟོགས་བྱུང་ཡོད་ཅིང་། ཕོ་བྲང་པོ་ཏ་ལའི་རྩེ་ནས་རྒྱང་ཤེལ་བརྒྱུད་དེ་ཟླ་བར་གཟིགས་སྐབས་ཟླ་བའི་བར་སྟོང་ཁག་ཏུ་གྲིབ་མ་ཡོད་པའི་གཏན་ཚིགས་ཀྱིས་ཟླ་བ་ལ་རང་འོད་མེད་ཅིང་འོད་དེ་ཉིད་ཕྱི་ནས་བྱུང་བའི་གནས་ལུགས་གསར་རྟོགས་བྱུང་བ་སོགས་ནི། སྐུ་ན་གཞོན་དུས་ནས་གནད་དོན་དབྱེ་ཞིབ་ཀྱི་ཐུགས་ནུས་ཁྱད་པར་བ་ལྡན་པའི་དཔེ་མཚོན་ཙམ་མོ། །

༢] ༧གོང་ས་མཆོག་གིས་དེང་རབས་ཚན་རིག་ལ་[5]ཕུལ་བའི་ལེགས་སྐྱེས།

ཕྱི་ལོ་ ༡༩༥༤ ལོར་༧གོང་ས་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་པ་ན། ཁོང་གི་རྣམ་དཔྱོད་དང་དཀྱེལ་ཡངས་ལ་མའོ་ཙེ་ཏུང་གིས་བསྔགས་བརྗོད་བྱས་ཡོད། དེ་ལྟ་ནའང་། མཇལ་ཕྲད་ཐ་མའི་སྐབས་སུ་མོ་ཡིས་ ཆོས་ནི་དུག་རེད་[6]ཅེས་རང་གི་སེམས་ཀྱི་ལྟ་ཚུལ་དམར་རྗེན་སྙིང་གཏམ་གྱི་ཚུལ་དུ་བཏོན་པ་དེས་༧གོང་ས་མཆོག་གི་ཐུགས་ལ་ཆོས་ཀྱི་བདེན་དོན་འཚོལ་བའི་སྙིང་སྟོབས་ལྷག་མ་ཞིག་འཁྲུངས་བཅུག་ཡོད།

དེ་མཚུངས་སུ་སངས་རྒྱས་ཀྱི་ཞལ་ནས་དགེ་སློང་དག་གིས་ངའི་ཆོས་ལ་རིགས་པའི་སྒོ་ནས་འཇུག་དགོས་པ་ལས། གུས་པ་ཁོ་ནས་འཇུག་མི་རུང་ཞེས་སོགས་རྣམ་དཔྱོད་ཀྱི་འཇུག་པ་ཧ་ཅང་རང་དབང་ཡིན་པའི་བཀའ་ལུང་ཚད་མ་དེ་དག་ནི། དུས་ཕྱིས་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་སྐབས་བླ་མེད་ཀྱི་དཔུང་རོགས་སུ་གྱུར་ཡོད།

སྒོམ་ལ་གཞོལ་བའི་བྱིས་པ།

༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ནས་ཁོང་གིས་ནང་པའི་སྙིང་རྗེའི་རང་བཞིན་དུ་གྱུར་པའི་ཤེས་རབ་དང་། ཚན་རིག་པའི་དཔྱོད་ནུས་ཀྱི་རང་དབང་ཡོངས་སུ་སྤྱད་དེ། མིག་སྔའི་འཛམ་གླིང་གི་ཕན་བདེ་དང་དུས་རབས་ཀྱི་དགོས་མཁོའི་ཆེད་ནང་ཆོས་དང་ཚན་རིག་བར་ལེགས་ཆ་[7]ལེན་རེས་བྱ་རྒྱུའི་ཐུགས་རེ་སྔོན་ནས་ཡོད་པ་བཞིན། སྙན་གྲགས་ཅན་གྱི་ཚན་རིག་པ་ Von Weizacker[8]  ཝོན་ཝེ་ཟེ་ཁར་དང་། Karl Popper[9] ཀལ་པོ་པར། David Bohm[10] ཌི་བིཌི་བྷོམ་སོགས་དང་ལྷན་དུ་བགྲོ་གླེང་རིམ་པར་གནང་ཡོད་ཅིང་། ཕྱི་ལོ་ ༡༩༨༧ ༧གོང་ས་མཆོག་གི་མཚན་ཐོག་ཏུ་ << སེམས་དང་སྲོག >>[11] ཅེས་པའི་བགྲོ་གླེང་གི་ཚོགས་འདུ་ཐོག་མ་དེ་རྡ་སར་དབུ་བརྙེས། དེ་ནས་བཟུང་འཛམ་གླིང་སྤྱི་སྨན་གྱི་ཆེད་དུ་གལ་ཆེའི་བརྗོད་གཞི་སྣ་མང་ཐད་ཚན་རིག་རང་བཞིན་གྱི་བགྲོ་གླེང་ལྷུག་པོ་གནང་མགོ་ཚུགས་ཡོད།

འགའ་རེས་ཚན་རིག་ནི་ཆོས་དད་གཏོར་བཅོམ་གཏོང་མཁན་གཙོ་བོ་ཞིག་ཡིན་པས་འབྲེལ་བ་བྱས་ན་ཉེན་ཁ་ཆེ་ཚུལ་བཤད་པར་མ་ཟད། ཐོག་མའི་མཇལ་ཕྲད་སྐབས་ཚན་རིག་པ་ང་རྒྱལ་ཅན་འགའ་རེས་མཐོང་ཆུང་གི་རྣམ་འགྱུར་ལྟ་བུ་ཡང་བསྟན་ཡོད་ཀྱང་། བགྲོ་གླེང་དངོས་གཞིའི་སྐབས་ནང་པ་སངས་རྒྱས་པས་འཇིག་རྟེན་བྱེད་པ་པོ་དང་། བདག་རྟག་པ་མི་འདོད་ཅིང་ཕྱི་ནང་གི་འཇིག་རྟེན་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་འབའ་ཞིག་གི་ལམ་ནས་གྲུབ་ཚུལ་གྱི་འགྲེལ་བཤད་ཁག་ཞིབ་ཕྲ་བཀའ་སྩལ་པ་ན། ད་གཟོད་ནང་པའི་ཆོས་ལུགས་འདི་ཡེ་ཤུ་སོགས་ཆོས་ལུགས་གཞན་དག་ལས་ཀྱང་ངོ་མཚར་དུ་འཛིན་པ་བྱུང་བ་ནི། མཁས་དབང་དགེ་ཆོས་ཀྱིས་ང་ཚོར་ཐུགས་བརྩེ་ཆེན་པོས་ཆོས་དང་ཚན་རིག་ཟུང་འབྲེལ་གྱིས་བསྐྱོད་དགོས་པའི་ཐུགས་རེ་སྟོན་མྱོང་བ་དེ་༧གོང་ས་མཆོག་གཅིག་པུས་འདོར་མི་རུང་བའི་ལེགས་བཤད་དུ་གཟིགས་ཏེ་ཕྱག་བསྟར་མཛད་པར་སྣང་ངོ་། །

ཕྱི་ལོ་ ༡༩༩༢ ལོའི་སེམས་དང་སྲོག་གི་བགྲོ་གླེང་སྐབས་ཀྱི་བརྗོད་གཞི་གཙོ་བོ་ཁག་ནི། གཉིད་དང་། རྨི་ལམ། འཆི་བ་བཅས་ཀྱི་སྐོར་ཡིན་ཞིང་། དེ་སྐབས་༧གོང་ས་མཆོག་གིས་ཨ་རིའི་དབང་རྩའི་ཚན་རིག་མཁས་ཅན་སློབ་དཔོན་ Richard Davidson རི་ཆརཌ་ཌི་ཝིཌ་སོན་[12]ལ་ཁྱེད་ཅག་གིས་དངངས་སྐྲག་དང་། ཞུམ་པའི་སེམས། འཇིགས་སྣང་སོགས་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་དེ་ཉིད་ཁ་བསྒྱུར་གྱིས་སྙིང་རྗེ་དང་བྱམས་པ་སོགས་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་དག་ལ་ཞིབ་འཇུག་མི་བྱེད་དོན་ཅི་ཡིན་ཞེས་བཀའ་འདྲི་མཛད་ཡོད།

དྲི་བ་དེས་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུང་བར་སྣང་སྟེ། དེ་ནས་བཟུང་དེང་རབས་དབང་རྩའི་ཚན་རིག་པ་དག་གིས་ཀྱང་ཏིང་ངེ་འཛིན་སྒོམ་པ་སོགས་ལ་ཞིབ་འཇུག་བྱ་མགོ་བརྩམས་པ་ན།  ཡུན་རིང་བསྒོམས་མྱོང་བ་དག་གི་ཀླད་པའི་གློག་རླབས་ཀྱི་ནུས་པ་གཞན་ལས་ཤུགས་ཆེར་རྒྱས་པ་དང་། སྒོམ་གྱིས་མིའི་གཤིས་ཀ་དང་། ཚོར་སྣང་ལ་སྟངས་འཛིན་བྱེད་ཐུབ་པ་སོགས་དངོས་སུ་ར་སྤྲོད་བྱུང་[13]ཡོད་ཅིང་། དེང་རབས་ཚན་རིག་གི་ཁྲོད་དུ་བྱམས་པ་དང་། སྙིང་རྗེ་སོགས་ཀྱི་བློ་ཇི་ལྟར་སྒོམ་པ་དང་དེའི་བརྒྱུད་རིམ་ལ་དོ་སྣང་བྱེད་པའི་གོམས་སྟབས་ཐོག་མར་སྤོས་ཡོད་ཅིང་། དེ་ཡང་༧གོང་ས་མཆོག་གིས་དེང་རབས་དབང་རྩའི་ཚན་རིག་པ་དག་ལ་སྩལ་པའི་ཞིབ་འཇུག་གི་རྒྱུ་ཆ་ངོ་མཚར་ཅན་ཞིག་ཡིན་ནོ། །

དེ་ལྟར་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་སེམས་ཀྱི་དཀའ་ངལ་དེ་དག་ཇི་ལྟར་སེལ་ཐབས་སུ་བསམ་གཏན་སྒོམ་སྟངས། དེའི་སླད་ཆགས་སྡང་གི་བློའི་རྩ་བ་ཇི་ལྟར་སྤོང་ཚུལ་སོགས་དགོས་ངེས་ཀྱི་གནད་དོན་མང་པོའི་ཐད་བགྲོ་གླེང་རང་བཞིན་གྱི་དོགས་དྲིའི་རྣམ་གྲངས་ཇེ་མང་དང་། བགྲོ་གླེང་གི་སྤུས་ཚད་ཇེ་མཐོར་དབུ་ཁྲིད་མཛད་པའི་འབྲས་བུར། ད་ཆ་ནུབ་ཕྱོགས་ཚན་རིག་པའི་དཀྱིལ་འཁོར་དུ་ཡང་དེ་སྔོན་ཐེ་ཚོམ་ཙམ་ཡང་བྱེད་མ་མྱོང་བའི་རྣམ་ཤེས་ཀྱི་གསང་བ་དང་། མིའི་རང་བཞིན། སྙིང་རྗེའི་ནུས་པ། སྒོམ་སྒྲུབ་ཀྱི་ཕན་ཡོན། ཐུགས་དམ་གྱི་གསང་བ་སོགས་གལ་ཆེའི་གནད་དོན་མང་པོ་ཞིག་ལ་ཉམས་ཞིབ་བྱེད་བཞིན་པར་མ་ཟད། བརྒྱུད་རིམ་དེའི་ཁྲོད་ནས་ཚན་རིག་པ་དག་ལ་བསྟུད་མར་བློ་སྐྱེད་གསར་པ་ཐོབ་བཞིན་པར་བརྟེན། སྙན་གྲགས་ཅན་གྱི་ཚན་རིག་གི་ཁྱད་ལས་མཁས་དབང་མང་པོ་མཉམ་འཛོམས་ཀྱིས་ལོ་རེ་བཞིན་༧གོང་ས་མཆོག་དབུ་བཞུགས་ཀྱིས་ << སེམས་དང་སྲོག >> ཅེས་པའི་ཚོགས་ཆེན་དེ་གནས་གང་དུ་འཚོགས་ཀྱང་མི་རབས་གསར་པའི་ཚན་རིག་པ་བརྒྱ་ཕྲག་མང་པོ་བགྲོ་གླེང་གི་སྡིངས་ཆ་དེར་འཚང་ཁ་ཤིག་ཤིག་ངང་བཅར་གྱིན་ཡོད་ཅིང་། འདི་ནི་མིག་སྔར་ཚན་རིག་པ་དང་ནང་པའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོན་བཞིན་པའི་དཔེ་མཚོན་གལ་ཆེན་ཞིག་ཡིན།

དེ་ལྟར་༧གོང་ས་མཆོག་གིས་འཛམ་གླིང་སྤྱིའི་བདེ་ཐབས་སླད་ཚན་རིག་པ་དག་ལ་ཆེ་མཐོང་བླ་མེད་མཛད་དེ་སྒོམ་ཆེན་པ་དག་གི་ཀླད་རྩའི་འགྱུར་འགྲོས་དང་བསྟུན་ནས་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་ཁག་ཇི་ལྟར་འབྱུང་བའི་གནས་ཚུལ་ཁག་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ཉམས་ཞིབ་བྱ་དགོས་པའི་གཞེན་སྐུལ་ཡང་ཡང་མཛད་ཡོད།

མདོར་ན། ༧གོང་ས་མཆོག་གི་བླ་ན་མེད་པའི་ཤེས་རབ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་ཐུགས་ཁུར་གཉིས་ཟུང་དུ་འབྲེལ་བའི་བཀའ་དྲིན་ལས་ད་ཆ་ཚན་རིག་གི་ཁྱབ་ཁོངས་སུ་ Science of mind སེམས་ཀྱི་ཚན་རིག་ཅེས་པའི་ལེ་ཚན་ཞིག་གསར་གཏོད་མཛད་ཡོད་ཅིང་། དེའི་ཁོངས་སུ་བྱམས་པ་དང་། སྙིང་རྗེ། གཞན་ཕན། དྲན་པ་ཉེར་གཞག གོ་ལའི་འགན་ཁུར་སོགས་བཅུག་སྟེ་ཚན་རིག་པ་མང་པོས་ཞིབ་འཇུག་གཏིང་ཟབ་བྱས་པ་ན། གྲུབ་འབྲས་གྱ་ནོམ་པ་ཐོབ་ཡོད་དེ། དབང་རྩའི་ཚན་རིག་པ་དག་གིས་སྒོམ་སྒྲུབ་ལ་བརྟེན་ནས་བློ་སྦྱོང་བའི་ཐབས་ཤེས་ཡོད་པ་ངེས་རྙེད་བྱུང་བ་ནས་བཟུང་། སེམས་ཀྱི་དངངས་སྐྲག་དང་། ཁེར་རྐྱང་གི་ཚོར་བའི་ནད་སོགས་རྒྱུན་ལྡན་གྱི་དཀའ་ངལ་མང་པོ་ཇེ་ཉུང་དུ་གཏོང་ཐུབ་ཡོད་དོ། །

༣] དགོན་སྡེ་ཁག་ཏུ་ཚན་རིག་སློབ་གཉེར་གསར་འཛུགས།

༧གོང་ས་མཆོག་ནི་འཛམ་གླིང་སྤྱིའི་ཤེས་རིག་གི་འཕེལ་རིམ་དང་། གནས་བབ། དེའི་གྲུབ་འབྲས་ལ་ཐུགས་དཔྱད་ཞིབ་ཕྲ་གནང་མཁན་ཞིག་ཡིན་པའི་ཆ་ནས། ཁོང་གིས་ད་བར་མིག་སྔའི་བསླབ་བྱའི་ཁྲོད་མ་འདང་བའི་ཆ་འདི་དག་གཟིགས་ཀྱི་ཡོད་དེ། དང་པོ་ནི། ཆོས་ལུགས་པ་དག་གིས་ཚན་རིག་གིས་འགྲེལ་བཤད་བྱས་པའི་ཤེས་བྱའི་རྣམ་གཞག་ངོ་མཚར་བ་དག་ལ་དོ་སྣང་དེ་ཙམ་མ་གནང་བ་དང་། གཉིས་པ་ནི། དེ་སྔོན་ཚན་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་སེམས་ཀྱི་རང་བཞིན་དང་། ཀླད་པ་དང་སེམས་ཀྱི་འབྲེལ་ལམ། སྙིང་རྗེ་སོགས་བཟང་པོའི་སེམས་ཀྱི་ནུས་པ་ཇི་ལྟར་གོང་འཕེལ་གཏོང་དུ་ཡོད་པའི་ཤེས་བྱའི་རྣམ་གཞག་ཟབ་མོ་དག་མ་ཚུད་པ་དང་། བྱམས་བརྩེ་ནི་མིིའི་ལྷན་སྐྱེས་ཀྱི་ནུས་པ་ཡིན་པར་མ་རྟོགས་པ་བཅས་ཡིན། གནད་དོན་དེར་དགོངས་ཏེ་ཁོང་གིས་འཛམ་གླིང་གང་སར་དུས་རབས་ཉེར་གཅིག་པའི་མི་རྣམས་ནི། ནང་སེམས་ཀྱི་བཟང་སྤྱོད་དང་ལྡན་ཞིང་། དེང་རབས་ཚན་རིག་གི་ཐབས་ཚུལ་ལ་མཁས་པའི་འདབ་གཤོག་གཉིས་ལྡན་ཞིག་བྱ་དགོས་ཞེས་བཀའ་སློབ་ལམ་སྟོན་ཕེབས་པ་རྩ་འཛིན་གྱིས་བོད་ཀྱི་གདན་ས་ཆེ་ཁག་གི་བསླབ་གཞིའི་ཁྲོད་ཚན་རིག་གསར་འཛུགས་གནང་ཡོད་ཅིང་། དེའི་སླད་བོད་དང་ཨེ་མོ་རིའི་ཚན་རིག་ལས་གཞིའི་འོག་རྡ་ས་བོད་ཀྱི་དཔེ་མཛོད་སོགས་སུ་གཤམ་གྱི་ལས་དོན་འདི་དག་རིམ་པར་བསྒྲུབས་ཡོད།

༡]         བོད་ཡིག་ཐོག་ཚན་རིག་གི་སློབ་དེབ་མང་པོ་གསར་བཟོ་དང་།
༢]         ནུབ་ཕྱོགས་ནས་ཚད་ལྡན་གྱི་ཚན་རིག་དགེ་རྒན་མང་པོ་གདན་ཞུ།
༣]         གྲྭ་བཙུན་གཙོས་པའི་དོན་གཉེར་ཅན་མང་པོར་ཚན་རིག་ཟབ་སྦྱོང་སྤྲད་པ།
༤]         ཨེ་མོ་རི་ནས་བོད་པ་རང་གི་ཚན་རིག་དགེ་རྒན་བསྐྱེད་བསྲིངས།
༥]         དགོན་སྡེ་ཆེ་ཁག་ཏུ་ཚན་རིག་འཛིན་གྲྭ་གཏན་འཇགས་ཚུགས་པ།
༦]        གདན་ས་ཁག་ཏུ་ཚན་རིག་ཉམས་ཞིབ་ལྟེ་གནས་ཁང་གསར་འཛུགས།
༧]        གྲྭ་བཙུན་གྱི་མཐོ་རིམ་རྒྱུགས་གཞིའི་ནང་ཚན་རིག་གསར་འཇུག
༨]         ཚན་རིག་གི་གལ་ཆེའི་ཐ་སྙད་ཁག་ཕབ་བསྒྱུར་གྱིས་ཚིག་མཛོད་རྩོམ་སྒྲིག
༩]         རྡ་ས་དཔེ་མཛོད་ཁང་གིས་བོད་ཀྱི་ཚན་རིག་དུས་དེབ་གསར་སྐྲུན་བྱས་པ་སོགས་ཡིན།

གོང་གི་དོན་ཚན་དེ་དག་བརྒྱུད་ནས་བོད་ཀྱི་དགོན་སྡེའི་སྤྱི་ཚོགས་ཁྲོད་ཚན་རིག་གི་རྩ་བ་རྒྱས་ཤིང་རྩེ་མོ་རིམ་གྱིས་འབུས་བཞིན་པ་དེས་ནང་པའི་སློབ་གཉེར་བ་དག་ལ་ཕྱི་དངོས་པོའི་གནས་ལུགས་འགྲེལ་བརྗོད་བྱེད་སྟངས་ཐད་བློ་སྒོ་གསར་པ་ཕྱེས་ཡོད་དོ། །

ད་ནི་སྐབས་ཀྱི་བརྗོད་གཞི་དངོས་ལ་འཇུག་པར་བྱ་སྟེ།

གསུམ་པ། ནང་ཆོས་དང་ཚན་རིག་གི་འགལ་བ།

ཚན་རིག་དང་། ནང་ཆོས།

ནང་ཆོས་དང་ཚན་རིག་གང་ཡིན་རུང་གཞུང་ལུགས་ཀྱི་ངོས་ནས་གཞི་རྒྱ་ཆེ་བ་དང་། རྣམ་གྲངས་མང་བ། ལག་ལེན་གྱི་ཐོག་ཐབས་ལམ་སྣ་ཚོགས་ཅན་ཡིན་པས། ཆོས་དང་ཚན་རིག་གཉིས་ཀྱི་བར་དུ་རྣམ་པ་གཅིག་ཏུ་འགལ་འབྲེལ་གྱི་ཚིག་གིས་བསྙད་པ་ནི་སླ་བ་མ་ཡིན་ཡང་། འདིར་གོ་སྒྲིག་ཚོགས་ཆུང་གིས་གནང་བའི་བརྗོད་གཞི་ལྟར་ནང་པ་དང་ཚན་རིག་པའི་བར་ཐུན་མོང་གི་ལྟ་ཚུལ་མེད་པའི་རིགས་མང་དུ་ཡོད་པ་ལས་ཐར་པའི་གོ་འཕང་དང་། སྐྱེ་བ་སྔ་ཕྱི་འདོད་མིན་སོགས་ནི་རེ་ཞིག་བཞག་སྟེ་ཆོས་ཅན་མཐུན་སྣང་བ་མེད་པའི་གནད་དོན་གཞན་འགའ་བརྗོད་པར་བྱའོ། །

༡]  སེམས་བསྐྱེད་དང་ཀུན་སློང་གི་འགལ་བ།

ཐོག་མར་ལྟ་གྲུབ་དེ་གཉིས་གསར་གཏོད་པའི་བར་གྱི་ཀུན་སློང་གི་འགལ་བ་ཡིན་ཏེ། བསྟན་པ་འདིའི་དབང་དུ་བྱས་ན་ནང་ཆོས་གསར་དུ་སྤེལ་མཁན་ནི་སྟོན་པ་ཤཱཀྱ་མུ་ནེ་ཡིན་ཞིང་། ཁོང་གིས་རིགས་དྲུག་གིས་བསྡུས་པའི་ཁམས་གསུམ་གྱི་སྐྱེ་འགྲོ་མཐའ་དག་སྒྲིབ་གཉིས་ལས་ཐར་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སླད་སྙིང་རྗེ་དང་ཤེས་རབ་ཟུང་འབྲེལ་གྱིས་བདེན་བཞི་རྨང་གཞིར་བྱས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་འཇིག་རྟེན་འདིར་བསྐོར་བ་ཡིན་ཞིང་། ཚན་རིག་གི་ལྟ་གྲུབ་ནི། ཐོག་མར་སྲོལ་གཏོད་མཁན་དག་གི་བསམ་བློ་ཇི་ལྟར་གུ་ཡངས་བྱས་ཀྱང་རང་གི་རྒྱལ་ཁབ་དང་། མི་རིགས། ཡུལ་ལུང་བྱེ་བྲག་པའི་ཁེ་ཕན་སྒྲུབ་བྱེད་དུ་འགྱུར་བའི་ཐོན་སྐྱེད་སྣ་ཚོགས་དང་། རྡུལ་ཕྲན་སོགས་འབྱུང་བ་བཀོལ་སྤྱོད་ཀྱིས་དབང་བསྒྱུར་བྱ་ཐབས་ཙམ་ལས་ནང་པ་ལྟར་འགྲོ་བ་ཀུན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་དབང་དུ་བྱས་ཏེ་གསར་གཏོད་བྱས་པ་ཞིག་ལར་ནས་མིན་པ་ནི་རྩ་བའི་ཀུན་སློང་གི་འགལ་བ་དེའོ། །

༢] ལམ་རིམ་དང་ལག་ལེན་གྱི་འགལ་བ།

ནང་ཆོས་ཀྱི་སློབ་གཉེར་བྱས་ཏེ་ལམ་བགྲོད་པའི་རིམ་པ་ནི། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བ་ན། སྡུག་བསྔལ་ཤེས་པར་བྱ། ཞེས་ཐོག་མར་སྡུག་བསྔལ་ངོ་འཕྲོད་པ་དང་། དེ་ནས་ལམ་བརྒྱུད་དེ་ཐར་པར་འཇུག་དགོས་པའི་ཚུལ་རིམ་པར་གསུངས་ཤིང་། གང་གསུངས་པ་དེ་དག་ཀྱང་ཇི་སྐད་དུ། འཇམ་མགོན་ས་པཎ་གྱིས། སངས་རྒྱས་ཀྱིས་གསུངས། གྲུབ་ཐོབ་རྣམས་ཀྱིས་བསྒོམས། པཎྜིཏས་བཤད། ལོ་ཙཱ་བས་བསྒྱུར། མཁས་པ་ཡོངས་ལ་གྲགས་པ་ཞིག་ལ་ཐོས་བསམ་སྒོམ་གསུམ་བྱ་དགོས་གསུངས་པ་ལྟར། དེ་གསུམ་ཡ་མ་བྲལ་བའི་སྒོ་ནས་བསྒོམས་པས་མཐར་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་ཏེ་ཞི་བའི་གོ་འཕང་ཐོབ་པའི་མཁས་གྲུབ་མང་དུ་བྱོན་པ་ཡིན་པས་ཐོས་པ་རྐྱང་པས་སློབ་གཉེར་དང་མི་འདྲ་མོད། ཚན་རིག་པས་བསྟན་པའི་ལམ་གྱིས་ནི། ཐོག་མར་གནད་དོན་གང་ཞིག་དཔྱད་པས་རྙེད་པ་དེ་དག་ཚེ་འདི་ཁོ་ནའི་ཆེད་བཀོལ་སྤྱོད་བྱས་ཏེ་འཚོ་བའི་དགོས་མཁོ་སྐོང་སླད་སློབ་གཉེར་ཁོ་ན་བྱས་པ་ཙམ་ཡིན་ཏེ། དེ་དག་གི་འབྲས་བུར་ཚན་རིག་སྦྱང་སྟེ་ཐོན་སྐྱེད་སྣ་ཚོགས་བྱས། དེ་ནས་ཁྲོམ་ར་བསྐྲུན། དེའི་སླད་དུ་འགྲན་བསྡུར་དང་དྲིལ་བསྒྲགས་བྱས་ཏེ་མི་རྣམས་ལ་འདོད་རྔམས་ཚད་མེད་སྤེལ། དེའི་འབྲས་བུར་དབུལ་ཕྱུག་ཆ་མི་སྙོམས་པ་དང་། འཛམ་གླིང་སྤྱིའི་ཐོན་ཁུངས་ཀྱི་བརྒྱ་ཆ་མང་ཤོས་ཚོང་པ་འགའི་ལག་ཏུ་ཤོར་ཏེ་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་པ་མང་དུ་བྱུང་བ། དེ་ལྟ་ན་ཡང་ཚེ་འདིའི་བདེ་སྐྱིད་མཐའ་དག་དོན་ལ་འགྱུར་བའི་སྡུག་བསྔལ་ཡིན་པར་སོང་འབྲས་བུ་སྡུག་བསྔལ་དང་ཕམ་ཁ་རྫོགས་མེད་མྱང་སྟེ། སླར་ཡང་སྡུག་བསྔལ་གྱི་ཀློང་ན་ཟོ་ཆུན་གྱི་འཕྲུལ་འཁོར་ལྟར་གྱུར་པ་འདིའོ། །

༣] འབྲས་བུ་དང་ལྟ་གྲུབ་ཀྱི་འགལ་བ།

འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་སུ་ཞིག་ཡིན་རུང་ཀུན་སྤྱོད་རིག་པ་མ་བརྩིས་ཚེ་ཐ་ཤལ་གྱི་གྲས་སུ་འཇོག་པ་བཞིན། ནང་པ་ལ་མཚོན་ན་མ་མཐར་ཡང་ཚེ་སྲོག་སྤྱིའི་ཆེ་མཐོང་ལ་རང་ངོས་ནས་འགན་ཁུར་དགོས་པའི་འདུ་ཤེས་ཤིག་ཡོད། དེ་བས་ཀྱང་ནང་བསྟན་ལ་མཚོན་ན་༧གོང་ས་མཆོག་གིས་ཡང་ཡང་གསུང་བཞིན་པ་ལྟར་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་མེད་གཉིས་ནི་ནང་བསྟན་ཆོས་ལུགས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད།  སངས་རྒྱས་པ་དག་གིས་སེམས་ཀྱི་གནས་ལུགས་མ་རྟོགས་པའི་གཉིས་འཛིན་གྱི་བློའི་སྤྲོས་པ་མཐའ་དག་ལམ་བསྒོམས་པའི་སྟོབས་ཀྱིས་ཞི་བར་འདོད་ཅིང་། འདིར་སྣང་ཀུན་རྫོབ་ཀྱི་ཆོས་རྣམས་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་འཕགས་པའི་གང་ཟག་གི་བློའི་རྙེད་དོན་མཐར་ཐུག་པས་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པར་ནམ་ཡང་མི་བསླུ་བས་ན། དེ་ལས་བྱུང་བའི་སྟོན་པ་ཚད་མར་འདོད་ཅིང་། དེ་ཡང་མདོར་ན་རྒྱུ་ཚོགས་གཉིས་དང་། ལམ་བདེན་གཉིས། འབྲས་བུ་སྐུ་གཉིས་ཀྱི་གོ་རིམ་བཞིན་འདོད་པ་ཡིན།

ཚན་རིག་པས་ཤེས་བྱ་མཐའ་དག་རྟོགས་མཁན་ཞིག་ཁས་མི་ལེན་པས་ནང་པ་ལྟར་སྐྱེས་བུ་ཚད་མ་མི་འདོད་ལ། ཚན་རིག་གི་རྙེད་དོན་མཐར་ཐུག་འདི་ཡིན་བྱ་བ་ཞིག་ནི་དེ་བས་ཀྱང་མི་འདོད་ཟེར། རང་གི་ཀུན་སྤྱོད་ལ་འགན་ཁུར་བའི་ཚན་རིག་པ་བློ་གྲོས་ཟབ་མོ་དག་གིས་ཀྱང་རང་གི་དཔྱད་ཐབས་ཀྱིས་རྙེད་པའི་གྲུབ་དོན་མཐའ་དག་གཏན་དུ་ཐག་གཅོད་མི་སྤོབས་པ་ནི། མཐར་གཏུགས་ན་དཔྱོད་བྱེད་ཀྱི་འཕྲུལ་ཆས་ལ་ཡར་རྒྱས་འགྲོ་རྒྱུ་ཡོད་དུ་རེ་བ་ཙམ་ཡིན།

དེར་བརྟེན་ད་ནས་བརྩིས་པའི་ལོ་ངོ་ཉི་ཤུའི་གོང་དུ་ཚན་རིག་པ་ཚོར་ནང་སེམས་ཀྱི་འཇིག་རྟེན་ལ་ཕྱོགས་པའི་འགྲེལ་བཤད་ནི་ཧ་ལམ་ཀླད་ཀོར་གྱི་ངོ་བོར་ལྷག་ཡོད་ནའང་། ༧གོང་ས་མཆོག་གིས་འཇིག་རྟེན་སྤྱིའི་བདེ་ཐབས་སུ་ཐུགས་བརྩེ་ཆེན་པོས་ཚན་རིག་པ་དག་ལ་དུས་ཚོད་མང་པོ་གནང་བའི་བཀའ་དྲིན་གྱིས་ད་ཆ་ཀླད་པ་ལས་གཞན་པའི་སེམས་ཀྱི་འགྲེལ་བཤད་བྱེད་པའི་ཚན་རིག་གི་དཔུང་སྡེ་ཡང་ཡོད་པར་གྱུར་པ་མ་ཟད། ཀླད་ཁམས་དང་དབང་རྩའི་ཚན་རིག་པ་དག་གིས་སྒོམ་གྱི་ནུས་པ་དང་། སྙིང་རྗེའི་བློ་སྦྱོང་ཚུལ། ཐུགས་དམ་དཔྱད་ཞིབ་ཀྱི་ལམ་ནས་ཀླད་པ་དང་སེམས་ཀྱི་འབྲེལ་བ། ཐུགས་དམ་གྱི་ཐུན་མོང་གི་གནས་ལུགས་སོགས་ལ་བརྟེན་ནས་ནང་སེམས་ཀྱི་འཇིག་རྟེན་ལ་གོམས་སྟབས་ག་ལེར་སྤོ་བཞིན་པ་ནི་མི་རབས་གསར་པའི་ཚན་རིག་པ་ཚོར་མཚོན་ན། ༧གོང་ས་མཆོག་གི་བྱམས་བརྩེ་དང་ཤེས་རབ་ཀྱི་ལམ་སྟོན་འོག་ངོ་མཚར་ཅན་གྱི་ཤེས་བྱའི་བང་མཛོད་ཅིག་ལ་མདུན་སྐྱོད་བྱེད་བཞིན་པ་ཡིན་ནོ། །

༤] ཀླད་སེམས་རྫས་གཅིག་འདོད་མིན་གྱི་འགལ་བ། 

ནང་པས་གཞི་ལམ་འབྲས་གསུམ་གྱི་རྟེན་དུ་གྱུར་པའི་ཀུན་གཞིའི་རྣམ་ཤེས་སམ། གཟུགས་འདས་ཀྱི་སེམས་ཁས་ལེན་པ་དང་། དེ་ཡང་སེམས་ཀྱི་རང་བཞིན་ལ་ཐོག་མ་མི་འདོད་ཅིང་སེམས་དེ་ཉིད་སྐྱེ་བ་འདི་ཙམ་མིན་པར་སྔོན་ཆད་དང་མ་འོངས་པའི་སྐྱེ་བའི་ཕྲེང་བ་མང་པོར་འཁོར་འདས་གཉིས་ཀྱི་རྟེན་གཞི་བྱས་ཏེ་འགྲོ་ཐུབ་མཁན་ཞིག་ཏུ་ལུང་རིགས་གཉིས་ཀས་རྒྱབ་རྟེན་དང་བཅས་གྲུབ་མཐའ་འཇོག་ནའང་། ཚན་རིག་པ་རྣམས་ཀྱིས་ཚེ་སྲོག་ལ་ཐོག་མ་འདོད་པར་མ་ཟད། མང་པོ་ཞིག་ཀླད་པས་བཀོད་འདོམས་ཀྱི་ནུས་པ་གཅིག་པུས་འཚོ་བཞིན་པ་ལས། ཀླད་པ་ལས་ཐ་དད་པའི་རྣམ་ཤེས་སམ་སེམས་ཞེས་བྱ་བ་ཞིག་ཚན་རིག་པའི་གཙོ་རྒྱུགས་རིགས་ལམ་གྱིས་ངོས་འཛིན་བྱེད་ཐུབ་ཀྱི་མེད་ཅིང་། འཕྲུལ་ཆས་བཀོལ་སྤྱོད་བྱས་ཏེ་དཔྱད་པའི་གྲངས་དཔང་འབའ་ཞིག་གི་ལམ་ནས་འཚོལ་བཞིན་པའི་ཚན་རིག་པའི་གནས་སྐབས་ཀྱི་ཐབས་ལམ་དེ་བརྒྱུད་ནས་ནང་པའི་ལྟ་གྲུབ་ཀྱི་རྟེན་གཞི་གཙོ་བོ་སེམས་དང་སེམས་བྱུང་གི་རྣམ་གཞག་ཕྲ་མོ་དག་ནི་ནམ་ཡང་རྟོགས་དཀའ་བ་ཡིན་ནོ། །

ལུགས་འདི་གཉིས་དཔེ་བརྗོད་གོ་བདེ་བ་ཞིག་གི་ལམ་ནས་བཤད་ན། ནང་པས་མི་ཞིག་ལ་མཚོན་ན། རང་གི་ལུས་ནི་མགྲོན་ཁང་ལྟ་བུར་ངོས་འཛིན་ཞིང་། སེམས་ནི་དེར་གནས་འཆའ་བའི་མགྲོན་པོ་ལྟ་བུར་འཆད། དེས་ན་མགྲོན་པོ་དེས་སྔོན་ཆད་ཀྱང་མགྲོན་ཁང་གྲངས་མེད་པ་ཞིག་ཏུ་འཚོ་བ་བཟང་ངན་སྣ་ཚོགས་རོལ་མྱོང་བར་ངོས་འཛིན་ཞིང་། སླད་ཀྱང་མགྲོན་ཁང་མཐའ་མེད་དུ་བརྗེ་ཆོག་པར་འདོད། ཚན་རིག་པས་ཀླད་པ་ནི་འཕྲུལ་ཆས་བཀོད་འདོམས་པ་སྟེ་ཁ་ལོ་བ་ལྟ་བུ་དང་། ལུས་ནི་རླངས་འཁོར་ལྟ་བུ་ཞིག་ཏུ་ངོས་འཛིན་པ་ཡིན། ཁ་ལོ་བ་དེ་འཚོ་བའི་ནུས་པ་རྫོགས་རྗེས་རླངས་འཁོར་གཏོང་མཁན་མེད་པས་གཉིས་ཀའི་མཐའ་དེ་གར་རྫོགས་པ་ཙམ་དུ་འཆད་པ་ནི། ནང་པ་དང་ཚན་རིག་པས་མིའི་རང་བཞིན་ལ་འགྲེལ་བཤད་བྱེད་སྟངས་དཔེ་མཚོན་ཐ་དད་པ་གཉིས་སྟབས་བདེའི་སྒོ་ནས་བརྗོད་པ་ཙམ་མོ། །

མདོར་ན། ནང་པས་མགྲོན་ཁང་ལས་ཀྱང་མགྲོན་པོའི་རིན་ཐང་གལ་ཆེན་དུ་བརྩིས་ཏེ་ཆགས་སྡང་གློ་བུར་བའི་སྣང་བ་འདི་དག་སེམས་ཀྱི་གཤིས་སུ་མ་གྲུབ་ཅིང་། སེམས་ཀྱི་རང་བཞིན་ནི་དུས་རྟག་ཏུ་གསལ་རིག་ཙམ་ལ་གནས་པ་མྱོང་བ་ཚད་མས་གྲུབ་པར་འཆད། ཚན་རིག་པས་ནི་བེམ་ཤེས་གཉིས་ལས་ཕྱི་དོན་དག་ཞིབ་འཇུག་གི་གཞི་གལ་ཆེན་དུ་བརྩིས་པས་རེ་ཞིག་ན་གཟུགས་འདས་རིག་པའི་གསང་བ་དེ་དག་ལ་ལས་མེད་པར་བསྙད་ཅིང་། གཟུ་བོར་གནས་པ་དག་གིས་ཡོད་པར་མ་མཐོང་བ་དང་། མེད་པར་རྙེད་པ་གཉིས་ཀྱི་ཤན་ཕྱེས་ཏེ་རེ་ཞིག་ཐག་གཅོད་གང་ཡང་མེད་པར་རྒྱབ་ཏུ་བསྐྱུར་བར་བརྟེན། ད་བར་གྱི་ཚན་རིག་གི་གཙོ་རྒྱུགས་གྲུབ་མཐའི་ཁྲོད་སེམས་ཀྱི་རྣམ་གཞག་ལ་ངོས་འཛིན་གསལ་པོར་མ་ཐོབ་པས་འགྲོ་བ་མིའི་ལུས་རྟེན་གྱི་བཀོད་འདོམས་ལྟེ་གནས་གཙོ་བོ་ནི། ཀླད་པ་ཉིད་དུ་བརྩིས་ཤིང་། ཀླད་པ་ལ་ཡང་གཡས་གཡོན་གཉིས་སུ་བགོས་པ་ལས། གཡས་པས་ལུས་ཕྱེད་གཡོན་པ་དང་། གཡོན་པས་ལུས་ཕྱེད་གཡས་པའི་འགུལ་སྐྱོད་ལ་སྟངས་འཛིན་བྱེད་པ་སོགས་རྒྱུ་མཚན་མང་པོའི་ལམ་ནས་སྨྲ། ཀླད་པ་གཡས་པ་ནི་ལས་དོན་བཀོད་སྒྲིག་ཚགས་ཚུད་བྱེད་པའི་ནུས་པ་ལྡན་པར་མ་ཟད། ལྟ་ཚུལ་གསར་གཏོད་ཀྱི་ནུས་པའི་འབྱུང་ཁུངས་ལྟ་བུར་བརྩི་ཞིང་སྒྱུ་རྩལ་དང་རོལ་དབྱངས་ཀྱི་ལྟ་ཚུལ་གཙོ་བོ་ཡང་འདི་ནས་འབྱུང་བར་འདོད། གཡོན་པས་ནི་གཏན་ཚིགས་ཀྱི་སྒོ་ནས་སྤྱོད་རུང་གི་བྱ་བ་མཐའ་དག་ལ་དབྱེ་ཞིབ་བྱེད་པ་དང་། སྐད་ཡིག ཚན་རིག ཨང་རྩིས་སོགས་ལས་དོན་གཙོ་བོར་བྱེད་པས་གཡས་གཡོན་གྱི་ཀླད་པ་སོ་སོའི་བྱེད་ལས་དང་ནུས་པ་མི་འདྲ་བར་མ་ཟད། བོང་ཚད་ཀྱི་ཆེ་ཆུང་དང་། ལྕི་ཡང་གི་ཚད་སོགས་ཀྱང་མི་འདྲ་བར་བཤད།[14] མིའི་བསམ་བློ་དང་། དྲན་ཤེས། མཐོང་ཐོས་ཀྱི་མྱོང་ཚོར་མཐའ་དག་གི་འབྱུང་རྩ་ནི་ཧ་ཅང་གྲངས་མང་བའི་ཀླད་པའི་དབང་རྩའི་ཕྲ་ཕུང་གི་འགུལ་སྐྱོད་དང་། རླབས་རྒྱུན་འབའ་ཞིག་ཡིན་པར་ཁས་ལེན་མོད། དུས་ཕྱིས་གསོ་རིག་ཆེད་ལས་འགས་ཀླད་ཆེན་མེད་པའི་མི་འཚོ་བཞིན་པ་མཐོང་བ་དང་། སྒོམ་ཆེན་པའི་ཐུགས་དམ་གྱི་གསང་བ་སོགས་དངོས་ཡོད་ཀྱི་གཏན་ཚིགས་མང་པོའི་སྒོ་ནས་ཚན་རིག་པའི་ཀླད་སེམས་རྫས་གཅིག་གི་ལྟ་བ་དེ་འཇོག་དཀའ་བ་གྱུར་ཡོད་དོ། །

༥]  མི་ཚེའི་རིན་ཐང་ལྟ་ཚུལ་གྱི་འགལ་བ།

སྤྱིར་ནང་པའི་རིན་ཐང་གི་ལྟ་བ་ནི། ཆགས་སོགས་ཉོན་མོོངས་པའི་སེམས་ཀྱི་རང་བཞིན་གང་ཡིན་དང་། དེ་དག་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། དེ་ཉིད་ཇི་ལྟར་སྤོང་བའི་ཐབས་གང་ཡིན། ཐབས་དེས་སྡུག་བསྔལ་རྣམས་གཏན་དུ་སྤངས་པའི་ཆ་སོགས་གཏན་ཚིགས་ཡང་དག་གི་ལམ་ནས་འགྲེལ་བརྗོད་དཔྱིས་ཕྱིན་པར་མཛད་ཡོད་པས། དཔྱད་ཞིབ་ཀྱི་དམིགས་གཏད་ལུས་སེམས་གཉིས་ལས་སེམས་ཀྱི་རྣམ་གཞག་གཙོ་བོ་བྱས་ཏེ། ལས་འབྲས་དང་། ཚེ་སྔ་ཕྱི། བདེན་བཞི་སོགས་ས་ལམ་གྱི་རིམ་པ་ཞིབ་ཕྲ་བསྟན་ཏེ་གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པ་གཙོ་བོར་གཏད་ཡོད་ཅིང་། ས་ལམ་གྱི་རིམ་པ་དེ་དག་ཀྱང་ཉིན་རེའི་འཚོ་བའི་ཁྲོད་ཉམས་སུ་ལེན་སྐབས་མ་རིག་པ་དང་། འདོད་རྔམ། ཁོང་ཁྲོ། ཕྲག་དོག་སོགས་ནི་ས་ལམ་བགྲོད་པའི་གེགས་སུ་བལྟས་ཏེ། དེའི་ཁ་གཏད་དུ་གྱུར་པའི་ཤེས་རབ་དང་། ཆོག་ཤེས། བཟོད་པ། རྗེས་སུ་ཡི་རངས་ཀྱི་བློའི་གལ་གནད་ངོས་ཟིན་པ་དང་། དེའི་གནད་དོན་ཤེས་པའི་སྒོ་ནས་སེམས་ཀྱི་སྡུག་བསྔལ་སྦྱོང་སླད་ལྟ་བ་རྟེན་འབྱུང་དང་། འཚེ་བ་མི་བྱེད་པ་ནི་སངས་རྒྱས་པ་སྤྱིའི་མི་ཚེའི་རིན་ཐང་གི་ལྟ་བ་ཡིན་ཞིང་། ཁྱད་པར་དུ་རང་ལས་གཞན་གཅེས་ཀྱི་བློ་སྟོབས་སྤེལ་བ་ནི་ཐེག་ཆེན་པ་དག་གི་མི་ཚེའི་རིན་ཐང་ལྟ་བ་ཡིན་ནོ། །

ཚན་རིག་པའི་རིན་ཐང་གི་ལྟ་བ་ནི། གཙོ་བོ་མི་རྣམས་ཀྱི་ཚེ་འདིའི་འཚོ་བའི་བདེ་སྐྱིད་ཁོ་ན་བསམ་སྟེ་གཟུགས་ཅན་གྱི་དངོས་པོ་ཕྲ་བ་དག་ལས་ཞིབ་འཇུག་གི་འབྲས་བུ་གསར་རྙེད་བྱུང་བ་དག་ཡིན་ཏེ། དཔེར་ན། ཕལ་བའི་མིག་ལ་མི་མངོན་པའི་ནད་འབུ་ཕྲ་མོ་དག་སྨན་ཁབ་ཀྱིས་ཇི་ལྟར་གསོད་ཐབས་དང་། རང་ཉིད་ཉེ་རིང་གི་དགྲ་ལས་ཇི་ལྟར་རྒྱལ་ཚུལ། ཚོང་ལས་ཁེ་བཟང་ཇི་ལྟར་ལེན་སྟངས། རྒྱལ་ཁབ་དང་མི་རིགས་འཛུགས་སྐྲུན་གྱིས་ཡར་རྒྱས་ཇི་ལྟར་གཏོང་ལུགས་སོགས་མདོར་ན་ཚེ་འདིའི་གཙོ་བོ་ལུས་ཀྱི་དཀའ་ངལ་རྣམས་ཇི་ལྟར་སེལ་ཐབས་ལ་ཤ་ཐང་དུ་འབད་དེ་གྲུབ་འབྲས་རྙེད་པ་དག་ཡིན་ཞིང་། དེ་དག་ཀྱང་གསར་བརྗེ་ཞེས་པའི་མིང་བྱང་འོག་རིགས་པའི་རྣམ་གྲངས་བརྒྱ་ཕྲག་གིས་བསྐྱར་བཟོ་ཡང་བཟོ་བྱས་པའི་སྒོ་ནས་འཛམ་གླིང་ཤར་ནུབ་ཀྱི་ཚོང་རྫས་སུ་བསྒྱུར་ཞིང་ཚེ་འདིའི་དགྲ་གཉེན་རྩ་བར་བཟུང་བའི་ལས་དོན་དེ་དག་གི་མཇུག་འབྲས་ནི། མི་རྣམས་ཀྱི་དགོས་མཁོ་ལས་བརྒལ་བའི་འདོད་རྔམས་རྒྱ་ཆེར་སྤེལ་བཞིན་པ་འདི་ཀ་ལགས་སོ། །

འོན་ཀྱང་དེང་རབས་ཚན་རིག་པ་དག་གིས་ཀྱང་གཟུགས་ཀྱི་ཆུང་མཐའ་དག་ཀྱང་འཕྲུལ་ཆས་ཀྱི་ཡོ་བྱད་སྣ་ཚོགས་པས་བཙལ་ཏེ་སྐྱེ་བོ་ཕལ་བ་དག་ངོ་མཚར་བའི་གཟུགས་ཅན་གྱི་གནས་ལུགས་གསར་པ་མང་པོ་རྙེད་པ་ཡིན་ཏེ། སངས་རྒྱས་པས་དངོས་པོ་རྣམས་རང་རེར་སྣང་བ་ལྟར་དུ་དོན་ལ་མ་གྲུབ་པར་འདོད་པ་དང་། དངོས་པོ་གང་ཞིག་ཡིན་རུང་དེའི་རྩོམ་གཞིའི་རྡུལ་ཕྲན་ཆ་མེད་དུ་འདོད་པ་གཉིས་ཀ་ཡང་དེང་རབས་ཚད་རྡུལ་ནུས་ཤུགས་རིག་པ་བ་དག་གིས་གཅིག་མཚུངས་སུ་རྟོགས་ཤིང་སྨྲས་པའི་ཕྱིར་རོ། །

མདོར་ན་ཚན་རིག་པས་ཞིབ་འཇུག་གཏིང་ཟབ་བྱས་པའི་འབྲས་བུར་འཇིག་རྟེན་རིལ་མོ་འདིའི་སྣོད་བཅུད་གཉིས་ཀར་ཕན་གནོད་ཆེན་པོ་བཟོས་པ་ནི་དངོས་ཡོད་ཡིན་ཏེ། ཕན་པའི་ཆ་ནི། ཉིན་རེའི་བདེ་སྐྱིད་ཀྱི་སླད་དུ་ལུས་ཀྱི་འཕྲོད་བསྟེན་ཇེ་ལེགས། སྐམ་མཚོ་གནམ་གསུམ་གྱི་འགྲིམ་འགྲུལ་སྟབས་བདེ། སློབ་གྲྭའི་ཤེས་ཡོན་སྔར་བས་བརྒྱ་འགྱུར་གྱི་གོང་འཕེལ་དང་། ཟས་གོས་གནས་མལ་སོགས་ཕྱིའི་འཚོ་བ་ཡར་ཐོན་ཅན་བསྐྲུན་པ་ལྟ་བུའོ། །

གནོད་པའི་ཆ་ནི། ཚན་རིག་པ་མང་པོ་ཞིག་སྙིང་རྗེ་དང་བཟང་སྤྱོད་སོགས་ཀྱིས་མ་འདང་བའི་འབྲས་བུར་ཁོར་ཡུག་འབག་བཙོག་དང་། སྨན་བཅོས་ཆེད་སེམས་ཅན་གྲངས་མེད་ཀྱི་ཚེ་སྲོག་རྩིས་མེད་གཏོང་བ། འཇིག་རྟེན་སྤྱིའི་བདེ་ཐབས་དང་སའི་གོ་ལའི་ཐོན་ཁུངས་ལ་མ་བརྟགས་པར་ཚོང་པ་དག་དང་མཉམ་འབྲེལ་བྱས་ཏེ་འདོད་རྔམས་ཆེན་པོས་ཚད་བརྒལ་གྱི་འཕྲུལ་རིགས་བཟོ་ལས་གསར་བརྗེ་བྱས་པ་སོགས་ཡིན་ཏེ། དཔེར་ན། སྐྱེ་དངོས་མཚོན་ཆ་བཟོས་ཏེ་འཛམ་གླིང་གི་མི་འབོར་ས་ཡ་མང་པོ་ཤི་རྨས་ཀྱི་ལམ་བུར་བརྫངས་དང་རྫོང་བཞིན་པ་དང་། འཛམ་གླིང་ཧྲིལ་པོ་ལན་མང་པོར་འགས་གཏོར་གཏོང་ཐུབ་པའི་འཇིགས་རུང་གི་རྡུལ་མཚོན་མང་པོ་བཟོས་པ་ནི་ཚན་རིག་པ་དག་ལ་ཤེས་རབ་ཡོད་ཀྱང་བྱམས་བརྩེའི་ནུས་སྟོབས་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་མེད་པས་ལན་པ་ཡིན་ནོ། །

བཞི་པ། ནང་ཆོས་དང་ཚན་རིག་གི་འབྲེལ་བ།

འདིར་ལྟ་གྲུབ་ཀྱི་དབང་དུ་བྱས་ཚེ་ནང་པའི་མི་རྟག་པའི་ལྟ་བ་དང་། ཚན་རིག་པའི་འཕེལ་འགྱུར་རིག་པ། ནང་པའི་རྟེན་འབྱུང་གི་རྣམ་གཞག་དང་།  ཚན་རིག་པའི་ལྟོས་གྲུབ་རིག་པ། ནང་པའི་སྟོང་ཉིད་ཀྱི་ལྟ་བ་དང་། ཚན་རིག་པའི་ཁོན་ཏྲོམ་འགུལ་ཤུགས་རིག་པ་སོགས་གལ་ཆེའི་གནད་དོན་མང་པོའི་ཐད་ཧ་ཅང་འདྲ་མཚུངས་སུ་གོ་བ་ལེན་རུང་བའི་ཆ་མང་པོ་བརྩི་རྒྱུ་ཡོད་ནའང་། འདིར་ཐུན་མོང་གིས་གོ་སླ་བའི་དཔེ་མཚོན་གཞན་འགའ་བཀོད་ན།

༡]         རྨོངས་པ་ལ་སྐྱོན་དུ་ལྟ་བ།
༢]         འཇིག་རྟེན་བྱེད་པ་པོ་མི་འདོད་པ།
༣]         བློ་གཟུ་བོར་གནས་ཤིང་ཤེས་རབ་ལ་ཡིད་རྟོན་པ།
༤]         ཡང་ཡང་དཔྱད་དེ་གནས་ལུགས་འཚོལ་ཞིབ་སླད་དོན་གཉེར་ཆེ་བ།
༥]         གནས་ཚུལ་ཕྲ་བ་རྣམས་དབང་པོ་ཕལ་བའི་སྤྱོད་ཡུལ་དུ་མི་འདོད་པ།
༦]        ཕྱི་ནང་གི་དངོས་པོ་ཐམས་ཅད་རང་གི་མཐུན་པའི་རྒྱུ་ལས་བྱུང་བར་འདོད་པ།
༧]        འཇིག་རྟེན་ནི་སའི་གོ་ལ་གཅིག་པུ་ཙམ་མིན་པར་མཐའ་དང་མུ་མེད་པར་འདོད་པ།
༨]         གྲུབ་དོན་མཐའ་དག་གཏན་ཚིགས་ཀྱི་ལམ་ནས་ཐག་གཅོད་པ་སོགས་ཡིན་ནོ། །

དེ་ལས་ནང་པ་སངས་རྒྱས་པས་ནི། སངས་རྒྱས་རང་ཉིད་ཀྱི་ཞལ་ནས། དགེ་སློང་དང་མཁས་པ་ཚོས་སློབ་གཉེར་བྱེད་སྐབས་ཐབས་ལམ་འདི་ངེས་པར་བསྟེན་དགོས་ཏེ། དཔེར་ན། ཚོང་པ་དག་གིས་གསེར་བདེན་རྫུན་བརྟག་སྐབས་ཐོག་མར་བསྲེགས་ནས་དཔྱད་པ་དང་། གཉིས་པ་བཅད་ནས་དཔྱད་པ། གསུམ་པ་བརྡར་ནས་དཔྱད་པ་ལྟ་བུ་བྱ་དགོས་ཞེས་བཀའ་སྩལ་ཡོད་པ་བཞིན། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་གང་དང་གང་ཡིན་དབུ་མ་རིགས་ཚོགས་སོགས་ཀྱི་སྐབས་སུ་ལུང་རིགས་གཉིས་ཀྱིས་གཏན་འབེབས་ཞིབ་མོ་མཛད་པ་ན། རྒྱལ་བའི་བཀའ་ལ་ཡང་དྲང་ངེས་ཀྱི་རྣམ་གཞག་མཛད་དེ་སྟོན་པའི་གསུང་རབ་མཐའ་དག་གདུལ་བྱ་སོ་སོའི་བློ་གྲོས་ཀྱི་སྒོ་མོ་རིམ་པར་འབྱེད་པའི་ལྡེའུ་མིག་ཏུ་འགྲེལ་ཐུབ་པ་ནི། ནང་པའི་སྟོན་པ་དང་དེའི་རྗེས་འཇུག་མཁས་པ་ཁོ་ནའི་ལུགས་ཡིན་གྱི་ཡེ་ཤུ་དང་། ཁ་ཆེ་སོགས་ཆོས་བརྒྱུད་གཞན་གྱི་ནང་གུ་ཡངས་པའི་རྩོད་སྒྲུབ་དང་བགྲོ་གླེང་གི་ལམ་བུ་དེ་འདྲ་མེད་པ་འདྲ་སྟེ། ཚན་རིག་པའི་ཡབ་ཆེན་དུ་འབོད་པའི་ Albert Einstein ཨ་ཡན་སི་ཐན་གྱིས་[15]གལ་སྲིད། ཚན་རིག་གི་དགོས་མཁོ་སྐོང་བ་དང་། ཚན་རིག་དང་མཉམ་དུ་གནས་ཐུབ་པའི་ཆོས་ལུགས་ཤིག་ཡོད་ཚེ། དེ་ནི་ནང་བསྟན་ཡིན་ཞེས་དང་། དེང་རབས་ཚན་རིག་སྨྲ་བ་ཚོས་སངས་རྒྱས་ཆོས་ལུགས་ལ་རིགས་པའི་ཆོས་དང་། གཞན་དག་ལ་དད་པའི་ཆོས་ལུགས་ཞེས་བཏགས་མྱོང་བའི་ལོ་རྒྱུས་ཀྱི་བདེན་པ་དེས་ཀྱང་ཟུར་ཙམ་རྟོགས་ཐུབ་པ་ཡིན་ནོ། །

དེ་བཞིན་དུ་ཚན་རིག་པ་དག་ཀྱང་དངོས་པོའི་གནས་ལུགས་འཚོལ་སླད་བློ་གཟུ་བོར་གནས་ཤིང་། གཏན་ཚིགས་མེད་པར་གྱ་ཚོམ་དུ་མི་འཇུག་པ། གནད་དོན་གང་ཡིན་ལ་རང་གི་ཤེས་རབ་ཀྱིས་ཡང་ཡང་དཔྱད་པའི་འབྲས་བུ་དཔང་གྲངས་ཀྱི་ལམ་ནས་ཐག་གཅོད་ཅིང་། སྔ་མའི་རྙེད་དོན་དེར་ཡང་རིགས་པའི་སྒྲུབ་བྱེད་གཞན་གྱིས་གནོད་པ་བྱུང་བ་ན། ལྟ་བ་དེར་མཁྲེགས་འཛིན་མི་བྱེད་པར་དྲང་པོའི་ལམ་དུ་འཇུག་པ་ཡིན། མདོར་ན་ང་ཁོ་ན་བདེན་གྱི་གཞན་དག་ནི་ནོར་བའོ་ཞེས་མི་སྨྲ་བར་ཚན་རིག་གི་གྲུབ་དོན་མཐའ་དག་གནས་སྐབས་ཀྱི་གྲུབ་དོན་དུ་འཇོག་པ་སོགས་རང་གིས་དངོས་སྟོབས་ཀྱི་རིགས་པ་སྤྱད་དེ་བརྡར་ཤ་གཅོད་པ་སོགས་བློ་གྲོས་ཧ་ཅང་གུ་ཡངས་པའི་ལུགས་སུ་ཡོད་དོ། །

རང་རེ་ནི་གཅིག་ནས་སྟོན་པ་ཐུགས་རྗེ་ཅན་གྱི་སྐྱབས་འོག་ཏུ་ཚུད་པ་དང་། གཉིས་ནས་སྙིགས་མ་ལྔ་བདོ་བའི་དུས་ཚོད་འདི་ལྟ་བུར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་དང་དངོས་སུ་མཇལ་ཞིང་། དམ་པ་ཁོང་ནི་ད་ལྟའི་འཛམ་གླིང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གཞན་དག་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་བློ་གྲོས་རྣོ་ཞིང་། ཐུགས་བསྐྱེད་ཟབ་པ། ཀུན་ལ་སྙིང་རྗེ་ཆེ་བ་སོགས་མཚུངས་མེད་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་འགྲོ་བ་རྣམས་འཇིག་རྟེན་ཡང་དག་པའི་ལྟ་བའི་ལམ་ནས་ཚུལ་བཞིན་དུ་བསྐྱངས་དང་སྐྱོང་བ་ལ་འགྲན་ཟླ་བྲལ་བར་སོང་། འཛམ་གླིང་ན་སྙན་གྲགས་ཆེ་བའི་ཚན་རིག་པ་བརྒྱ་ཕྲག་མང་པོ་དང་མཉམ་དུ་བསྟན་འགྲོ་གཉིས་ཀར་སྨན་པའི་བརྗོད་གཞི་རྣམ་ཤེས་དང་། ཀླད་ཁམས། འགྲོ་བ་མིའི་གཞི་རྩའི་རང་བཞིན། སྙིང་རྗེའི་བློ་སྦྱོང་ཚུལ། ཀུན་ཁྱབ་ཀྱི་སེམས་ཁུར་སོགས་གནད་དོན་མང་པོའི་ཐད་མཛའ་བརྩེ་དང་། དཀྱེལ་ཡངས་ཀྱི་སྒོ་ནས་ནང་ཆོས་དང་། ཚན་རིག་གཉིས་དཔུང་པ་མཉམ་གཤིབ་ཀྱི་གོ་སྐབས་བསྐྲུན་པ་ནི་བློ་གྲོས་དང་ལྡན་པ་དག་ལ་མཚོན་ན་སྐལ་བ་མཆོག་ཏུ་བཟང་བ་ཡིན་པས། འདི་ལ་ནང་ཆོས་དང་ཚན་རིག་མཉམ་འབྲེལ་བགྲོ་གླེང་གི་རྫོགས་ལྡན་དུས་རབས་ཞེས་ཀྱང་འབོད་ཆོག་པ་ཡིན་ནོ། །

ལྔ་པ། མཉམ་ལས་བྱ་ཐབས་དང་། དེའི་ཕན་ནུས།

ཀླད་པའི་གནས་བབ།

 གནའ་དེང་གི་རིག་གནས་གང་ཞིག་ཡིན་རུང་ང་ཚོས་དེའི་འཚོལ་ཞིབ་ཀྱི་རིན་ཐང་ལ་གདེང་འཇོག་བྱ་རྒྱུ་ནི། རིག་ཚན་དེ་དག་ནང་ཕན་ཚུན་མཉམ་ལས་ཡོང་བའི་རྨང་གཞིར་གྱུར་ཡོད། དེར་བརྟེན་ནང་ཆོས་ལ་སེམས་ཁམས་རིག་པའི་མ་ལག་འཚོལ་ཞིབ་གཏིང་ཟབ་བྱས་པའི་ལག་ལེན་དང་། གཞུང་ལུགས། ཉམས་མྱོང་། གྲུབ་འབྲས་ཚང་མ་ཡོད་ཅིང་། ཚན་རིག་ལ་ཡང་དེ་ལྟ་བུའི་ཁྱད་ཆོས་ལྡན་ཡོད། དེ་ལྟ་ནའང་རང་གི་ལྟ་གྲུབ་ཀྱིས་ང་རྒྱལ་བྱས་ཏེ་གཞན་དག་ལ་མིག་དང་རྣ་བ་མི་གཏོད་པའམ། བསམ་བཞིན་དུ་ཉན་ཞིབ་མི་བྱེད་པ་ནི། ཆེས་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་ཏེ། དེས་རང་གི་མཐོང་རྒྱ་ལ་བར་ཆད་གཏོང་བར་མ་ཟད། བསམ་བཞིན་དུ་རང་ཉིད་མཁྲེག་འཛིན་པའི་གྲལ་དུ་འཇུག་བཞིན་ཡོད།

དཔེར་ན། ཚན་རིག་ལག་རྩལ་གྱི་གྲུབ་དོན་དུ་གྱུར་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གཏོང་དགོས་ཚེ། གནམ་གྲུ་དེ་འཛམ་གླིང་གི་གནམ་གྲུ་ཤོང་ཚད་ཆེ་ཤོས་དང་།  མྱུར་ཚད་མགྱོགས་ཤོག་དེ་ཡིན་པ་ཙམ་གྱིས་མི་ཕན་པར། དེ་གཏོང་མཁན་གྱི་ཁ་ལོ་བ་དེ་རིག་པ་གསལ་ཞིང་བྱང་ཚད་ལྡན་པ། ཆང་རག་མི་སྤྱོད་པ། ཛ་དྲག་གི་སྐབས་ཡར་འཕུར་ཚུལ་དང་། མར་འབབ་ལུགས་སོགས་མཁའ་འགྲུལ་གྱི་རིགས་ལམ་ཧྲིལ་པོར་རྒྱུས་མངའ་ཅན་ཞིག་དགོས་ཤིང་། དེ་ལྟར་ཡིན་ན་ད་གཟོད་གང་དུ་འགྲོ་བར་འདོད་པའི་གནས་དེར་འགྲུལ་བ་རྣམས་བདེ་བླག་ངང་སྐྱེལ་ཐུབ་པ་བཞིན། རྫས་འགྱུར་དང་། འཕྲུལ་རིགས་ཀྱི་མཚོན་ཆ་གང་ཞིག་བཟོ་སྐྲུན་བྱེད་མཁན་གྱི་ཚན་རིག་པ་དག་གིས་ཀྱང་རང་གི་ལས་དོན་ཅི་ཞིག་གཉེར་དགོས་པ་དང་། ཅིའི་ཕྱིར་གཉེར་དགོས་པ། ཇི་ལྟར་གཉེར་དགོས་པའི་ཐད་ལྷག་བསམ་རྣམ་དག་གིས་དཔྱད་པ་གཏོང་རན་ཡོད་དེ། དེ་ལྟར་མིན་ན་ཚན་རིག་གི་གྲུབ་འབྲས་ཀྱིས་མིའི་རིགས་ལ་ཕན་གནོད་ཅི་བྱས་ང་ཚོས་མཐོང་ཆོས་སུ་གྱུར་བ་དེའོ། །

མིག་སྔར་ཚན་རིག་པ་མང་པོ་ཞིག་སྐབས་འཚོལ་གྱི་སྲིད་དོན་པ་དག་གི་ཤུགས་རྐྱེན་འོག་མི་རིགས་དབྱེ་འབྱེད་ལ་དགའ་ཞིང་། རིག་པ་འགྲན་རྩོད་ཀྱིས་སྨྱོས་པ།  སྲིད་དོན་པ་ཁ་ཤུགས་ཅན་དག་གི་ལག་འོག་ཏུ་རྒྱལ་ཞེན་རིང་ལུགས་པའི་ཆོ་ལོར་དགའ་མཁན་ཤ་སྟག་ཏུ་གྱུར་མེད་ཚེ། རྡུལ་ཕྲན་མཚོན་ཆའི་མཛོད་ཁང་ལྟ་བུར་གྱུར་པའི་མིག་སྔའི་འཛམ་གླིང་གི་ཛ་དྲག་གནས་བབ་འདི་ཡོང་དོན་ག་ལ་ཡོད། དེས་ན་མ་འོངས་པའི་ཆོས་དང་ཚན་རིག་གི་འབྲེལ་ལམ་བརྒྱུད་དེ་མཉམ་ལས་བྱ་རྒྱུ་གཙོ་བོ་ནི། ཚན་རིག་པ་དང་། ཚན་རིག་པའི་ངོས་འཛིན་ཡོད་པའི་རིག་གནས་ཀྱི་ཁྱབ་ཁོངས་སུ་སེམས་ཁམས་ཚན་རིག་གི་རྒྱལ་པོ་ལྟ་བུར་གྱུར་པའི་ནང་པའི་སེམས་ཁམས་རིག་པ་དང་། འཚེ་བ་མེད་པ་རྨང་གཞིར་བྱས་པའི་ནང་པའི་ཀུན་སྤྱོད་རིག་པར་འཇིག་རྟེན་སྤྱི་ཁྱབ་ཀྱི་གོ་གནས་ཤིག་རྙེད་ཐབས་བྱ་རྒྱུ་དེ་ཁོ་ན་ཡིན་པར་འདོད་དོ། །

 འཛམ་གླིང་དུ་མི་རྣམས་ལ་དཀའ་ངལ་སྣ་ཚོགས་པ་ཞིག་ཡོད་ཀྱང་། དེ་དག་བསྡུས་ན། ལུས་སེམས་ཀྱི་དཀའ་ངལ་རིགས་གཉིས་སུ་འདུ་བ་ཡིན། དེ་ཡང་ནང་སེམས་ཀྱི་མྱོང་བ་དང་། དཀའ་སྡུག་མཐའ་དག་སེལ་ཐབས་ལ་དེང་རབས་ཚན་རིག་གིས་འདང་གི་མེད་པས་དེར་ནང་ཆོས་ཀྱི་བསླབ་བྱ་ལས་ལྷག་པ་ཞིག་ད་ཕན་སུས་ཀྱང་མ་བཤད་ལ། མ་འོངས་པར་ཡང་འཆད་དུ་མེད་པ་ཡིན། འོན་ཀྱང་ལུས་ཀྱི་དཀའ་ངལ་ཀླད་པ་གཤགས་བཅོས་དང་། དོན་སྣོད་བརྗེ་བ་ལྟ་བུའི་ཚད་མཐོའི་འཚོ་བྱེད་ཀྱི་རིག་པས་མཚོན་ཕྱི་དངོས་པོའི་ཞིབ་ཕྲའི་འགྲེལ་བཤད་དང་། འཕྲུལ་རིགས་ཀྱི་ཚད་མཐོའི་ལག་རྩལ་ནི་མིག་སྔར་ཚན་རིག་ལས་ལྷག་ཅིག་མེད་པ་དོན་དངོས་ཡིན། གོང་སྨོས་ཀྱི་དཔེ་མཚོན་དེས། ང་ཚོ་འཇིག་རྟེན་དུ་ད་དུང་ཞི་བདེའི་ངང་འཚོ་དགོས་ཕྱིན་ངོ་མཚར་ཅན་གྱི་རིག་པ་འདི་གཉིས་ཅིའི་ཕྱིར་མཉམ་ལས་བྱེད་དགོས་པ་དང་། དེའི་ཕན་ཡོན་གསལ་པོར་རྟོགས་ངེས་ཡིན།

དེས་ན་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་སླད་དུ་ངོ་མཚར་བའི་རིག་ཚན་འདི་གཉིས་མཉམ་རུབ་ཀྱིས་གནད་དོན་མང་པོའི་ཐད་བགྲོ་གླེང་དང་ཞིབ་འཇུག་བྱེད་དགོས་ཏེ། དཔེར་ན། རྣམ་ཤེས་ཀྱི་གསང་བ་དང་། སྐྱེ་འཆི་དང་། ལས་འབྲས་ཀྱི་རྣམ་གཞག བདེ་སྐྱིད་ཀྱི་འཚོ་བའི་གོ་དོན། སྒྱུ་སྩལ་དང་མཛེས་དཔྱོད་རིག་པ། ཀུན་སྤྱོད་རིག་པ་སོགས་ཀྱི་སྐོར་ལ་ཚན་རིག་རང་བཞིན་གྱི་སྒྲུབ་བྱེད་མང་པོ་ད་དུང་འཚོལ་རྒྱུར་ལུས་ཡོད་དོ། །

༡] གཤོག་པ་ཡ་གཅིག་གིས་ནམ་ཡང་འཕུར་མི་ཐུབ།

འདིར་ནང་ཆོས་དང་ཚན་རིག་གི་མཉམ་ལས་ཞེས་བརྗོད་བྱ་གསར་དུ་འདེམས་དོན་ནི། ནང་པ་དག་གིས་རང་གི་ལྟ་གྲུབ་སྤུས་གཙང་དུ་སྒྲུབ་པར་ཚན་རིག་ལས་རྒྱབ་རྟེན་འཚོལ་དགོས་པའི་དོན་མ་ཡིན་པར། ཚན་རིག་དང་ནང་པ་གང་ཡིན་རུང་དེང་རབས་ཀྱི་མིའི་དགོས་མཁོ་དང་མཐུན་པར་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་དག་ཡར་རྒྱས་གཏོང་བར་ནང་ཆོས་ལས་གསུངས་པའི་བསླབ་བྱ་ཁག་དང་། ནང་སེམས་ཀྱི་རྣམ་གཞག་གི་བཤད་པ། རྣམ་ཤེས་ཀྱི་གསང་བའི་གནས་ཚུལ་སོགས་ད་ཕན་ཚན་རིག་པ་སུས་ཀྱང་འགྲེལ་བཤད་མ་ནུས་པའི་གནད་དོན་ཁག་དང་། དེ་བཞིན་དུ་ཀླད་རྩ་དང་། ལུས་ཁམས་ཀྱི་འཕྲོད་བསྟེན། རྡུལ་ཕྲན་གྱི་རྣམ་གཞག་སོགས་ཚན་རིག་པས་ཞིབ་འཇུག་གི་ནུས་པ་འབུར་དུ་ཐོན་པ་ཚད་རྡུལ་གྱི་སྐོར་སོགས་བགྲོ་གླེང་བྱས་ཚེ། མ་འོངས་པའི་འཛམ་གླིང་འདི་བརྟན་བརླིང་གི་ཁ་ཕྱོགས་གསར་པ་ཞིག་བསྐྲུན་ཐུབ་པས་ཡིན། གལ་སྲིད་ནང་ཆོས་ཀྱི་རིན་ཐང་དུས་རབས་དང་མཐུན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མུ་མཐུད་བརྟན་པོར་གནས་དགོས་ཚེ། ཚན་རིག་པ་གྲགས་ཅན་དག་གི་ཉམས་ཞིབ་ཀྱི་གྲས་སུ་སླེབས་དགོས་པ་ནི་ཕྱིར་འགྱངས་ཕྲ་མོ་ཙམ་ཡང་བྱ་མི་རུང་བའི་གནས་སུ་ཡོད་པར་བརྟེན། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་ << སེམས་དང་སྲོག་གི་བགྲོ་གླེང་ >> ལྟ་བུའི་རླབས་ཆེན་གྱི་ལས་རིམ་དག་མུ་མཐུད་འགྲོ་བཞིན་པ་ཡིན་ཏེ། གལ་སྲིད་བགྲོ་གླེང་དེ་དག་གིས་ཕྱོགས་གཉིས་ལ་བློ་སྐྱེད་དང་། གྲུབ་འབྲས་གང་ཡང་མེད་ཚེ་མི་ལོ་སུམ་ཅུ་ལྷག་གི་རིང་དུས་ཚོད་ཆུད་ཟོས་སུ་གཏོང་མི་སྲིད་པ་ཡིན། དེས་ན་བློ་སྐྱེད་དེ་ཡང་ཚན་རིག་པ་དང་ནང་པ་གཉིས་ཀའི་ཡིན་པ་ལས། ཚན་རིག་པ་ཁོ་ནའི་ཡིན་ཞེས་ང་ཚོས་ནམ་ཡང་བརྗོད་མི་རུང་བ་ཡིན་ཏེ། ཚན་རིག་པའི་གཏན་ཚིགས་ཀྱི་ལམ་ནས་ཕྱིའི་འཇིག་རྟེན་དང་། ནང་བཅུད་ཀྱི་སྐྱེ་འགྲོ་ཀུན་ལ་དངོས་ཐོག་བདེན་འཚོལ་གྱི་འགྲེལ་བཤད་བྱས་པ་དེ་དག་གིས་ནང་པའི་འཇིག་རྟེན་ལྟ་ཚུལ་དང་། འགྲེལ་བཤད་ཀྱི་ཡན་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་པ་མ་ཟད། ཇི་ཙམ་གྱིས་ཚན་རིག་ལ་སྦྱང་བ་དེ་ཙམ་གྱིས་ཐུབ་པའི་གསུང་གི་སྙིང་པོ་སྟོང་དང་རྟེན་འབྱུང་གི་ཆོས་ཚུལ་མཐའ་དག་ལ་ཡིད་ཆེས་ཇེ་བརྟན་[16]དུ་གཏོང་ཐུབ་པ་ནི། ནང་པ་ཚན་རིག་སློབ་མྱོང་བ་དག་གི་ཉམས་མྱོང་དང་དངོས་སྟོབས་ཀྱི་རིགས་པ་གཉིས་ཀས་གྲུབ་པ་ཡིན་ནོ། །

མདོར་ན། འཇིག་རྟེན་རིལ་མོ་འདིའི་སྒང་གི་མི་རྣམས་ལུས་ཀྱི་འཕྲོད་བསྟེན་ཚན་རིག་དང་མཐུན་ཞིང་། ཕྱི་ནང་གི་ཆོས་ཀྱི་རྟེན་འབྲེལ་ཤེས་པ་སྔོན་སོང་གིས་སེམས་ཀྱི་འཁྱེར་སོ་འཚེ་མེད་ཞི་བའི་ལམ་བུར་བསྙེག་ཐུབ་པ་ཞིག་བྱུང་ན་སྙམ་པའི་བློ་ཙམ་སྐྱེས་ནའང་། ད་གཟོད་༧རྒྱལ་དབང་མཆོག་གིས་ལོ་མང་རིང་འཛམ་གླིང་ཤར་ནུབ་ཀྱི་ཚན་རིག་པ་བརྒྱ་ཕྲག་མང་པོའི་དཀྱིལ་འཁོར་དུ་བཞུགས་ནས་བླ་ན་མེད་པའི་ཤེས་རབ་ཀྱི་རྣོ་སོ་བཏོན། ཕ་མཐའ་བྲལ་བའི་སྙིང་རྗེའི་ཆུ་གཏེར་བརྡོལ་ཏེ་སྐུ་ངལ་ལ་མ་འཛེམས་པར་འགྲོ་བ་མིའི་རིགས་ཡང་དག་པའི་ལམ་དུ་ཇི་ལྟར་ཁྲིད་ཐུབ་ཨང་དགོངས་པའི་ཐུགས་བསྐྱེད་ཟབ་མོའི་ཆ་ཤས་ཙམ་མངོན་དུ་གྱུར་པ་ཡིན་པས། གནའ་དེང་རིག་པའི་རྣམ་གཞག་གང་ལ་ཡང་གྱ་ཚོམ་དུ་མི་འཇུག་པར་གཏན་ཚིགས་ཀྱི་ལམ་ནས་གཟུ་བའི་བློ་གྲོས་ཀྱིས་དཔྱོད་ཅིང་འཇུག་པ་དག་གིས་འཇིག་རྟེན་ཞི་བདེའི་ལམ་བཟང་འདི་ཉིད་འཛིན་མའི་ཁྱོན་ཀུན་ཏུ་སྤེལ་བ་ལ་སྒོ་ཀུན་ནས་ཤ་ཐང་དུ་འབད་པར་རིགས་སོ། །

སྨྲས་པ།

ཆོས་ཀུན་སྒྱུ་མར་རྟོགས་པའི་ནང་པ་དང་། །
ཕྱི་རོལ་ཡུལ་ཙམ་དཔྱོད་པའི་ཚན་རིག་པ། །
གནས་ལུགས་ལྟ་བའི་སྒེའུ་ཁུང་མི་གཅིག་ཀྱང་། །
བདེན་པའི་ལམ་བུར་མོས་ལ་ཁྱད་པར་མེད། །

ཀླད་སེམས་རྫས་གཅིག་སྨྲ་བའི་ཚན་རིག་པས། །
སྔོན་ཆད་མི་ནི་འཕྲུལ་ཆས་ཡིན་ཞེས་བཤད། །
ད་ཆ་རྡུལ་ཕྲན་ཆ་མེད་མཐོང་ནའང་། །
སྙིང་རྗེའི་རྒྱ་མཚོ་མ་མཇལ་སྐལ་བ་དམན། །

འཕྲུལ་གྱི་མིག་ཟུང་བདེན་པར་བཀུར་དྲགས་པས། །
ཉམས་མྱོང་ཚད་མའི་རྒྱལ་ས་ཤོར་བ་ཡི། །
ཚན་རིག་པ་དག་བློ་གྲོས་ཆེ་འོ་ཞེས། །
ལན་རེ་སྨྲ་བའི་སྤོབས་པ་བདག་ལ་མེད། །

དེ་ལྟ་ནའང་གཟུ་བོར་གནས་པའི་བློས། །
ལན་མང་དཔྱད་ཅིང་བརྟགས་པའི་བརྩེ་འཛུམ་གྱིས། །
བདེན་དོན་བག་མར་བསུ་པའི་ཚན་རིག་པ། །
འདི་སྣང་ཁྱིམ་གཞི་སྐྱོང་བའི་རྒྱལ་སྲས་ཡིན། །

ནང་གི་དེ་ཉིད་འཆད་ལ་ནང་པ་མཁས། །
ཕྱི་ཡི་རྣམ་གཞག་རིག་གསར་མཁན་པོས་ཤེས། །
ཤེས་བྱའི་ནམ་མཁའ་བརྒལ་འདོད་གཞོན་ནུ་ཚོས། །
རིག་པའི་གཤོག་ཟུང་འདི་གཉིས་འཚོལ་བར་རིགས། །

 

ཟུར་བལྟའི་དཔེ་ཁུངས།    

 

༡]         དགེ་ཆོས་ཀྱི་གསུང་འབུམ།

༢]         རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།

༣]         ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།

༤]         འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་རིག་པའི་རྣམ་གཞག

༥]         ཀླད་ཆེན་དང་སེམས་ཀྱི་འབྲེལ་བ་ལ་དཔྱད་པ།

༦]        བོད་ཀྱི་ཚན་རིག་དུས་དེབ་ཁག

༧]        ཐུགས་དམ་དཔྱད་ཞིབ་དང་འབྲེལ་བའི་གློག་བརྙན་ཁག

༨]         སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་།

༩]         བྱམས་བརྩེ་དང་། དྲང་བདེན་གྱི་བླ་སྲོག

༡༠]       ནང་པའི་ལྟ་གྲུབ་དང་ཚན་རིག་ཀུན་བཏུས།

༡༡]       ཆོས་ལུགས་ལ་མ་བསྟེན་པའི་བཟང་སྤྱོད།

༡༢]       སེམས་དང་སྲོག་གི་དྲ་ཚིགས། https://www.mindandlife.org

 

 དཔྱད་ཡིག་དང་ཞབས་མཆན། 

 

[1] དགེ་ཆོས་ཀྱི་གསུང་དུམ་འདིའི་སྙིང་པོ་༧གོང་མཆོག་གིས་བཀའ་རྩོམ་གྲགས་ཅན་<< རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་>> གྱི་གླེང་བརྗོད་ནང་དུ་ཡང་དྲངས་ཡོད་ཅིང་། དེའི་ནང་དགེ་ཆོས་དང་ཁོང་གཉིས་ཀྱིས་ཆོས་དང་ཚན་རིག་ལ་མཉམ་འབྲེལ་ལ་བཅངས་པའི་ལྟ་ཚུལ་མཐུན་པ་དང་། སྐབས་དེའི་བོད་པའི་སྤྱི་ཚོགས་ཀྱིས་དགེ་ཆོས་ཀྱི་དགོངས་བཞེད་དེར་དོ་སྣང་སྤྲོད་མ་ཐུབ་པ་ནི་བློ་ཕམ་དགོས་པའི་གནས་ཚུལ་ཡིན་གསུངས་ཡོད།

[2] ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༨ པའི་ཚེས་ ༣༠ ཉིན་ཨ་རིའི་སྐུད་ལྡན་གློག་བརྙན་དྲ་རྒྱས་ཁོང་ལ་བཀའ་འདྲི་ཞུ་སྐབས་དེ་ལྟར་གསུངས་ཚུལ་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་<<བྱམས་བརྩེ་དང་། དྲང་བདེན་གྱི་བླ་སྲོག>>  གི་ཤོག་གྲངས་ ༣༧༩ པར་གསལ།

[3] ༧གོང་ས་མཆོག་གིས་སྐུ་ན་ཆུང་དུས་སུ་ཆུ་ཚོད་བཟོ་བསྐྲུན་མཛད་པའི་སྙན་གྲགས་ཤར་ནུབ་གང་སར་ཁྱབ་ཡོད།

[4] ཕྱི་ལོ་ ༡༩༢༧ ལོར་ཐོན་པའི་སྦས་བྷིའི་ཨོ་སི་ཀྲན་ཟེར་བའི་རླངས་འཁོར་སྔོན་པོ་དང་། སེར་པོ་གཉིས་ཡིན།

[5] གཙོ་བོ་ཚན་རིག་གི་ལྟ་གྲུབ་དང་། དབང་རྩ། ཀླད་ཁམས། སྐྱེ་དངོས་ཚན་རིག་ལ་གོ་དགོས་པ་ཡིན།

[6] ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ་ཆོས་དུག་ཏུ་བརྩིས་པའི་མའོ་ཡི་ལྟ་བ་དེ་ད་ཆ་ཆེས་རྗེས་ལུས་སུ་གྱུར་པར་མ་ཟད། གཟུར་གནས་ཀྱི་ཚན་རིག་པ་དག་གིས་ཀྱང་ཆོས་ལུགས་མེད་པའི་ཚན་རིག་ནི་ལོང་བ་ཡིན་པའི་བསྒྲགས་གཏམ་སྤེལ་བའི་དུས་སྐབས་སུ་སླེབས་ཡོད།

[7] ནང་པའི་ཕུན་སུམ་ཚོགས་པའི་སེམས་ཁམས་ཀྱི་བཤད་པས་དེང་རབས་ཚན་རིག་གི་ཤེས་བྱ་ཡར་རྒྱས་གཏང་རྒྱུ་དང་། ཚན་རིག་པའི་དངོས་ཁམས་རིག་པའི་བཤད་པ་དཔེར་ན། འཇིག་རྟེན་ཆགས་ཚུལ་དང་། རྡུལ་ཕྲན་ཕྲ་མོ་དང་དུས་ཀྱི་རྣམ་གཞག་སོགས་ལ་ནང་པའི་ངོས་ནས་བློ་བསྐྱེད་གསར་པ་མང་དུ་ལེན་རྒྱུ་ཡོད་པ་ལྟ་བུར་དགོངས་པར་སྣང་ངོ་། །

[8] ཝོན་ཝེ་ཟེ་ཁར་ནི། (ཕྱི་ལོ་ 1912-2007) ཇར་མན་གྱི་དངོས་ཁམས་དང་མཚན་ཉིད་རིག་པ་བ་ཞིག་ཡིན། ཁོང་ནི་དམག་ཆེན་གཉིས་པའི་དུས་སྐབས་ཀྱི་ཇར་མན་གྱི་རྡུལ་ཕྲན་ཞིབ་འཇུག་རུ་ཁག་གི་ཁོངས་མི་ཡུན་རིང་ཤོས་དེ་ཡིན། ཁོང་གི་ཕ་ནི་ (Ernst Heinrich Freiherr von Weizsäcker ) ཇར་མན་གྱི་མཚོ་དམག་གི་ལས་བྱེད་དང་། གཞུང་ཚབ། ཆབ་སྲིད་པ་བཅས་ཡིན་ཞིང་། ཁོང་གི་གཅེན་པོ་ German President Richard von Weizsäcker ནི་ཇར་མན་གྱི་སྲིད་འཛིན་དང་། ཁོང་གི་བུ་ Ernst Ulrich von Weizsäcker ནི་ཇར་མན་གྱི་ཚན་རིག་པ་དང་ཆབ་སྲིད་པ་ཞིག་ཡིན། ཁོང་རང་ཉིད་ཀྱིས་ཚན་རིག་གི་ནུས་ཤུགས་ཐོན་བསྐྱེད་ཐད་ལྟ་གྲུབ་ཀྱི་གསར་རྙེད་གལ་ཆེན་ (theoretical discoveries regarding energy production) སོགས་བྱུང་ཡོད། https://en.wikipedia.org/wiki/Carl_Friedrich_von_Weizsäcker

[9] ཀལ་པོབ་པར་ནི། (ཕྱི་ལོ་ 1902-1994) ཨོ་སི་ཊོ་ལི་ཡར་སྐྱེས་པའི་ཨིན་ཇིའི་ལྟ་གྲུབ་སྨྲ་བ་དང་། སྤྱི་ཚོགས་དང་ཆེད་སྦྱོང་ (academic and social commentator) གི་འགྲེལ་བཤད་གནང་མཁན་ཞིག་ཡིན་ཞིང་། ཁོང་ནི་དུས་རབས་ཉི་ཤུ་པའི་ནང་གི་ཚན་རིག་ལྟ་གྲུབ་སྨྲ་བ་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན། https://en.wikipedia.org/wiki/Karl_Popper

[10] ཌཝིཌི་བྷོམ་ནི། (ཕྱི་ལོ་ ༡༩༡༧-༡༩༩༢) དུས་རབས་ཉི་ཤུའི་ནང་བྱུང་བའི་ཨ་རིའི་ཚན་དངོས་ཁམས་ཚན་རིག་པ་ (theoretical physicists) ཞིག་ཡིན་ཞིང་། ཁོང་གིས་དངོས་ཁམས་ལྟ་གྲུབ་ཚན་རིག་གི་གལ་གནད་འགྲེལ་བཤད་གནང་བ་དང་། ཁྲོན་ཏྲོམ་རྣམ་གཞག་ (quantum theory) དང་། ཀླད་རྩ་རིག་པ། (neuropsychology) སེམས་ཀྱི་མཚན་ཉིད་ (philosophy of mind) ལྟ་གྲུབ་རྙིང་ཞེན་མེད་པའི་ (unorthodox ideas) ལྟ་ཚུལ་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་ནི་སྙན་གྲགས་ཅན་གྱི་ཚན་རིག་པ་ཨ་ཡན་སི་ཐན་གྱི་སློབ་མ་དང་། ༧གོང་ས་མཆོག་གི་ཚན་རིག་དགེ་རྒན་ཡང་ཡིན། https://en.wikipedia.org/wiki/David_Bohm

[11] ད་ལྟའི་ཆར་ཚོགས་པ་འདིའི་ཡན་ལག་ཨ་རི་དང་།  རྒྱ་གར་བཅས་ཡུལ་གྲུ་མང་པོར་ཁྱབ་ཡོད་ཅིང་། ཚོགས་པ་འདི་ཐོག་མར་ཇི་ལྟར་བྱུང་བ་དང་། ཇི་ལྟར་ཚུགས་པ། ཕྱི་ལོ་ ༢༠༡༠ བར་ས་གནས་གང་དུ་སྔ་ཕྱིར་ཚོགས་གྲངས་ཁྱོན་ག་ཚོད་འཚོགས་ཟིན་པ་བཅས་ཀྱི་སྐོར་དགེ་བཤེས་ལྷག་རྡོར་གྱིས་ཨིན་བསྒྱུར་བྱས་པའི་ << སེམས་དང་སྲོག་གི་ལོ་རྒྱུས་ >> ཞེས་པའི་རྩོམ་ཡིག་<< བོད་ཀྱི་ཚན་རིག་དུས་དེབ། >>  སྤྱིའི་འདོན་ཐེངས་ ༡༤ པའི་ཤོག་གྲངས། ༦༤ པར་གསལ་ཞིང་། སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༤ པ་དེ་<< བྱམས་བརྩེ་དང་། འགྲོ་བ་མིའི་བར་གྱི་འབྲེལ་ལམ་དང་འགྱུར་ལྡོག་ >> ཅེས་པའི་བརྗོད་གཞིའི་ཐོག་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ཚེས་ ༣༠ དང་། ཟླ་ ༡༡ པའི་ ཚེས་ ༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཉིན་གཉིས་རིང་འཚོགས་ཡོད།

[12] ཁོང་ནི་ཨ་རིའི་ཝས་ཀན་སན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཡིན་ཞིང་། སློབ་གཉེར་ཁང་དེར་ཡོད་པའི་ཀླད་པའི་ཚན་རིག་བརྟག་དཔྱད་ཁང་དུ་༧གོང་ས་མཆོག་གདན་ཞུ་མཛད་ཡོད་པར་མ་ཟད། བོད་ཀྱི་སྒོམ་ཆེན་པ་མང་པོ་གདན་ཞུས་ཀྱིས་སྒོམ་སྒྲུབ་ཀྱི་ནུས་པར་ཉམས་ཞིབ་བྱས། ཕྱི་ལོ་ ༡༩༩༥ ལོར་མཁས་དབང་ཁོང་གིས་སེམས་དང་སྲོག་གི་བགྲོ་གླེང་སྐབས་ཚན་རིག་འབྲེལ་མཐུད་པའི་ཕྱག་ལས་གནང་ཞིང་། ཁོང་ནི་ད་ལྟའི་ཆར་ཡང་ཚོགས་པ་དེའི་འཐུས་མི་གལ་ཆེན་ཞིག་ཡིན།  ཕྱི་ལོ་ ༡༩༩༢ ལོའི་བགྲོ་གླེང་གི་བརྗོད་བྱ་དག་<< ཏཱ་ལའི་བླ་མ་དང་ལྷན་དུ་རྣམ་ཤེས་འཚོལ་བ་ >> ཞེས་པའི་དཔེ་དེབ་ཀྱི་ངོ་བོར་བསྐྲུན་ཡོད།

[13] འདི་ནི་ཡོངས་དགེ་མི་འགྱུར་རིན་པོ་ཆེ་སོགས་ནང་ཆོས་ཉམས་ལེན་པ་བརྒྱད་ཀྱིས་ཞི་གནས་བསྒོམས་པའི་ནུས་པ་དང་། མི་དཀྱུས་མས་གསར་དུ་བསྒོམས་པའི་ནུས་པ་གཉིས་ཀྱི་ཁྱད་པར་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་གང་ཡིན་ WisConsin ཞེས་པའི་ཨ་རིའི་ཚན་རིག་གི་དུས་དེབ་སྟེང་བཀོད་ཡོད།

[14] རྨེའུ་སྤྲུལ་བསྟན་འཛིན་རྒྱ་མཚོས་བརྩམས་པའི་ཀླད་ཆེན་དང་སེམས་ཀྱི་འབྲེལ་བ་ལ་དཔྱད་པ་ཞེས་པའི་དཔེ་དེབ་ཏུ་གསལ།

[15] “ If there is any religion that could cope with modern scientific needs it would be Buddhism.”ཞེས་གསུངས་མྱོང་བ་ལྟར་རོ། །

[16]  འདིའི་དོན་ནི། ཇི་སྐད་དུ། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། ། ཇི་ལྟ་ཇི་ལྟར་རྣམ་བསམས་པ། ། དེ་ལྟ་དེ་ལྟར་མགོན་ཁྱེད་ལ། །        བདག་གི་སེམས་འདི་དད་པར་གྱུར། ། ཅེས་སོགས་གསུངས་པ་དང་གནད་གཅིག་པ་ཡིན་པས་སོ། །

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།