ལ་དྭགས་ཡུལ་སྐད་ཀྱི་ཁྱད་ཆོས་འགའ་ཞིག་གླེང་བ།

3
1740

[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིའི་ནང་དུ་མར་ཡུལ་ལ་དྭགས་ཞེས་པ་ངོ་སྤྲོད་དང་འབྲེལ།  ལ་དྭགས་ཡུལ་སྐད་ཀྱི་མིང་བརྡའི་འབྱུང་ཁུངས་དང། ཚིག་ཕྲད་སྦྱོར་ཚུལ། ཞེ་ཚིག་སྤྱོད་སྟངས་སོགས་རགས་ཙམ་བསྟན་ཏེ་ལ་དྭགས་ཡུལ་སྐད་སྤྱིའི་ཁྱད་ཆོས་འགའ་ཞིག་གསལ་སྟོན་བྱས་ཡོད།

[གནད་ཚིག]  མར་ཡུལ་ལ་དྭགས། ཡུལ་སྐད། བརྡ་རྙིང་།

 གླེང་སློང་བ།

ལ་དྭགས་ཡུལ་སྐད་ནི་བོད་ཀྱི་ཡུལ་སྐད་ལས་ལོགས་སུ་ཡན་གར་བ་ཞིག་མིན་པས་ང་ཚོས་བོད་སྐད་དང་ལ་དྭགས་སྐད་ཅེས་སོ་སོར་མི་ཕྱེད་པར་བོད་ཀྱི་ཡུལ་སྐད་སྤྱིའི་ཁྱབ་ཁོངས་སུ་གཅིག་ཏུ་བགྲང་ན་དགེ་མཚན་བླ་ལྷག་ཏུ་ཆེ་བར་མཐོང་།  དེ་མིན་ཡུལ་ཁམས་ཐ་དད་དུ་གནས་ཤིང་། སྐད་ཀྱི་ངོས་ཟུར་ཙམ་རེ་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་བོད་སྐད་ལས་གུད་དུ་ཕྱེ་ཚེ་ཨ་མདོའི་སྐད་དང་། ཁམས་སྐད་སོགས་ཀྱང་བོད་སྐད་ལས་ལོགས་སུ་དབྱེ་དགོས་ཆགས་ལ། དེ་ལྟར་ན་ཡུལ་སྐད་གང་དང་མ་འབྲེལ་བའི་བོད་སྐད་ཅེས་ཡན་གར་བ་ཞིག་ལར་ནས་ངོས་གཟུང་མི་བཏུབ་པར་འགྱུར་ངེས་ཡིན། ལ་དྭགས་རང་གི་ཡུལ་སྐད་དུའང་ལ་དྭགས་གཤམ་སྟོད་དང་། ནུབ་ར། བྱང་ཐང་། ཟངས་དཀར་བཅས་ཀྱི་ཡུལ་སྐད་ཕན་ཚུན་ཅུང་ཙམ་མི་འདྲ་བ་རེ་མཆིས་མོད། འདིར་སྤྱི་ཡོངས་སུ་བཀོལ་ཅིང་སྤྱོད་པའི་ལ་དྭགས་ཡུལ་སྐད་ལ་ཉེ་བར་བཅར་ཏེ།  རང་ཉིད་ཡུལ་འདིར་སྔ་ཕྱིར་ཐེངས་གཉིས་ལ་བསྐྱོད་པའི་མཐོང་ཐོས་དང་འབྲེལ་གནའ་བོའི་བརྡ་དང་ཐ་སྙད་ཀྱིས་ཕྱུག་པའི་མར་ཡུལ་ལ་དྭགས་ཀྱི་ཡུལ་སྐད་ཁྲོད་མངོན་པའི་ཁྱད་ཆོས་འགའ་ཞིག་འདིར་ཆེད་དུ་གླེང་བར་སྤྲོའོ།།

 ༡ མར་ཡུལ་ལ་དྭགས་ངོ་སྤྲོད་མདོར་བསྡུས།

མར་ཡུལ་ལ་དྭགས་ཞེས་པ་ནི་བོད་ཀྱི་སྟོད་མངའ་རིས་ཡུལ་གྱི་ནུབ་ཕྱོགས་སུ་མཆིས་ཤིང་། སྔར་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། ཕྱིས་བོད་སིལ་བུར་འཐོར་རྗེས་སུ་རྒྱལ་ཕྲན་རང་སྐྱ་བའི་ངོ་བོར་གནས་པ་དང་།  ཁྱད་པར་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སྟོད་དུ་གཤེགས་ཏེ་མར་ཡུལ་ལ་དྭགས་སོགས་དབང་དུ་བསྒྱུར་ཅིང་། ཁོང་ལ་སྟོད་ཀྱི་མགོན་གསུམ་དུ་གྲགས་པའི་སྲས་གསུམ་འཁྲུངས་པ་རིམ་གྱིས་ནར་སོན་པ་ན་རང་གི་རྒྱལ་སྲིད་སྲས་གསུམ་པོར་སོ་སོར་བཅད་བགོས་ཀྱིས་མར་ཡུལ་ལ་དྭགས་འདི་ཉིད་སྲས་ཆེ་བ་དཔལ་གྱི་མགོན་གྱིས་བཟུང་བས་ན་ཕྱིས་ལ་དྭགས་རྒྱལ་རབས་དང་བོ་ལྷ་ཆེན་དཔལ་གྱི་མགོན་ནས་ངོས་འཛིན་པའང་མང་དུ་སྣང་།  དེ་ནས་བཟུང་བོད་བཙན་པོའི་གདུང་རྒྱུད་ཕྱི་མས་ལ་དྭགས་དང་ཟངས་དཀར་ཡུལ་དུ་མངའ་དབང་རིམ་པར་བསྒྱུར་ཏེ།  བཙན་པོའི་གདུང་རྒྱུད་ཕྱི་མ་དང་འབྲེལ་བའི་ལ་དྭགས་དང་མང་སྤྲོ། ཟངས་དཀར་བཅས་ཀྱི་རྒྱལ་བོའི་རབས་ཀྱི་རྒྱུད་པ་ད་ལྟའང་རྒྱུན་མ་ཆད་ཙམ་དུ་གནས་ཡོད་པ་རེད། དེ་ལྟར་དུས་ཀྱི་འགྱུར་བ་རིམ་པར་བརྒྱུད་དེ་སྐབས་ཤིག་ནས་མར་ཡུལ་ལ་དྭགས་ཀྱི་ཡུལ་འདི་ཉིད་རྒྱ་གར་རྒྱལ་ཁབ་ཆེན་པོའི་རྒྱལ་ཁོངས་སུ་གཏོགས་ཤིང་། ད་ལྟར་ཡུལ་འདིའི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༥,༡༡༠ དང་།  ཕྱི་ལོ་༢༠༡༡ ལོའི་མི་གྲངས་ཞིབ་གཤེར་ལྟར་ན། མི་འབོར་ ༡༣༣,༤༨༧ ཡོད་པར་བཤད།  ལ་དྭགས་ཀྱི་ཐོག་མའི་མིང་ལ་མར་ཡུལ་ཟེར་བ་བོད་ཀྱི་ཆོས་འབྱུང་རྙིང་གྲས་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཉང་ཆོས་འབྱུང་དང་ལ་དྭགས་རྒྱལ་རབས་བཅས་སུ་གསལ་ལ། ལོ་ཙཱ་བ་རིན་ཆེན་བཟང་བོའི་རྣམ་ཐར་དུའང་“པུ་ཧྲངས་ཀྱི་ཁ་ཆར། གུ་གེའི་ཐོ་ལིང་། མར་ཡུལ་གྱི་མྱར་(ཉར)མ་དང་གསུམ་སྟེ། གཙུག་ལག་ཁང་ཆེན་པོ་གསུམ་པོ་དེ་ཚར་ནས། རབ་གནས་དང་ཞལ་སྤྲོས་རྒྱས་པར་མཛད་”[1]ཚུལ་གསལ་བ་དེ་ལྟར་ལགས་མོད།  ཕྱིས་སུ་ལ་དྭགས་ཞེས་པའི་མིང་འདི་ཁྱབ་ཆེ་བར་གྱུར་པས་ད་ལྟར་ཀུན་གྱིས་ཡུལ་འདི་ལ་ལ་དྭགས་ཞེས་འབོད་པ་ལས་མར་ཡུལ་ཞེས་འབོད་པ་མེད་པར་སྣང་།  ལ་དྭགས་ཞེས་པར་ཡང་གཞན་དུ་ལ་འཐག་དང་། བླ་དྭགས་ཞེས་ཅི་རིགས་བྲིས་པ་མཆིས་མོད། ཡོངས་ཁྱབ་ཏུ་ལ་དྭགས་ཞེས་འབྲི་བར་བྱེད་ལ།  ཕྱིས་ཀྱི་བྱུང་རབས་ལོ་རྒྱུས་ཁག་ཏུ་འདི་ལ་སྒྲ་བཤད་འདྲ་ཆགས་པོ་རེ་བྱས་པའང་མཐོང་དུ་ཡོད་ཀྱང་།  དེ་དག་ནི་ངག་རྒྱུན་ལྟ་བུ་ཞིག་ལས་ཁུངས་ཐུབ་ཀྱི་ཡིག་འཇོག་ལ་བརྟེན་པ་ནི་ཕལ་ཆེར་མེད་པར་སྣང་།

༢ བོད་ཀྱི་ཡུལ་སྐད་གཞན་དང་མིང་བརྡ་ཚིག་ཕྲད་གཅིག་སྤྱོད་ཀྱི་ཆ་གླེང་བ།

བོད་ཀྱི་ཡུལ་སྐད་ལ་སྤྱིར་དབྱེ་ན་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གསུམ་དུ་ཕྱེ་བ་ལས་ལ་དྭགས་ཡུལ་སྐད་ནི་ལྟོས་བཅས་ཀྱིས་ཨ་མདོའི་ཡུལ་སྐད་དང་འདྲ་བའི་ཆ་ཅུང་མང་བར་འདོད།  དེ་ནི་སྟོད་ཀྱི་ལ་དྭགས་དང་སྨད་ཀྱི་ཨ་མདོ་གཉིས་གནས་ཡུལ་གྱི་ཆ་ནས་ཡུལ་ལུང་སྟོང་ཕྲག་མང་བོས་བར་དུ་ཆོད་ཅིང་།  ཡུལ་ཕན་ཚུན་ལ་འགྲོ་འོང་གི་འབྲེལ་འདྲིས་ཀྱང་དེ་ཙམ་མེད་ནའང་།  ཡུལ་སྐད་ལ་མིང་བརྡ་དང་ཚིག་ཕྲད་གཅིག་སྤྱོད་ཀྱི་ཆ་ཅུང་ཙམ་མང་བ་ནི་གཉི་ག་བོད་ཀྱི་ཡུལ་དབུས་ནས་ཕྱོགས་མཐའ་རུ་གནས་ཤིང་།  ཆོས་རྒྱལ་མེས་པོའི་སྐབས་སྐད་གསར་བཅད་རིམ་པས་བོད་རིགས་འདུས་སྡོད་ཡོངས་སུ་མ་ཁྱབ་པར་སྔར་གྱི་བརྡ་མང་བོ་ཞིག་ད་ལྟ་ད་དུང་སྐད་ཆའི་འགྲོས་སུ་ལྷག་ཡོད་པ་ཡིན་པར་སྙམ།  དེའི་ཕྱིར་ལ་དྭགས་ཡུལ་སྐད་ཁྲོད་དུའང་སྔར་གྱི་བརྡ་རྙིང་བ་ང་ཚོས་ངོས་ཟིན་པ་མང་བོ་ཞིག་ཡོད་ལ།  དེ་དག་ལས་ཨ་མདོའི་ཡུལ་སྐད་དང་གཅིག་སྤྱོད་ཀྱི་ཐ་སྙད་དེ།  དཔེར་ན།  གསར་བ་ལ་སོ་མ་ཞེས་བརྗོད་པ་ལྟ་བུ་ནི་ལ་དྭགས་པའི་ཡིག་ངག་གཉིས་ཐོག་ན་ཆེས་རྒྱུག་ཆེ་བའི་ཐ་སྙད་ཅིག་ཡིན།  ཁོང་ཚོས་བྱ་དངོས་གང་ཞིག་གསར་བ་ཡིན་པར་བརྗོད་པ་ལ་སོ་མ་ཞེས་པ་ལས་གསར་བ་ཞེས་མི་འབོད།   དེ་བཞིན་དུ་སང་ཉིན་ལ་ཐོ་རེ་(འདི་ཡིག་སྐད་དུ་ཐོ་རེངས་ཞེས་པ་ཡིན།)དང་།  སྐྱོགས་ལ་ཐོམ་བུ།  སླེ་བོ་ལ་སེ་བོ།  ཟེར་བ་ལྟ་བུ་མང་ལ། ཡང་ཨ་མདོའི་ཡུལ་སྐད་དང་མིང་བརྡ་གཅིག་པ་ཡིན་ཡང་དོན་གྱི་གོ་བ་རྦད་དེ་ལོགས་ཀ་ཡིན་པའང་མཆིས་ཏེ།  དཔེར་ན།  ཨ་མདོའི་ཡུལ་སྐད་དུ་བག་ལེབ་སྤྱིའི་མིང་ལ་གོ་རེའམ་ཀོ་རེ་ཞེས་འབོད་པ་ལ།  ལ་དྭགས་ཡུལ་སྐད་དུ་ཀོ་རེ་ཞེས་པ་ནི་ཇ་སོགས་འཐུང་སྤྱད་ཀྱི་ཕོར་བ་ལ་གོ་བ་ལྟ་བུའང་ཡོད།

དེ་མིན་རྒྱུན་སྤྱོད་ཀྱི་སྐད་ཆའི་ཁྲོད་ཚིག་གི་སྡེབ་ལ་ཡང་ཡང་མངོན་པའི་རྗེས་འཇུག་རང་འདྲར་སྦྱར་བའི་ཚིག་ཕྲད་དེ།  དཔེར་ན།  ང་ཁྲོམ་ལ་འགྲོ་ཡི་ཡིན། ཞེས་པར་ཨ་མདོའི་ཡུལ་སྐད་དུ། ང་ཁྲོམ་མ་འགྱོ་གི་ཡིན། ཞེས་པ་དང་།  དེ་བཞིན་དུ་ཁྱོད་ཀྱི་མིང་ལ་ཅི་ཟེར་ལྟ་བུ་ལ། ཁྱོའི་མྱིང་ང་ཆི་ཟེར། ཞེས་བརྡ་སྤྲོད་རིག་པའི་འགྲོས་ལྟར་ན་ལ་དོན་གྱི་ཕྲད་སྦྱོར་དགོས་པ་ལ་ཡུལ་སྐད་དུ་རྗེས་འཇུག་རང་འདྲའི་ཚིག་ཕྲད་སྦྱོར་བའི་ཚུལ་རྒྱུན་འབྱམས་སུ་སོང་ཡོད་པ་བཞིན།  ལ་དྭགས་ཡུལ་སྐད་དུའང་།  “གང་ལ་ཕེབས་”ཞེས་པར་“གང་ང་བསྐྱོད་”དང་། “དམག་ལ་ཆས་དགོས་”ཞེས་པར་“དམག་ག་ཆ་དགོས།”  “ཐག་ཉེ་མོ་ཞིག་ལ་དགོན་པ་ཞིག་བཞེངས་”ཞེས་པར་“ཐག་ཉེ་མོ་ཞིག་ག་དགོན་པ་ཞིག་བཞེངས་”ཞེས་པ་ལྟ་བུ་མང་དུ་མཆིས་པ་ནི་ལ་དོན་གྱི་ཕྲད་ཚབ་ཏུ་སྦྱར་བ་ཁོ་ནའི་དཔེ་མཚོན་ཡིན་ལ།  དེ་ལས་གཞན་འབྲེལ་སྒྲའི་ཕྲད་ཚབ་ཏུ་རྗེས་འཇུག་རང་འདྲར་ཨི་ཡིག་ཞུགས་ཏེ་སྟོན་པའང་སྣང་སྟེ། དཔེར་ན།  ཆོས་ཀྱི་དོན་ཟེར་བ་ལ་ཆོས་སི་དོན་ཞེས་པ་དང་།  ཡུལ་གྱི་ནས་ཞེས་པ་ལ་ཡུལ་ལི་ནས།  མཛོད་ཀྱི་ནོར་ཞེས་པ་ལ་མཛོད་དི་ནོར།  མདུན་གྱི་མེ་ཏོག་ཅེས་པ་ལ་མདུན་ནི་མེ་ཏོག་ཅེས་ཨི་ལྡན་གྱི་ཕྲད་གི་ཀྱི་གྱི་གསུམ་གྱི་ཚབ་ཏུ་སི་ལི་དི་ནི་ཞེས་སྦྱར་ཏེ་དོན་དེ་དང་དེ་སྟོན་པར་འཇུག་པ་ལྟ་བུའོ།།

འདི་ལྟར་རྗེས་འཇུག་རང་འདྲའི་མཐར་ཚིག་ཕྲད་རང་འདྲ་སྦྱར་ཏེ་སྟོན་པ་ནི་གོང་དུ་དྲངས་མ་ཐག་པའི་ཨ་མདོའི་ཡུལ་སྐད་དང་ལ་དྭགས་ཡུལ་སྐད་ཁོ་ན་མ་ཡིན་པར་བོད་ཀྱི་ཡུལ་སྐད་གཞན་དུའང་ཡོད་ལ། བརྡ་སྤྲོད་རིག་པའི་གཞུང་ལུགས་སུའང་ཚིག་ཕྲད་རྗེས་འཇུག་རང་འདྲར་སྦྱར་དགོས་པར་བསྟན་པའི་གོ་ལ་སོགས་པའི་སླར་བསྡུ་དང་གམ་ལ་སོགས་པའི་འབྱེད་སྡུད། དེ་བཞིན་ལ་དོན་གྱི་སུ་ཡིག་དང་།  ལྷག་བཅས་ཀྱི་དེ་སྒྲ་སོགས་ཡོད་པ་ནི་སྤྱིར་བོད་ཀྱི་ཚིག་ཕྲད་ཕལ་མོ་ཆེ་ཞིག་རྗེས་འཇུག་ཡི་གེས་གཙོ་བོར་གྲུབ་པའམ་རྗེས་འཇུག་ཡི་གེ་ལ་ལྟོས་ཏེ་གྲུབ་པའི་གནད་ཀྱིས་ཡིན་པར་སྙམ།  ཚུལ་འདི་འདྲར་དགོངས་ཏེ་བོད་ཀྱི་བརྡ་སྤྲོད་སྨྲ་བ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ཀྱང་།  “བོད་སྐད་ཀྱི་བྱེ་བྲག་ཡུལ་སྐད་ཆེན་པོ་གསུམ་དུ་ད་ལྟའང་རྗེས་འཇུག་རང་འདྲའི་མཐར་ཚིག་ཕྲད་རང་འདྲ་ཐོན་གྱིན་ཡོད་པ་ནི། སྟེས་དབང་གི་དེ་འདྲའི་གནས་ཚུལ་བྱུང་བ་མ་ཡིན་པར། ཚིག་ཕྲད་ཐོག་མར་བྱུང་དུས་ཀྱི་རྣམ་པ་ད་ལྟ་ད་དུང་སྐད་ཆའི་སྡེབ་ལ་ཉར་པའི་རྟགས་སུ་འཁུམས་”[2]པའི་དཔྱད་འཇོག་གནང་ཡོད།

སྐབས་དོན་ལ་དྭགས་ཡུལ་སྐད་ཁྲོད་དུ་དེ་ལྟ་བུའི་ཚིག་ཕྲད་མང་དུ་ཐོན་གྱིན་ཡོད་པར་བརྟེན་བར་ལམ་ཞིག་ལ་ལ་དྭགས་པའི་ཁྲོད་དུ་འབྲུག་པ་ལྟར་ཡུལ་སྐད་ཡིག་ཐོག་ཏུ་སྤྱོད་དགོས་པའི་ལང་ཕྱོགས་འཛིན་མཁན་གཅིག་མིན་གཉིས་མིན་དུ་བྱུང་ཡོད་པར་སྐད་ལ།  ལང་ཕྱོགས་དེའི་ཁྲོད་ནས་ལ་དྭགས་ཡུལ་སྐད་དུ་“ཐོག་ག་གདུང་མ།  གཞུང་ང་འདུག  ཡོད་ད་མེད་”སོགས་ལ་དོན་གྱི་ཚབ་མར་རྗེས་འཇུག་རང་འདྲའི་ཚིག་ཕྲད་ག་ང་ད་གསུམ་སྦྱོར་བ་དང་། “ཆོས་སི་དོན། ཡུལ་ལི་ནས། མཛོད་དི་ནོར། མདུན་ནི་མེ་ཏོག་”སོགས་འབྲེལ་སྒྲའི་ཚབ་ཏུ་སི་ལི་དི་ནི་བཅས་སྦྱོར་བ་དཔེ་མཚོན་དུ་བགྲང་སྟེ། “ལ་དྭགས་པའི་སྐད་གཙང་མ་འབྲི་ན་འདི་དག་བཀོལ་དགོས་པ་ཡིན་”[3]ཞེས་པའི་ལྟ་ཚུལ་ཡིག་ཐོག་ཏུ་སྤེལ་མཁན་ཁག་ཅིག་ཀྱང་བྱུང་ཡོད་འདུག་གོ།

༣ བསྟན་བཅོས་ཁུངས་མར་འབྱུང་བའི་མིང་བརྡ་འགའ་ཞིག་གླེང་བ།

བརྡ་རྙིང་ཡིན་མིན་ཅི་ལྟར་ཡང་སྔོན་གྱི་བསྟན་བཅོས་ཁུངས་མ་རྣམས་སུ་ཡང་ཡང་མཇལ་དུ་མཆིས་ཀྱང་། ད་སྐབས་བོད་མི་བྱིངས་ཀྱི་ངག་ཐོག་ཏུ་ཆེར་མི་སྤྱོད་པའི་མིང་བརྡ་དུ་མ་ཞིག་ལ་དྭགས་ཡུལ་སྐད་ཀྱི་སྡེབ་ན་རྒྱུན་འབྱམས་སུ་གནས་པ་དེས་ང་ཚོས་ལ་དྭགས་ཡུལ་སྐད་ལ་དོ་སྣང་ལྷག་པོ་ཞིག་བྱ་དགོས་པ་འབྱུང་། དེར་བརྟེན། འདིར་ཁོ་བོར་དོ་སྣང་བྱུང་བའི་དཔེ་མཚོན་འགའ་ཤས་ཤིག་དྲངས་ན། ༡ ལ་དྭགས་ཡུལ་མི་རྒན་དར་གཞོན་གསུམ་གྱི་ངག་ནས་ཡང་ཡང་ཐོས་རྒྱུ་ཡོད་པ་ནི་ཁྱེད་རང་ལ་ཉིད་རང་ཞེས་འབོད་པ་དེ་རེད།  འདི་ནི་ལ་དྭགས་ལས་གཞན་པའི་བོད་ཀྱི་ཡུལ་སྐད་ཁྲོད་དུ་སྤྱོད་མཁན་ཡོད་མེད་མ་ངེས་མོད། ང་ཚོས་སྔོན་གྱི་རྣམ་ཐར་ཡིག་འཇོག་ཁག་ལ་མཇལ་ཚེ་ཁྱོད་རང་ལ་ཉིད་རང་ཞེས་སྦྱར་ཞིང་འབོད་པ་མང་དུ་མཐོང་སྟེ། དཔེར་ན། རྒྱལ་སྲས་ཐོགས་མེད་བཟང་བོའི་(༡༢༩༥-༡༣༦༩)རྣམ་ཐར་དུ།  “ཐེངས་ཤིག་ཤ་གསར་གཟུགས་ཤིག་དང་། ཞོ་ཞིག་དང་ཕུད་དམ་གང་འབུལ་བ་བྱུང་བ་ཉེ་གནས་ཀྱིས་བླངས་པས། ཉིད་རང་གསོལ་གསུངས་ནས་གསོལ་དུ་མ་གནང་།”[4]ཞེས་དང་།  “སེམས་དཔའ་ཆེན་པོའི་གསུང་གིས། ཉིད་རང་གིས་སྙིང་རུས་སྐྱེད་ལ་གསོས་གལ་ཏེ་མི་གསོས་པ་འདྲ་ན་འདིར་བྱོན།”[5]ཅེས་པ་སོགས་སྔ་ཕྱིར་ལན་མང་དུ་འབྱུང་ལ།  དེ་མིན་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་(༡༣༧༦-༡༤༥༡)གྱི་རྣམ་ཐར་དུའང་།  “ཉིད་རང་གིས་རྣམ་པར་དཔྱད་ཅིང་བརྩམས་པའི་ཕར་ཕྱིན་གྱི་གྲུབ་མཐའ་ཐམས་ཅད་ཞལ་གྱིས་བཞེས་པར་འགྱུར་རམ།”ཞེས་དང་། ཡང་“ཉིད་རང་གིས་བརྩམས་པའི་བསྟན་བཅོས་རྣམས་ནི་ཁས་མི་ལེན་ཞིང་།”[6] ཞེས་དང་།  “མཐར་པོ་ཏི་ལྔ་ཙམ་ལ་འདི་དག་ནི་ཉིད་རང་གིས་ཐོས་པར་གནང་བས། ཁོ་བོས་བཤད་མི་དགོས་པ་ཉིད་དོ་གསུངས་ཤིང་།”[7] ཞེས་སོགས་གཞན་དང་གཞན་དུའང་ད་དུང་དེ་ལྟར་སྣང་མོད།  ཡིག་ཚོགས་ལ་འཇིགས་པས་སྐྱུང་བར་བྱེད།

༢ སློབ་གྲྭ་ལ་སློབ་གྲྭ་ཁང་ཞེས་འབོད་ཅིང་ཡིག་ཐོག་ཏུ་ཆེས་ཆེར་སྤྱོད་ཀྱིན་ཡོད་པ་དེ་རེད།  ལ་དྭགས་པས་སློབ་གྲྭའི་སྒོ་བྱང་དང་ཡིག་ཆ་ཁག་ཏུ་སློབ་གྲྭ་ཁང་ཞེས་བྲིས་ཡོད་པ་ཐོག་མར་མཐོང་ཚེ་ཚིག་ལྷག་ཅིག་སྦྱར་འདུག་ཨང་སྙམ་པའི་སྣང་ཚོར་འབྱུང་ལ།  དེ་ལྟར་མ་བརྟག་མ་དཔྱད་པར་ཀློག་པ་ན་ངག་ལའང་དེ་ཙམ་ཞིག་མི་བདེ་བའི་སྣང་བ་འབྱུང་མོད།  ཞིབ་ཏུ་བསམ་ཚེ་སློབ་གྲྭ་ཁང་ཞེས་པ་ནི་ཚིག་ལྷག་དང་སྡེབ་མ་ལེགས་པ་མིན་པར་སློབ་པའི་གྲྭ་ཁང་ཞེས་པའི་མིང་མཐའ་དང་འབྲེལ་སྒྲ་བསྡུས་པའི་མིང་ཞིག་ཡིན་པར་ངེས་ཏེ།  ཐ་སྙད་འདི་ནི་ཐོག་མར་བཙན་པོ་ཁྲི་ལྡེ་སྲོང་བཙན་(༧༧༣-༨༡༥)གྱི་སྐུ་དུས་སུ་ལོ་པཎ་དུ་མ་གདན་འཛོམས་ཐོག་ལེགས་སྦྱར་སྐད་ནས་བསྒྱུར་འགྲེལ་གྱིས་གཏན་ལ་ཕབ་པའི་<<བྱེ་བྲག་རྟོགས་བྱེད་ཆེན་མོ་>>ཞེས་པར། “དེ་བ་ས་བྷཱ། ཨ་སུ་ར་ས་བྷཱ་སུ་དྷ་ནཱ། ལི་པི་ཤཱ་ལ། ཀུ་ཊཱ་གཱ་རཾ།” བཅས་པ་རྣམས་རིམ་པ་བཞིན་དུ་“ལྷའི་འདུན་ས། ལྷ་མ་ཡིན་གྱི་འདུན་ས་ནོར་བཟང་། ཡི་གེ་སློབ་པའི་གྲྭ་ཁང་། ཁང་པ་བརྩེགས་པ། ”[8]ཞེས་སུ་བསྒྱུར་ཡོད་པ་དེར་གསལ་ལ།  ཡང་དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་གཉིས་ཀྱིས་བསྒྱུར་ཅིང་ཞུས་པའི་<<འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་>>དེ་ཉིད་ལས།  “ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེ་སློབ་པའི་གྲྭ་ཁང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།།”[9]ཞེས་གསལ་བས་ན། སློབ་གྲྭ་ཁང་ཞེས་པ་ནི་སློབ་པའི་གྲྭ་ཁང་ཞེས་པ་ལས་བསྡུས་ཤིང་།  དེའང་སྔོན་གྱི་ཐ་སྙད་ཁུངས་མ་ཞིག་ཡིན་པ་ར་འཕྲོད་པར་འགྱུར་ལ།  སློབ་པའི་གྲྭ་ཁང་ཞེས་པའི་ཐ་སྙད་བསྒྱུར་མ་འདི་ལས་གྱེས་ཏེ་ཕྱིས་སུ་དུས་རབས་རིམ་པར་བྱོན་པའི་བོད་ཀྱི་མཁས་པའི་གསུང་རྩོམ་ཁག་ཏུ་སློབ་གྲྭ་ཁང་དང་།  སློབ་པའི་གྲྭ།  སློབ་གྲྭ་ཞེས་པ་སོགས་དོན་གཅིག་ལ་གོ་བའི་ཐ་སྙད་རྒྱས་བསྡུས་ཅི་རིགས་མཇལ་བར་མཆིས་པ་ནི་གཞི་རྩའི་ཐ་སྙད་གཅིག་ཉིད་ཀྱི་འགྱུར་རིམ་ཞིག་ཡིན་པར་སྙམ།   དེང་སྐབས་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་ཡིག་ངག་གཉིས་ཀར་སློབ་གྲྭ་ཞེས་པ་ལས་སློབ་གྲྭ་ཁང་ཞེས་འབོད་ཅིང་འབྲི་བ་ནི་ཆེར་མི་སྣང་མོད།  ཁོ་བོས་སྐབས་ཤིག་ལ་མཇལ་བའི་བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་མཛད་རྣམ་ཞིག་ཏུ།  “འདིས་ཕོ་བྲང་པོ་ཏཱ་ལར་སློབ་གྲྭ་ཁང་གི་དགེ་རྒན་ལོ་བརྒྱད་མཛད་”ཅེས་དུས་དེར་ཐ་སྙད་འདི་བེད་སྤྱོད་གནང་ཡོད་པར་གཞིགས་ན་མ་མཐའ་ཡང་དུས་རབས་བཅོ་བརྒྱད་བར་དུ་སློབ་གྲྭ་ཁང་ཞེས་པའི་ཐ་སྙད་འདི་ཡིག་ཐོག་ཏུ་གནས་ཡོད་པར་འདོད།  དེ་ལྟར་ནའང་།  ལ་དྭགས་པ་ཚོས་དེང་སྐབས་སློབ་གྲྭ་ཁང་ཞེས་ངག་ཐོག་ཏུ་འབོད་པ་ཆེར་མི་ཐོས་ཀྱང་།  སྒོ་བྱང་སོགས་ཀྱིས་མཚོན་པའི་ཡིག་འཇོག་ཁག་ཏུ་སློབ་གྲྭ་ཁང་ཞེས་བྲིས་ཤིང་འབྲི་བ་མང་དུ་སྣང་ངོ་།།

༣ ལ་དྭགས་པ་ཚོས་ཞོགས་པའམ་སྔ་དྲོ་ལ་སྔ་ཐོག་ཅེས་འབོད་པར་བྱེད།  སྤྱིར་སྔ་ཐོག་ཅེས་པ་སྔོན་གྱི་བསྟན་བཅོས་ཁག་ནས་ལན་ཁ་ཡར་དུ་མཇལ་བ་ལྟར་ན།  སྐབས་རེར་ཉིན་མོའི་སྔ་དྲོའམ་ཞོགས་པར་གོ་ལ།  ཡང་སྐབས་རེར་གནའ་བོའི་དུས་སམ་སྔོན་གྱི་དུས་ལ་གོ་དགོས་པའང་ཡོད།  དཔེར་ན།  ༸གོང་ས་ལྔ་བ་ཆེན་པོའི་<<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>སུ།  “སྔ་ཐོག་འབྲི་གུང་པ་དང་དགའ་ལྡན་པ་གཉིས་ལུགས་གཉིས་ཀྱི་འབྲེལ་ཟབ་པའི་མུ་ཅན་དུ་ཡོད་ནའང་”[10]ཞེས་པ་དང་།  སླེ་ལུང་བློ་བཟང་འཕྲིན་ལས་(༡༦༩༧-༡༧༤༠)ཀྱིས་མཛད་པའི་<<སྣར་ཐང་བཀའ་འགྱུར་གྱི་དཀར་ཆག་>>ཏུ།  “བསྟན་སྲོལ་འཛིན་པའི་སློབ་དཔོན་གཞུང་བསྐོས་ཀྱི་རིགས་རྣམས་ཀྱང་སྔ་ཐོག་ལྐོག་བརྔན་དང་ངོ་བརྒྱུད་ཀྱི་འཕྲུལ་ལ་བརྟེན་ནས་མི་འོས་པ་མང་པོ་མཐོན་པོའི་གོ་སར་འཛེགས་ཏེ་འགྲོ་བ་ལ་”[11]ཞེས་སོགས་སྔ་ཐོག་ཅེས་པ་སྔོན་གྱི་དུས་ལ་གོ་དགོས་པ་ལྟ་བུ་དང་།   དེ་མིན་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐའི་(༡༥༧༥-༡༦༣༤)རང་རྣམ་དུ།  “ཉི་མ་སྔ་ཐོག་གཅིག་ལ་ཀ་ཕལ་ཆེར་ཚུགས།” ཞེས་པ་དང་། “ཚེས་བརྒྱད་ཀྱི་སྔ་ཐོག་རྟག་བརྟན་དུ་སླེབ།”ཅེས་པ་ལྟ་བུ་ནི་ཉིན་མོའི་སྔ་དྲོ་ལ་གོ་དགོས་པའི་རིགས་དེ་ཡིན་ལ།  གོང་བརྗོད་ལ་དྭགས་པས་སྔ་དྲོ་ལ་སྔ་ཐོག་ཅེས་འབོད་པར་བཤད་པའང་ཚུལ་འདི་དང་མཐུན་པ་ཡིན།  དེར་བརྟེན་ཐ་སྙད་འདིའང་སྔོན་གྱི་བསྟན་བཅོས་ཁུངས་མ་རྣམས་སུ་འབྱུང་ཞིང་། ལ་དྭགས་ཡུལ་སྐད་དུ་ད་ལྟའང་རྒྱུན་འབྱམས་སུ་གནས་པའི་མིང་བརྡ་རྙིང་བ་ཞིག་ཡིན་ནོ།།

དེ་ལྟར་ལ་དྭགས་ཡུལ་སྐད་ལ་ཅུང་ཟད་བརྟག་པ་ན། སྔོན་གྱི་བསྟན་བཅོས་ཁུངས་མ་རྣམས་སུ་བསྟན་པའི་བརྡ་རྙིང་སྟེ། དཔེར་ན། ཚོད་མ་ལ་སྐྱུ་རུམ་དང་། དཀོན་མཆོག་ལ་དཀོན་ཅོག ཆོ་ལོ་ལ་རྒྱན་པོ། རྫུན་ལ་ཤོབ། འགྲོ་བ་ལ་ཆ་བ།  གོམ་པ་བརྒྱབ་པ་ལ་འགྲུལ་བ།  བཤད་པ་ལ་མོལ་བ། ལ་འོག་ལ་ལ་ཡོག  རིན་ཆེན་ལ་རིན་ཅེན།  ཐབ་ཚང་ལ་བྱན་ས།  དགོང་ཟས་ལ་དགོང་ཟན། རྗེས་མ་ལ་རྟིང་མ། འདི་ལྟ་བུའི་མིང་བརྡ་རྙིང་བའམ་ཐ་སྙད་ཁུངས་ཐུབ་ཧ་ཅང་མང་བོ་ཞིག་མཆིས་མོད། རེ་རེ་ནས་འདི་ལྟར་སྔོན་གྱི་བསྟན་བཅོས་ཀྱི་ཁུངས་ལ་གཏུགས་ཏེ་བྲི་བ་ནི་ངལ་བའི་ཚེགས་ཀྱིས་ལྕོགས་ནའང་། ཡིག་ཚོགས་གཏོས་ཆེ་བར་དོགས་ཏེ་རེ་ཞིག་འདི་ག་ཙམ་གྱིས་འཐུས་པར་བྱེད།

༤ སྒྲ་ཟུར་ཕྱིན་པར་ཐོན་པའི་རྗེས་འཇུག་དང་མགོ་ཅན་ས་གླེང་བ།

དེའང་ཧྥ་རན་སིའི་སྐད་བརྡ་རིག་པ་བ་སྐུ་ཞབས་ནི་ཁོ་ལ་ཊོར་ནེ་ཌེར་(Nicolas Tournadre)ལགས་ཀྱིས་གསུངས་དོན་ལྟར་ན།  དུས་རབས་བདུན་པའི་ནང་བོད་ཀྱི་ཡི་གེ་གསར་བཟོ་མཛད་པའི་སྐབས་དེར་བོད་ཀྱི་ཡུལ་སྐད་གཅིག་གྱུར་ཡིན་པ་ལས་ད་སྐབས་ལྟར་ཡུལ་སྐད་མ་འདྲ་བ་སོ་སོར་གྱེས་མེད་པ་དང་། ཚུལ་དེས་སྐབས་དེའི་བོད་ཀྱི་ཡུལ་སྐད་ལ་གཞི་མཛད་དེ་སློབ་དཔོན་ཐོན་མིས་བོད་ཡིག་མགོ་འདོགས་དབྱངས་གསུམ་དང་། སྔོན་རྗེས་མིང་གསུམ་གྱི་རྣམ་བཞག་གཏན་ལ་ཕབ་ཅིང་།  ངག་ནས་སྒྲ་ཅི་ལྟར་གསལ་བར་ཐོན་པ་དེ་ལྟར་ཡི་གེའི་དག་ཆ་གཏན་འབེབས་མཛད་པ་ཡིན་པར་བཤད་པ་ནི་དོན་ལ་གནས་པར་སྙམ་སྟེ། དཔེར་ན། མགོའི་སྐྲ་ལ་སྐྲ་ཞེས་བརྗོད་པའི་ཡིག་ཐོབ་ནི་ངེས་པར་མིང་གཞི་ཀ་ཅན་གྱི་སྐྲ་ཡིན་དགོས་པ་ལས་དེ་དང་སྒྲ་མཚུངས་པ་སྤྲ་ལྟ་བུ་བྲིས་ན་མི་འགྲིག་པ་ནི། སྔར་སྐྲ་ཞེས་པར་ས་ཀ་ར་ཞེས་མགོ་འདོགས་མིང་གསུམ་སོ་སོར་ངག་ཏུ་ཐོན་གྱིན་ཡོད་པས་ཡིན་ལ། སྐབས་དེར་དེ་ཀློག་པའི་ཚེའང་ས་ཀ་ར་ཞེས་ཀློག་པ་ལས་དེང་སྐབས་ལྟར་སྐྲ་ཞེས་ཀློག་པ་མེད་པར་སྣང་། དེ་བས་ད་སྐབས་བོད་ཀྱི་མཐའི་ཡུལ་ལུང་རྒྱལ་རོང་དང་། ལ་དྭགས། སྦལ་ཏི་ཡུལ་སོགས་སུ་སྔོན་རྗེས་མིང་གསུམ་དང་། མགོ་འདོགས་དབྱངས་གསུམ་གྱི་སྒྲ་ཟུར་ཕྱིན་པ་སྐད་ཀྱི་འགྲོས་ལ་མཆིས་པ་ནི་གནའ་བོའི་བོད་སྐད་ཀྱི་ཀློག་གདངས་མ་ཉམས་པའི་ཁྱད་རྟགས་བླ་ན་མེད་པ་ཞིག་ཡིན།

འདིར་སྐབས་ཀྱི་གླེང་བྱར་གྱུར་པའི་ལ་དྭགས་ཡུལ་སྐད་ལས་རྗེས་འཇུག་དང་མགོ་ཅན་ས་ཡི་སྒྲ་ཟུར་ཕྱིན་པར་ཐོན་པ་མང་དུ་སྣང་བ་ནི་ལ་དྭགས་ཡུལ་སྐད་དུ་གནའ་བོའི་བོད་སྐད་ཀྱི་ཀློག་གདངས་ཡོངས་སུ་མ་ཉམས་པར་ད་དུང་ཐོག་མའི་སྐད་འགྲོས་ཀྱི་ཟ་ཟུར་དུ་མ་ལྷག་ཡོད་པའི་དཔང་རྟགས་ཡག་ཤོས་ཤིག་ཏུ་འདོད།  ཁོ་བོས་རྒྱུས་ལོན་ཅུང་ཙམ་བྱས་པ་ལ་གཞིགས་ན། ལ་དྭགས་ཡུལ་སྐད་དུ་རྗེས་འཇུག་དང་ཡང་འཇུག་གི་སྒྲ་ཟུར་ཐོན་པ་མང་བོ་ཞིག་མཆིས་པ་ལས་དམིགས་བསལ་རྗེས་འཇུག་དང་ཡང་འཇུག་སའི་སྒྲ་གསལ་བར་ཐོན་པ་ཤིན་ཏུ་མང་སྟེ། དཔེར་ན། འདས་པ་ལ་འདའ་སི་པ། འབྲས་སྤུངས་ལ་འབྲ་སི་སྤུངས། གངས་ཅན་པ་ལ་གང་སི་ཅན་པ།  ཟངས་དཀར་ལ་ཟང་སི་དཀར། ལ་དྭགས་ལ་ལ་དྭག་སི། འཁྲུངས་པ་ལ་འཁྲུང་སི་པ། མཁས་པ་ལ་མཁའ་སི་པ། རས་པ་ལ་ར་སི་པ་ཟེར་བ་ལྟ་བུས་མཚོན་པའི་གཞན་དང་གཞན་ཡང་མང་དུ་སྣང་ལ།  དེ་བཞིན་དུ་མགོ་ཅན་གྱི་སྒྲ་ཟུར་ཕྱིན་པར་ཐོན་པའང་མཆིས་ཏེ།  དཔེར་ན། བ་སྒོ་ལ་བ་སི་གོ་(Basgo)ཟེར་བ་དང་། སྐྱོད་ལ་སི་ཀྱོད། སྟོབས་ལྡན་ལ་སི་ཏོབས་ལྡན། བདེ་སྐྱིད་ལ་བདེ་སི་ཀྱིད།(Deskyi) གཏིང་མོ་སྒང་ལ་གཏིང་མོ་སི་གང་།(Tingmosgang)  ས་སྤྲོ་ལ་ས་སི་པོལ་(Saspul)ཟེར་བ་ལྟ་བུ་སོགས་མང་།  ཚུལ་འདི་ལ་གཞིགས་ནས་འགའ་རེས་ལ་དྭགས་ཡུལ་སྐད་དུ་སི་སྒྲ་མང་དུ་ཐོན་པ་ནི་ལ་དྭགས་ཡུལ་སྐད་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཏུ་རྩི་བའང་ཡོད་མོད། དེ་ནི་གོང་དེ་མ་ཐག་ཏུ་དཔེ་མཚོན་གྱི་ལམ་ནས་བསྟན་པ་བཞིན་རྗེས་འཇུག་དང་མགོ་ཅན་སའི་སྒྲ་སྐད་ཆའི་སྡེབ་ལ་ཐོན་པ་ལྟོས་བཅས་ཀྱིས་མང་བས་ཡིན་པར་སྙམ་མོ།།

༥ དམིགས་བསལ་ཆེད་སྤྱོད་ཀྱི་ཞེ་ཚིག་འགའ་ཞིག་གླེང་བ།

བོད་ཀྱི་ཡུལ་སྐད་ལ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་དུ་དབྱེ་བའི་དབང་དུ་བྱས་ན་ལ་དྭགས་ཡུལ་སྐད་ནི་དབུས་གཙང་ཡུལ་སྐད་ཀྱི་ཁོངས་སུ་བསྡུས་ན་མི་འགྲིག་པ་མེད་པའི་ལྟ་ཚུལ་འདོན་མཁན་ཡོད་ལ། ལྟ་ཚུལ་དེ་ཡང་དག་ཅིང་དོན་ལ་གནས་པ་ཞིག་ཡིན་མིན་ཅི་ལྟར་ཡང་། གལ་སྲིད་ལ་དྭགས་ཡུལ་སྐད་དང་དབུས་ཀྱི་ཡུལ་སྐད་གཉིས་ལ་ངེས་པར་མཚུངས་རྟགས་ཤིག་རྒྱག་དགོས་ཚེ་ཞེ་ཚིག་མང་དུ་སྤྱོད་པ་ནི་དབུས་སྐད་དང་མཚུངས་པའི་ཆར་ངོས་འཛིན་ཆོག་པར་འདོད།

དེའང་ལ་དྭགས་ཡུལ་མི་ཚོས་བླ་སྤྲུལ་དགེ་བཤེས་སོགས་སེར་མོ་བའི་སྡེ་ལ་དམིགས་བསལ་བརྩི་མཐོང་ཆེན་པོ་བྱེད་ལ། ཡུལ་གང་ཞིག་ནས་དགེ་འདུན་པ་སུ་ཞིག་མཇལ་བ་དང་ངག་ཏུ་ཕྱག་འཚལ་ཞེས་ཐལ་མོ་སྦྱར་ཅིང་མགོ་བོ་བཏུད་པ་བཅས་བྱེད་པ་ནི་ཐུན་མོང་གི་རང་ཆས་སུ་མངའ་བའི་གཤིས་སྤྱོད་ཟོལ་མེད་པ་ཞིག་རེད། གཞན་ལ་དྭགས་པ་ཚོ་མི་སུ་ལའང་འཕྲད་ཚེ་ཐོག་མར་ཇུ་ལེ་ཞེས་ཟེར་ལ། དེ་ནི་ང་ཚོས་ཡིག་ཐོག་ཏུ་བྱོན་ལེགས་ཞེས་བྲིས་ཤིང་འབྲི་བར་བྱེད་པ་དེ་ལས་སྒྲ་ཟུར་ཆག་པ་ཡིན་པར་ངོས་འཛིན་བྱེད་མོད། ཐ་སྙད་འདིའི་སྤྱོད་སྒོ་ལ་གཞིགས་ན། ཇུ་ལེ་ཞེས་པ་ནི་སྐབས་རེར་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་དང་། མཚམས་རེར་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞེས་པའི་དོད་དུ་སྤྱོད་པའང་ཡོད་པས་ང་ཚོས་དཔྱད་པ་གང་ཡང་མ་བྱས་པར་མཐའ་གཅིག་ཏུ་བྱོན་ལེགས་ཞེས་པ་ལས་ཟུར་ཆག་ཏུ་ཁ་ཚོན་གཅོད་མི་འོས་པར་སྙམ། དེ་མིན་ལ་དྭགས་ཡུལ་སྐད་ཀྱི་ཞེ་ཚིག་ཏུ་སྤྱོད་པའི་ཐ་སྙད་ཅིག་ནི་སྐུ་མདུན་ཞེས་པ་དེ་རེད། ང་ཚོས་སྐུ་མདུན་ཞེས་པ་ནི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་མཚོན་པའི་བླ་སྤྲུལ་ཆེ་ཁག་ལ་དམིགས་བསལ་དུ་འབོད་པའི་ཆེད་སྤྱོད་ཐ་སྙད་ཅིག་ལས་གཞན་སྐུ་མདུན་ཞེས་པས་མི་འབོད་པར་སྣང་ཡང་། ལ་དྭགས་པས་མཛད་སྒོ་དང་ཚོགས་འདུ་སོགས་ཀྱི་སྐབས་ཆེད་ཞུས་སྐུ་མགྲོན་དག་གི་མཚན་གྱི་མཇུག་ཏུ་སྐུ་མདུན་ཞེས་སྦྱོར་བར་བྱེད་ལ།  དེའང་ང་ཚོས་དཔལ་བཟང་བོ་དང་། ལགས་སམ་མཆོག་ཅེས་སྦྱོར་བ་དང་གཅིག་ཏུ་མཚུངས། དཔེར་ན། ལ་དྭགས་རང་སྐྱོང་རི་ལྗོངས་ཀྱི་སྡེ་དཔོན་བསོད་ནམས་ནོར་བུ་མཆོག་ཅེས་འབོད་པ་ལ་བསོད་ནམས་ནོར་བུ་སྐུ་མདུན་ཞེས་འབོད་པར་བྱེད།

གཞན་ཡང་བོད་ཀྱི་ཡིག་ངག་གཉིས་སུ་ཞེ་ཚིག་ཏུ་མི་སྤྱོད་ཀྱང་ལ་དྭགས་པས་དམིགས་བསལ་ཞེ་ཚིག་ཏུ་སྤྱོད་པའི་བྱ་ཚིག་གི་ཐ་སྙད་ཀྱང་འགའ་རེ་སྣང་སྟེ།  དཔེར་ན། སོང་བའི་ཞེ་ས་ལ་བསྐྱོད་ཅེས་ཟེར་བ་དང་། ཁ་ལག་སོགས་ཟ་འཐུང་གི་ཞེ་ས་ལ་འདོན་ཞེས་ཟེར་བ་ལྟ་བུ་ཡིན།  དེའང་ལ་དྭགས་ཡུལ་སྐད་དུ་འགྲོ་ཞེས་པའི་ཐ་སྙད་འདི་གཏན་ནས་མི་སྤྱོད་པར་དེའི་ཚབ་ཏུ་འགྲུལ་ཞེས་ཟེར་ལ། དཔེར་ན། ཁྲོམ་ལ་འགྲོ་བ་ལ།  ཁྲོམ་ལ་འགྲུལ་ཞེས་པ་དང་། དེ་བཞིན་དུ་དེའི་མ་འོངས་པར་ཁྲོམ་ལ་ཆ་ཡིན། ཞེས་པ་དང་། འདས་པར་ཁྲོམ་ལ་སོང་པ་ཡིན། ཞེས་ཟེར། བསྐྱོད་ཅེས་པ་ནི་ཞེ་ས་ཡིན་པས་དུས་གསུམ་གར་ཁྱད་མེད་དུ་འཁོལ་གྱིན་འདུག  དེ་མིན་བོད་སྐད་སྤྱིའི་དབང་དུ་བྱས་ན་འདོན་ཞེས་པའི་བྱ་ཚིག་འདི་ནི་ཞེ་ཚིག་ཅིག་གཏན་ནས་མ་ཡིན་ནའང་། ལ་དྭགས་ཡུལ་སྐད་དུ་ཞེ་ཚིག་ཅིག་ཡིན་པར་མ་ཟད། དེ་དམིགས་བསལ་ཟ་འཐུང་སྐོར་ལ་ཤས་ཆེར་སྤྱོད་པ་སྟེ། དཔེར་ན། འདིར་ཐ་མག་མ་འཐེན་ཟེར་བའི་ཚབ་ཏུ་ཐ་མག་འདོན་མི་ཆོག་ཟེར་བ་དང་། གསོལ་ཇ་བཞེས་ཟེར་བ་ལ་གསོལ་ཇ་འདོན་ཞེས་ཟེར། ཞེ་ཚིག་འདི་དང་འབྲེལ་ཏེ་ཁོང་ཚོས་སྤྱིར་ཁ་ལག་གི་ཞེ་ཚིག་ཏུའང་འདོན་ཐང་ཞེས་ཟེར་གྱིན་འདུག  དེ་བས་འདོན་ཞེས་པ་འདི་ནི་ལ་དྭགས་ཡུལ་སྐད་དུ་བཞེས་ཞེས་པའི་དོད་ཐུབ་ཀྱི་ཞེ་ཚིག་དམིགས་བསལ་བ་ཞིག་ཡིན།

དེ་མིན་ལ་དྭགས་ཡུལ་སྐད་དུ་གཞན་གྱིས་བརྡ་མ་སྤྲད་ན་ང་ཚོས་ཐད་ཀར་ཞེ་ཚིག་ཡིན་མིན་གོ་མི་ཐུབ་པའི་ཐ་སྙད་ཀྱང་མཆིས་ཏེ། དཔེར་ན། ཁ་ལག་གི་མིང་ལ་ཁར་ཇི་དང་། དེའི་ཞེ་ས་ལ་འདོན་ཐང་། རྩམ་པ་བརྫིས་པའི་ཟན་རིགས་ཏེ་སྤགས་ཀྱི་མིང་ལ་ཁོ་ལག་དང་། དེའི་ཞེ་ས་ལ་ཞིབ་ར། ཞེས་འབོད་པ་ལྟ་བུའོ།།

༦ རེ་ཞིག་མཇུག་བསྡུ་བ།

འདིར་ལ་དྭགས་ཡུལ་སྐད་ཀྱི་ཁྱད་ཆོས་འགའ་ཞིག་གླེང་བསླངས་པ་ནི་རང་ཉིད་ཡུལ་འདིར་སྔ་ཕྱིར་ཐེངས་གཉིས་ལ་འགྲོ་སྐལ་བྱུང་བ་དང་། ཟླ་ངོ་གཅིག་ལྷག་གི་རིང་ལ་ཡུལ་དེའི་མཁར་དགོན་དུ་མར་ཉུལ་བའི་ཞར་ཞོར་དུ་ལ་དྭགས་ཡུལ་སྐད་ལ་དོ་སྣང་ཕྲན་བུ་བྱས་པ་དག་སྐབས་དེར་ཟིན་ཐོར་བཀོད་པ་ལས་དེ་རིང་འདི་ལྟར་བརྗེད་བྱང་གི་ཚུལ་དུ་རྩོམ་གྱི་ལུས་སུ་བགྱིས་པ་ཡིན་ལ། འདི་ནི་ཕྱོགས་འདིར་དོ་སྣང་ཡིད་འཇོག་བྱས་པའི་གོམ་ཁ་དང་བོར་སྤོས་པ་ཡིན་པས་ན།  ཀློག་མཁན་སུས་ཀྱང་རྩོམ་འདི་ནི་དཔྱད་པ་ཞིབ་མོའི་ལུགས་སུ་བྱས་པའི་ཞིབ་འཇུག་གི་གྲུབ་དོན་ལྟ་བུར་གཏན་ནས་ངོས་གཟུང་མི་རིགས་སོ།།

༢༠༡༩ ལོའི་ཟླ་ ༠༣ ཚེས་ ༡༩ རྫོགས་པར་བྲིས།

 

དཔྱད་ཡིག་དང་ཞབས་མཆན། 

 

[1] བིས་པ་མི་ཕམ་ཟླ་བ་སོགས་ཀྱིས་མཛད། <<དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་>>ཞེས་བྱ་བ། [C]  (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོའི་ཟླ་ ༦ པ། དཔར་ཐེངས་དང་བོ། (ཤ.༣༥)

[2] ལྕགས་ཐར་རྒྱལ་གྱིས་བརྩམས། <<བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་།>> [M] (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོའི་ཟླ་བདུན་པ།  དཔར་ཐེངས་གཉིས་པ། (ཤ.༣༠༩)

[3] མཁན་པོ་དཀོན་མཆོག་ཕན་བདེས་བརྩམས། <<ཆོས་འབྱུང་རབ་བསྡུས།>>(ལ་དྭགས་ཡུལ་སྐད་དུ་བྲིས་པའི་བོད་དབྱིན་ཤན་སྦྱར།) [M]  ༢༠༡༧ ལོར་ལ་དྭགས་སུ་དཔར་སྐྲུན་བྱས། (ཤ.xiii)

[4] གཞོན་ནུ་རྒྱལ་མཚན་དང་བཙུན་པ་དཔལ་རིན་གྱིས་བརྩམས། <<རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་རྣམ་ཐར་དད་པའི་གསལ་འདེབས་དང་གཞན་ལ་ཕན་པའི་འོད་ཟེར།>> [G] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། (ལྷ་ས།)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོའི་ཟླ་བཅུ་གཉིས་པ། དཔར་ཐེངས་དང་བོ། (ཤ.༡༠༦)

[5] གོང་མཚུངས། (ཤ.༡༢༩)

[6] མཛད་པ་བོ་མི་གསལ།  <<བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་རྣམ་ཐར་ངོ་མཚར་གྱི་ཕྲེང་བ་>>ཞེས་བྱ་བ། [G] (ལྷ་ས།)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ ཟླ་བཅུ་གཉིས་པ། དཔར་ཐེངས་དང་བོ། (ཤ.༩༧)

[7] གོང་མཚུངས། (ཤ.༡༢༤)

[8]  སྔོན་བྱོན་རྒྱ་བོད་ལོ་པཎ་མཁས་པས་བསྒྲིགས། <<བྱེ་བྲག་རྟོགས་བྱེད་ཆེན་མོ།>> [C] <<བསྟན་འགྱུར་དཔེ་བསྡུར་མ།>> (དེབ་ ༡༦༢) སྣ་ཚོགས། པོད་ཅོ་པ། (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༤ ལོའི་ཟླ་དྲུག་པ། དཔར་ཐེངས་དང་བོ། (ཤ.༢༡༩)

[9] ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར། <<འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།>> [C] <<བཀའ་འགྱུར་དཔེ་བསྡུར་མ།>> (དེབ་ ༦༤) མདོ་སྡེ། པོད་ཝ་པ། (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༤ ལོའི་ཟླ་དྲུག་པ། དཔར་ཐེངས་དང་བོ། (ཤ.༤༦༧)

[10] ༸རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་མཛད།  <<བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་་>>ཞེས་བྱ་བ། [G] (པེ་ཅིང་།)མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ཟླ་བཅུ་གཅིག་པ། དཔར་ཐེངས་གཉིས་པ། (ཤ.༡༡༡)

[11] འོལ་ཁ་སླེ་ལུང་བློ་བཟང་འཕྲིན་ལས་ཀྱིས་མཛད། <<བཀའ་འགྱུར་རིན་པོ་ཆེའི་གསུང་པར་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག་ངོ་མཚར་བཀོད་པ་རྒྱ་མཚོའི་ལྡེ་མིག>> [C] <<བཀའ་འགྱུར་དཔེ་བསྡུར་མ།>> (དེབ་ ༡༠༦) དཀར་ཆག  པོད་༢ པ། (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༤ ལོའི་ཟླ་དྲུག་པ། དཔར་ཐེངས་དང་བོ། (ཤ.༡༣༨)

—–

Loading

3 མཆན།

  1. རྩོམ་ཡིག་ཡག་པོ་བྲིས་འདུག བློ་བསྐྱེད་མང་བོ་རག་བྱུང་།

  2. རྩོམ་ཡིག་རྒྱལ་ལ་བྲིས་འདུག་ང་ཞ་ལ་དྭགས་པ་ཚང་མའི་ཕྱོགས་ནས་ཐུགས་རྗེ་ཆེ་ཆེ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།