ཆས་ཀྱ་དང་། ཆི་ཀྱཱ། ཕྱི་བྱ་ཞེས་པའི་མིང་ལས་འཕྲོས་པའི་དོགས་སློང་།

1
413

ནང་དོན་གནད་བསྡུས།

བོད་ཀྱི་གནའ་རབས་དང་ཉེ་རབས་ལོ་རྒྱུས་ཀྱི་ཁྲོད་དུ་ཡབ་གཞིས་ཚང་ལྟ་བུའི་ཁྱིམ་ཚང་འབོལ་མོད། ང་ཚོར་དེ་དག་གི་བྱུང་རབས་ཁ་གསལ་གཏིང་གསལ་རེ་ཤོད་པའི་རྒྱུ་ཆ་དཀོན་པ་ནི་བོད་བཙན་པོའི་སྐབས་ཀྱི་བློན་པོ་མགར་ཚང་ལྟ་བུས་མཚོན་ལ། ཡབ་གཞིས་ཚང་ལ་མཚོན་ནའང་བོད་ཆགས་འཇིག་གི་སྐབས་སུ་བཙན་བྱོལ་ཏུ་གྱར་རྗེས། ཕྱི་ཡུལ་དུ་བོད་ཀྱི་གནའ་བོའི་ཡར་ལུང་ནས་འགོ་བཙུགས་པའི་ལོ་རྒྱུས་ལྟ་བུ་ཞིག་འགོ་བཙུགས་ཤིང་། དེ་འདྲའི་གནའ་བོའི་ཡར་ལུང་ལྟ་བུའི་གནས་དུས་ཀྱི་ཐོག་མཐའ་བར་གསུམ་དུ་ཡབ་གཞིས་ཚང་གིས་ཀ་ཆེན་གྱི་ཁུར་བཞེས་མོད། ཕྱི་རབས་ལོ་རྒྱུས་ཞིབ་འཇུག་པ་ཚོར་མཚོན་ན་ཡབ་གཞིས་ཚང་གི་བྱུང་རབས་ཧོར་ཁོང་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་རྐྱེན། འདིར་དེང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ཡུལ་ཆི་ཀྱཱ་ཚོ་བའི་མིང་གི་དག་ཆ་འབྲི་སྟངས་མི་འདྲ་བ་བྱུང་འདུག་པ་དང་། དེ་ཡི་བཏགས་དོན་ཡང་མི་འདྲ་བ་འབྱུང་གིན་པ་བཅས་ངོས་འཛིན་བྱས་པ་བརྒྱུད། དེ་འབྲེལ་གྱི་ཡིག་ཆ་ཁག་དང་ཨ་མདོའི་ཡུལ་དུ་སྔར་ནས་ཡུལ་དཔོན་སོགས་ཀྱི་མིང་མཐར་ཀྱཱ་ཡིག་འབྲི་ཚུལ་ཡོད་པ་བཅས་ཞིབ་བསྡུར་གྱིས་དོགས་སློང་བྱས་ཡོད།།

གཅིག  ཆས་ཀྱ། ཆི་ཀྱཱ།  ཕྱི་བྱ། 

༧གོང་ས་རྒྱལ་བ་རིན་པོ་མཆོག་གི་འཁྲུངས་ཡུལ་སྐོར་ལ་བསམ་བློ་གཏོང་སྐབས། དེ་སྔ་ཁོང་གི་འཁྲུངས་སྡེའི་དག་དོན་འབྲི་ཚུལ་དང་འཆད་ཚུལ་ལ་སྟག་འཚེར་དང་ལྟག་མཚེར་བཅས་མི་འདྲ་བ་བྱུང་ཡོད་པ་དང་། དེ་ལ་སྟག་འཚེར་རིན་པོ་ཆེས་[1]“ད་ཕན་སྐུ་འབུམ་གདན་རབས་དང་བཅས་པའི་ཡིག་ཆ་གསར་རྙིང་འདྲ་མིིན་མཐོང་བ་ཚང་མའི་ནང་ལ་ང་ཚོའི་ཁྱིམ་ཚང་གི་མིང་ས་ཏ་བཏགས་སྟ་ག་བཞག་སྟག་དང༌། འ་འོག་ཚ་འགྲེང་བུ་འཚེ་ར་བཞག་འཚེར་བྲིས་འདུག དེ་མ་དག་པ་རེད། ནོར་བ་རེད། སྒྲ་དག་གི་འདུག་སྟེ་དག་ཆ་འགྲིག་གི་མི་འདུག དག་ཆ་ལ་ལྟག་ཁུང་གི་ལྟག་འབྲི་དགོས། འཚེར་དེ་ཡང་འབྲོག་པ་སྡོད་སའི་མཚེར་འབྲི་དགོས། དག་ཆ་ལ་ལྟག་དང་འོག་གི་ལྟག་དེ་འབྲི་དགོས། གཅན་གཟན་སྟག་ཟེར་བའི་སྟག་དེ་བྲིས་ན་མི་འགྲིགས། འཚེར་ཡང་ནོར་བ་རེད། ངེས་པར་དུ་འབྲོག་པའི་ཁྱིམ་ལ་མཚེར་ཟེར་བ་དེ་འབྲི་དགོས། དེ་གང་འདྲ་ཡིན་ཟེར་ན། ཐོག་མར་ང་ཚོའིི་ཕ་མེས་འབྲོག་པ་ཚོ་ཁྱིམ་གཅིག་ཡིན་པ་རེད། འབྲོག་སྐད་བཤད་ན་མཚེར་གཅིག་ཡིན་པ་རེད། མཚེར་གཅིིག་པུ་དེའི་མི་རྒྱུད་འཕེལ་ནས་མཚེར་གཉིས་ཆགས། དེ་དུས་མཚེར་གཅིག་ལུང་པའི་ལྟག་ལ་ཆགས། དེ་ལ་ལྟག་མཚེར་ཟེར་བ་དང༌། མཚེར་གཅིག་ལུང་པའི་འོག་ལ་ཆགས། དེ་ལ་འོག་ལུང་མཚེར་ཟེར་བ་རེད།” ཅེས་གསལ་བཤད་གནང་པར་ཁུངས་བཅོལ་ཏེ་ལྟག་མཚེར་བྲིས་བ་གཅིག་དང་། མདོ་སྨད་ཆོས་འབྱུང་དང་སྐུ་འབུམ་གདན་རབས་བཅས་སུ་སྟག་འཚེར་བྲིས་འདུག་ཅེས་ལོ་རྒྱུས་ཡིག་ཆ་གཞི་བྱས་ཏེ་སྟག་འཚེར་བྲིས་བ་བཅས་གཉིས་བྱུང་བ་དྲན་ཡོང་མོད། འདིར་ཁོང་གི་འཁྲུངས་སྡེའི་སྐོར་གླེང་འདོད་མིན་པར། འཁྲུངས་ཚོ་ཡི་མིང་གི་དག་དོན་ལའང་གོང་ལྟར་མི་འདྲ་བ་བྱུང་འདུག་ནའང་། ད་ཕན་འཁྲུངས་ཚོའི་མིང་གི་དག་དོན་སྐོར་ལ་ཐུགས་གནང་གནང་མཁན་བྱུང་མེད་པ་འདྲ་བས། ཁོ་བོས་འདིར་དོགས་སློང་ཙམ་ཞིག་བྱ་འདོད་པ་དེ་ཡིན།

ཁོང་གི་འཁྲུངས་ཚོ་ཡི་མིང་ལ་དག་ཆ་མི་འདྲ་བས་འབྲི་བ་ནི་ད་ལྟའི་གནས་ཚུལ་གསར་བ་ཞིག་མིན་པར། སྔར་གྱི་ཡིག་ཆ་ཁག་ཏུའང་བྱུང་འདུག་སྟེ། དཔེར་ན།  མདོ་སྨད་ཆོས་འབྱུང་དུ་ [2]“གནས་འདིར་རབ་བྱུང་དྲུག་པའི་མེ་བྱ་ལ་རྗེ་བདག་ཉིད་ཆེན་པོ་འཁྲུངས་ནས་བཞི་བརྒྱ་གོ་གསུམ། རྒྱལ་བ་བསོད་ནམས་རྒྱ་མཚོས་ཆོས་སྡེ་གསར་བཏབ་ཀྱི་རབ་བྱུང་བཅུ་པའི་ཆུ་ལུག་ནས་ཉིས་བརྒྱ་རེ་བདུན། ཆུ་བྱི་འཆད་ཉན་གསར་ཚུགས་ནས་ཉིས་བརྒྱ་སོ་བདུན་པ་རབ་བྱུང་བཅུ་བཞི་པའི་ས་བྱ་འདི་ཡིན་ནོ།། མཆོད་གཞིས་ལ། ཆས་ཀྱ། ཕྱོགས་པ། ཟི་ན། ཀླུ་འབུམ། མི་ཉག  ཞིང་སྐྱོང་བཅས་ཚོ་དྲུག་གི་དཔོན་འབངས་རྒྱ་ཆེ་ཞིང་། མདོར་ན་ཆོས་སྲིད་གང་ངོས་ནས་མངོན་པར་མཐོ་བས་ཐུའུ་བཀྭན་རྗེས། དེ་ནས་བློ་བཟང་རྒྱལ་བ་སྐུ་བལྟམས་པའི། གནས་མཆོག་ལུམྦའི་སྐྱེད་ཚལ་གཉིས་པ་རུ། ཆོས་དང་སྲིད་ཀྱི་འབྱོར་བ་རླབས་ཆེ་བའི།། སྐུ་འབུམ་ཆོས་སྡེ་མཇལ་བར་ཕེབས་ལགས་སམ།།” ཞེས་རྗེ་སྐུ་འབུམ་གྱི་མཆོད་གཞིས་སྐུ་འབུམ་ཚོ་དྲུག་བགྲངས་པའི་སྐབས་སུ་ཚོ་བ་འདིའི་མིང་ཆས་ཀྱ་རུ་གསལ་ལ། སྐུ་འབུམ་གདན་རབས་སུ་[3]“ལྗོངས་འདིར་བསྟན་པའི་ཆུ་རྒྱུན་གང་ལས་འབྱུང་བའི་གཞི་རྟེན་མ་དྲོས་མཚོ་ཆེན་ལྟ་བུའི་མཆོད་རྟེན་བཟོ་ཁྱད་ཕུན་སུམ་ཚོགས་པ་བཞེངས་པའི་ས་ལུག་ལོ་ནས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཅིག་གི་བར་ལ་མཚོ་སྔོན་གྱི་རྒྱལ་རྒྱུད་མང་པོ་དང་། ཞིང་སྐྱོང་། ཆི་ཀྱཱ། ཀླུ་འབུམ། མི་ཉག  ཟི་ན་ཚོ་བའི་འབྲོག་གྲོང་གཉིས་ཅར་ནས། མཆོད་རྟེན་གྱི་སྟེང་དུ་ལྷ་ཁང་བཞེངས་པ། ཕྱི་ར་བསྐོར་བ་སོགས་དང་། སྔར་གྱི་པད་སྤུངས་མཆོད་རྟེན་གསར་གསོས་ཀྱིས་བཀྲ་ཤིས་སྒོ་མང་མཆོད་རྟེནདུ་བསྒྱུར།” ཞེས་སྐུ་འབུམ་གྱི་རྟེན་བཞེངས་སྐབས་ཀྱི་མཆོད་གཞིས་ཚོ་དྲུག་བགྲངས་སྐབས་ཆི་ཀྱཱ་ཞེས་གསལ་བ་ལྟར་ལ། སྔར་དག་ཆ་མི་འདྲ་བ་བྱུང་བ་ལ་བརྟེན་ནས་ད་ལྟ་ལོ་རྒྱུས་ཀྱི་དེབ་གཅིག་ཡིན་ཡང་ཚོ་བ་འདིའི་མིང་དག་ཆ་མ་འདྲ་བས་བྲིས་པ་དཔེར་ན། ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་རུ་[4]“སྔར་བྱུང་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་སྐུ་འབུམ་ཚོ་དྲུག་དང་། དེང་སང་གི་སྐུ་འབུམ་རྫོང་གཉིས་མིང་གཅིག་ཀྱང་དོན་མི་གཅིག་སྟེ། ད་ལྟའི་སྐུ་འབུམ་རྫོང་ཁོངས་སུ་སྔར་གྱི་སྐུ་འབུམ་ཚོ་དྲུག་པོ་ཚུད་མེད་དེ། སྐུ་འབུམ་ཚོ་དྲུག་གི་ནང་ཚན་ཆི་ཀྱཱ་ཚོ་བ་ལྟ་བུ་སྔར་སྐུ་འབུམ་ཟི་ན་ནང་སོའི་མངའ་འོག་ཡིན་ལ་”ཞེས་ཆི་ཀྱཱ་ཚོ་བ་བྲིས་པ་དང་། ཡང་[5]“སྤྱིར་བཏང་སྐུ་འབུམ་དགོན་པ་ལ་མང་སྐོལ་ཕོག་འགྱེད་ཞུ་མཁན་གྱི་སྦྱིན་བདག་གློ་བུར་བ་ཤིན་ཏུ་མང་ཞིང་། ལྷ་སྡེ་ལ་གཏོགས་པའང་སྒོ་མེ་དང་སྡེ་ཚ། མཚོ་སྔོན་འབྲོག་ཁུལ་སོགས་ཡུལ་སྡེ་ཧ་ཅང་འབོར་ཆེན་ཡོད་འདུག་ཀྱང་། ཆས་ཀྱཱ་དང་། ཕྱོགས་པ། ཀླུ་འབུམ། མི་ཉག  ཟི་ན། ཞིང་སྐྱོང་བཅས་ཚོ་ཁག་འདི་དྲུག་པོ་སྐུ་འབུམ་ལྷ་སྡེ་ནང་མའི་ནང་མ་ལྟ་བུ་ཡིན་”ཞེས་ཆས་ཀྱཱ་བྲིས་པ་ལྟར་རོ།།

དེང་སྐབས་ཁོང་གི་འཁྲུངས་གཞིས་ཀྱི་མིང་སྔར་གྱི་དག་ཆ་དེ་དག་མིན་པར་ཕྱི་བྱ་ཞེས་དག་ཆ་སྔར་མེད་པ་གསར་བ་ཞིག་གིས་འབྲི་ཚུལ་ཞིག་བྱུང་འདུག་ལ།  ཁོ་བོས་ཐོག་མར་མཇལ་བ་ནི་མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ་རུ་དཔེར་ན་ [6]“པཎ་ཆེན་རིན་པོ་ཆེས་ཤོག་ལྷེ་གནང་གསལ་ཁྱེའུ་གསུམ་གྱི་ཁོངས་ནས་གྲོ་ཚང་ནང་སོའམ། རྡི་ཚ་ནང་སོའི་ཁྱེའུ་དེ་ནི་ཡང་སྲིད་འཚོལ་ཞིབ་པ་རྣམས་སྐུ་འབུམ་དུ་མ་འབྱོར་གོང་ནས་གཤེགས་ཟིན་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཁྱེའུ་དེ་ངོ་མཚར་ཆེ་བར་སྣང་ཞེས་ཕྱག་བསྟར་མཆན་འགོད་གནང་བའི་ཕྱི་བྱ་ལྟག་མཚེར་གྱི་ཁྱེའུ་དེ་དང་། པཎ་ཆེན་རིན་པོ་ཆེའི་ཕྱག་འཕྲེང་ནས་འཇུ་མཁན་ཁྱེའུ། སྐུ་འབུམ་རློན་པ་ལོ་ཡེར་གྱི་ཚ་བོ་ཡིན་པ་དེ་གཉིས་ལ་ནང་དོན་དཔྱད་ཞིབ་ཞུ་རྒྱུར་གྲོས་ཐག་ཆོད” ཅེས་པ་འདི་ཡིན་ལ། མཛད་རྣམ་འདི་རུ་ཕྱི་བྱ་ལྟག་མཚེར་ཞེས་པ་འདི་ནས་ཐོག་དྲངས་ཏེ་ལུང་ཚིག་མིན་པའི་གཞུང་ཚིག་ཏུ་རང་ལུགས་ལྟ་བུར་ཁོང་གི་འཁྲུངས་ཚོའི་མིང་ནམ་བྱུང་ལ་ཕྱི་བྱ་ཞེས་བྲིས་འདུག་ལ། ཐོག་མར་མཐོང་སྐབས་མཐོང་མ་བདེ་བ་ཞིག་བྱུང་བ་དང་། ཕྱིས་སུ་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་སློབ་ཁྲིད་བྱས་པའི་སྐབས་ཤིག་ལ་དེ་རུ་[7]“ངའི་ཁྱིམ་ཁང་མདོ་ཁམས་སུ་ཡོད་ཀྱང་། རིགས་རྒྱུད་ཕ་མེས་བོད་དབུས་ནས་ཡོང་བ་ཞིག་སྟེ། དེ་ཡོང་སྟངས་ཇི་ལྟར་ཡིན་མིན་གྱི་གནས་ལུགས་ཤོད་རྒྱུ་ལས་སླ་པོ་རེད། ལོ་བརྒྱ་ཕྲག་མང་པོ་བརྒལ་བའི་དུས་བོད་ཀྱི་ཆོས་རྒྱལ་མང་སྲོང་མང་བཙན་སྐབས་བོད་བྱང་ཤར་ཕྱོགས་ས་མཚམས་སྲུང་སྐྱོབ་ཀྱི་དམག་མིའི་རུ་ཁག་མང་པོ་བཞག་ཁོངས། ང་ཚོའི་ཡུལ་ཕྱོགས་ལ་བོད་དབུས་ཕན་པོའི་ནང་གི་དམག་མི་བཞག་ཚོད་འདུག །ངའི་ཕ་མེས་ཤིག་དམག་མི་དེ་དག་ནས་བྱུང་། དེར་བརྟེན་ནང་མིའི་ཡུལ་སྐད་ནང་ལའང་བོད་དབུས་ཕན་པོའི་ནང་གི་ཡུལ་སྐད་འགའ་ཤས་འདྲེས་ཡོད་པ། དཔེར་ན། ཐུར་མ་ལ་ཁྱེམ་བུ་དང་། ཕོར་པ་ལ་ཅན་ནེ་ཟེར་བ་ལྟ་བུ་རེད། ད་ལྟའི་གོང་གི་མི་རབས་གཉིས་ཙམ་མ་གཏོགས་དེའི་གོང་དུ་མི་རྒྱུད་ནས་གྲོང་གསེབ་དེའི་ཕྱི་བྱ་ནང་སོའི་གོ་གནས་བཟུང་འདུག་”ཅེས་ཕྱི་བྱ་ནང་སོ་གསུངས་པ་མཇལ་ཞིང་། ཕྱི་བྱ་བྲིས་པའི་ཁུངས་འདི་ཨེ་ཡིན་སྙམ་པ་ཙམ་ལས། དམིགས་བསལ་ལྟ་ཀློག་བྱེད་མ་ཐུབ་པར་ལུས།

སྔ་ལོར་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གི་རང་རྣམ་བོད་འགྱུར་དེབ་བོད་དང་ངའི་ལོ་རྒྱུས་ཞེས་པ་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་བསྐྲུན་བྱས་ཏེ་ཐོན་པ་དང་། ཁོ་བོས་དེབ་འདི་དེ་སྔ་མ་སྐུལ་དང་བླངས་ཀྱིས་བོད་བསྒྱུར་ཆ་ཚང་བྱས་པས་དམིགས་བསལ་དོ་སྣང་བྱས་ཏེ་བཀླགས་པར། དེ་རུའང་[8]“ཡང་སྲིད་མཆོག་སྤྲུལ་རྩད་འཚོལ་གནང་མི་ཚོས་༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཤིང་ཕག་ཕྱི་ལོ་ ༡༩༣༥ ལོར་ལྷ་ས་ནས་མེལ་ལེ་༡༠༠ཙམ་གྱི་སར་ཡོད་པའི་ཆོས་འཁོར་རྒྱལ་གྱི་རྩ་ཆེའི་དཔལ་ལྡན་ལྷ་མོའི་བླ་མཚོ་ནས་མཚོ་མཇལ་བྱུང་བའི། སྐུ་འབུམ་ཁུལ་གྱི་ཕྱི་བྱ་ལྟག་མཚེར་གྱི་གཡུ་རྩིའི་ཐོག་བཀབ་པའི་ང་ཚོའི་ཕ་མ་གཉིས་ཀྱི་གཟིམ་ཁང་དེ་བཙལ་རྙེད་ཐུབ་འདུག་”ཅེས་འཁྲུངས་ཚོའི་མིང་ལ་ཕྱི་བྱ་ཞེས་དག་ཆ་གསར་པས་བྲིས་པ་མཐོང་བས། ད་ནི་རྒྱལ་བ་རིན་པོ་ཆེའི་འཁྲུངས་ཚོའི་མིང་གི་དག་ཆ་གསར་པ་འདི་མ་དག་པ་ཞིག་ཡིན་ཚེ་རྒྱུན་འབྱམས་སུ་འགྲོ་ཉེན་འདུག་ཨང་སྙམ་མོ།།

གཉིས།  ཕྱི་བྱ་གང་ནས་བྱུང་ངམ།

གོང་དུ་བརྗོད་པ་ལྟར་ཁོང་གི་འཁྲུངས་ཚོའི་མིང་གི་དག་དོན་གསར་པའི་སྐོར་གྱི་དོགས་གཞི་ཆེ་རུ་སོང་བ་དང་བསྟུན་ནས་གནས་ཚུལ་གསར་པ་རེ་བརྙེད་ཐབས་བྱས་པ་ལས། དང་ཐོག་མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོའི་གླེགས་བམ་གཉིས་པ་བསྐྱར་དུ་བཀླགས་པ་ན། ཤོག་ངོས་483སྟེང་[9]“རྩེར་སྙེག་དུས་དེབ་(༡༩༨༩) ནང་ཕྱི་བྱ་ཚོ་པ་དྲུག་གི་ངོ་སྤྲོད་4”ཅེས་རྩོམ་བྱང་ཞིག་བཀོད་དེ། དེར་མཆན་རྟགས་བཞི་པ་ཞིག་བཏབ་འདུག་པའི་ཞབས་མཆན་དུ་“ཤོག་གྲངས་ ༥༨ ཕྱི་ལོ་ ༡༩༨༩ ལོའི་འདོན་ཐེངས་ ༤ པ། དུས་དེབ་སྤྱིའི་འདོན་ཐེངས་ ༢༡༩ པ་”ཞེས་བཀོད་འདུག་པས། དག་ཆ་གསར་པ་འདི་གཅིག་དགུ་གྱ་གྲངས་ནས་བོད་ནང་དུའང་འབྲི་སྲོལ་འདུག་ཨང་སྙམ་པའི་དོགས་གཞི་ཆེར་སོང་སྟེ། དུས་དེབ་དེ་བཙལ་ནས་བལྟས་པར། དུས་དེབ་དེར་ཕྱི་བྱ་ཚོ་པ་དྲུག་གི་ངོ་སྤྲོད་ཟེར་བའི་རྩོམ་ཡིག་ཅིག་རྙེད་མ་བྱུང་ལ། མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་ཚོའི་ཤོག་ངོས་ 483སྟེང་གི་ཞབས་མཆན་བཞི་པར་བཀོད་པའི་དུས་དེབ་དེ་ཡི་ཤོག་གྲངས་༥༨པའི་སྟེང་རྩོམ་བྱང་ལ་[10]“ཨ་མདོ་ཙོང་ཁ་ཚོ་དྲུག་གི་ངོ་སྤྲོད་མདོར་བསྡུས་”ཞེས་པ་ཞིག་འདུག་པ་དང་། རྩོམ་ཡིག་འདིར་སྐུ་འབུམ་ཚོ་དྲུག་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་རེ་བྱས་པར་རྒྱལ་བ་རིན་པོ་ཆེའི་འཁྲུངས་ཚོ་ལ་ཆི་ཀྱཱ་མ་གཏོགས་ཕྱི་བྱ་བྲིས་པ་མི་འདུག་ཕྱིར། མཛད་རྣམ་ཐོག་ལ་རྩོམ་བྱང་ནོར་བ་ཡིན་ནམ་རང་ལུགས་སྒྲུབ་ཆེད་རང་བཟོ་བྱས་པ་ཡིན་ནམ་སྙམ་པའི་དོགས་པ་ཞིག་ཀྱང་སྐྱེས།

མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ་ལས་བྱུང་བའི་ཕྱི་བྱ་ཡི་ཐད་ཀྱི་དོགས་གཞི་གཞན་ཞིག་ནི། ཡང་སྲིད་རྩད་གཅོད་ཚོགས་ཆུང་གིས་བོད་གཞུང་བཀའ་ཤག་ལ་གསང་ཏར་ཕུལ་བ་དང་བཀའ་ཤག་གིས་ཏར་ལན་གནང་བའི་ཡི་གེ་དེ་དག་རེད་འདུག  དཔེར་ན། ཡང་སྲིད་རྩད་དཔྱོད་ཚོ་ཁག་གིས་[11]“དེ་ལྟར་ཁོང་ཚོར་དངོས་མྱོང་ཇི་བྱུང་གི་གནས་ཚུལ་ཞིབ་གསལ་དང་པཎ་ཆེན་རིན་པོ་ཆེས་མཚན་ཤོག་གནང་བའི་ཁྱེའུ་གཉིས་ཀྱི་ཐོག  བར་དེར་གསར་དུ་བཙལ་རྙེད་བྱུང་བ་ཁྱེའུ་བཅུ་གཉིས་བཅས་ཀྱི་མཚན་ཐོ་དང་ལོ་རྒྱུས་བཀོད་དེ། ད་ཆ་ཁྱེའུ་དེ་རྣམས་ལ་སྐུ་གོང་མའི་སྐུའི་ཉེར་སྤྱད་ངོ་འདྲ་དངོས་སུ་བསྟན་ནས་བརྟག་དཔྱད་ཞུ་འགབ་མཆིས་མིན་ལྷ་སར་དགོངས་སྐོར་གསང་ཏར་ཞིག་ཕུལ་” ཞེས་པའི་གསང་ཏར་དང་པོའི་ཏར་ལན་དུ་[12]“ ཕྱི་བྱ་ལྟག་མཚེར་གྱིི་ཁྱེའུ་དེའིི་མཛད་ཚུལ་ངོ་མཚར་ཆེ་བས་དེ་དང༌། གཞན་དག་ཚང་མར་སྐུའིི་ཉེར་སྤྱད་ངོ་འདྲ་དངོས་བསྟན་ཐོག་ནས་བརྟག་དཔྱད་ཟབ་ནན་བྱ་དགོས་ཞེས་ཕེབས།” ཞེས་བཀའ་ཤག་གི་ཏར་ལན་ནང་ཕྱི་བྱ་ལྟག་མཚེར་གསལ་ལོ།།

ཡང་[13]“འདི་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཤོག་ལྷེ་གནང་གསལ་ཁྱེའུ་གཉིས་ལ་དངོས་སུ་བརྟག་དཔྱད་ཞུས་ཟིན་པའི་སྐོར་དང་། ཕྱི་བྱ་ལྟག་མཚེར་འཁྲུངས་ཁང་གི་ཕྱིའི་རྣམ་པ་ཇི་འདྲ་ཡོད་སྐོར། ད་ཆ་འོས་སྤྲུལ་གཞན་དག་བཅུ་གཉིས་ལ་སྐུའི་ཉེར་སྤྱད་ཐོག་ནས་བརྟག་དཔྱད་ཞུ་འཆར་དང་། ད་ལམ་གནས་སྙན་ཕུལ་བའང་གསང་རྒྱ་མཛད་དགོས་སྐོར་བཀའ་ཤག་ལ་གསང་ཏར་ཕུལ་”ཞེས་བཀའ་ཤག་ལ་གསང་ཏར་་གཉིས་པ་ཕུལ་བའི་ནང་ཕྱི་བྱ་ལྟག་མཚེར་འཁྲུངས་ཁང་ཞེས་གསལ་བ་དང་ཏར་ལན་ནང་ [14]“དེའི་ཚེ་ན་བཀའ་ཤག་ནས་གསང་ཏར་ཕེབས་གསལ་ལ། ཕྱི་བྱ་ལྟག་མཚེར་གྱི་ཆུང་སྲིད་རིན་པོ་ཆེའི་སྔ་ཕྱིའི་མཛད་ཚུལ་ངོ་མཚར་ཆེ་བ་དང༌། འཁྲུངས་ཁང་གི་རྣམ་པ། ས་ཡུལ་སོགས་ྋརྒྱལ་ཚབ་རིན་པོ་ཆེར་མཚོ་གཟིགས་བྱུང་བ་དང་མཐུན་ངེས་མ་ཟད། བླ་ལྷ་ཁག་ལ་ཐུགས་དམ་ལུང་ཞུ་བསྐྱར་དུ་གནང་བའི་ལུང་བརྟག་ཐོན་གསལ་ཁག་དང་ཡང་རྩེ་མཐུན་བྱུང་སྟབས། ད་ཆ་༧རྒྱལ་བའི་ཡང་སྲིད་ངོ་མ་ཕྱི་བྱ་ལྟག་མཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་ཁྱེའུ། ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་མ་ (༡༩༣༥/༠༧/༠༦) རེས་གཟའ་སྤེན་པ། ཉི་ཤར་སྔ་ཆ་འབྲུག་གིི་ཐོག་ཏུ་སྐུ་བལྟམས་པ་ལྷ་མོ་དོན་གྲུབ་མཆོག་ལ་ཐུགས་གཏན་གཙང་འཁེལ་ཟིིན་པས། འཕྲལ་དུ་གདན་ཞུ་ཐུབ་ཐབས་བྱ་དགོས་ཞེས་ཕེབས་”ཞེས་ཕྱི་བྱ་ལྟག་མཚེར་ལན་གཉིས་སུ་གསལ་འདུག་པ་དང་། གཞན་ཡང་ཁོང་གི་འཁྲུངས་ཚོའི་མིང་ལ་ཕྱི་བྱ་བྲིས་པའི་གསང་ཏར་ཕུལ་བ་དང་ཏར་ལན་འབྱོར་བ་འདུག

གསང་ཏར་དང་ཏར་ལན་ཙམ་མིན་པར་མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོའི་ནང་སྐབས་དེར་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བསྡུ་སྐོང་གི་བརྡ་ཐོ་བཏང་བ་ལྟར། [15]“བཀྲ་ཤིས་ཚོགས་འདུ་དུས་ཐོག་ཚོགས་འཛོམས་ཀྱི་སར། དྲུང་རྩིིས་ཟུང་ནས་ྋགོང་ས་སྐྱབས་མགོན་བཀའ་དྲིིན་ཟླ་མེད་སྐུ་འཕྲེང་བཅུ་གསུམ་པ་རྡོ་རྗེ་འཆང་ཆེན་པོའི་ཡང་སྲིད་རྩད་དཔྱོད་ཞུས་པའི་སྙན་ཐོ་ནང་གསལ་འོས་སྤྲུལ་སོ་སོར་བསྲེགས་བཅད་བརྡར་བའི་གསེར་བཞིན་རྩད་ཞིབ་ནན་ཏན་གནང་མཐར། ཨ་མདོ་སྐུ་འབུམ་དགོན་དང་ཉེ་བའི་གྲོང་གསེབ་ཆུང་ངུ་ཞིག་ཏུ་ཕྱི་བྱ་ལྟག་མཚེར་ཞེས་འབོད་པའིི་ཁྱིིམ་ཚང་གིི་ཡབ་ཆོས་སྐྱོང་ཚེ་རིིང་དང༌། ཡུམ་བསོད་ནམས་མཚོ་མོ་གཉིས་ལ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་མ་ (༡༩༣༥/༠༧/༠༦)ཉིན་འཁྲུངས་པའི་ཁྱེའུ་ལྷ་མོ་དོན་གྲུབ་དེ་བཞིན་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོར་མཚོ་གཟིགས་བྱུང་བའི་ཡུལ་དང༌། ཁང་ཁྱིམ་གྱི་བཀོད་པ་སོགས་ཤིན་ཏུ་མཐུན་པའི་ཐོག་”སོགས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་སྐབས་དེའི་གནས་ཚུལ་གསལ་བར་སྒྲོག་སྦྱོང་ཞུས་པ་ཞིག་བཀོད་པ་རུའང་ཕྱི་བྱ་ལྟག་མཚེར་ཞེས་བྲིས་འདུག་པས། གནས་ཚུལ་འདི་དག་ལ་བལྟས་ན་ཕྱི་བྱ་ནི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་བརྩད་གཅོད་དང་ཡང་སྲིད་ངོས་འཛིན། ཡང་སྲིད་གདན་ཞུ་བཅས་ཀྱི་སྐབས་སུ་ཡང་སྲིད་རྩད་དཔྱོད་ཞུ་མཁན་ཚོ་ཁག་དང་བོད་གཞུང་བཀའ་ཤག་གི་གསང་ཏར་ཁྲོད་ཨམ་སྐད་ཆི་ཀྱཱ་ཞེས་པ་དབུས་སྐད་དུ་ཕྱི་བྱ་ལ་འགྱུར་ནས་བྱུང་བ་ཞིག་མིན་ནམ་སྙམ་ཡང་། མཛད་རྣམ་ནང་གནས་ཚུལ་འདི་དག་གཞུང་དཀྱུས་ལྟ་བུར་བཀོད་པ་ལས། ཁུངས་ལུང་སོགས་ཀྱི་རྟགས་དང་མཆན་གང་ཡང་བཀོད་མི་འདུག་ཕྱིར། ཡི་གེ་འདི་དག་སྐབས་དེའི་གཞུང་ཡིག་གམ་ཚིག་ཐོ་དངོས་ཡིན་མིན་ཐེ་ཚོམ་གྱི་གནས་སུ་འདུག

ལྷག་པར་དུ་ཡི་གེ་འདི་དག་ལ་ཡིད་ཆེས་མི་བཏུབ་པའི་རྐྱེན་གཞན་ཞིག་མཆིས་པ་ནི། བྲིས་མི་འདྲ་བ་ཡོད་པ་དེ་རེད། དཔེར་ན། མི་ཚེ་བྱུང་བ་བརྗོད་པ་རུ། རྩད་དཔྱོད་ཚོ་ཁག་གིས་གསང་ཏར་ཡར་ཕུལ་བ་དང་བཀའ་ཤག་གིས་ཏར་ལན་མར་གནང་བ་དང་པོ་དེ་ཡི་སྐོར་[16]“དེ་ནས་ཁོང་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེས་གནང་བའི་མཚན་ཤོག་ཏུ་གསལ་བའི་ཁྱེའུ་གཉིས་དང་། དེ་མིན་ས་གནས་གཞན་ཁག་ནས་བཙལ་རྙེད་བྱུང་བ་ཁྱེའུ་བཅུ་གཉིས་ཀྱི་ཕ་མ་སོགས་ཀྱི་མིང་དང་། བརྗོད་བབ་རྟགས་མཚན་ཇི་བྱུང་གི་ལོ་རྒྱུས་རྣམས་ལྷ་ལྡན་རྒྱལ་ཁབ་ཏུ་གསང་ཏར་ཕུལ་ཏེ་བདུན་ཕྲག་བཞིའི་མཚམས་བཀའ་ལན་ཕྱིར་སྩལ་དུ་ཆི་ཀྱཱ་སྟག་འཚེར་གྱི་ཁྱེའུ་ཡི་མཛད་ཚུལ་ངོ་མཚར་ཆེ་བར་བརྟེན་ད་དུང་༸རྒྱལ་དབང་སྐུ་ཕྲེང་གོང་མའི་སྐུའི་ཉེར་ཆས་ངོ་འདྲའི་བརྟག་དཔྱད་ཞིབ་ནན་དགོས་རྒྱུའི་བཀའ་ཏར་ཕེབས་པར་བརྟེན། ཀེའུ་ཚང་རིན་པོ་ཆེས་གཙོས་ངོ་ལས་ཚང་མ་སྔར་བཞིན་སྐུ་འབུམ་དགོན་པ་ནས་གློ་བུར་གསང་སྟབས་ཀྱིས་ཆི་ཀྱཱ་སྟག་འཚེར་འཁྲུངས་ཁང་དུ་ཕེབས་ཐོན་སྐབས་དགོན་པའི་ཚོགས་དུང་བཏང་བ་དང་དུས་འགྲིགས་ཤིང་། ལམ་བར་དུ་ཞོ་དང་། འོ་མ་ཆུ་སྣོད་ཆབ་ཀྱིས་བཀང་སྟེ་འཁྱེར་ཡོང་བ་བཅས་རིམ་པར་ཐུག་འཕྲད་སོགས་ལམ་བཀྲ་ཤིན་ཏུ་ལེགས་པ་མ་སྒྲིག་ལྷུན་འགྲུབ་ཏུ་བྱུང་”ཞེས་གོང་གི་མཛད་རྣམ་ནང་གི་ཏར་ལན་དང་མི་མཐུན་པར་ཆི་ཀྱཱ་སྟག་འཚེར་ཞེས་བྲིས་པ་དང་། མི་ཚེ་བྱུང་བ་བརྗོད་པ་ཡི་གེ་འདི་ཡི་ཁུངས་མཁེ་སྨད་བསོད་ནམས་དབང་འདུས་ལ་གཏུགས་པ་འདྲ་ཡང་། ཁུངས་དེ་རུ་[17]“དེ་ནས་པཎ་ཆེན་རིན་པོ་ཆེས་མཚན་ཤོག་གནང་བའི་ཁྱིའུ་གོང་ཁག་གཉིས་དང་། གསར་དུ་ཚོལ་རྙེད་བྱུང་བ་བཅུ་གཉིས་ཀྱི་ཕ་མ་སོགས་ཀྱི་མིང་དང་བརྗོད་བབས་བཅས་པའི་ལོ་རྒྱུས་ཞིབ་ཆ་དང་སྦྲགས་ད་ཆ་ཁྱིའུ་རྣམས་ལ་སྐུ་གོང་མའི་སྐུའི་ཉེར་ཆས་ངོ་འདྲ་དངོས་སུ་བསྟན་ཏེ་བརྟག་དཔྱད་ཞུ་འགབས་ཆེ་མིན་སོགས་༧རྒྱལ་ཁབ་ཏུ་གསང་ཏར་འབུལ་གནང་བ་ལ་བདུན་ཕྲག་གསུམ་བཞིའི་མཚམས་བཀའ་ལན་ཕྱིར་འཁོར་དུ། ཕྱི་བྱ་སྟག་འཚེར་གྱི་ཁྱིའུའི་མཛད་ཚུལ་ངོ་མཚར་རེ་འདུན་ཆེ་བ་དང་བཅས་སྔ་རྗེས་ཚང་མར་སྐུའི་ཉེར་ཆས་ངོ་འདྲའི་བརྟག་དཔྱད་ཟབ་ནན་དགོས་རྒྱུའི་ཏར་ལན་ཕེབས་”ཞེས་ཕྱི་བྱ་མ་གཏོགས་ཆི་ཀྱཱ་བྲིས་མི་འདུག

མཛད་རྣམ་རྒྱལཆེན་སྙིང་རྗེ་རོལ་མཚོ་གླེགས་བམ་གཉིས་པའི་རྒྱུ་ཆའི་འབྱུང་ཁུངས་སུ་མི་གསལ་ཡང་། གླེགས་བམ་འདིའི་རླབས་འཕྲེང་བཞི་པའི་ནང་གསལ་ཡང་སྲིད་རྩད་གཅོད་གནང་ཚུལ་དང་འཁྲུངས་ཡུལ་ནས་ལྷ་ས་བར་གདན་འདྲེན་ཞུས་ཚུལ་གྱི་ལོ་རྒྱུས་ནི་སྔར་མདོ་སྨད་ཕྱོགས་སུ་རྒྱལ་བའི་ཡང་སྲིད་བརྩད་གཅོད་དུ་ཕེབས་མིའི་གྲས་ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་བྲིས་པའི་ལྷར་བཅས་འགྲོ་བའི་འདྲེན་མཆོག་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཆེན་པོ་མཆོག་ཐོག་མར་རྩད་དཔྱོད་ངོས་འཛིན་གདན་ཞུ་ཇི་ལྟར་ཞུས་སྐོར་རང་མྱོང་མ་བཅོས་ལྷུག་པར་བཀོད་པའི་བདེན་གཏམ་རྣ་བའི་བདུད་རྩི་ཞེས་པ་ཡིན་པར་གོ་ཐོས་བྱུང་མོད། གསང་ཏར་དང་ལན་གྱི་ཡི་གེའི་ངོ་ཚིག་རྣམས་མཛད་རྣམ་དང་དེབ་འདི་མི་འདྲ་བར་འདུག་པར་བལྟས་ན། སྐབས་དེའི་ཡང་སྲིད་བརྩད་གཅོད་ཚོ་ཁག་གི་གསང་ཏར་དང་བཀའ་ཤག་གི་ཏར་ལན་གྱི་གཞུང་ཡིག་གམ་ཚིག་ཐོ་དངོས་ནི་སུས་ཀྱང་མཐོང་མེད་པར་སྙམ་པས། ཁོ་བོས་མ་མཐོང་བའི་ཁུངས་གཞན་ཡོད་ན་མ་གཏོགས་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཆེན་པོ་མཆོག་གི་འཁྲུངས་ཚོ་ཡི་མིང་གི་དག་ཆ་གསར་བ་ཕྱི་བྱ་ཞེས་པ་གང་ནས་བྱུང་བའང་དོགས་གནས་སུ་འཁུམས་སོ།། །།

གསུམ།  ཕྱི་བྱ་ཞེས་བཏགས་དོན་གང་ཡིན་ནམ།

ད་ཕན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྣམ་ཡོངས་གྲགས་སུ་པར་སྐྲུན་འགྲེམས་སྤེལ་གནང་ཟིན་པ་ཁག་ལས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནི་སྤྱི་ལོ་ ༡༩༦༢ལོར་པར་སྐྲུན་བགྱིས་པས་། མཛད་རྣམ་སྔ་ཤོས་ཆགས་ཡོད་ལ།  ཁོང་གི་མཛད་རྣམས་ཁག་ལས་ཕྱི་བྱ་ཞེས་པའི་ཡི་གེ་འདི་བྲིས་སྔ་བའང་འདི་ཡིན་པར་སྙམ་སྟེ། མཛད་རྣམ་དེ་རུ་གོང་དུ་བརྗོད་པ་ལྟར་“ངའི་ཁྱིམ་ཁང་མདོ་ཁམས་སུ་ཡོད་ཀྱང་། རིགས་རྒྱུད་ཕ་མེས་བོད་དབུས་ནས་ཡོང་བ་ཞིག་སྟེ། དེ་ཡོང་སྟངས་ཇི་ལྟར་ཡིན་མིན་གྱི་གནས་ལུགས་ཤོད་རྒྱུ་ལས་སླ་པོ་རེད། ལོ་བརྒྱ་ཕྲག་མང་པོ་བརྒལ་བའི་དུས་བོད་ཀྱི་ཆོས་རྒྱལ་མང་སྲོང་མང་བཙན་སྐབས་བོད་བྱང་ཤར་ཕྱོགས་ས་མཚམས་སྲུང་སྐྱོབ་ཀྱི་དམག་མིའི་རུ་ཁག་མང་པོ་བཞག་ཁོངས། ང་ཚོའི་ཡུལ་ཕྱོགས་ལ་བོད་དབུས་ཕན་པོའི་ནང་གི་དམག་མི་བཞག་ཚོད་འདུག །ངའི་ཕ་མེས་ཤིག་དམག་མི་དེ་དག་ནས་བྱུང་། དེར་བརྟེན་ནང་མིའི་ཡུལ་སྐད་ནང་ལའང་བོད་དབུས་ཕན་པོའི་ནང་གི་ཡུལ་སྐད་འགའ་ཤས་འདྲེས་ཡོད་པ། དཔེར་ན། ཐུར་མ་ལ་ཁྱེམ་བུ་དང་། ཕོར་པ་ལ་ཅན་ནེ་ཟེར་བ་ལྟ་བུ་རེད། ད་ལྟའི་གོང་གི་མི་རབས་གཉིས་ཙམ་མ་གཏོགས་དེའི་གོང་དུ་མི་རྒྱུད་ནས་གྲོང་གསེབ་དེའི་ཕྱི་བྱ་ནང་སོའི་གོ་གནས་བཟུང་འདུག་”ཅེས་གསུངས་ཡོད་པ་དང་། འདིའི་དོན་སྔར་ཆོས་རྒྱལ་མང་སྲོང་གི་སྐབས་སུ་བོད་རྒྱལ་ཁབ་ཀྱི་ས་མཚམས་སུ་ཕྱི་ཕྱོགས་ལ་བྱ་ར་བྱེད་པར་མངགས་པའི་དམག་མིའི་ཁོངས་ནས་ཁོང་གི་ཁྱིམ་རྒྱུད་ཀྱི་མི་རྒྱུད་བྱུང་བ་དང་། མི་རྒྱུད་དེས་གྲོང་གསེབ་དེའི་ཕྱི་བྱ་ནང་སོའི་གོ་གནས་བཟུང་བ་རེད་ཅེས་པ་འདི་ལགས་ན། ཕྱི་བྱ་ཞེས་པའི་མིང་གི་རྒྱབ་ལྗོངས་ལོ་རྒྱུས་གསུངས་པ་ལྟ་བུར་མཐོང་མོད། ཐད་ཀར་ཕྱི་བྱ་བཏགས་དོན་འདི་ཡིན་པ་མཛད་རྣམ་འདིའི་འགོ་མཇུག་གང་དུའང་གསལ་མེད་པར་མ་ཟད། གྲོང་གསེབ་དེའི་ཕྱི་བྱ་ནང་སོའི་གོ་གནས་ཞེས་གསུངས་པར་གཞིགས་ན། གྲོང་གསེབ་ནི་ལྟག་མཚེར་ཡིན་པས་སྐབས་འདིའི་ཕྱི་བྱ་ནི་སྤྱིར་བཏང་གི་ཕྱི་བྱ་བའི་དོན་ཡིན་དགོས་པ་ལས་ཆི་ཀྱཱ་ཚོ་བའི་དོན་ལ་གོ་ན་ཨེ་འགྲིག་ཀྱང་སྙམ་མོ།།

མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ་རུ་གཞན་ལས་ལུང་འདྲེན་བྱས་པ་ཁག་ཏུ་ལུང་ཚིག་རང་སོར་བཞག་འདུག་པ་དཔེར་ན། [18]“མདོ་སྨད་ཙོང་ཁ་བདེ་ཁམས་ཁོངས་ལྟག་མཚེར་གྲོང་ཚོ་ནི། ཨ་མདོ་རྗེ་སྐུ་འབུམ་དགོན་པ་ནས་ལྷོ་ཕྱོགས་སུ་མལ་ལེ་བཞི་བཅུའི་སར་ཆགས་ཡོད་ཅིིང༌། ཆ་སྙོམས་རྒྱ་མཚོའིི་ངོས་ལས་མཐོ་ཚད་ཀྱིིས་ཕིི་ཀྲིི་དགུ་སྟོང་ཟིིན་ཡོད་པའིི་ས་ཁུལ་ཞིིག་ཡིིན། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཁྲུངས་གཞིས་ནི་སྐུ་འབུམ་ཚོ་དྲུག་ཁོངས་ཆི་ཀྱཱ་ཚོ་བའི་ནང་སོའི་གོ་གནས་བཟུང་མྱོང་བའི་ཁྱིམ་རྒྱུད་ཅིག་ཡིན་ནའང༌། མི་རབས་གཉིས་ཀྱི་གོང་ནས་སོ་ནམ་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་གནས་བབས་ཀྱིས་འཚོ་མུར། བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཕྱི་ལོ་༡༩༣༥ ཟླ་ ༦ ཚེས་ ༧ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཁྲུངས་པ་ནས་རིམ་པས་འཕོ་འགྱུར་ཆེན་པོ་བྱུང་ཡོད་།”ཅེས་མཛད་རྣམ་གསེར་གྱི་ཡང་སྙིང་གི་ཤོག་གྲངས་༢༢ལས་དྲངས་པ་ཆི་ཀྱཱ་ཞེས་པ་རང་སོར་བཞག་པ་ལྟ་བུས་མཚོན་ལ། མཛད་རྣམ་འདི་རུ་ཕྱི་བྱ་ཞེས་པའི་མིང་གི་བཏགས་དོན་ཐད་[19]“ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ནང་བོད་དབུས་ཁུལ་ནས་སྨད་ཕྱོགས་ཨ་མདོའི་མཐའ་མཚམས་སུ་ས་སྲུང་བོད་དམག་དཔུང་སྡེ་མང་པོ་འབྱོར་ཏེ་བསྡད། དེ་དག་གི་འགོ་དཔོན་ཁོངས་ནས་ས་མཚམས་ཕྱི་ཕྱོགས་སུ་བྱ་རའི་ཁུར་འཛིན་པ་ཕྱི་བྱ་སྡེ་པ་ཞེས་ཡོངས་སུ་གྲགས་པ་”ཞེས་གོང་ལྟར་རྒྱབ་ལྗོངས་ལོ་རྒྱུས་བྲིས་པ་མ་གཏོགས། ཕྱི་བྱ་ཞེས་པ་རྒྱུ་མཚན་འདི་ལ་བརྟེན་ནས་ཐོགས་པ་ཡིན་ཞེས་མཆན་འགྲེལ་བྱས་པ་མེད་ལ། ད་དུང་ཕྱི་བྱ་སྡེ་པ་ཞེས་བྲིས་པར་ཡང་དོགས་པ་འདུག་སྙམ།

ཕྱི་བྱ་ཞེས་པའི་མིང་གི་བཏགས་དོན་ཁ་གསལ་གཏིང་གསལ་གྱིས་འགྲེལ་བཤད་གནང་ཐབས་བགྱིས་མཁན་གཅིག་ཡོད་པ་ནི་མདོ་སྨད་ཕྱོགས་སུ་རྒྱལ་བའི་ཡང་སྲིད་རྩད་དཔྱོད་ཚོ་ཁག་ནང་ཕེབས་མི། ཁེ་སྨད་བསོད་ནམས་དབང་ལགས་ཡིན་ལ། ཁོང་གིས་སྤྱི་ལོ་གཅིག་སྟོང་དྲུག་ཅུ་རེ་གྲངས་ནང་དགུང་ལོ་བདུན་ཅུར་སོན་ཉེར་བརྩམས་པའི་ལྷར་བཅས་འགྲོ་བའི་འདྲེན་མཆོག་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཆེན་པོ་མཆོག་ཐོག་མར་རྩད་དཔྱོད་ངོས་འཛིན་གདན་ཞུ་ཇི་ལྟར་ཞུས་སྐོར་རང་མྱོང་མ་བཅོས་ལྷུག་པོར་བཀོད་པའི་བདེན་གཏམ་རྣ་བའི་བདུད་རྩི་ཞེས་པ་རུ་[20] “པཎ་ཆེན་རིན་པོ་ཆེ་ནས་ཁྱིའུ་གསུམ་ཡོད་གསུངས་པའི་གཙོ་བོ་ནི་ཕྱི་བྱ་༼འདི་སྔར་ཆོས་རྒྱལ་མེས་དབོན་སྐབས་ཟི་ལིང་ཁུལ་དུ་མཐའི་སོ་ཁ་སྲུང་བའི་ཕྱི་སོ་ནང་སོ་མང་ཡོད་ཁོངས་ཕྱིའི་བྱ་ར་བའི་མིང་འཇགས་ཚོད།༽སྟག་འཚེར་དུ་སྐུ་བལྟམས་པའི་ད་ལྟའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་”ཞེས་གསུངས་པའི་སྐབས་སུ་ཕྱི་བྱའི་མིང་དོན་གུག་རྟགས་ནང་བཀོད་དེ་མཐའ་རུ་ཚོད་ཅིག་བྲིས་པར་བལྟས་ན། ཁོང་ལའང་ཁུངས་ལུང་མེད་པར་སྔར་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་དཔག་ཏེ་རང་འགར་འགྲེལ་གནང་པ་ཞིག་ཡིན་པ་གསལ་འདུག

སྤྱིར་ཨ་མདོའི་ལོ་རྒྱུས་ཡིག་ཐོག་གི་ཆི་ཀྱཱ་འམ་ཆས་ཀྱཱ་ནི་ས་མིང་ཚོ་མིང་ལ་ཐོགས་པར་བཤད་འདུག་སྟེ། ཨ་མདོ་ཙོང་ཁ་ཚོ་དྲུག་གི་ངོ་སྤྲོད་མདོར་བསྡུས་ཞེས་པ་རུ་ཆི་ཀྱཱ་ཚོ་བ་ངོ་སྤྲོད་བྱས་པའི་སྐབས་སུ་[21]“དེའི་(ཆི་ཀྱཱ་ཚོ་བ།)སྡེ་བ་གཙོ་བོ་ནི་སྟགའཚེར་དང་། གཞི་མ། ཉི་ལུང་། བ་ལུང་རྩ། ཀླུ་ཚང་མ། ཅུང་རྡེའུ། ཧྲི་ཐེ། བན་ཙི། བྲོང་ཀྱཱ། ཤ་བ་རི་རྫོང་། ཚེ་རིག དགེ་བ། ཕེ་ཀྱཱ། ཡར་རྩ། གསེར་དཀར། གཡང་ཀྱཱ་སོགས་ཡིན། ཚོ་བའི་མིང་ནི་ཆི་ཀྱཱ་གཤོང་ལས་ཐོག་པ་ཞིག་རེད། ནང་སོ་སྡོད་གནས་ནི་ད་ལྟའི་སན་ཧོ་ཞང་གི་ནང་སོ་བན་ཡིན་ནོ་”ཞེས་བཀོད་པ་ལྟར་ལགས་ན། གོང་གི་ཕྱི་བྱ་ཞེས་པའི་བཏགས་དོན་ཡང་ཐེ་ཚོམ་གྱི་གནས་སུ་འཁུམས་སོ།།

བཞི།  ཨ་མདོའི་ལོ་རྒྱུས་ལས་ཕྱི་བྱ་ལ་དོགས་པ་སློང་བ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ཚོའི་བཏགས་མིང་གསར་བ་འདི་ཡི་འབྲེལ་ཡོད་ཡིག་ཆ་ཁག་ལ་བལྟས་དུས། ཕྱི་བྱ་ཡི་རྒྱབ་ལྗོངས་ནི་སྔར་ཆོས་རྒྱལ་ཚོའི་སྐབས་སུ་མདོ་ཁམས་སྨད་ལ་སྲུང་དམག་བཏང་པ་ལས་མཆེད་པའི་མི་རྒྱུད་ཀྱི་ལོ་རྒྱུས་ལ་ཐུག་པ་འདྲ་ལ། ལོ་རྒྱུས་དེ་ནི་བོད་ཆེན་པོའི་བྱུང་རབས་ནང་ཡོངས་གྲགས་ལྟར་ལ། སྤྱི་ཡོངས་ཀྱི་བྱུང་རབས་དེ་ས་ཁུལ་བྱེ་བྲག་པ་ཞིག་གི་བཏགས་མིང་དུ་འེ་གྱུར། གལ་སྲིད་དེ་ཡིན་ན་ཕལ་ཆེར་སྨད་མདོ་ཁམས་ཀྱི་ས་ཡོངས་ལ་ཕྱི་བྱ་ཟེར་དགོས་པའང་འདྲ་ལ། ད་དུང་མིང་འདི་གནའ་སྔ་མོ་ནས་འབྲེལ་ཡོད་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་བསླེབས་ཟིན་པ་ཞིག་ཡིན་དགོས་ཚོད།

ཡང་ཨ་མདོའི་ལོ་རྒྱུས་ཁྲོད་ས་ཆ་ལ་ཤས་སུ་ཕྱི་སོ་དང་ནང་སོ་ཡི་སྒྲིག་འཛུགས་དང་གོ་གནས་བྱུང་ཞིང་། དེ་དག་གིས་དབང་སྒྱུར་བའི་ལོ་རྒྱུས་ཀྱང་ཡོད་མོད། ཙོང་ཁ་ཚོ་དྲུག་གི་ཡུལ་ལ་ནང་སོ་མ་གཏོགས་ཕྱི་བྱ་བའམ་ཕྱི་སོ་ཡི་སྒྲིག་འཛུགས་བྱུང་ཡོད་པའི་གཏམ་དང་ཡིག་ཆ་མཐོང་ཐོས་མ་བྱུང་ལ། ལྷག་པར་དུ་ཆི་ཀྱཱ་ཚོ་བར་མཚོན་ན།  སྟག་ལ་ཕུན་ཚོགས་བཀྲ་ཤིས་ཀྱིས་[22]“༧གོང་ས་༧རྒྱལ་དབང་ལྔ་བ་ཆེན་པོ་པེ་ཅིང་ནས་བོད་དུ་ཕྱིར་ཕེབས་སྐབས་ཆི་ཀྱཱ་ནང་སོས་ཆིབས་ཞབས་སུ་བཅར་ཏེ་ཞབས་རྟོག་ལེགས་པར་ཞུས་པར་བརྟེན། ཁོང་ལ་གཟེངས་བསྟོད་གནང་ཆར་ཡང་༸རྒྱལ་དབང་མཆོག་གི་ཤངས་ཁྲག་ལས་བྲིས་པའི་ལྷ་མོ་གསུང་བྱོན་མའི་སྐུ་ཐང་ཞིག་དང་གསེར་བྲིས་བཀའ་བསྟན་བཅོས་དུ་མ་བསྩལ་ཡོད་པར་གྲགས་”ཞེས་བཀོད་པ་ལྟར། ཆི་ཀྱཱ་ནང་སོ་ཟེར་བ་ཞིག་ལས་ཆི་ཀྱཱ་ཕྱི་སོ་ཟེར་བའི་སྒྲིག་འཛུགས་དང་གོ་གནས་བྱུང་བའི་ལོ་རྒྱུས་ཕལ་ཆེར་མེད་པར་སྙམ།

དེ་ནས་ཨ་མདོ་ས་ཁུལ་མང་པོ་ཞིག་ཏུ་མིང་མཐར་ཀྱཱ་ཡིག་འོག་ཏུ་འ་ཡོད་མེད་གཉིས་ཀ་འབྲི་སྲོལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་ནི། དཔེར་ན། ཡུལ་གྱི་མིང་ཁྲི་ཀའི་ཧོར་ཀྱཱའི་ཡ་གི་ཐང་། སེར་ཀྱཱའི་བཀྲ་ཤིས་གཡང་ཆགས། ཧོར་ཀྱཱ་སྡེ་བ། སེར་ཀྱཱ་གྲོང་ཚོ། སེར་ཀྱཱ་གྲོང་དཀྱིལ། དམེ་ཀྱཱའི་གྲོང་ཚོ། སྟོང་ཆེ་བ་ཀྱཱ། བ་ཡན་ཀ་ཀྱ། བ་ཡན་སྣ་ཀྱཱ། ཀྱ་ཀྱའི་ཕུར། དོ་ཀྱའི་ཚིས་ཀར། རེབ་གོང་ཐཱོ་ཀྱ། འ་ཀྱཱ། ཨ་ཀྱ་གྲོང་ཚོ། སྐྱ་ཀྱཱ་གྲོང་། མོག་ཀྱ། སྣ་ཀྱ། ཀྱ་ཀྱ། དོ་ཀྱ། ཟེར་བ་དང་། མི་མིང་། སུན་ཀྱ་གཅོད་པ། ཆི་ཀྱཱ་སྐྱབས། ཨ་ཀྱ་ཀྱ་ཟེར་བ། དཔོན་མིང་། ལུ་ཀྱཱ་ནང་སོ། ཨ་ཀྱཱ་ནང་སོ། གླང་ཀྱ་དཔོན་ཟེར་བ་སོགས་མང་ལ། ཆོས་ཕྱོགས་ཀྱི་མིང་མཐའ་རུ་ཡོད་པ་བླ་མའི་མིང་ལི་ཀྱཱ་སྐུ་ཕྲེང་། ལཱུ་ཀྱ་བླ་མ་ཤེས་རབ་ཉི་མ། ལི་ཀྱཱ་སྨོན་རམས་པ།  ལི་ཀྱཱ་ངག་དབང་ཆོས་རྒྱལ། ལི་ཀྱཱ་གྲགས་པ་བཀྲ་ཤིས། ལུ་ཀྱ་ཚང་། ཕེ་ཀྱ་བླ་མ། སོ་ཀྱ་བླ་མ། ཏིང་ཀྱཱ་ཀུན་བཟང་སྙན་གྲགས་རྒྱ་མཚོ། མོག་ཀྱཱ་སྐུ་ཕྲེང་། མོག་ཀྱཱ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ། ཨ་ཀྱཱ་སྐུ་ཕྲེང་། ལུ་ཀྱཱ་སྤྲུལ་སྐུ། བིས་ཀྱཱ་སྐུ་ཕྲེང་། བིས་ཀྱ་ཆུང་བ། ལཱུ་ཀྱ་གྲུབ་ཆེན་དགེ་འདུན་དར་རྒྱས། ལཱི་ཀྱ་དོན་ཡོན་ཆོས་གྲགས། ལཱི་ཀྱ་བློ་བཟང་རྒྱལ་མཚན། ཀེ་ཀྱ་བསོད་ནམས་བསྟན་པའི་ཉི་མ། ཧོར་ཀྱ་བློ་བཟང་སེང་གེ། ནན་ཀྱཱ་ངག་དབང་བཟང་པོ། མགོན་ཀྱཱ་སྤྲུལ་སྐུ། བྱང་ཀྱཱ་བླ་མ། ཀ་ཀྱཱ་ཤེས་རབ་རིན་ཆེན། སེ་ཀྱཱ་ལྷ་རམས་པ། ཀྲི་ཀྱཱ་ལྷ་རམས་པ། གཞན་ཡང་ཧཱ་ཀྱ་སྒོམ་པ་དོན་རིན་པ། ཨ་ཀྱཱ་ཞབས་དྲུང་། ཀོ་ཀྱཱ་ཞབས་དྲུང་། ལི་ཀྱ་ཞབས་དྲུང་། ཨ་ཀྱཱ་གྲོང་བ་ཆུ་དཀར་ཞབས་དྲུང་། གྲོ་ཀྱ་ཞབས་དྲུང་། ཕེ་ཀྱཱ་ཞབས་དྲུང་། ཏིག་ཀྱ་ཞབས་དྲུང་། གླང་ཀྱ་དཀའ་བཅུ་བསོད་ནམས་རྒྱལ་མཚན། ཡེ་ཀྱཱ་དཀའ་བཅུ། ཝཱང་ཀྱཱ་དཀའ་བཅུ་བློ་བཟང་བརྩོན་འགྲུས། ཧཱུ་ཀྱ་ཆོས་རྗེ། སོ་ཀྱ་ཆོས་རྗེ། སྨན་པ་བླ་མ་ཉཱ་ཀྱ་དགེ་བཤེས། གྲུ་ཀྱ་སྒོམ་ཆེན་དགེ་འདུན་ཤེས་རབ་སོགས་དང་། དགོན་པའི་མིང་། རྟེའུ་ཐང་རྫོང་དུ་བཏབ་པའི་ཆི་ཀྱཱ་དགོན་པ། ཀྲོ་ཀྱཱ་ཟི།  ཚང་ཀྱའི་སྐུ་འབུམ། རྒྱ་ཀྱཱ་ཐེག་ཆེན་གླིང་། པོ་ཀྱ་དགོན། ཆིན་ཀྱ་དགོན། ཧོ་ཀྱ་དགོན། བླ་ཀྱ་དགོན། ལོའུ་ཀྱ་དགོན། ཧན་ཀྱ་དགོན། ཡན་ཀྱ་འཕྲང་བ་དགོན། ཆི་ཀྱ་ཟི། ཀན་ཀྱ་ཟི། ཀྲའོ་ཀྱ་ཟི། ཟན་ཀྱ་ཟི། ཝུའུ་ཀྱ་ཟི། ཧ་ཀྱ་ཟི། ཐིས་ཀྱ་ཟི། ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་། ཀོ་ཀྱཱ་ཞབས་དྲུང་གི་ལྷ་ཁང་། སེ་ཀྱཱའི་དགོན། སེར་ཀྱཱའི་བོན་དགོན། བ་ཀྱཱའི་གྲྭ་ཚང་ཕུན་ཚོགས་དར་རྒྱས་གླིང་། བིས་ཀྱཱའི་གྲྭ་ཚང་། ཀ་ཀྱཱ་བྲག་ཁང་དགོན། སྣ་ཀྱཱ་དགོན་པ། ཀྱ་ཀྱའི་དགོན་ཐེག་ཆེན་ཆོས་གླིང་། ཐ་ཀྱ་དགོན་བཀྲ་ཤིས་བསམ་གཏན་གླིང་། ཐཱོ་ཀྱའི་དགོན་བཀྲ་ཤིས་ཆོས་འཕེལ་གླིང་། ཐོ་ཀྱའི་དགོན་བཀྲ་ཤིས་བསམ་གཏན་གླིང་། བིས་ཀྱའི་དགོན། གོང་ཀྱའི་དགོན། ཆུ་ཀྱཱ་སྐུ་སྐྱེས་བློ་བཟང་ཐོགས་མེད་རྒྱ་མཚོ་ལྟ་བུ།

གཞན་ཡང་ཨ་ཀྱ་སྒར་བ། མགོན་ཀྱ་སྒར་བ། མ་ཀྱ་སྒར། གྲུའུ་ཀྱ་སྒར། ཕཱེ་ཀྱ་སྒར། ཉེ་ཀྱ་སྒར། ཀེ་ཀྱ་སྒར། ལོའུ་ཀྱ་སྒར། ཧོར་ཀྱཱའི་སྔགས་ཁང་། སེར་ཀྱཱི་སྔགས་ཁང་། དམེ་ཀྱཱའི་སྔགས་ཁང་། ཐ་ཀྱ་སྔགས་ཁང་། ཇོ་ཀྱའི་རི་ཁྲོད། ཨ་ཀྱ་རི་ཁྲོད་སོགས་དང་། ད་དུང་ཨ་མདོའི་ས་ཁུལ་ལ་ཤས་ཀྱི་མིང་མཐར་གྱ་བྲིས་པའང་ཡོད་དེ། ཁ་གྱ་དགོན་པ། ཧོར་གྱའི་གྲྭ་ཚང་བསམ་གཏན་གླིང་། གླིང་གྱའི་ས་དཀར་ཤར་། རྒན་གྱའི་བྲག་དཀར། རྒན་གྱའི་རུ་ངན། རྒན་གྱའི་པཎ་ཌི་ཏ། རྒན་གྱའི་གཞུང་། རྒན་གྱའི་རྩེ་དབུས། ཁ་གྱའི་སྨན་ལུང་། ཁ་གྱའི་སྐམ་ཐང་ལ་ཁ། ཁ་གྱའི་སྒར་རྙིང་། ཁ་གྱ་སྨད་ཀྱི་ཁོངས། ཨ་གྱ་བུ་ཚའི་ཚོ་བཞི། ཨ་གྱ་བུ་ཚའི་དར་ཧན་དཀའ་བཅུ་སོགས་ལ། (མདོ་སྨད་ཆོས་འབྱུང་དང་མདོ་སྨད་ལོ་རྒྱུས་ཆེན་མོ་གཉིས་ལས་དྲངས།)

གོང་བཀོད་ཨ་མདོའི་ཡུལ་མིང་དང་བླ་མིང་། དགོན་མིང་སོགས་རེ་འགའ་རྒྱ་ཡི་རུས་དང་མིང་ལ་འབྲེལ་བ་ཡོད་པར་བརྗོད་པ་དང་། ལ་ཤས་རང་རང་གི་ས་ཁམས་སོགས་ཀྱི་དབང་དུ་སོང་བར་བརྗོད་པས། ཨ་མདོའི་མིང་མཐའི་ཀྱཱ་ཡིག་ནི་ལོ་རྒྱུས་དང་ས་ཁམས་སོགས་ཀྱི་གནས་ཚུལ་མང་པོར་འབྲེལ་ཡོད་མོད། ཁྱོན་ཡོངས་ནས་ཨ་མདོའི་ཡུལ་ཁམས་མང་པོའི་མིང་མཐའི་ཀྱཱ་ཡིག་བྱུང་སྟངས་ལ་ད་སྔ་ཕལ་ཆེར་འགྲེལ་བཤད་དང་དོགས་སློང་རྒྱ་ཆེར་བྱས་པ་མ་མཐོང་བས། ཆི་ཀྱཱ་ཕྱི་བྱ་ཡིན་མིན་ཡང་ཐེ་ཚོམ་རེད་འདོད་དོ།།

ལྔ།  ལོ་རྒྱུས་ཁྲོད་ཀྱི་མིང་གཞི་ཆ་དང་ཕ་ཡིས་མཇུག་བསྡུ་བ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་ཚོ་ཡི་མིང་ཆི་ཀྱཱ་ཡི་མིང་གཞི་ཆ་མིང་གཞི་ཕ་རུ་བསྒྱུར་ནས་ཕྱི་བྱ་ཞེས་དག་དོན་གསར་བ་ཞིག་བྱུང་བར་ཐེ་ཚོམ་སྐྱེས་དུས། ཡང་བོད་ཀྱི་ལོ་རྒྱུས་ཁྲོད་ལྷག་པའི་སྐད་ཆ་ཞིག་དྲན་སོས་བྱུང་། དེ་ནི་རང་རེས་རྣམས་ཀྱིས་དེང་བོད་ཆོལ་ཁ་གསུམ་ཞེས་འབོད་པ། ཆོལ་ཁ་གསུམ་མ་རེད་ཕྱོགས་ཁ་གསུམ་རེད། རྒྱུ་མཚན་ནི་ས་སྐྱའི་གདུང་རབས་ནང་[23]“དེའི་དབང་ཡོན་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ་བ་ཡིན་པར་བཤད་པས། དེ་ཡང་ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་། མི་སྡེ་དྲུག་སྟོང་ཡོང་བ་ཡིན་ནོ།། དབང་ཡོན་བར་མ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱིས་གཙོས་པའི་བོད་ཕྱོགས་ཁ་གསུམ་གྱི་བནྡེ་དང་། མི་སྡེ་སོགས་ཐམས་ཅད་ཕུལ་བ་ཡིན་པས་ཕྱོགས་ཁ་གསུམ་ལ་ཞིང་གཅིག་ཏུ་བརྩིས་པ་ཡིན་པར་བཤད་དེ། དེ་ཡང་སྟོང་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་པོ་ཡན་དམ་པ་ཆོས་ཀྱི་ཕྱོགས་ཁ། སོག་ལ་སྐྱ་བོ་མན་ནས་རྨ་ཆུ་ཁུག་པ་ཡན་མགོ་ནག་མིའི་ཕྱོགས་ཁ། རྨ་ཆུ་ཁུག་པ་མན་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་གྱད་གླིང་རྟའི་ཕྱོགས་ཁ་ཞེས་གྲགས་ཤིང་”ཞེས་གསུངས་ཡོད་པ་རེད་ཟེར་ནས་མིང་གཞི་ཕ་མིང་གཞི་ཆ་རུ་གྱུར་བའི་གཏམ་འདི་ལ། སྔར་མིང་གཞི་ཕ་མིང་གཞི་ཆ་རུ་ཚུར་འགྱུར་བའི་དབང་དུ་བཏང་ན། ད་ནི་མིང་གཞི་ཆ་མིང་གཞི་ཕ་རུ་ཕར་འགྱུར་བའི་གནས་ཚུལ་བྱུང་བས་སྐབས་དོན་འདི་ལོ་རྒྱུས་དང་ཡང་འབྲེལ་འེ་ཡོད་སྙམ་མོ།།

 

དཔྱད་ཡིག

 

[1] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས། 481-482

[2] མདོ་སྨད་ཆོས་འབྱུང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 164

[3] སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན།  གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 40

[4] མདོ་སྨད་ལོ་རྒྱུས་ཆེན་མོ་ལས་སྡེ་ཚོའི་སྐོར་གླེགས་བམ་གསུམ་པ། ཧོར་གཙང་འཇིགས་མེད། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས། 518

[5] མདོ་སྨད་ལོ་རྒྱུས་ཆེན་མོ་ལས་སྡེ་ཚོའི་སྐོར་གླེགས་བམ་གསུམ་པ། ཧོར་གཙང་འཇིགས་མེད། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས། 536

[6] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས། 33

[7] ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།  ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་ཆེན་པོ་མཆོག་གི ་བཀའ་རྩོམ། ཤོག་ངོས། 11

[8] བོད་དང་ངའི་ལོ་རྒྱུས།  རྗེ་བཙུན་པདྨ།  ཨཱཙཱརྱ་ཚེ་དབང་བུ་ཁྲིད་ཀྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས། 5

[9]མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས།   483

[10] ཨ་མདོ་ཙོང་ཁ་ཚོ་དྲུག་གི་ངོ་སྤྲོད་མདོར་བསྡུས། རྩེར་སྙེག  ༡༩༨༩  འདོན་ཐེངས། ༤  རྩེར་སྙེག་རྩོམ་སྒྲིག་པུས་རྩོམ་སྒྲིག་བྱས།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས་པར་དུ་བསྐྲུན། ཤོག་ངོས། 58

[11] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས། 38

[12] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས། 38

[13] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས།  45

[14] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས། 67-68

[15] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས།  124

[16] མི་ཚེའི་བྱུང་བ་བརྗོད་པ། དེབ་དང་པོ། སྟགལྷ་ཕུན་ཚོགས་བཀྲ་ཤིས། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས།  65

[17] ལྷར་བཅས་འགྲོ་བའི་འདྲེན་མཆོག་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཆེན་པོ་མཆོག་ཐོག་མར་རྩད་དཔྱོད་ངོས་འཛིན་གདན་ཞུ་ཇི་ལྟར་ཞུས་སྐོར་རང་མྱོང་མ་བཅོས་ལྷུག་པོར་བཀོད་པའི་བདེན་གཏམ་རྣ་བའི་བདུད་རྩི།  ཀུན་རྩེ་བསོད་ནམས་དབང་འདུས། རྡ་རམ་ས་ལའི་བོད་གཞུང་ཤེས་རིག་པར་ཁང་། ཤོག་ངོས། 42-43

[18] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས།  391

[19] མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ།  གླེགས་བམ་གཉིས་པ། ནོར་གླིང་མཛད་རྣམ་སྡེ་ཚན་ནས་རྩོམ་སྒྲིག་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་ཞུས། ཤོག་ངོས། 59

[20] ལྷར་བཅས་འགྲོ་བའི་འདྲེན་མཆོག་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཆེན་པོ་མཆོག་ཐོག་མར་རྩད་དཔྱོད་ངོས་འཛིན་གདན་ཞུ་ཇི་ལྟར་ཞུས་སྐོར་རང་མྱོང་མ་བཅོས་ལྷུག་པོར་བཀོད་པའི་བདེན་གཏམ་རྣ་བའི་བདུད་རྩི།  ཀུན་རྩེ་བསོད་ནམས་དབང་འདུས། རྡ་རམ་ས་ལའི་བོད་གཞུང་ཤེས་རིག་པར་ཁང་། ཤོག་ངོས། 39

[21] ཨ་མདོ་ཙོང་ཁ་ཚོ་དྲུག་གི་ངོ་སྤྲོད་མདོར་བསྡུས། རྩེར་སྙེག  ༡༩༨༩  འདོན་ཐེངས། ༤  རྩེར་སྙེག་རྩོམ་སྒྲིག་པུས་རྩོམ་སྒྲིག་བྱས།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས་པར་དུ་བསྐྲུན། ཤོག་ངོས། 62

[22] མི་ཚེའི་བྱུང་བ་བརྗོད་པ། དེབ་དང་པོ། སྟགལྷ་ཕུན་ཚོགས་བཀྲ་ཤིས། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས།  36

[23] ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས། རྡོ་རྗེ་རྒྱལ་པོས་བསྒྲིགས་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 154

—–

Loading

1 མཆན་བུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།