དེ་ཡང་རོང་ཐ་ཆོས་འབྱོར་ལྷུན་གྲུབ་ (1857-1900/1901) ཀྱིས་མཛད་པའི་དཀར་ཆག་ལས[1]།
འཕགས་ཡུལ་པཎ་ཆེན་གསེར་གྱི་རི་བོའི་དབུས། །
ལུང་རྟོགས་མངོན་པར་འཕགས་པ་གླིང་བཞིའི་རྒྱན། །
གྲུབ་བརྙེས་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡི། །
ཐུགས་རྗེའི་སྣང་བས་བྱང་ཆུང་དེ་སྲིད་སྐྱོངས། །
ཞེས་བསྟོད་ཕྱག་མཛད་པ་ལྟར། པཎྜི་ཏ་འདི་ཉིད་ཀྱི་ལེགས་སྦྱར་གྱི་མཚན་ལ་སྨྲི་ཏི་ཛྙཱ་ན་ཀཱིརྟི་སྟེ་བོད་སྐད་དུ་དྲན་པའི་ཡེ་ཤེས་གྲགས་པ་ཞེས་ཞུ་ཞིང་། རྒྱ་གར་གྱི་པཎྜི་ཏ་སྙན་གྲགས་ཅན་ཞིག་ཡིན། ཁོང་རིགས་དང་ཡུལ་གང་དུ་སྐུ་འཁྲུངས་པའི་ཚུལ་ནི། ཤར་པ་ཀླུ་ལྡིང་འཇམ་དབྱངས་ཆོས་ཀྱི་ཉི་མས་མཛད་པའི་པཎྜི་ཏ་སྨྲི་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་ལས[2]།
རྒྱལ་རིགས་གཙང་མ་རྩིབས་ཀྱི་མུ་ཁྱུད་སྲས། །
སྐྱེས་པར་ཟློས་ཚེ་ངོ་མཚར་ལྟས་བཅས་བལྟམས། །
ཞེས་གསུངས་པ་ལྟར། ཕྱི་ལོ་ ༨༩༢ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༠༣༣ ལོར་གཤེགས་པ་སྟེ། དེ་ཡང་ཕྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཏུ་རྒྱ་གར་ཡུལ་དབུས་འགྱུར་ཕྱོགས་ཀྱི་གྲོང་ཁྱེར་ཞིག་གི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པའི་སྲས་སུ་སྐུ་འཁྲུངས་ཤིང་། མཚན་གཞན་ལ་པཎྜི་ཏ་སྒྲའི་ཚེར་མ་ཞེས་ཡོངས་སུ་གྲགས། འོན་ཀྱང་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས[3]། རྒྱ་གར་མཁས་པ་ཞིག་ལ་བརྟེན་པར། བར་དུ་ལོ་ཙཱ་བ་མི་དགོས་པ་བྱ་དགོངས་ནས་པཎྜི་ཏ་སྒྲའི་ཚེར་མ་དང་། སྨྲི་ཏི་ཛྙཱ་ན་ཀཱིརྟི་ཕྱོགས་དེར་བྱོན་པ་ལ་སཾསྐྲྀ་ཏའི་སྐད་དང་ཡི་གེ་ཡང་བསླབས་པས་ལེགས་པར་མཁྱེན་ཅིང་། ཞེས་སྒྲའི་ཚེར་མ་དང་། སྨྲི་ཏི་ཛྙཱ་ན་ཀཱིརྟི་གཉིས་པཎྜི་ཏ་ཐ་དད་དུ་ངོས་འཛིན་གནང་མོད། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[4]། དགུང་ལོ་ཉི་ཤུ་ཙམ་གྱི་དུས་སུ་སྨྲི་ཏི་སྟེ་མཚན་གཞན་སྒྲའི་ཚེར་མ་ཞེས་བྱ་བ། ཞེས་པཎྜི་ཏ་སྒྲའི་ཚེར་མ་ཇོ་བོ་སྨྲི་ཏི་ཛྙཱ་ན་ཀཱིརྟིའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་སོ།།
དེ་ལྟའི་སློབ་དཔོན་སྨྲི་ཏི་ཛྙཱ་ན་ཀཱིརྟི་འདི་ཉིད་ནི། ཤར་པ་ཀླུ་ལྡིང་འཇམ་དབྱངས་ཆོས་ཀྱི་ཉི་མས་མཛད་པའི་པཎྜི་ཏ་སྨྲི་ཏི་ཛྙཱ་ནའི་རྣམ་ཐར་དོན་བསྡུས་གསོལ་འདེབས་དད་པའི་མེ་ཏོག་ལས[5]།
གཞོན་ནུ་ཉིད་ནས་ཕྱི་ནང་ཤེས་བྱ་ལ། །
མཁས་པའི་གོ་འཕང་གཤེགས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། སྐུ་ན་ཕྲ་དུས་ནས་རྣམ་དཔྱོད་རིག་པའི་བློ་གྲོས་གསལ་ལ། བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོས་ཕྱི་ནང་གི་རིག་གཞུང་མཐའ་དག་ལ་མཁྱེན་པ་ཤིན་ཏུ་རྒྱས། ཕྱིས་སུ་རྒྱ་གར་གྱི་པཎྜི་ཏ་ནོར་བཟང་གྲགས་པ་དང་། དཔལ་ལྡན་ནཱ་རོ་པ་གཉིས་ཀྱི་སློབ་མར་གྱུར་ཏེ་རྒྱ་གར་ཤར་ནུབ་གཉིས་ན་མཁས་པའི་མཚན་སྙན་ཉི་ཟླ་ལྟར་གྲགས། དེ་ཡང་གསོལ་འདེབས་དད་པའི་མེ་ཏོག་དེ་ཉིད་ལས།
བསླབ་པ་གསུམ་གྱི་གནས་ལ་རང་བྱན་ཆུད། །
པཎ་ཆེན་ལྔ་བརྒྱའི་གཙུག་གི་ནོར་བུས་བཏུད། །
ནཱ་རོ་ཏ་པས་ཐུགས་ཀྱི་སྲས་སུ་བཟུང་། །
བསྟན་པའི་སྒྲོན་མེ་མཆོག་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་བྱང་སྒོ་སྲུང་བའི་པཎ་ཆེན་ནཱ་རོ་པའི་དངོས་སློབ་ཡིན་པར་གསུངས་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ལས[6]། གསུམ་པ་ནི། འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་པའི་འདུས་པའི་སྐོར་རྒྱ་གར་བ་གཞན་གྱིས་མཛད་པ་ལ། རྒྱུད་ཕྱི་མའི་འགྲེལ་པ་གསང་བའི་སྒྲོན་མེ་ཞེས་བྱ་བ་འདི་དཔེ་ཁ་ཅིག་ལས་རྗེ་ནཱ་རོ་པས་མཛད་ཅེས་འབྱུང་ལ། དཔེ་ཁ་ཅིག་ལས་སྙན་གྲགས་བཟང་པོས་མཛད་ཅེས་འབྱུང་ཞིང་། དེའི་མཇུག་ཏུ་ཀུན་ཏུ་བཟང་པོ་ནམ་མཁའི་སྙིང་པོ་སྙན་གྲགས་བཟང་པོ་ནཱ་རོ་པ་ཡེ་ཤེས་དངོས་གྲུབ་རྩ་བཤད་པ་རྣམས་མཚན་གྱི་རྣམ་གྲངས་ཡིན་ནོ། །ཞེས་འབྱུང་བ་སྨྲི་ཏིས་བསྒྱུར་བ་ཞིག་ཡོད་དེ། སྨྲི་ཏི་ནི་ནཱ་རོ་པ་དང་ཡེ་ཤེས་སྙིང་པོ་གཉིས་ཀའི་སློབ་མ་ཡིན་ནོ། །ཞེས་གསུངས་ལ། པཎ་ཆེན་སྨྲི་ཏི་ཛྙཱ་ནའི་གསོལ་འདེབས་དད་པའི་མེ་ཏོག་ལས[7]།
མར་མེ་མཛད་དང་དཱ་ན་ཤི་ལས་ཀྱང་། །
འཕགས་ཡུལ་ན་ཡང་མཉམ་པར་དཀའ་བོ་ཞེས། །
ཁྱོད་ལ་དྭངས་པའི་དབྱངས་ཀྱིས་བསྟོད་ཅིང་བསྔགས། །
ཡིད་ཆེས་ལྷག་པར་བསྐྱེད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་རྣམས་ཀྱིས་ཀྱང་བསྟོད་ཕྱག་མཛད་ཡུལ་ཞིག་ཡིན་ནོ།།
ལྷག་པར་ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་སམ་ས་གཅོད་ལོ་རྒྱུས་ལས[8]། གཉིས་པ་ཐེ་ཚོམ་མེད་ཅིང་། ཡིད་ཆེས་པའི་གུས་པ་བརྟན་པོ་བསྐྱེད་པར་བྱ་བའི་ཕྱིར་བརྒྱུད་པ་ལོ་རྒྱུས་ཀྱི་གདམ་ངག་ནི། ས་བཅུ་པའི་དབང་ཕྱུག་མགོན་པོ་བྱམས་པས་བླ་མ་གསེར་གླིང་པ་ལ་བཤད། རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ་བཤད། དེས་མཁའ་འགྲོ་མ་དམ་པ་རྒྱན་ལ་གསུངས། དེས་སློབ་དཔོན་ཡེ་ཤེས་བཟང་པོ་ལ། དེས་ཇོ་བོ་སྨྲི་ཏི་ཛྙཱ་ན་ཀཱིརྟི་ལ་བཤད། ཇོ་བོ་སྨྲི་ཏི་དེ་རིག་པའི་འབྱུང་གནས་མ་ག་དྷར་སྐུ་འཁྲུངས་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རིག་པའི་གནས་ལྔ་ལ་སློབ་སྦྱོང་མཐར་ཕྱིན་པར་མཛད་པ། འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་རྒྱ་མཚོ། སྡུག་བསྔལ་མེ་ཚོགས་སྤུངས་པ་ལྟ་བུར་འདུག་པས། འཁོར་བའི་སྡུག་བསྔལ་འདི་ལས་ཅི་ཐར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱ་དགོས་སྙམ་ནས། གོང་མའི་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་བསྲུངས་པས། ཉེས་ལྟུང་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་རྟེན་གྱི་གང་ཟག །ཇོ་བོ་མཁས་ལ་བཙུན་པ་དེ། ཐུགས་རྗེས་བོད་ལ་ཕན་གདགས་པར་ཐུགས་ཀྱིས་དགོངས་ནས། དཔེ་ཆ་མང་དུ་སྤྱན་དྲངས་ནས་བོད་དུ་བྱོན། ཞེས་སོགས་བཀའ་གདམས་ཡིག་རྙིང་དེ་ཉིད་ནང་སྨྲྀ་ཏིའི་རྣམ་ཐར་ཞིབ་གསལ་དུ་བྱུང་བ་ལྟར། སྨྲྀ་ཏི་ཛྙཱ་ན་ཀཱིརྟི་མཆོག་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་གྲུབ་ཡིན་པར་གསལ་ལོ།།
དུས་རབས་བཅུ་གཅིག་པའི་འགོར་སྨྲི་ཏི་ཛྙཱ་ན་རྒྱ་གར་ནས་བོད་དུ་གདན་དྲངས་པའི་སྐོར་ལ་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[9]། བལ་པོ་པདྨ་རྨེ་རུ་རྩེ་བྱ་བ་ཆོས་འགའ་རེ་ཙམ་ཡང་མཁྱེན། སྐད་མ་བྱང་བ་གཅིག་བོད་དུ་བྱོན་ཏེ། དེ་ལ་ཆོས་ཞུ་བྱས་པས། ངས་ཆོས་མཁས་པ་ནི་མི་ཤེས། ད་ལྟར་རྒྱ་གར་ན་མཁས་པ་གཉིས་སྤྱན་འདྲེན་ནམ་ཟེར། དེར་རྒྱལ་པོས་གསེར་བསྐུར་ནས་གདན་འདྲེན་དུ་བཏང་བས། ཨ་ཙ་ར་ཕྲ་ལ་རིང་མོ་བྱ་བ་དང་། ཇོ་བོ་སྨྲི་ཏི་གཉིས་སྤྱན་དྲངས་ནས་བྱོན་པས། བལ་པོ་རྨེ་རུ་རྩེ་ལམ་དུ་ཕོ་ལང་གིས་གྲོངས། པཎྜི་ཏ་གཉིས་སྐད་མ་བྱང་བས། མིས་པཎྜི་ཏར་ངོ་མ་ཤེས་ཏེ། ཨ་ཙ་རས་རང་ཐག་བཅོས་བྱས་ནས་ཁམས་ལ་ཐུག་པར་འཁྱམས་སྐད། ཕྱིས་བོད་སྐད་བྱང་ནས། ཚོང་ལྡེ་ངག་གི་དབང་ཕྱུག་ལ་སོགས་པས་ལོ་ཙཱ་བྱས་ནས། འཇམ་དཔལ་ཆོ་ག་འདུས་པའི་རྒྱུད་ལ་སོགས་པའི་ཆོས་ཤས་ཙམ་བསྒྱུར་བ་དེ་ནས་སྔགས་གསར་མའི་འགྱུར་འགོ་བཙུགས་པར་གདའ། གསར་མ་རྒྱས་པར་ནི་རིན་ཆེན་བཟང་པོའི་རིང་ལ་བསྒྱུར་ཏོ། །ཞེས་གསུངས་སོ།།
དེ་ལྟར་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་རྒྱལ་པོ་ལྷ་ལྡེས་མཐུན་རྐྱེན་སྦྱར་ནས་བོད་དུ་གདན་དྲངས་པ་ལྟར་བྱོན་པའི་ཚུལ་ནི། སྟག་ཚང་དཔལ་འབྱོར་བཟང་པོས་ (དུས་རབས་ 14/15) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[10]། ལྷ་ལྡེས། པཎྜི་ཏ་སྨྲི་ཏི་དང་ཕྲ་ལ་རིང་མོ་སྤྱན་དྲངས་ནས། ཆོས་བསྒྱུར་རྩིས་ལ། ལོ་ཙཱ་བ་བལ་པོར་ཕོ་ལོག་གིས་ཤི་ནས། ཆོས་བསྒྱུར་མཁན་ནི་མེད། སྔར་ཤེས་པ་ཉམས་སུ་ལེན་མཁན་ནི་ཡོད་དེ་ལོ་ཙཱ་བ་མེད་པས། པཎྜི་ཏ་གཉིས་པོ་བོད་ཡུལ་ལ་འཁྱམས་སོ། །ཞེས་གསུངས་པ་ལྟར། མངའ་བདག་ལྷ་ལྡེ་བཙན་གྱིས་ཕྱི་ལོ་ ༩༩༧ ལོར་བལ་པོ་པདྨ་རྨེ་རུ་རྩེ་བྱ་བ་ཆོས་འགའ་རེ་ཙམ་མཁྱེན་ལ། བོད་སྐད་མ་བྱང་བ་གཅིག་བོད་དུ་བྱོན་པ་དེར་ཆོས་ཞུ་བྱ་བས། ངས་ཆོས་མཁས་པ་ནི་མི་ཤེས། ད་ལྟ་རྒྱ་གར་ན་མཁས་པ་གཉིས་ཡོད་སྤྱན་འདྲེན་ནམ་ཟེར། སྐབས་དེར་བསྟན་པ་སྔ་དར་ཉམས་ནས་བོད་དུ་པཎྜི་ཏ་ཡུན་རིང་མ་བྱོན། མངའ་བདག་ལྷ་ལྡེས་གསེར་མང་དུ་བསྐུར་ནས་གདན་འདྲེན་དུ་མངགས། ལོ་ཙཱ་བ་རྨེ་རུ་རྩེས་པཎྜི་ཏ་སྨྲི་ཏི་དང་། ཕྲ་ལ་རིང་བ་གཉིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་བྱོན་དགོས་པའི་གདན་ཞུ་ནན་ཞུས་བྱས་སྟབས། པཎྜི་ཏ་རྣམ་གཉིས་ཀྱིས་ཞལ་བཞེས་གནང་སྟེ་ལམ་ལ་ཆས། ལམ་བར་ལོ་ཙཱ་བ་རྨེ་རུ་རྩེ་ཕོ་ལོག་གི་སྙུན་གཞི་ཆེན་པོས་ཞིང་དུ་གཤེགས། པཎྜི་ཏ་མཆོག་གཉིས་ནི་རྡོ་ལ་རི་མོ་བྲིས་པ་ཇི་ལྟར་དམ་པ་ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་པའི་ཚུལ་དང་། ཁྱད་པར་དུ་ཁ་བ་རི་པའི་གདུལ་བྱ་རྣམས་འདུལ་བའི་ཚུལ་ལ་དགོངས་ནས་མུ་མཐུད་དུ་ཕེབས། པཎྜི་ཏ་རྣམ་གཉིས་བོད་སྐད་མ་ཤེས་ལ། ས་རྒྱུས་ཀྱང་མེད་པས་བོད་ཡུལ་ལ་ཡུན་རིང་འཁྱམས་དགོས་བྱུང་བ་ནི། གྲུབ་མཐའི་བྱུང་བ་བརྗོད་པ་ལས[11]། བལ་པོ་སླེ་རུ་རྩེ་བྱ་བའི་ལོ་ཙཱ་བ་མཁས་པ་ཞིག་གིས་པཎྜི་ཏ་ཕྲ་ལ་རིང་བ་དང་། སྨྲི་ཏི་གཉིས་སྤྱན་དྲངས་པའི་ལམ་དུ་ལོ་ཙཱ་བ་གྲོངས། པཎྜི་ཏ་གཉིས་བོད་སྐད་མི་ཤེས་པས་ཡུན་རིང་པོར་འཁྱམས། སྨྲི་ཏི་པཎྜི་ཏས་གཙང་རྟ་ནག་ཏུ་ཁྱིམ་ཞིག་གི་ལུག་རྫི་མཛད་དགོས་བྱུང་བ་ནི། མི་བླུན་པོས་དྲི་ཞིམ་པོའི་ཙནྡན་སོལ་བར་བྱས་པ་དང་འདྲའོ། །དེ་ནས་མཁས་པ་ཞིག་དང་འཕྲད་ནས་པཎྜི་ཏ་སྨྲི་ཏི་ཁམས་ལྡན་མར་སྤྱན་དྲངས། ཆོས་འཆད། སྨྲ་སྒོ་མཚོན་ཆ་བརྩམས། གཞན་མཚན་པཎྜི་ཏ་དྲན་པའི་ཡེ་ཤེས་ཀྱང་ཟེར། འབྲོམ་སྟོན་པ་ཡང་ཁོང་གི་སློབ་མ་ཡིན། ཞེས་འཁོད་དོ།།
ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་དེབ་ཐེར་ཀུན་གསལ་མེ་ལོང་ལས[12]། དུས་དེར་བལ་པོའི་ལོ་ཙཱ་བ་སླེ་རུ་རྩེ་བྱ་བས་པཎྜི་ཏ་ཕྲ་ལ་རིང་བ་དང་། པཎྜི་ཏ་སྨྲི་ཏི་གཉིས་མངའ་རིས་སུ་གདན་དྲངས་འོངས་ཏེ་དམ་ཆོས་སྤེལ་བར་འདོད། འོན་ཀྱང་ལོ་ཙཱ་བ་སླེ་རུ་རྩེ་གློ་བུར་དུ་ཚེ་ཡི་འཕེན་པ་རྫོགས། པཎྜི་ཏ་གཉིས་ཀྱིས་བོད་ཀྱི་སྐད་མ་ཡིག་མ་ཤེས་པས་ཡུན་རིང་འཁྱམས་ནས་བཞུགས། བཀུར་སྟི་ཞུ་མཁན་མ་བྱུང་བར་འཚོ་བ་དཀའ་ངལ་ཡང་མང་ཙམ་འཕྲད། པཎྜི་ཏ་སྨྲི་ཏི་རྟ་ནག་ཏུ་ལུག་རྫི་མཛད་དེ་འཚོ་བ་བསྐྱལ། དེ་ནས་ཡུན་རིང་སོང་ཙམ་ན་བོད་ཀྱི་མཁས་པ་འགའ་ཞིག་དང་འཕྲད། པཎྜི་ཏ་གཉིས་ལ་གསོལ་བ་ཞབས་ཏོག་ལེགས་པར་མཛད། མདོ་ཁམས་སུ་སྤྱན་དྲངས་ནས་འཆད་ཉན་གྱི་འཕྲིན་ལས་རྒྱ་ཆེར་སྤེལ། པཎྜི་ཏ་སྨྲི་ཏིས་སྨྲ་སྒོ་མཚོན་ཆ་ཞེས་པའི་བསྟན་བཅོས་བརྩམས། ཞེས་བྱུང་བ་ལྟར། དེབ་ཐེར་ཁག་ཏུ་བཞེད་ཚུལ་ཅུང་ཟད་མི་མཐུན་པ་ཡོད་ཀྱང་། བལ་པོའི་ལོ་ཙཱ་བ་རྨེ་རུ་རྩེས་པཎྜི་ཏ་ཕྲ་ལ་རིང་བ་དང་། པཎྜི་ཏ་སྨྲི་ཏི་རྣམ་གཉིས་གདན་དྲངས་པ་རྩོད་པ་མེད་དོ།།
དེ་ལྟར་ཐོག་མར་པཎྜི་ཏ་རྣམ་གཉིས་བོད་ཡུལ་དུ་ཕེབས་དུས་བོད་སྐད་མི་མཁྱེན་ཅིང་ལོ་ཙཱ་བ་ཡང་མེད་པས། པཎྜི་ཏ་ཕྲ་ལ་རིང་བ་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གནས་ལ་ཕེབས་ཤིང་། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ནི་དགེ་སློང་གི་ན་བཟའ་མ་རྙེད་པས་སྣམ་བུ་དཀར་པོའི་ལྭ་བ་ཞིག་བསྣབས་ཤིང་། འཚོ་བ་ཧ་ཅང་བཀྲེན་པས་གཙང་རྟ་ནག་ (ད་ལྟ་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་ཁོངས།) ཏུ་ཁྱིམ་ཚང་ཞིག་གི་ར་ལུག་འཚོ་བའི་རྫི་བོ་བྱས། འདིར་བཞེད་ཚུལ་གཞན་ཞིག་ཡོད་པ་ནི། ཁམས་འདན་མ་ཀློང་ཐང་སྒྲོལ་མ་ལྷ་ཁང་གི་ཉེ་འགྲམ་གྱི་དུད་ཚང་ཞིག་གི་རྫི་བོ་མཛད་ཚུལ་ངག་རྒྱུན་དུ་ཡོད་ཀྱང་། རྒྱབ་རྟེན་གྱི་ཡིག་ཆ་དང་སྒྲུབ་བྱེད་ཀྱི་རིགས་པ་རྣོ་པོ་ཞིག་མ་རྙེད་པས་རྗེས་སུ་ཡིད་འཇོག་བྱ་རྒྱུའི་དཔྱད་གཞི་ཙམ་ཡིན། དེ་ནས་འུར་རྡོ་ཕྱག་ཏུ་བཟུང་། དབུ་སྐྲ་ཡང་འབྲེག་མཁན་མ་རྙེད་པས་དབུ་སྐྲ་རིང་པོར་མཛད་ནས་བྱོན། (ད་ལྟ་མཐོང་བའི་ཁོང་གི་སྐུ་བྲིས་འབུར་ཚང་མར་ན་བཟའ་དཀར་པོ་དང་། དབུ་སྐྲ་སྤྱི་བོར་བཅིངས། ཕྱག་གཡས་སུ་འུར་ཆ་དང་། གཡོན་དུ་ནོར་བུ་འཛིན་པ་ཞིག་བཞེངས་འདུག་པ་ལས་ཀྱང་ཤེས་ཐུབ།) ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[13]། ཡང་དེར་བཞུགས་དུས་ངུ་བྲོ་བ་གསུམ་དང་། དགོད་བྲོ་བ་གསུམ་བྱུང་བའི་ལོ་རྒྱུས་ཡོད། ཅེས་གསུངས་པ་ལྟར། ལུག་རྫི་གནང་ནས་བཞུགས་སྐབས་ངུ་བྲོ་བ་གསུམ་དང་། དགོད་བྲོ་བ་གསུམ་བྱུང་བའི་ཚུལ་ནི། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[14]། དེ་ཡང་སྨྲྀ་ཏི་འདི་ལོ་ཙཱ་བ་ཞིག་གིས་གདན་དྲངས་ཏེ་པུ་ཧྲང་དུ་བྱོན་པ་ན་ལོ་ཙཱ་བ་འདས་ནས་པཎྜི་ཏའི་ཡོན་ཏན་གཞན་གྱིས་མ་རྟོགས་པར་གཏད་འཁྱམས་ཏེ་མི་གསུམ་གྱིས་བཟུང་ནས་བཙོངས་ཏེ། ཤབ་ཀྱི་ཕྱོགས་དང་རྟ་ནག་དང་ཤངས་སོགས་སུ་ར་རྫི་བྱས་ནས་བཞུགས་དགོས་པ་བྱུང་སྟེ། དེ་དག་གི་གནས་སྐབས་སུ་རྒོད་བྲོ་བ་གསུམ་དང་། ངུ་བྲོ་བ་གསུམ་བྱུང་སྟེ། ཕྱི་མ་གསུམ་ནི། ༡ ཉིན་ར་ལུག་འཚོ་བར་ཕྱིན། ཕྱུགས་མོ་འཇོ་བའི་ཚེ་དེའི་སྟེགས་བྱེད་དགོས་པ་བྱུང་བ་དང་། ༢ ནུབ་མོ་ཡོས་འཐག་པའི་གཉིད་བྲོ་ནས་མགོ་བོ་རག་ཡུ་ལ་ཐུག་པ་ན་ཨ་ཕོ་ཡོས་མ་ཕོ་ཡ་ཟེར་བ་ལ་མགོ་བོ་ལས་ཡོས་གཅེས་པ་སྙམ་ནས། ཡོས་ཀ་བོ་ཡོད་བྱས་ནས་ཕོ་བཏང་། ༣ ཡང་བྱ་ཤི་ལུང་པར་ལུག་འཚོ་བའི་ཚེ་བྱ་གཅན་གྱིས་བྱ་ལོང་བསད་པའི་རོ་པང་ཁར་སྐྱུར་བྱུང་བ་ལ། མི་ང་ཡང་མཐའི་མི། བྱ་ཁྱོད་ཀྱང་མཐའི་བྱ། གསུངས་ཏེ་སྤྱན་ཆབ་བྱུང་ངོ་།།
རྒོད་བྲོ་བ་གསུམ་ནི། ༡ གླང་རི་ལ་ལུག་འཚོ་བ་ན་རྫི་ཕད་ཀྱི་སྟེང་དུ་རྡེའུ་བཀྲམ་པ་ན་ལུག་འགྱེད་བསྡུད་བྱེད་པའི་ཚེ་ལུག་གསེབ་ཏུ་རྡེ་ནག་ཤོར་ན་སྤྱང་ཁྱི་ཡོང་སྟེ་མཐེ་བོང་གིས་མནན་ན་མི་ཡོང་བ་ཡིན་པ་ལ་དེ་ལྟར་བྱེད་ཅིང་རྫི་རར་མེ་བཏང་ནས་ལྡེ་ཡི་ཡོད་པའི་ཚེ། རི་བོང་ཞིག་དེར་བྱུང་ནས་མེ་ལ་སྲོད་ཀྱིན་འདུག་པས་ཁོ་གཉིད་ཡུར་ནས་བུབ་པས། སྨ་ར་མེས་ཚིག་སྟེ་སྐྲག་ནས་བྲོས་སོང་བ་ལ་དགོད་ཤོར། ༢ ལན་ཅིག་རྡེའུ་བཀྲམ་ནས་ཆོས་ཤེས་པ་རྣམས་བརྗེད་དམ་མ་བརྗེད་གསད་པའི་མ་བརྗེད་འདུག་པས་འཛུམ་ཤོར། ༣ ཐེངས་ཤིག་ས་ཕུག་ན་ཉལ་བའི་ཚེ་གཡུ་མཚོའི་མཚོ་སྨན་མོས་འོ་མ་གཉན་འཇོ་གང་འབུལ་དུ་བྱུང་བ་ན། ཕྱག་བྱས་པས་འོ་མ་བོ་ནས་སྐྱེངས་ཏེ་ཕྱི་འགྲོས་བྱས་ཏེ་སོང་བས་དགོད་བྲོ་བ་ཞིག་བྱུང་གསུངས་སོ། །ཞེས་གསལ་བ་ལྟར། གསོལ་འདེབས་དད་པའི་མེ་ཏོག་ལས།
ཁྱད་པར་བོད་ཆེན་གསེར་འོག་གྲགས་པའི་ལྗོངས། །
སྐྱེད་ཡུམ་ཉི་ཚེའི་སྡུག་བསྔལ་སྒྲོལ་བའི་སླད། །
ཕལ་པའི་སྤྱོད་པས་ཕྱུགས་ཀྱི་འཚོ་སྐྱོང་སོགས། །
སྦས་པའི་རྣལ་འབྱོར་མཛད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་སྐབས་སྨྲི་ཏི་ཛྙཱ་ན་ཀཱིརྟིས་བོད་སྐད་མ་ཤེས་པར་རྫི་བོ་མཛད་ཚུལ་སོགས་ཀྱི་ལོ་རྒྱུས་གསན་པས། ཇོ་བོ་རྗེའི་ཞལ་ནས་ཨ་ཙ་མ། བོད་ལ་བསོད་ནམས་ཆུང་། དེང་རྒྱ་གར་ཤར་ནུབ་གཉིས་ནས་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ལས་ལྷག་པ་མེད། བོད་བསོད་ནམས་ཆུང་། གསུང་བཞིན་སྤྱན་ཆབ་བསིལ་བའི་ལོ་རྒྱུས་བྱུང་ཞིང་། གསོལ་འདེབས་དད་པའི་མེ་ཏོག་ལས།
སླར་ཡང་བོད་ཀྱི་ཡུལ་དུ་ཞབས་བསྐྱོད་ཚེ། །
དེད་དཔོན་མཁས་པས་ཡིད་བཞིན་ནོར་བུ་ལྟར། །
ལོ་ཙཱ་ཆེན་པོས་ཁྱོད་ཞལ་ངེས་རྟོགས་ནས། །
མཚན་གྱི་སྙན་པ་བསྒྲགས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། གཙང་རྟ་ནག་ཏུ་ལུག་རྫི་མཛད་ནས་བཞུགས་སྐབས། པཎྜི་ཏ་སྨྲི་ཏིས་ཁྱིམ་དེའི་ཕྱི་སྒོའི་ཡ་ཐེམ་ལ།
རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །
མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། །
དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། །
གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ། །
ཞེས་བྲིས་ཡོད་པ་སྔོན་རྒྱ་གར་དུ་སྨྲྀ་ཏི་བླ་མར་བསྟེན་མྱོང་བའི་ལོ་ཙཱ་བ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་[15]གྱིས་མཐོང་སྟེ། རང་གི་བླ་མའི་ཕྱག་བྲིས་སུ་ངོ་ཤེས་ནས་འདི་སུས་བྲིས། ཞེས་དྲིས་པས། ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར། ད་ལྟ་གང་དུ་ཡོད་དྲིས་པས། ར་རྫི་ལ་སོང་ཟེར། ལོ་ཙཱ་བས་ཁྱིམ་དེར་གསེར་མང་པོ་བྱིན་ནས་པཎྜི་ཏ་བླུས་ཏེ་རང་ཡུལ་མདོ་སྟོད་ཁམས་འདན་མའི་ཡུལ་ལ་གདན་དྲངས་ཏེ་གདུལ་བྱ་རྣམས་ལ་འགྲོ་དོན་རྒྱ་ཆེན་པོ་མཛད་དོ།།
པཎྜི་ཏ་འདི་ཉིད་བོད་དུ་ཕེབས་རྗེས་ཀྱི་རྣམ་ཐར་ཞལ་གསལ་ཞིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ནི། ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་སམ་ས་གཅོད་ལོ་རྒྱུས་ལས[16]། དཔེ་ཆ་མང་དུ་སྤྱན་དྲངས་ནས་བོད་དུ་བྱོན་པས། རྩང་ལ་བསྟོད་ཁྭ་ལ་གཡག་མྱིག་ཏུ་བྱོན་པས། ཇོ་བོ་དེ་སྐུ་ལུས་གནག་པ་ཆུང་བ་བརྡ་འཐོམ་མོན་གྱི་ཕྲུ་གུ་འདྲ་བ་ན་བཞུགས་པས། ཡུལ་མི་རྣམས་ཀྱིས་པཎྜི་ཏ་ཆེན་པོ་ཡིན་པར་ངོ་མ་ཤེས་པས་ཇོ་བོ་ལ་ཁྱོད་ཀྱིས་ཕྱུགས་འཚོ་བ་འོང་ངམ་བྱས་པས། འོང་གིས་གསུངས་ནས་ར་ལུག་འཚོ་བར་ཞལ་གྱིས་བཞེས་པ་དང་། ཇོ་བོའི་ཐུགས་དགོངས་ལ་དཔེ་ཆ་འདི་ཚོ་འོ་བརྒྱལ་དེ་འགྲོ་བས་འདི་རྣམས་གཏེར་དུ་སྦ་དགོས་སྙམ་ནས། ཝ་བརྒྱད་བཅུ་འཕྲང་རྩ་ལྔར་གངས་ཀྱི་ར་བར་བྲག་ཕུག་ལ་དྲིས་བྱུགས། དཔེ་རྣམས་རས་ཀྱི་ན་བཟར་དྲིལ་ནས་གཏེར་དུ་སྦས་ནས་ལས་ངན་གྱི་སྒྲིབ་པ་སྦྱང་བའི་ཕྱིར་ར་རྫི་ལོ་གསུམ་མཛད། ཇོ་བོ་དེས་དགུག་པ་དང་རེངས་པ་དང་བསྐྲད་པའི་ལས་འགྲུབ་པས། ར་ལུག་ཟས་ལ་འགྲེམས་པའི་ཚེ་རས་ཀྱི་སྟེང་དུ་ནས་སྦར་མོ་གང་བརྡལ་ནས་སྤྱང་ཀི་དང་འཕར་བ་ལ་སོགས་པའི་འཚེ་བ་དང་བྲལ། དགོང་མོ་བསྡུ་བར་འདོད་པའི་དུས་སུ། ནས་བརྡལ་བ་དེ་རྣམས་བསྡུས་ནས་ལྷས་སུ་བརྡུམས་པས་ར་ལུག་མདུན་དུ་སྤུངས་ཀྱིས་འོང་། དེ་ནས་ཁྱིམ་པ་རྣམས་ལ་གཏད་དོ།།
ནུབ་མོ་ས་ཕུག་གམ་བྲག་ཕུག་གམ་ལྷ་ཁང་རལ་པོ་ལ་སོགས་པ་རྣམས་སུ། གཉིད་དང་རྨུགས་པ་སྤངས་ཏེ་རྟག་ཏུ་མཉམ་པར་བཞག་པས་རང་ལུས་གཞན་ལུས་ཐམས་ཅད་ཀྱང་དུར་ཁྲོད་ཆེན་པོའི་འདུ་ཤེས་སུ་མཉམ་བཞག་དང་རྗེས་ཐོབ་མེད་པར་འབྱུང་། ཀེང་རུས་ཀྱི་སྤྲོ་བསྡུ་བསྒོམས་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀེང་རུས་ཀྱི་སྣང་བར་ཤར་བས་ལུས་ལ་གཙང་བར་འཛིན་པའི་རྟོག་པ་རང་ཞི་ནས། རང་དང་གཞན་གྱི་ལུས་ལ་ཆགས་ཤིང་ཞེན་པ་དང་བྲལ། ནང་དུ་རྩ་དང་རླུང་གི་རྟེན་འབྲེལ་གྱིས་མངོན་པར་ཤེས་པ་ཆགས་ཐོགས་ཅན་དུ་ཤར། ཇོ་བོ་སྒྲོལ་མ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་བསྟིབས་པ་ཙམ་གྱི་ཞལ་གཟིགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ལགས་སྐད།
དེ་ནས་ལོ་རིལ་པོ་གཅིག་ཏུ་སྟག་རིས་དང་སྟག་སྡེ་ཐམས་ཅད་དུ་བསོད་སྙོམས་མཛད། དེ་ནས་ཝ་བརྒྱད་བཅུ་འཕྲང་དུ་ཡར་ཕྱིན་ནས་ཟླ་བ་གསུམ་ར་རྫི་མཛད་ཙམ་ན། རྒྱ་གར་ནས་ཨ་ཙ་ར་བྱུང་བ་རྣམས་ཀྱིས་ངོ་ཤེས་ནས།
མཁས་པ་སྨྲི་ཏི་ཛྙཱ་ན་ཀིརྟི་ཁྱེད། །དམན་ས་བཟུང་ནས་ར་ལུག་འཚོ་བ་འདི། །
བདག་ཅག་ངུ་བྲོ་ཆུ་མ་རྐུ་བར་འདུག །མཐའ་འཁོབ་ཀྱི་མི་གླེན་པ་སྐྱུག་བྲོ་བར་འདུག །
ཇོ་བོ་སྨྲི་ཏི་འདྲ་བའི་མཁས་པ་ངོ་མ་ཤེས་པར་ཟེར་བ་དང་། ཐམས་ཅད་ཀྱིས་པཎྜི་ཏ་མཁས་པ་ཡིན་པར་ངོ་ཤེས་ནས། དགེ་བའི་བཤེས་གཉེན་གླན་བྲེས་པས་སྤྱན་དྲངས་ནས་ཆོས་བཙུགས་པ་དང་། ཇོ་བོས་རང་འགྱུར་མཛད་ནས་ཆོས་མང་དུ་གསུངས་པས། བོད་ཀྱི་མི་ཆེན་ཐམས་ཅད་འདུས། བསྙེན་བཀུར་གསེར་གཡུའི་ཆར་པ་བབས་པས། ཇོ་བོའི་ཐུགས་དགོངས་ལ། བདག་སངས་རྒྱས་བསྒྲུབ་པ་ལ་བདུད་ཀྱི་བར་ཆད་གཅིག་འབྱུང་ངེས་པར་འདུག །མཚན་མའི་སྤྲོས་པ་གཅིག་སྐྱེས་ངེས་པར་འདུག །འཁོར་བའི་གཡང་ས་ལ་ལྷུང་ངེས་པར་འདུག །འདོད་པའི་འདམ་དུ་འབྱིང་ངེས་པར་འདུག །གཡེང་བའི་རླུང་གིས་འཁྱེར་ངེས་པར་འདུག་པས། ད་འདིར་བསྡད་པས་མི་ཡོང་འགྲོ་དགོས་པར་འདུག་སྙམ་ནས། ཝ་བརྒྱད་བཅུ་འཕྲད་ནས་དཔེ་སྦས་པ་བླངས་ནས་ཁམས་སུ་གཤེགས། སོག་གི་དབེན་ཕུག་གོང་མར་དཔེ་ཆ་ཕྱེད་གཏེར་དུ་སྦས། ཕྱེད་སྤྱན་དྲངས་ནས་འབྲི་ཀླུང་དུ་བྱོན་ནས། ཀློང་ཐང་སྒྲོལ་མར་ར་རྫི་པཎྜི་ཏ་མཁས་པ་གཅིག་ཡིན་ནམ་བྱ་བའི་གྲགས་པ་བྱུང་བས། གྲུ་དང་ཚར་འགྱུར་ལ་སོགས་པ་རིག་པ་རྣོ་བ་ཐམས་ཅད་ཀྱིས་ཀྱང་ཆོས་འདྲི་མ་ནུས་པར། མཁས་པ་ཡིན་མིན་གྱི་མོ་བཏབ། དུས་ཕྱིས་རིག་པའི་གནས་ལ་མཁས་པའི་པཎྜི་ཏ་ཆེན་པོ་ཡིན་པའི་སྒྲ་ཐོས་པ་དང་། འབྲི་ཀླུང་སྟོད་སྨད་ཀྱི་མི་ཆེན་ཐམས་ཅད་འཚོགས་ནས་ཆོས་ཞུས་པས། ཇོ་བོས་རང་འགྱུར་མཛད་ནས། མངོན་པ་མཛོད་དང་། སྨྲ་བའི་སྒོ་མཚོན་ཆ་ལ་སོགས་པ་མདོ་དང་བསྟན་བཅོས་མང་དུ་གསུངས། དེ་ནས་ཡང་དེར་བཞུགས་ན་གཡེང་བས་འཁྱེར་བར་ཐུགས་ཀྱིས་དགོངས་ནས་དེར་མ་བཞུགས་པར་མདོ་སྨད་དུ་གཤེགས་པར་གདའ། ཞེས་བྱུང་བ་ལྟར། ར་རྫི་མཛད་ཡུལ་ནི་གཙང་ལ་སྟོད་ཁྭ་ལ་མྱིག་གཡག་དང་། སྟག་རིས་དང་སྟག་སྡེ། ཝ་བརྒྱད་བཅུ་འཕྲང་སོགས་སུ་ཡིན་པ་ལས། རྟ་ནག་ཏུ་ཡིན་ཚུལ་མི་འབྱུང་ངོ་།།
པཎྜི་ཏ་སྨྲི་ཏི་འདན་ཀློང་ཐང་དུ་གདན་དྲངས་རྗེས་ཡུན་རིང་མ་འགོར་བར་བོད་སྐད་དང་བོད་ཡིག་ཤེས་པར་མ་ཟད། བོད་ཀྱི་སློབ་མ་མང་པོ་ཞིག་ཀྱང་བཀའ་དྲིན་བསྐྱངས། ཁོང་གི་སློབ་མ་གཙོ་བོ་རྗེ་སེ་བཙུན་པ་དང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡིན་ལ། འབྲོམ་སྟོན་པས་པཎྜི་ཏ་འདིའི་དྲུང་ནས་སྒྲ་རིག་པ་དང་། སཾསྐྲྀ་ཏའི་སྐད་བསླབས་པར་མཛད་ཅིང་། གཞན་ཡང་དཔྱལ་ལོ་བསོད་ནམས་གྲགས་པ། དགེ་བཤེས་གླན་བྲེས་པ། གཞོན་ནུ་གྲགས་པ། ཚོང་སྡེ་ངག་གི་དབང་ཕྱུག །གླིང་གེ་སར་རྒྱལ་པོ་སོགས་མང་དུ་བྱུང་ལ། ཡང་བཀའ་འགྱུར་གྱི་ལུང་ལ་མཚོན་ནའང་། པཎྜི་ཏ་སྨྲྀ་ཏིས་རོང་ཟོམ་ཆོས་ཀྱི་བཟང་པོར་ལ་གནང་བར་གྲགས་སོ།།
ད་དུང་འདན་ཀློང་ཐང་དུ་ཁོང་གིས་མངོན་བརྗོད་ཀྱི་བཤད་པ་བཙུགས། དཔལ་གདན་གཞི་དང་འཇམ་དཔལ་གསང་འདུས་སྐོར། སྒེག་པ་རྡོ་རྗེའི་སྐོར་སོགས་རྒྱ་དཔེ་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར། བྲག་དགོན་པའི་ཆོས་འབྱུང་ལས[17]། དྲུག་ཅུ་སྐོར་འདིར་གླིང་རྗེ་གེ་སར་བྱོན། རླངས་འདྲེ་བཀོལ་དང་། སྨྲི་ཏི་ལ་ཆོས་ཞུས། ཞེས་གསལ་བ་ལྟར། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[18]། རྒྱ་གར་གྱི་པཎྜི་ཏ་ནོར་བཟང་གྲགས་པས་ཙཱནྡྲ་བྱཱ་ཀ་ར་ཎའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་བའི་སྒོ་ཞེས་བྱ་བ་ཞིག་བརྩམས་པ་ལ། འདི་དང་དཔལ་ནཱ་རོ་པ་གཉིས་ཀྱི་སློབ་མ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། བོད་དུ་ཕེབས་ནས་འབྲོམ་སྟོན་པ་དང་། གླིང་གེ་སར་རྒྱལ་པོའི་སློབ་དཔོན་མཛད། མཐར་ཁམས་ཀྱི་ཀློང་ཐང་དུ་ཡུན་རིང་བཞུགས་ཤིང་། བོད་ཀྱི་སྐད་ཡིག་ལ་བྱང་བར་ལོབས་པ་ན། རྒྱ་གཞུང་དུ་མ་རང་འགྱུར་མཛད་སྐབས་སྒྲ་དང་སུམ་རྟགས་གང་ལ་ཡང་མཁོ་ཆེ་བའི་དག་ཡིག་སྨྲ་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་བརྩམས་ནས་བོད་སྐད་ལྟར་རང་འགྱུར་དུ་མཛད། ཅེས་པ་ནི་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་གཏམ་མོ། །ཞེས་གསལ་བ་ལྟར། ཁོང་འཛམ་གླིང་གེ་སར་རྒྱལ་པོའི་སློབ་དཔོན་མཛད་པར་གྲགས། ཞེས་གསུངས་སོ།།
དེ་ལྟར་ཁམས་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་མཛད་པ་ཇི་ལྟར་བསྐྱངས་པ་ནི། གསོལ་འདེབས་དད་པའི་མེ་ཏོག་ལས།
སྒ་ལུང་འཛོམ་ཉག་གནས་གཞིར་ཆོས་ཀྱི་སྐུའི། །
མཆོད་རྟེན་བདེ་གཤེགས་རིང་བསྲེལ་སྙིང་པོ་ཅན། །
སྤྱན་དྲངས་བརྟན་པར་བཞུགས་པའི་ཆོ་ག་བཅས། །
དཔལ་གྱི་ལྷུན་པོ་བསྐྲུན་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཁོང་གིས་ཕྱི་ལོ་ ༡༠༣༠ ལོའི་ཡས་མས་སུ་བཞེངས་པའི་འཛམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོའི་མདུན་ངོས་སུ་གསལ་བ་ལྟར་ན། པཎྜི་ཏ་སྨྲི་ཏི་ཛྙཱ་ནས་འཛམ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ་བཞེངས་པར་གྲགས་ལ། དེ་བཞིན་གསོལ་འདེབས་དད་པའི་མེ་ཏོག་ལས།
བདེན་མཐུས་འཕངས་པའི་རྡོ་བ་འབབ་པའི་གཞིར། །
དྲན་པའི་ཐང་དུ་གཟུགས་སྐུ་བསྡུས་པའི་ཚེ། །
ས་འཛིན་འདར་ཞིང་ལྷ་ཡི་མེ་ཏོག་དང་། །
སྒྲ་སྙན་རོལ་མོས་མཆོད་ལ་གསོལ་བ་འདེབས།
ཞེས་གསུངས་པ་ལྟར། པཎྜི་ཏ་སྨྲི་ཏི་ཛྙཱ་ན་མཆོག་ཉིད་སྐུ་ཚེའི་སྨད་ལ་གདུལ་བྱའི་དབང་གིས་འདན་གྱི་ཁྲ་བོ་ལ་ (ད་ལྟ་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་ཁོངས་གཏོགས་ཡིན།) ནས་བརྒལ་ཏེ་ཕེབས། ཕྱི་ལོ་ ༡༠༣༣ ལོར་དྲན་ཐང་ (ད་ལྟ་དཀར་མཛེས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁོངས་སུ་ཡིན།) ཞེས་པའི་གནས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་པ་བཅས་སོ།།[19]
པཎྜི་ཏ་སྨྲྀ་ཏིའི་མཛད་པ་ཀུན་ལས་མཆོག་ཏུ་གྱུར་པ་གསུང་གི་མཛད་པ་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་སྒྲོན་གསལ་གྱི་དཀའ་གནས་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་ལས[20]། དེས་ན་སྨྲི་ཏིས་མཛད་ཟེར་བའི་འགྲེལ་པ་ལས་རྒྱུད་འདི་གསང་བའི་མཆོག་ཅེས་བྱ་བ་སྟོང་ཕྲག་གཅིག་བཞུགས་པའི་རྒྱུད་ཕྱི་མར་བཤད་པ་ལྟར། འདི་ཐམས་ཅད་གསང་བའི་རྒྱུད་ཀྱི་དུམ་བུ་ཕྱི་མ་གཅིག་ཏུ་འདུག་པས་གླེང་གཞི་མ་གསུངས་པར་མངོན་ཏེ། འདུས་པའི་རྒྱུད་ཕྱི་མ་བཞིན་ནོ། །རྒྱུད་སྔ་མ་གཅིག་གི་དུམ་བུ་ཡིན་པ་ནི་འདི་ཉིད་ཀྱི་ལེའུ་བཞི་པ་ལས་ཤེས་ལ། ཐམས་ཅད་གསང་བའི་མཆོག་ཅེས་བྱ་བའི་རྒྱུད་ཡིན་པར་ནི་རྒྱུད་འདི་ཉིད་ལས་གསལ་ལོ། །ཞེས་བྱུང་བ་ལྟར་གསུང་མང་དུ་སྣང་ངོ་།།
དེ་ཡང་སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་[21]ཏུ་གསལ་བ་ལ་མཚོན་ན། ༡༽ སྒྲུབ་ཐབས་གསང་བ་ལྡན་པའི་ཐིག་གི་ཆོ་ག །པཎྜི་ཏ་སྨྲྀ་ཏིས་མཛད་པ་དང་། ༢༽ སྤྱན་དབྱེ་བའི་ཆོ་ག་རབ་གནས་བཅས་པཎྜི་ཏ་སྨྲྀ་ཏིས་མཛད་ནས། དེ་ཉིད་ཀྱིས་སྒྲ་རང་འགྱུར་དུ་མཛད་པ། ༣༽ གསང་ལྡན་གྱི་ཐོ་ཡིག་དོན་བསྡུས་སུ་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། དེ་ཉིད་ཀྱི་རང་འགྱུར། ༤༽ རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་འགྱུར། ༥༽ རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག །པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་འགྱུར། ༦༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་དོན་མཐུན་པར་མངོན་རྟོགས་བརྒྱད་དུ་བསྟན་པ། པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་རྣམས་བཞུགས་སོ། །འདི་ལ་དཔེ་རྙིང་དག་པོ་རྣམས་ན་པཎྜི་ཏ་བྱམས་པས་མཛད་བྱ་བ་སྣང་སྟེ། དེ་ལྟར་ན་མཻ་ཏྲཱི་པ་ལ་སྨྲྀ་ཏིར་ནོར་བ་ཡིན་ནམ་སེམས་སོ་ཞེས་བུ་སྟོན་གྱིས་གསུངས་སོ།།
༧༽ དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་འགྱུར། ༨༽ བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་དེ་ཉིད་ཀྱི་འགྱུར། ༩༽ རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ། རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་བླ་མའི་མན་ངག་ལས་བྲིས་པ་ཞེས་བྱ་བ། པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང༌། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་རང་འགྱུར། ༡༠༽ ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་མན་ངག་རྒྱས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང༌། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཉིད་ཀྱི་རང་འགྱུར། ༡༡༽ འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་རང་འགྱུར། ༡༢༽ སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ། པཎྜི་ཏ་དྲན་པའི་ཡེ་ཤེས་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་ཀྱིས་བླ་མ་ནོར་བཟང་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ་མིང་གི་སྦྱོར་བ་ནི་ཅུང་ཟད་གཞག །ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་བཅས་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་རྣམ་གྲངས་ ༡༢ བཞུགས་སོ།།
གཞན་ཡང་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བཀའ་བསྟན་སྒྲ་སྒྱུར་མཛད་པའི་ཕྱག་རྗེས་ལ་མཚོན་ནའང་། བཀའ་འགྱུར་ལས། ༡༽ དཔལ་གདན་བཞི་པའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཐམས་ཅད་གསང་བ་ཞེས་བྱ་བ་ལེའུ་བརྒྱ་ལྷག་པ་དང་། ༢༽ ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལེའུ་བཞི་[22]བཅས་བཞུགས་ཤིང་། བསྟན་འགྱུར་ལས། ༡༽ ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། འཕགས་པ་ལྷས་མཛད་པ། པཎྜི་ཏ་སྨྲྀཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཕྱིས་པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ནས་རྒྱ་དཔེ་ལ་ཞུ་གཏུགས་བྱས་པ་དང་། ༢༽ རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམ་པར་བཤད་པ། ཤླཽ་ཀ་དྲུག་སྟོང་ལྔ་བརྒྱ་བདུན་ཅུ་པ། ཤྲཱི་ནཱ་ལེནྡྲ་ན་བཞུགས་པ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། འདི་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ཕྱི་མའི་འགྲེལ་པར་སྣང་གི་རྩ་རྒྱུད་ཀྱི་འགྲེལ་པ་མིན་པར་སྣང་ངོ༌། །༣༽ གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ། གསང་འདུས་རྒྱུད་ཕྱི་མ་པཎྜི་ཏ་སྙན་གྲགས་བཟང་པོས་མཛད་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། འདི་ལ་ཐེ་ཚོམ་གྱི་གཞི་གཅིག་སྣང་ངོ༌། །༤༽ ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༥༽ འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་ཉི་མ་ཅན་གྱི་རིན་པོ་ཆེའི་གླིང་ན་བཞུགས་པ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་གང་གི་མཚན་དཔལ་སྣ་ཚོགས་གཟུགས་ཅན་དུ་གྲགས་པ་དེས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར་ལ། ཕྱིས་རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང༌། ལོ་ཙཱ་བ་གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བཅོས་པ་ལ་ཡང་གཉན་གྱིས་བཅོས་པ། གཞུང་ཚད་ཤླཽ་ཀ་ཉིས་སྟོང་ལྔ་བརྒྱའོ།།
༦༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས། སློབ་དཔོན་ཆེན་པོ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར། ༧༽ མཚན་ཡང་དག་པར་བརྗོད་པ་བཀླག་པའི་སྒོམ་ཁོག །སློབ་དཔོན་དཔལ་ལྡན་བྱང་ཆུབ་ཀྱིས་མཛད་པ། ༨༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ། སློབ་དཔོན་ཆེན་པོ་རིན་པོ་ཆེའི་གླིང་ན་གནས་པ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར། ༩༽ འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྐྱེ་བ་གཅིག་ལ་མཚན་ལྔ་ཐོབ་པའི་སློབ་དཔོན་དེའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར། ཕྱིས་སློབ་དཔོན་འཕགས་པ་མཆོག་གི་ཞུས་ནས་གཏན་ལ་ཕབ་སྟེ་འགྱུར་ཕྱི་མ་ཡང་ཡིན་ནོ། །༡༠༽ འཕགས་པ་འཇམ་དཔལ་གྱི་རབ་ཏུ་གནས་པའི་ཆོ་ག །སློབ་དཔོན་ཤཱཏྣིཾ་གྷརྦྷས་མཛད་པ། ༡༡༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང་བསྒྱུར་བ།
༡༢༽ འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ། དགེ་བསྙེན་མ་གྲགས་དགེ་མས་མཛད་པ། ༡༣༽ འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག །དགེ་བསྙེན་མ་གྲགས་སྦྱིན་མས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༤༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག །པཎྜི་ཏ་ཤཱནྟིཾ་གརྦྷས་མཛད་པ། ལོ་ཙཱ་བ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༥༽ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་གཙུག་དགུའི་གཞུང་དང་ཆ་འདྲ་བ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཟེར། དཔེ་ལ་ལ་ན་པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ཟེར་བ་སྣང་ངོ༌། །ཞེས་བྱུང་བ་ལྟར་བཀའ་བསྟན་གྱི་དཀར་ཆག་རྣམས་སུ་བཀའ་བསྟན་གྱི་གཞུང་ ༡༧ སྒྲ་བསྒྱུར་མཛད་པའོ།།
དེ་ཡང་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་སྒྲོན་གསལ་གྱི་དཀའ་གནས་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་ལས[23]། དེས་ན་ལོ་ཆེན་གྱི་འགྱུར་ལས། མཆོད་པ་བསྒོམ་པར་གྱུར་པ་ཡིན། །ཞེས་འབྱུང་ཡང། སྨྲི་ཏིས་རྒྱུད་ཀྱི་གཞུང་ལོགས་སུ་བསྒྱུར་བ་ལས། མཆོད་པ་བསྒོམ་པར་གསུངས་པ་ཡིན། །ཞེས་བསྒྱུར་བ་ལེགས་སོ། །ཞེས་དང་། ཡང་དེ་ཉིད་ལས[24]། ཀ་ཙ་ཊ་ཏ་པའི་སྡེ་ཚན་ལྔ་ཡི་ཐ་མ་ནི་པ་སྡེ་ཡིན་ལ། དེ་ཡི་ལྔ་པ་ནི་མ་ཡིག་གོ །ཡ་ནས་བགྲངས་པའི་བརྒྱད་ཀྱི་མཐའ་ལ་སྟེ། མཐར་འབྱུང་བ་ནི་ཧའོ། །དེ་ལ་འདུས་པ་ནི་དེ་དང་མ྄་ཡིག་སྦྱར་བས་ཧཾ་མོ། །སྨྲི་ཏིས་བསྒྱུར་བའི་དཔེ་ཁ་ཅིག་ལས། བརྒྱད་ཀྱི་མཐའ་ལ་འབྱུང་བ་འདུས། །ཞེས་འབྱུང་བ་ཉིད་ལེགས་སོ། །ཞེས་པཎྜི་ཏ་སྨྲྀ་ཏིའི་འགྱུར་ལ་བསྔགས་པ་ཆེས་ཆེར་མཛད་དོ།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ལས[25]། འདི་ཉིད་ཀྱི་འགྱུར་མང་པོ་བཀའ་འགྱུར་དུ་བཞུགས་ཤིང་། པཎྜི་ཏ་ཡན་ཆོད་དུ་བསྒྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་བྱེད་པ་ཡིན། ཞེས་གསུངས་པ་ལྟར། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[26]། དེ་ནས་སྨན་ལུང་དུ་གདན་དྲངས་ནས་བོད་སྐད་སྦྱངས་ཏེ་ཆོས་མང་དུ་གསུངས། དེའི་ཚེ་པཎྜི་ཏ་ཤི་བ་གཅིག་གི་རྒྱ་དཔེ་ལུས་པ་ཡིན་ནམ་ཟེར། ཁོང་རང་གི་རྒྱ་དཔེ་རྣམས་འཁོར་བ་ཡིན་ནམ་ཡང་ཟེར་བའི་[27]རྒྱ་དཔེ་པོ་ཏི་གཅིག་གཉིས་ཙམ་བྱུང་སྟེ། དེའི་ནང་གི་མཚན་བརྗོད་ཀྱི་འགྲེལ་པ་སྔགས་དོན་རྣམ་གཟིགས། མཚན་ཡང་དག་པར་བརྗོད་པ་གསང་བ་དང་ལྡན་པའི་སྒྲུབ་ཐབས། མཚན་བརྗོད་བཀླགས་པའི་བསྒོམ་ཁོག །རིམ་གཉིས་ཀྱིས་ཕྱེ་བའི་སྦྱིན་སྲེག་གི་ཆོ་ག་རྒྱས་པ། དཀྱིལ་ཆོག་ཡོན་ཏན་འབྱུང་བ་སྟེ་སྒེག་པའི་རྡོ་རྗེའི་ཆོས་ལྔར་གྲགས་པ་རྣམས་ལ་སོགས་པ་ཡིག་ཆ་མང་པོ་ཞིག་སྨྲྀ་ཏི་ཉིད་ཀྱིས་རང་འགྱུར་མཛད་དོ། །དབང་བཀའ་བཤད་བཀའ་སོགས་ཚོང་སྡེ་ངག་གི་དབང་ཕྱུག་ལ་གནང་། དེ་ཉིད་ལ་ཡུལ་པུ་ཧྲང་བ་ཆུང་ངུ་ནས་ཁམས་ཕྱོགས་སུ་འཁྱམས་ཏེ་དེར་ཡུན་རིང་བས་ཁམས་པ་ཤེས་རབ་རྡོ་རྗེ་ཞེས་གྲགས་པ་དེས་ཞུས། དེ་ནས་བར་སྐབས་ཤིག་མཚན་བརྗོད་ཀྱི་དཔེ་རྣམས་འཁྱམས་ཏེ། ཇོ་བོ་སྐྱིད་བྱེ་མ་ལུང་པའི་ཕྱག་ཏུ་བྱུང་སྟེ། ཁོང་མཚན་བརྗོད་ལ་ཤིན་ཏུ་མོས་པས་འདི་ཤེས་པ་ཞིག་བྱུང་ན་སྙམ། གར་འགྲོར་དཔེ་བསྣམས་ཏེ་པུ་ཧྲང་དུ་ཡོ་ག་སློབ་ཏུ་བྱོན་པའི་ཚེ། ཤནྟི་གརྦྷའི་སློབ་མ་པཎྜི་ཏ་སུརྱ་སིདྡྷི་སྟེ་ཉི་མའི་དངོས་གྲུབ་དང་མཇལ་ཏེ། ཆོས་ཅི་ཤེས་བྱས་པས་མཚན་བརྗོད་ཤེས་ཟེར། སུའི་ལུགས་ཡིན་བྱས་པས་སྒེག་པའི་རྡོ་རྗེའི་ལུགས་ཡིན་ཟེར། དེ་སྔར་ནས་འགྱུར་ཡོད་བྱས་པས། སུས་བསྒྱུར་ཟེར། སྨྲྀ་ཏིས་བསྒྱུར་བྱས་པས། ཁོང་མཁས་པ་ཆེན་པོ་ཡིན། ངའི་བླ་མའི་གྲོགས་པོ་ཡིན་ཟེར་ནས་ཐལ་མོ་སྦྱར། དེར་ཁོང་གིས་པཎྜི་ཏ་ལ་གསང་ལྡན་ཆ་ལག་དང་བཅས་པ་ཞུས། འགྱུར་བཅོས་ཞུས་པ་མ་གནང་། ཞུ་དག་ཙམ་མཛད་ཅེས་གྲགས་སོ། །ཞེས་གསུངས་པ་ལྟར་རོ།།
དེ་ལྟར་གསང་སྔགས་གསར་རྙིང་གི་ཐ་སྙད་ཀྱི་ས་མཚམས་ནི། པཎྜི་ཏ་སྨྲྀ་ཏི་དང་ལོ་ཆེན་རིན་བཟང་གང་ནས་ཡིན་མིན་ལ་བཞེད་པ་མི་མཐུན་ཏེ། དེ་ཡང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[28]། པཎྜི་ཏ་སྨྲྀ་ཏི་བྱོན་པ་ཡན་ཆོད་དུ་བསྒྱུར་བའི་རྒྱུད་རྣམས་ལ་གསང་སྔགས་རྙིང་མ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཕྱིན་ཆད་དུ་བསྒྱུར་བ་རྣམས་ལ་གསང་སྔགས་གསར་མའི་ཐ་སྙད་བྱེད་དོ། །ཞེས་གསང་སྔགས་གསར་མའི་འགྱུར་འགོ་ཡང་ཁོང་ནས་དབུ་ཚུགས་པར་གྲགས་སོ།།
འོན་ཀྱང་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས[29]། མཁས་པ་ལྡེའུ་སོགས་ཀྱི་ཆོས་འབྱུང་ལ་ལར་གསང་སྔགས་གསར་མའི་འགྱུར་འགོ་སྨྲྀ་ཏིས་བཙུགས་པར་བཞེད་པ་སྟེ། ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་ལས་སྨྲྀ་ཏིའི་འགྱུར་སྔ་བར་གསུངས་མོད། འོན་ཀྱང་དེབ་ཐེར་སྔོན་པོ་ལས། གསང་སྔགས་གསར་མའི་འགྱུར་གྱི་འགོ་ཇོ་བོ་སྨྲྀ་ཏིས་བཙུགས་སོ། །ཞེས་བྱ་བ་ཡོད་མོད་ཀྱི་དེས་དབུས་གཙང་དུ་ནི་འགྱུར་མ་མཛད་ལ། ཁམས་སུ་དུས་ཕྱིས་མཚན་ཡང་དག་པར་བརྗོད་པ་སྒེག་པ་རྡོ་རྗེའི་སྐོར་དང་། དཔལ་གདན་བཞི་པ་དང་། གསང་བ་འདུས་པའི་སྐོར་ལ་སོགས་པ་མང་དུ་བསྒྱུར་མོད་ཀྱི། དེ་བས་ལོ་ཆེན་རིན་ཆེན་བཟང་པོས་གསང་སྔགས་ཀྱི་འགྱུར་མཛད་པ་སྔ་བར་སྣང་སྟེ། འབྲོམ་སྟོན་པ་ཇོ་བོ་སེ་བཙུན་གྱི་གཡོག་བྱེད་པའི་དུས་སྨྲྀ་ཏི་ལ་ལོ་ཙཱ་བ་བསླབས་སོ། །ཞེས་འབྱུང་ལ། དེ་དང་ཉེ་བར་འབྲོམ་གྱིས་མངའ་རིས་སུ་བྱོན་པའི་ཚེ་ལོ་ཆེན་གྱིས་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པའི་ཕྱིར་རོ། །ཞེས་པས་མཐའ་ཆོད་གྲུབ་པ་དེས་ན་གསང་སྔགས་གསར་མའི་འགྱུར་འགོ་ལོ་ཆེན་རིན་ཆེན་བཟང་པོས་མཛད་པར་སོམ་ཉི་ཅི་ཡང་མ་དགོས་སོ། །ཞེས་གསལ་ལོ།།
མདོར་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[30]། རྙིང་མ་ཞེས་པའི་དོན་མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མ་བྱུང་བས། གསང་སྔགས་ཀྱི་སྒོ་ནས་བཞག་པ་ཡིན། དེ་ལ་ཡང་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་མཁས་པ་མང་ཆེ་བའི་གསུང་རྒྱུན་ལ་པཎྜི་ཏ་སྨྲི་ཏི་ཛྙཱ་ན་བྱོན་པ་ཡན་ཆད་དུ་བསྒྱུར་བའི་གསང་སྔགས་ཀྱི་རྒྱུད་རྣམས་ལ་རྙིང་མ་དང་། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་ཡན་ཆད་དུ་བསྒྱུར་བའི་རྒྱུད་རྣམས་ལ་གསང་སྔགས་གསར་མ་ཟེར་བ་ཡིན་ཞེས་གསུངས་ཤིང་། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ལས། ངེས་བཟུང་ནི་མིན་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོའི་གོང་དུ་བསྒྱུར་བའི་འཇམ་དཔལ་རྩ་རྒྱུད་སོགས་རྙིང་རྒྱུད་མ་ཡིན་པ་ཡང་ཡོད་ལ། དེ་བཞིན་དུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་གསང་སྔགས་གསར་མའི་འགྱུར་འགོ་ཚུགས། ཞེས་པ་ཡང་དཔེ་མཚོན་ཙམ་ཡིན་གྱི་ངེས་བཟུང་མིན་ཏེ། སྐབས་དེར་དུས་ཐོག་ཕལ་ཆེར་མཉམ་པའི་འབྲོག་མི་དང་། རྟ་ནག་དང་འགོས་ལོ་ཙཱ་བ། ལྷོ་བྲག་མར་པ་ལོ་ཙཱ་བ་རྣམས་ནས་བསྒྱུར་ཅིང་བཤད་པའི་ཆོས་བརྒྱུད་རྣམས་ཀྱང་གསང་སྔགས་གསར་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་ཡིག
[1] ཀུན་དགའ་ཡེ་ཤེས་ཀྱི་གསུང་འབུམ། བསེ་མཁར་རྣམ་སྲས་ཀྱིས་ཕྱོགས་བསྡུས་ཞུས། ༢༠༠༥ ལོ། ཤོག་གྲངས་ ༣༩༧
[2] ཀུན་དགའ་ཡེ་ཤེས་ཀྱི་གསུང་འབུམ། བསེ་མཁར་རྣམ་སྲས་ཀྱིས་ཕྱོགས་བསྡུས་ཞུས། ༢༠༠༥ ལོ། ཤོག་གྲངས་ ༣༩༥
[3] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༦༣༥
[4] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས་ ༣༦
[5] ཀུན་དགའ་ཡེ་ཤེས་ཀྱི་གསུང་འབུམ། བསེ་མཁར་རྣམ་སྲས་ཀྱིས་ཕྱོགས་བསྡུས་ཞུས། ༢༠༠༥ ལོ། ཤོག་གྲངས་ ༣༩༥
[6] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཇ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༩
[7] ཀུན་དགའ་ཡེ་ཤེས་ཀྱི་གསུང་འབུམ། བསེ་མཁར་རྣམ་སྲས་ཀྱིས་ཕྱོགས་བསྡུས་ཞུས། ༢༠༠༥ ལོ། ཤོག་གྲངས་ ༣༩༥
[8] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། ༼༤༽ གླེགས་བམ་ ༩༩ པ། དབུ་མེད་བྲིས་མ། ཤོག་ ༤བ༦
[9] ལྡེའུ་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༣༩༦
[10] རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༢༠
[11] གྲུབ་མཐའི་བྱུང་བ་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༤༡
[12] དེབ་ཐེར་ཀུན་གསལ་མེ་ལོང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༣༩
[13] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས་ ༣༧
[14] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼ཏ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༥༤
[15] དཔྱལ་འབྱུང་གནས་རྒྱལ་མཚན། པཎྜི་ཏ་སྨྲི་ཏི་ར་རྫིར་བཞུགས་པ་ལས་གསེར་གྱིས་བླུས་མཁན་སློབ་མ་དེ་ཡིན་ཅིང། དེའི་དབོན་པོ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་ཡིན། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༩༡ ཐོག་གསལ་ལོ།།
[16] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། ༼༤༽ གླེགས་བམ་ ༩༩ པ། དབུ་མེད་བྲིས་མ། ཤོག་ ༤བ༦
[17] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༢
[18] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས་ ༣༤
[19] བོད་ལྗོངས་ཞིབ་འཇུག །སྤྱིའི་བསྡོམས་གྲངས་ ༥༠ པ། ཕྱི་ལོ་ ༡༩༩༤ ལོའི་འདོན་ཐེངས་ ༢ ཤོག་གྲངས་ ༡༢༩
[20] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཅ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༦༤
[21] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༥
[22] སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ༡༩༨༣ ལོ། ཤོག་ ༣༥༡
[23] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཅ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༨༩
[24] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ཅ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤༠༢
[25] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༧༠
[26] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼ཏ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༥༤
[27] སྨྲྀ་ཏི་རང་ཉིད་ཀྱིས་བསྣམས་ནས་གཏེར་དུ་སྦས་པ་སོགས་གོང་བཀོད་ས་གཅོད་ལོ་རྒྱུས་ནང་གསལ་ཡོད།
[28] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༥༥
[29] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༦༠༤
[30] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༤༥
– – – – –