ས་སྐྱའི་སྐབས་དང་འབྲེལ་བའི་ཆོས་སྲིད་ཀྱི་བྱུང་ཚུལ།

ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་དང༌་། ས་པཎ་གྱི་སྐུའི་སྲིང་མོ་བཟོད་པ་རིང་མོ། ཁ་ཆེ་པཎ་ཆེན། ཁྲོ་ཕུ་ལོ་ཙཱ་བ། སིངྒ་ལའི་དགྲ་བཅོམ་པ་མལླིཡདེཝའི་སྐོར། ཁ་ཆེ་པཎ་ཆེན་དང་གནས་བརྟན་སྡེ་བའི་བསྟན་རྩིས་ཕལ་ཆེར་གཅིག་མཐུན་ལ། དགེ་འདུན་ཆོས་འཕེལ་ནས་ཆ་འཇོག་མཛད་པ་ལ་གཞི་བྱས་ཏེ་སྟོན་པའི་འདས་ལོ་དང་ཕྱི་ལོ་གོ་སྒྲིག་ཐབས་བྱས། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་ལོ་ཚིགས་བཀོད་པ་དཔག་བསམ་ལྗོན་བཟང་ལས་བྱུང་བ་ལྟར་གྱི་རབ་བྱུང་གི་ལོ་རྟགས། དེ་ཐོག་རྒྱ་གར་ལ་སྟོད་ཧོར་གྱིས་ཐོག་མར་བཅོམ་སྟེ། དེ་ནས་ནང་པའི་བསྟན་པ་ལ་ཕྱི་ནང་གི་གནོད་པས་གཙེས་ཚུལ་མཁས་པ་རཱཇབལཱི་པཎྜི་ཏ་ཞེས་པས་བྲིས་པ་རྒྱ་གར་གྱི་རྒྱལ་རབས། ས་སྐྱའི་སྐབས་སུ་རྒྱ་གར་དང་ཧོར་དང་བོད་ཀྱི་ཆོས་སྲིད་བྱུང་ཚུལ་གྱི་ལོ་ཚིགས་བཅས་ནས་ཕྲན་བུ་བཀོད་པ། གཏེར་ནས་སྟོན་པའི་དུམ་བུ་ཞེས་བྱ་བ།

འཕགས་བོད་ཧོར་གསུམ་གྱི་སྲིད་ལུགས་དང་དུས་རབས་བཤད་པ།

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སེར་སྐྱའི་ཁབ་ཀྱི་ས་སྐྱོང་ཤཱཀྱ་ཟས་གཙང་མའི།། དགའ་མ་སྒྱུ་མ་ལྷ་མོ་ལས་འཁྲུངས་འགྲོ་ཀུན་གྱི།། མཛའ་བཤེས་གཅིག་པུ་རྟེན་ཅིང་འབྲེལ་འབྱུང་ལྷའི་རྔ་བོས།། ཡིད་ཅན་མཐའ་དག་དབུགས་འབྱིན་མཛད་དེར་སྤྱི་བོས་འདུད།། གངས་ལྗོངས་ས་ཡི་དཀྱིལ་འཁོར་ཡོངས་སུ་ཁྱབ་པར་ནི།། བཅུ་ཕྲག་རིག་པའི་རིན་ཆེན་ཤིང་རྟའི་སྲོལ་ཕྱེས་ཏེ།། ཀུན་དགའ་ཀུན་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་༌།། རྨོངས་མུན་འཇིགས་བྲལ་ཉམས་མེད་དགའ་སྟོན་སྦྱིན་ལ་འདུད།། གང་ཚེ་པཎ་ཆེན་ཤཱཀྱ་ཤྲཱི་ཡིས།། ཡོད་སྨྲའི་བསྟན་རྩིས་མཛད་པ་གནས་བརྟན་པའི།། སྡེ་པའི་བཞེད་པ་ཉེ་བར་མཐུན་ནོ་ཞེས།། མདོ་སྨད་དགེ་འདུན་མཚན་ཅན་དེ་ཡིས་གསུངས།། དེ་ཕྱིར་སྟོན་པ་མྱ་ངན་འདས་ལོ་དང༌།། སྤྱི་ལོ་རབ་བྱུང་ལོ་ཚིགས་གུང་བསྒྲིག་སྟེ།། འཕགས་བོད་ཧོར་དང་བཅས་ལ་སྲིད་ལུགས་ཀྱི།། དུས་རབས་ཅུང་ཟད་གསལ་བར་བྱས་ཏེ་འབྲི།།

༈ དེ་ལ། བོད་གངས་ཅན་གྱི་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དམ་པ། ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་འདིས་རིག་པའི་གནས་བཅུའི་སྲོལ་བཏོད་པའི་ཚུལ་ཙམ་མ་ཡིན་པར། བདག་ཉིད་ཆེན་པོ་འདི་ལ་རིག་པའི་འབྱུང་གནས་འཕགས་ཡུལ་གྱི་ལེགས་སྦྱར་སཾསྐྲྀ་ཏའི་མཁྱེན་རྒྱ་ཇི་ཙམ་ཡོད་པ་ཡང་ཤེས་དགོས་པ་ཤིན་ཏུ་གལ་ཆེ་བས། དེ་ནི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང་༌། ཚར་ཆེན་བློ་གསལ་རྒྱ་མཚོ་སོགས་ལས་ལེགས་བཤད་བདུད་རྩིའི་བཅུད་ཀྱིས་བློ་གྲོས་ཀྱི་སྟོབས་ཡོངས་སུ་རྒྱས་པ་རིག་པའི་ཆུ་གཏེར་ཆེན་པོར་བརྩོན་པའི་སྐྱ་བས་བསྐུལ་ཞིང་། འཕགས་བོད་ཀྱི་མཁས་པའི་མཛད་བཟང་སྙན་པའི་བ་དན་དགུང་དུ་བསྒྲེང་བ་ལ་མི་འཇིགས་པའི་གདེངས་དང་ལྡན་པའི་དེད་དཔོན་ཆེན་པོ། མདར་སྟོད་དགྲ་འདུལ་དབང་པོས་མཛད་པ་ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་ལས་བཏུས་ཏེ། རིག་པའི་གནས་ལ་གུས་པ་རྣམས་ཀྱི་སྙིང་ལ་གཅེས་པར་འཛིན་འོས་པའི་མཛད་པ་རྣམས་དྭང་བ་དང་དད་པའི་གསོས་སུ་ཅུང་ཟད་བཀོད་པ་ལ།

དེ་ཡང་བོད་གངས་ཅན་གྱི་ལྗོངས་སུ་རིག་གནས་བཅུའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོའི་སྐུ་དུས་སུ། ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱིས་གཞི་ཐམས་ཅད་ཡོད་སྨྲའི་བསྟན་རྩིས་མ་ཧཱ་ཝཾ་ཤ་ལ་གཞི་མཛད་པ་དེ་ལ། བརྒྱ་ཕྲག་ཉི་ཤུ་པའི་ནང་གི་ཨ་མདོ་རེབ་གོང་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས་ཡིད་ཆེས་ཀྱི་གནས་སུ་མཛད་པ་དང་༌། དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་དང་༌། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ལོ་ཚིགས་དཔག་བསམ་ལྗོན་བཟང་༌། གནས་བརྟན་སྡེ་པའི་བསྟན་རྩིས་ཀྱི་སྟོན་པ་མྱང་འདས་ཀྱི་ལོ་ལ་ནང་ལོ་ཞེས་པའི་ཐ་སྙད་བྱས་ཏེ། སངས་རྒྱས་པའི་ནང་ལོ་ ༡༧༢༥ རབ་བྱུང་གསུམ་པའི་ཆུ་སྟག་ཕྱི་ལོ་ ༡༡༧༢ ལོར། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་དཔལ་ཆེན་འོད་པོ་དང་༌། ཡུམ་ཉི་ཁྲི་ལྕམ་གྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། གསུང་ཕྱེ་ཙམ་ནས་ལེགས་སྦྱར་སཾ་ཀྲྀ་ཏའི་སྐད་དུ་ཚིག་མང་པོ་གསུངས་པས། ཡུམ་གྱིས། འདི་རང་ག་གཅིག་ཡོང་བ་ལེགས་སམ། གཏམ་གོ་རྒྱུ་མེད་པའི་ངག་ངོག་མང་པོ་ཟེར་བ་ཞིག་གདའ་ཞུས་པས། ཡབ་རྗེ་དཔལ་འོད་པས་སཾ་ཀྲྀཏ་མཁྱེན་པས། ཁྱོད་ཀྱི་བུ་ལ་ངག་ལྐུགས་པ་བྱུང་དགོས་མེད་གསུངས། ཡང་ས་ལ་ཕྱག་མཛུབ་ཀྱིས་ནཱ་ག་ར་དང༌། ལཉ་ཚའི་དབྱངས་ཡིག་གིས་བྲིས་ཀློག་གི་ཚུལ་མཛད། ཞབས་ཀྱིས་མི་འགོམ་པར་ཕྱག་གིས་འཕྱི་བར་མཛད་པ་སོགས་ངོ་མཚར་བའི་མཚན་མ་ཤིན་ཏུ་མང་༌། ཐོག་མར་ཡབ་ལས་ཀྱེ་རྡོར་གྱི་དབང་སོགས་ཡབ་ཆོས་ཐམས་ཅད་དང་༌། ཡི་གེའི་བྱེ་བྲག་དུ་མ། རྩིས་དང་གསོ་དཔྱད་སོགས་ཚེགས་མེད་དུ་ཐུགས་སུ་ཆུད་པར་མཛད།

དེ་ནས་དགེ་བཤེས་ཞུ་ལ་སོགས་པ་བོད་སྟོན་དུ་མ་ནས་བོད་ལ་གྲགས་པའི་ཆོས་སྐོར་ཚར་རེ་གསན་པས་ཐུགས་སུ་ཆུད། ལྷག་པར་དུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མདུན་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཞུས་པར། བླ་མ་དང་འཇམ་དབྱངས་དབྱེར་མེད་དུ་གཟིགས། དེ་ལ་ཡང་ཀླུང་པ་དཔལ་ཁང་ལོ་ཙཱ་བས། ཟབ་མོའི་ལམ་གྱི་བྱིན་གྱིས་བརླབས་པའི་ཚེ།། རྗེ་བཙུན་བླ་མ་འཇམ་པའི་དབྱངས་སུ་གཟིགས།། སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད།། ཐུགས་གྲོལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ།། ཞེས་བྱུང་།

སྐབས་འདིར་རིག་པའི་གནས་ཀྱི་སྲོལ་ཕྱེ་ཚུལ་ནི།   དེ་ཉིད་ལས། ༡ ཐོག་མར་སྒྲ་རིག་པ་ལ། རྗེ་བཙུན་གྲགས་པའི་ཞབས་དྲུང་དུ་སྒྲའི་གནས་བརྒྱད་དང་༌། སྨྲ་སྒོ་སོགས་གསན། ཁ་ཆེ་པཎ་ཆེན་ལས་ཀ་ཙན་གྱི་སྙིང་པོ་བསྡུས་པ་ལ་སོགས་པ་དང་༌། ནུབ་ཕྱོགས་ཨ་ཏི་ན་ཝའི་བྲམ་ཟེའི་སློབ་དཔོན་སུ་ག་ཏ་ཤྲི་ས་སྐྱར་སྤྱན་དྲངས་ནས་ཀ་ལཱ་པ་རྩ་བ་དང་འགྲེལ་བ་སྟོང་ཕྲག་དྲུག་པ། མིང་དང་བྱིངས། སུ་སུཔནྟ་ཏིངནྟ་སོགས་གསན། པཎ་ཆེན་སངྒ་ཤྲཱི་སོགས་ནས་ཚད་མ་དང་སྒྲ་ཀ་ཙན་དང་སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གསན་ནས། དེ་དག་གི་ཚུལ་སྟོན་པ་བོད་སྐད་དུ་སྒྲ་འཇུག་པའི་རྣམ་བཤད། མཁས་པ་འཇུག་པའི་སྒོ། སྨྲ་སྒོའི་དོན་བསྡུ། སྒྲ་ཉེར་བསྡུ། རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ་བྱིས་པ་འཇུག་པའི་རྣམ་བཤད་ཀྱི་འགྲེལ་པ། རྣམ་པར་བཅད་བྱའི་འགྲེལ་པ་ངོ་མཚར་ཅན་སོགས་མཐའ་ཡས་པ་མཛད་དེ། ཉིད་ཀྱི་གསུང་ལས། གཞན་དག་གིས་ནི་སྔོན་ཆད་གཞུང་ལུགས་འདི།། གངས་རིའི་ཁྲོད་འདིར་རྒྱས་པར་མཛད་པ་ལ།། དེས་ན་མཁས་པ་རྣམས་ཀྱང་རྨོངས་གྱུར་པས།། འདི་ལ་ཁོ་བོས་བློ་གྲོས་གསལ་ཕྱིར་དབྱེ། ཞེས་གསུངས་ཞེས་དང་༌།

༢ ཚད་མ་རིག་པ་ཡང་བོད་སྟོན་རྣམས་ལས་མང་དུ་གསན་ཞིང་༌། ཁྱད་པར་དུ་ཁ་ཆེ་པཎ་ཆེན་ལས་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བ་སྟོང་ཕྲག་ཕྱེད་དང་བཞི་ཡན་ཆད་གསན་ནས་བསྒྱུར་ཅིང་ཞུས།  ཞུས་དག་པར་མཛད་པའི་དོན། ཐར་བ་འབྱུང་གནས་ཞེས་བྱ་བའི་རྟོག་གེའི་སྐད་ཅེས་པའི་བསྟན་བཅོས་གསན་ནས་བསྒྱུར། རིག་བྱེད་ཀྱི་དྲང་སྲོང་ཆེན་པོ་གཟེགས་ཟན་གྱིས་སྦྱར་བའི་རྟོག་གེའི་བསྟན་བཅོས་རིག་པ་ཞེས་བྱ་བ་སོགས་གསན། མདོར་ན་སྡེ་བདུན་མདོ་དང་བཅས་པ་ཐུགས་སུ་ཆུད་པར་མཛད་ནས།  ཚད་མ་རིག་གཏེར་རྩ་འགྲེལ་གཉིས་མཛད་དེ།། ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ་ནུས་ཤིང་༌།། ཕས་རྒོལ་ཉི་ཟླའི་གཟི་བརྗིད་ཟ་ནུས་ཀྱང༌།། རྟག་ཏུ་སྐྱེ་བོ་ཀུན་གྱིས་མ་མཐོང་བའི།། ཀུན་དགའ་རྒྱལ་མཚན་ནམ་མཁའི་སྒྲ་གཅན་བཞིན།། ཞེས་གསུངས། ཚུལ་འདི་ལ་བསམ་ན། ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་པའི་སྟོབས་ཀྱིས་ཕྱི་རོལ་རིག་བྱེད་པའི་པཎྜི་ཏ་ཕམ་པར་མཛད་པའི་བོད་ཀྱི་པཎྜི་ཏ་ནི། རྗེ་བཙུན་ཀུན་དགའ་རྒྱལ་མཚན་གཅིག་པུ་ཡིན་པར་མངོན་ནོ།།

༣ དཀྱུས་ལ་འཇུག་པ་ནི། དེ་ཉིད་ལས། པཎྜི་ཏ་སངྒ་ཤྲཱི་ལ་དམར་སེར་ཅན་དང་༌། རྒྱལ་བའི་ལྷས་མཛད་པའི་སྡེབ་སྦྱོར་དང་༌། དེ་དག་ལས་ཡོན་ཏན་བརྒྱད་ཀྱི་འཕགས་པ་རཏྣཱཀར་ཤནྟིས་རིན་ཆེན་འབྱུང་གནས་ཞི་བས། མཛད་པ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་༌། འཕགས་པ་འཇམ་དཔལ་གྱིས་མཛད་པ་བྲྀ་ཏམཱལ་ཡང་ཐུགས་སུ་ཆུད་ནས།  སྡེབ་སྦྱོར་མེ་ཏོག་ཆུན་པོ་མཛད་དེ། དེ་ཉིད་དུ། སྔོན་ཆད་གངས་རིའི་ཁྲོད་འདིར་མཁས་རྣམས་ཀྱིས།། རྣ་བའི་སྣོད་དུ་ཉེ་བར་མ་ལྷུང་ཞིང༌། ལྕེ་ཡི་དབང་བོས་ཀུན་ནས་མ་མྱངས་པ།། རོ་བརྒྱའི་འབྱུང་གནས་དཔག་བསམ་ཤིང་འདི་བསྐྱེད།། ཅེས་གསུངས།

༤ སྙན་ངག་རིག་པ་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་སྐྱེས་རབས་སོ་བཞི་པ་དང༌། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལ་སོགས་པའི་སྐྱེས་རབས་ཀྱི་རིགས་མང་པོ་གསན་ཅིང་པཎྜི་ཏ་སངྒ་ཤ་ལས་སྙན་ངག་གི་བསྟན་བཅོས་ཆེན་པོ་གསུམ་དང་ཆུང་ངུ་གསུམ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་མགུལ་རྒྱན་སྟོང་ཕྲག་བརྒྱད་པ། དཔག་བསམ་འཁྲི་ཤིང་ལ་སོགས་པ་དང་༌། ནག་མོ་ཁོལ་གྱི་རགྷུ་ཝཾ་ཤ་དང༌། སྤྲིན་གྱི་ཕོ་ཉ་སོགས་མཚན་ཉིད་དང་༌། མཚན་གཞི་སྟོན་པའི་བསྟན་བཅོས་མང་དུ་གསན་ཞིང༌་། ལྷག་པར་དཎྜིའི་ཚིག་རྒྱན་ལ་མཁས་པར་སྦྱངས་པའི་ཚེ་ནའང་༌། ཕལ་ཆེ་བ་ལེགས་སྦྱར་སཾ་ཀྲྀ་ཏའི་སྐད་ཐོག་ནས་གསན་ནམ་སྙམ་པ་ནི། ཁ་ཆེ་པཎ་ཆེན་གྱིས་ཆོས་ཀྱི་སྐྱེས་སུ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་འབུལ་བར་མཛད་ཅིང་༌། ཆོས་རྗེ་ཉིད་ཀྱིས་རྒྱ་དཔེའི་ཐོག་ནས་གཟིགས་ཏེ། རྗེས་སུ་འདི་རྣམས་བསྒྱུར་དགོས་པ་འགྲོ་མགོན་ཆོས་ཀྱི་རྒྱལ་པོར་སྐུ་འདའ་ཁར་ཞལ་ཆེམས་མཛད་པ་ནས་བློས་དཔགས་པར་ནུས་སོ།།

དེ་དག་གི་བརྗོད་དོན་མདོར་བསྡུས་པའི་ཚུལ་གྱིས། མཁས་པ་ལ་འཇུག་པའི་སྒོར་གཏན་ལ་ཕབ་པས་རིག་གནས་དེ་ཉིད་ཀྱི་སྲོལ་བླ་ན་མེད་པ་ཕྱེ་བ་ཡིན་ཏེ། བདག་ཉིད་ཆེན་པོའི་གསུང་ལས། འགའ་ཞིག་སྒྲ་དང་རྣམ་པར་དབྱེ་བ་དང་།  ཁམས་དང་བྱེད་ཚིག་དཔེ་དང་ཚིག་གི་རྒྱན།། དབྱེ་བསྡུ་གྲངས་དང་གོ་རིམ་ངེས་པ་ལ།། འདི་ན་ཕལ་ཆེར་རྨོངས་པ་མཐོང་ནས་འདིར།། མང་དུ་ཐོས་ཤིང་མཐོང་ནས་གོམས་པ་དང་༌།། མན་ངག་དབང་གིས་དཔལ་ལྡན་ཀུན་དགའ་ཡི།། རྒྱལ་མཚན་འདི་ན་འགའ་ཙམ་འཆད་པ་ལ།། མཁས་པ་རྣམས་ཀྱིས་དགའ་བ་བསྐྱེད་དེ་ཉོན།། ཞེས་གསུངས།

༥ དེ་བཞིན་དུ་མངོན་བརྗོད་ཀྱི་རིམ་པ་ཡང་༌། བོད་དུ་ཡོངས་སུ་གྲགས་པའི་སྡེ་སྣོད་གསུམ་དང་༌། རྒྱུད་སྡེ་བཞིར་གསུངས་པའི་མིང་གི་ཚོགས་མཐའ་ཡས་པ་དང་༌།[1]  དེ་དག་ཀྱང་འདོད་རྒྱལ་དང་རྗེས་གྲུབ་འདྲ་འགྲེལ་སོགས་སོ་སོར་ཕྱེ་ཞིང་༌། མཁས་པ་སངྒ་ཤྲཱི་ལས་མངོན་བརྗོད་ཀྱི་བསྟན་བཅོས་ལས་ཡི་གེ་རེ་རེའི་མངོན་བརྗོད་གསན་ཅིང་བསྒྱུར། ཨ་མ་ར་ཀོ་ཥ་དང་༌། སྣ་ཚོགས་གསལ་བའི་འགྲེལ་པ་དང་བཅས་པ་གསན་ཅིང་༌། དེ་དག་སྡེ་གསུམ་མམ་བཞིར་བསྡུས་ཤིང་༌། ཚིག་གཏེར་མཛད་དེ་བོད་ལ་མི་མཁོ་བ་རྣམས་བཞག་སྟེ། རྟགས་གསུམ་གྱི་ཕོ་མོ་མ་ནིང་གསུམ་རྣམ་དབྱེ་ལེགས་པར་ཕྱེ་པའི་སྒོ་ནས་རིག་གནས་འདིའི་སྲོལ་ལེགས་པར་བཏོད་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་མེད།། ལེགས་པར་ཤེས་ནས་འཆད་པ་ཁོ་བོ་ཙམ།། རྟགས་ཀྱི་དབྱེ་བ་ཕལ་ཆེར་འདིར་མི་འཇུག། འོན་ཀྱང་བོད་ལ་མཁོ་བ་ཙམ་ཞིག་བསྡུ།། ཞེས་གསུངས།

༦ ཟློས་གར་གྱི་བསྟན་བཅོས་ཀྱང་པཎྜི་ཏསངྒ་ཤྲཱི་ལས་གཟུགས་ཀྱི་ཉི་མའི་བསྟན་བཅོས་དང་༌།[2] མཧཱ་བྷ་ར་ཏ་ལ་སོགས་པ་གསན་ཅིང་༌། དེ་དག་གི་ཚུལ་ཕྱོགས་ཙམ་སྟོན་པ་རོལ་མོའི་བསྟན་བཅོས་ཞེས་བྱ་བ་མཛད་ཅིང་༌། ཉིད་ཀྱི་གསུང་ལས་ཀྱང་༌། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།། འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན།། རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།། དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད། ཅེས་གསུངས།

༦ དེ་བཞིན་དུ་དུས་སྦྱོར་ཤེས་པ་ཡང་༌།། རྩིས་ཀྱི་གཞི་ལོ་ཟླ་དག་པ། ལྔ་བསྡུས། ཞེས་པ་ནས། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་༌། དབྱངས་ཆར་ལ་སོགས་པ་ཕུལ་དུ་ཕྱིན་པ་མཁྱེན་ཅིང་༌། རྒན་པོ་རྣམས་ལ་གྲགས་ཟིན་པའི་ཕྱིར། དེ་དག་གི་སྲོལ་འབྱེད་ཀྱི་བསྟན་བཅོས་ནི་མ་མཛད་ལ། ཞེས་བྱུང་༌།

༨ དེ་བཞིན་དུ་བཟོ་རིག་པ་ཡང་༌། རྒྱ་བོད་ཀྱི་མཁས་པ་རྣམས་ལས་ལེགས་པར་སྦྱངས་ཤིང་༌། རི་མོ་དང་སྐུ་གཟུགས་ཀྱི་མཚན་ཉིད་དང་༌། ཆ་ཚད་ལ་སོགས་པ་མདོ་རྒྱུད་ཀྱི་ལུང་དང་མཐུན་པར་མཁྱེན་ཅིང་༌། ཞར་བྱུང་བརྟག་པ་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད། དེ་དག་གི་མཚན་ཉིད་སྟོན་པའི་སྐུ་གཟུགས་ཀྱི་བསྟན་བཅོས་དང་༌།  བརྟག་པའི་བསྟན་བཅོས་སོགས་ཡོད་པར་གསུངས་ཀྱང་༌། དེང་སང་དཔེ་རྒྱུན་མཐོང་བར་མ་བྱུང་ཡང་༌། དེའི་ཕྱིར་ཉིད་ཀྱི་གསུང་ལས། ཤེས་བྱའི་མེ་ཏོག་ཡོན་ཏན་དྲི་བསུང་ཅན།། སྙན་པའི་མདོག་མཛེས་ཀུན་གྱིས་བསྔགས་ན་ཡང་༌།། སྦྲང་རྩི་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ།། བཟང་པོ་མིན་པས་ཤེས་བྱའི་བཅུད་མ་རྙེད།། ཅེས་གསུངས་སོ།།

༩ གསོ་བ་རིག་པའི་ཚུལ་ཡང་༌། སྤྱིར་ཕྱི་ནང་གི་གཞུང་ལུགས་དུ་མ་ལས་བྱུང་བ་རྣམས་དང་༌། ཁྱད་པར་ཡན་ལག་བརྒྱད་པའི་སྙིང་པོ་འགྲེལ་བ་ཟླ་ཟེར་དང་བཅས་ཐུགས་སུ་ཆུད་ཅིང་། དེ་དག་གི་དོན་ལེགས་པར་སྟོན་པའི་བསྟན་བཅོས་ཡན་ལག་བརྒྱད་པའི་བསྡུས་པ་ཞེས་བྱ་བ་མཛད་པ་ཡིན་ཏེ། སྙིང་པོ་བསྡུས་པ་ཞེས་པའི་སྙིང་པོ་ཆད་པ་འདྲ། བསྟོད་པ་མཛད་པས། མ་རིག་རྩ་བ་བཞི་བརྒྱ་རྩ་བཞི་ནད།། འཕེལ་ཟད་འཁྲུག་པའི་གཉེན་པོ་ཚེའི་རིག་བྱེད།། ཐར་པའི་ཚེ་སྲོག་བསྲུང་བའི་ཐབས་ཚུལ་སྟོང་༌།། ཇི་བཞིན་མཁྱེན་པ་དེ་འདྲ་གཞན་གྱིས་མིན།། ཞེས་གསུངས།

༡༠ ནང་རིག་པ་ནི། རྒྱ་བོད་ཀྱི་བླ་མ་རྣམས་ལས། བསམ་པའི་རྭ་བ་ལས་འདས་པ་ཞིག་གསན་ཞིང་༌། ཁྱད་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་ཞབས་ཀྱི་བཀའ་དྲིན་གྱིས། མདོ་རྒྱུད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་མངའ་བ་ཡིན་པས། དེའི་ཚུལ་རྒྱས་པར་སུ་ཞིག་གིས་བརྗོད་པར་ནུས།  ཆེ་ལོང་ཙམ་ཞིག་བརྗོད་ན་ཡང་མང་དུ་ཐོས་པས་འདིར་རྒྱས་པར་མ་སྤྲོས་ལ། དཔྱོད་ལྡན་དག་གིས་གཞན་དུ་ཤེས་པར་གྱིས་ཤིག ཅེས་བྱུང་༌།

དེ་དག་གི་ཚུལ་སྟོན་པའི་བསྟན་བཅོས་ཀྱང༌་། གཞུང་ལུགས་ལེགས་བཤད།[3] ཐུབ་དགོངས་རབ་གསལ། སེམས་བསྐྱེད་ཆེན་མོ། སྡོམ་གསུམ་རབ་དབྱེ། བདག་མེད་བསྟོད་འགྲེལ་ལ་སོགས་ཇི་སྙེད་ཅིག་ཡོད་པ་ཡིན་པས་བཀའ་འབུམ་དུ་ཤེས་བར་བྱའོ།།  དེ་བཞིན་དུ་ཉིད་ཀྱི་གསུང་ལས། བསྟན་པའི་མཇུག་དེར་བསྟན་ལ་རབ་གུས་ཤིང་༌།། བསྟན་པ་མཐའ་དག་བསྲུང་ཞིང་འཛིན་འདོད་པ།། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ།། བཟང་པོས་བསྟན་ལ་ཕན་ཕྱིར་འདི་སྦྱར་རོ།། ཞེས་གསུངས། དེ་ལྟར་ན་རིག་གནས་རྣམ་པ་བཅུའི་སྲོལ་ལེགས་པར་ཕྱེས་ནས།  ཞེས་པ་ནས། དེ་ལྟ་བུའི་རྣམ་པར་ཐར་པ་གཞན་ལ་སྟོན་པར་བཞེད་ནས། ཉིད་ཀྱི་གསུང་ལས། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད།། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་༌།། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་༌།། དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།། ཞེས་གསུངས་ཤིང་༌། རང་ཉིད་ཀྱིས་འགྲེལ་བའི་སྒོ་ནས་ཀྱང་གསལ་བར་མཛད་དོ།། ཞེས་བྱུང་བ་ནི་དོན་ལ་གནས་པའི་བསྔགས་པ་ཡིན་ཏེ། རང་གིས་ཀྱང་འདིའི་འགྲེལ་བ་མཇལ་བའི་སྐལ་བ་རྙེད་པས། ས་པཎ་རང་གི་རྟོགས་པ་བརྗོད་པ་ཕུལ་དུ་བྱུང་བ་རྗེས་སུ་ཡིད་རང་བའི་གནས་མཆོག་ཏུ་མཐོང་ངོ་།།།

དེའི་མཇུག་ཏུ། གནད་དེས་ན་བོད་ཡུལ་གངས་རིའི་ལྗོངས་འདིར་ཐེག་པ་གསུམ་དང་༌། རིག་གནས་ཆ་ཤས་ཙམ་གྱི་འགྱུར་དང་བཤད་པ་མཛད་པ་ནི་སྔོན་དུས་མང་དུ་བྱུང་མོད། འོན་ཀྱང་བདག་ཉིད་ཆེན་པོ་ས་པཎ་མ་བྱོན་གོང་དུ་ནི། རིག་གནས་རྣམ་བཅུའི་སྲོལ་ཆེར་མ་དར་ལ། ཞེས་པ་ནས། དེའི་ཕྱིར་བདག་ཉིད་ཆེན་པོས་སྲོལ་བཏོད། ཤོང་དཔང་ཡབ་སྲས་ཀྱིས་དར་བར་མཛད་ནས། རིག་གནས་རྣམ་བཅུའི་ནོར་བུའི་ཕྲེང་བས་བོད་ཀྱི་བློ་གསལ་རྣམས་ཀྱི་མགྲིན་པའི་རྒྱན་མཛེས་བར་བྱེད་པའི་ཤིང་རྟའི་སྲོལ་འབྱེད་ནི་ས་སྐྱ་པཎྜི་ཏ་ཆེན་པོ་ཡིན་ནོ།། ཞེས་པའི་སྙན་གྲགས་འོག་མིན་གྱི་བར་དུ་ཁྱབ་བོ། ། ཞེས་བྱུང་ངོ་།།

ཞར་བྱུང་དུ། ཤོང་སྟོན་ལོ་ཙཱ་བའི་སྐོར་ཅུང་ཟད་གསལ་ཁ་བཏོད་དགོས་པ་གལ་ཆེ་བས། ཐ་སྙད་རིག་གནས་བྱུང་ཚུལ་ནོར་ཕྲེང་ལས། དེ་ཡང་ཐོག་མར་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི། ལ་སྟོད་ལྷའི་དཔྱད་ལང་ཤར་གྱི་བོང་ར་ཞེས་པར་སྐུ་འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང༌། ཞེས་པ་ནས། ཚ་ནར་སྟག་སྡེ་བའི་དྲུང་དུ་ཕར་ཚད་མངོན་གསུམ་ལ་མཁས་པར་སྦྱངས། འབྲོ་ལུགས་ཀྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་གསན། འཕགས་པ་རིན་པོ་ཆེ་སྔ་རེས་ས་སྐྱར་བྱོན་པ་ན། བསྟོད་པའི་ཚིགས་སུ་བཅད་པ་སྤེལ་ལེགས་ཕུལ་ནས་ལོ་ཙཱ་སློབ་ཏུ་འགྲོ་བར་རྫོང་བར་ཞུ་ཞུས་པར། དེ་ལྟ་བུའི་བློ་སྐྱེ་བ་བཟང་༌། རེ་ཞིག་གཞུང་ལུགས་གསར་པ་བསྒྱུར་བའི་ནུས་པ་མ་བྱུང་ན་ཡང༌། པཎྜི་ཏ་ལ་སློབ་གཉེར་དྲི་གཏུགས་ལེགས་པར་གྱིས་ཤིག  ཁོ་བོས་ཀྱང་ཆོས་རྗེ་པ་བསྟེན་ཡུན་ཐུང་བས། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང༌་། ཚིག་གཏེར་ཚུལ་བཞིན་མི་ཤེས་པར། འདི་དག་ཤེས་པར་གྱིས་ཤིག མཁས་པར་གྱུར་པའི་ཚེ་ངེད་ལ་ཆོས་རྗེ་པའི་དགོངས་པ་སྐོང་དགོས་ཀྱི་འགྱུར་འདྲ་ཡང་དགོས་པ་ཡོད་དེ། རྗེས་སུ་བྱེད་དོ་གསུངས་ནས། དེ་དག་གི་དཔེ་དང་གསེར་སྲང་ལྔ། དར་ཡུག་བཅུ་གནང་བྱུང་སྟེ། རྟེན་འབྲེལ་ཡོད། དོ་ནུབ་རྗེ་བཙུན་གོང་མའི་དཔེ་ཁང་དུ་ཉོལ་ལ་སོང་༌། སླར་འཁོར་བ་ན་ཤོག་ཅིག་གསུངས་ནས་བརྫངས་སོ།། ཞེས་པ་ནས། བལ་ཡུལ་དུ་པཎྜི་ཏ་ས་དབང་བཟང་པོའི་དྲུང་དུ་སྒྲ་སྙན་ངག་སྡེབ་སྦྱོར་ཟློས་གར་སོགས་བྱང་བར་མཛད་ནས་ས་སྐྱར་བྱོན། འཕགས་པ་རིན་པོ་ཆེའི་དྲུང་དུ་ཕེབས། ཤིན་ཏུ་དགྱེས་པར་གྱུར། ངེད་ཀྱི་ཆོས་རྗེ་པ་བྱང་ཕྱོགས་སྤྲུལ་བའི་སྐུའི་བཀོད་པ་བསྡུ་བའི་ཚེ། ཐ་མའི་གསུང་དུ་བཀའ་སྩལ་པ་ལ། ད་ནི། སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་ཕབས་པའི་སྲོལ་བཟང་པོ་བཏོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ཡང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཁྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་༌། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་བསྒྱུར་བ་དང་༌། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་བསྒྱུར་བ་གསུམ་ཙམ་མོ།། ཞེས་གསུངས་པ་ཞིག་ཡོད་ནའང་༌། ང་བསྙེན་པར་རྫོགས་ཟིན། འགྱུར་གཉིས་སྔར་མ་བྱུང་བས། ད་ཁྱོད་ཀྱིས་གྱིས་ཤིག དེའི་གྲོགས་དཔོན་ཆེན་ཤཱཀྱ་བཟང་པོས་བྱེད་པ་ཡོད་དོ་ཞེས་དགྱེས་བཞིན་བཀའ་སྩལ་བས། ས་སྐྱར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར། ཞེས་ཡོངས་སུ་གྲགས་པའི་མཁས་ཐམས་ཅད་ཀྱིས་འགྱུར་ལེགས་པ་[4]རང་དུ་མཛད་པ་འདི་མཛད། སླར་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་ངྷི་ལ་མཆོད་པ་དང་སྐོར་བ་མཛད། པཎྜི་ཏ་ལཀྵི་མ་ཀ་ར་སྤྱན་དྲངས་ནས། དཔག་བསམ་འཁྲི་ཤིང་༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སྙན་ངག་མེ་ལོང་མ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། འཇམ་དཔལ་གྱི་བསྟོད་པ་སྒྲ་ཙནྡྲ་བའི་མདོ་སྦྱོར་སོགས་བསྟན་བཅོས་མང་པོ་བསྒྱུར།

༦ འཕགས་པ་རིན་པོ་ཆེས་ཀྱང་སྡེ་སྣོད་འཛིན་པ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་བ། ཞེས་པའི་འཕྲིན་ཡིག་མཛད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་པར་དཀའ་བ། ཚིག་བརླིང་ཞིང་སྡེབ་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་དཀའ་བས། སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང༌། ལོག་པར་བསྒྱུར་བ་དང་༌། རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང་༌། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་ངེས་ཏེ། ཞུ་ཆེན་མཛད་པའི་གླེགས་བམ་དང་༌། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས། དགེ་བ་དང་རྗེས་སུ་ཡིད་རང་བ་ཁྱད་པར་ཅན་སྐྱེས། ཞེས་རབ་ཏུ་བསྔགས། སྒྲ་བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཏོ།། དེ་ཉིད་ཀྱི་དབོན་པོ་ཤོང་བློ་གྲོས་བསྟན་པས་གསན་ཏེ། དེ་ནི་འཕགས་པ་རིན་པོ་ཆེའི་སྲས་ཀྱི་ཐུ་བོར་གྱུར་ཅིང་༌། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བས་གཞི་འགྱུར་དང་འགྱུར་འཆོས་མང་པོ་མཛད། གཅེན་གྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཁྱེན་ཅིང་༌། ཁྱད་པར་དུ་དུས་འཁོར་དང་ཐ་སྙད་རིག་པའི་གནས་ལ་མཁས་པའི་སློབ་མ་མང་དུ་ཐོན། ཞེས་བྱུང་༌། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ནི་ལ་སྟོད་ལྷོ། སྦྱང་ལུང་གི་འོ་འབུ་གྱམ་དུ་ནང་ལོ་ ༡༨༢༠ ཕྱི་ལོ་ ༡༢༧༨ རབ་བྱུང་ལྔ་པའི་མེ་བྱི་ལ་འཁྲུངས། ཡུམ་སྔ་མོ་ནས་གྲོངས་ཏེ་ལུག་གིས་འོ་མས་གསོས་པས་ལུ་གུ་ཞེས་གྲགས། ཁོ་བོ་བའི་འོ་མས་གསོས་ན་ལེགས་པ་ལ། བླུན་པོ་རྣམས་ཀྱིས་ལུག་གི་འོ་མས་གསོས་པས་བློ་གྲོས་ཀྱི་ཕྱེད་འགྲིབས་སུ་བཅུག་གསུངས། ལོ་བཅུ་གསུམ་པ་ལ་ཤོང་སྟོན་གྱི་བླ་མ་ཚ་ན་སྟག་སྡེ་བའི་དྲུང་དུ་བྱོན་ནས་ལོ་དྲུག་བཞུགས། ལོ་བཅུ་དགུ་པ་ལ་སྟག་སྡེ་བ་གཤེགས་ནས། ཤོང་སྟོན་གྱི་ཐུགས་སྲས་ལོ་མཆོག་པའམ་མཆོག་ལྡན་ལེགས་པ་ནས་མདོ་སྔགས་རིག་གནས་དང་བཅས་པ་གསན་ཏེ། འདིས་མཛད་པའི་སྙན་འགྲེལ་མཛད་བྱང་དུ།  མཁས་པའི་མཁས་པ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་ཐུགས་ཀྱི་སྲས་མཆོག བླ་མ་དམ་པ་མཆོག་ལྡན་ལེགས་པའི་བློ་གྲོས་ཀྱི་བཀའ་དྲིན་ལ་བརྟེན་ནས། ཐ་སྙད་ཀྱི་གཙུག་ལག་རྣམས་ལ་མྱོང་བ་ཅུང་ཟད་སྐྱེས་པ་ལོ་ཙཱ་བ་བློ་གྲོས་བརྟན་པས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་མོར་གྲུབ་པའོ།། ཞེས་གསུངས་ལ། ཆོས་རྗེ་འཇུ་མི་ཕམ་པ་ཆེན་པོའི་སྙན་འགྲེལ་དུ། དཔང་འགྲེལ་ནི་བོད་དུ་རྒྱ་འགྲེལ་ནས་བསྒྱུར་བའི་སྙན་འགྲེལ་གཅིག་པུ་དེ་ཡིན་ཞེས་གསུངས། སྐུ་ཆུང་དུས་ཨ་ཙ་ར་བྱུང་ཚད་ལ་འཕྲལ་སྐད་བསླབས། ཉེར་གཅིག་པ་ལ་བལ་བོར་བྱོན། རཱམཨཱཅབྱབྱདང༌། མ་ཐ་ན་ཨཱཅབྱབྱ་ལ་ཙབྷ་པ་གསན། ས་སྐྱར་བྱོན་ཏེ་ཀ་ལཱ་པའི་འགྲེལ་པ་གཉིས་རགས་རིམ་བསྒྱུར། ཤོང་སྟོན་ལེགས་བཤད་ལྡེ་མིག་བླངས།། ལེགས་སྦྱར་སྐད་ཀྱི་གཏེར་ཀ་ཕྱེ།། སྣ་ཚོགས་གཞུང་ལུགས་རིན་ཆེན་བླངས།། ལེགས་བཤད་དགའ་སྟོན་འགྱེད་ལ་དབང་༌།། གསུངས་ཤིང་༌། ཡ་ཚེ་དང་ཧོར་རྒྱལ་པོས་གདན་འདྲེན་བྱུང་བ་ལ་བར་ཆད་དུ་གཟིགས་ནས་བཟློག་པར་མཛད། སྡིག་པའི་གྲོགས་པོའི་གཡོ་བ་རིང་དུ་སྤངས།། བདུད་ཀྱི་ཞགས་པའི་འཆིང་བ་ཆེ་ལས་གྲོལ།། འཇིགས་པ་མེད་པ་སེང་གེའི་ཁྱིམ་དུ་སླེབས།། དཔལ་ལྡན་བློ་གྲོས་བརྟན་པའི་བསམ་པ་འགྲུབ།། ཅེས་གསུངས།

དེ་ནས་ས་སྐྱར་བྱོན་ནས་མཆོག་ལྡན་བློ་གྲོས་ནས་བཀའ་ལུང་མཐའ་དག་གསན། རྩོམ་བཤད་བསྒྱུར་གྱི་སྒོ་ཕྱེ། བོ་དོང་ཨེའི་དགེ་འདུན་གྱིས་རྒྱལ་སྲས་ཐོགས་མེད་ལ་གདན་ས་འཛིན་པར་ཞུས་ཀྱང་༌། སེམས་དཔའ་ཆེན་པོ་དེས་ལུང་བསྟན་ཏེ། རྒྱལ་སྲས་སྐུ་ཉིད་ཀྱིས་དགེ་འདུན་གྱི་ངོ་ཆེན་མཛད་དེ་གསོལ་བས། གུ་རུ་ཐོགས་མེད་ཐོས་པའི་གཏམ་ལ་ཉན།། ཉིད་ཀྱི་ཞལ་ནས་ལེགས་བཤད་མ་གཏོགས་པ།། ཉེས་པར་སྣང་བ་ག་ལ་སྲིད་པ་སྟེ།། ཁོ་བོའི་མཁན་པོ་ཆེན་པོ་སྟག་སྡེ་བ།། སེང་གེ་རྒྱལ་མཚན་གྱིས་ཀྱང་མ་ཐོབ་པའི།། གདན་ས་ཡིན་པས་དེ་རིང་རང་ལ་འགྲོ།། འགྱུར་ན་མི་ཡོང་ད་ལྟ་རང་ལ་འགྲོ།།ཞེས་གསུངས། བསྟན་པའི་བྱ་བ་ཡུན་རིང་དུ་མཛད་ནས་དགུང་ལོ་རེ་བདུན་པ། ནང་ལོ་ ༡༨༨༥ ཕྱི་ལོ་ ༡༣༤༣ རབ་ ༦ ཆུ་རྟའི་ནག་པ་ཟླ་བའི་ཚེས་བཅུ་གསུམ་ལ་བདེ་བ་ཅན་དུ་གཤེགས་སོ།། ཞེས་བྱུང་༌། འདི་ཡན་ཆད་དུ་ནི། ༧རྒྱལ་མཆོག་ལྔ་པས། དེའི་ཕྱིར་བདག་ཉིད་ཆེན་པོ་ས་པཎ་གྱིས་སྲོལ་བཏོད། ཤོང་དཔང་ཡབ་སྲས་ཀྱི་དར་བར་མཛད་ནས། ཞེས་པ་ནས་བོད་ཀྱི་བློ་གསལ་རྣམས་ཀྱི་མགྲིན་པའི་རྒྱན་མཛེས་པར་བྱེད་པའི་ཤིང་རྟའི་སྲོལ་འབྱེད་ནི་ས་སྐྱ་པཎྜི་ཏ་ཆེན་པོ་ཉིད་ཡིན་ནོ།། ཞེས་གསུངས་པའི་བསྔགས་པ་འདིར་སླར་ཡང་སྒྲོགས་པ་ཡིན་ནོ།།

དེ་ལྟར་ས་པཎ་ཆེན་པོས་རིག་པའི་གནས་བཅུར་ཕྱེ་བའི་སྲོལ་བཏོད། སྙན་པའི་གྲགས་པ་ནི་འཕགས་བོད་ཀྱི་ཡུལ་ལས་བརྒལ་ཏེ། ཆེན་པོ་ཧོར་གྱི་ཡུལ་དུའང་ཁྱབ། དགུང་ལོ་ ༥༩ རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་ཧ་རི་ནནྡ་ལ་སོགས་དྲུག་རྩོད་པས་ཕམ་པར་མཛད་པ་ནི་ཡོངས་གྲགས་ཡིན་པས་སྐྱར་ཟློས་ཅི་ལ་བྱེད། ཤེས་རབ་རང་བཞིན་བུད་མེད་སྐྱོན་གྱི་ཉེས་པ་བརྗོད་ན་རྩ་ལྟུང་ཡོད་ན། ཡོན་ཏན་བརྗོད་ན་སྔགས་ཀྱི་དངོས་གྲུབ་མི་ཐོན་ན་ཡང་༌། བློ་གཟུ་བོར་གནས་པའི་གཏམ་དུ་འགྱུར་ངེས་པས། དེ་ནི་ཕོ་ཁྱོ་གའི་ཞེན་ཁོག་དོར་ཏེ། དྲང་གཏམ་ཚིག་རེ་ཤོད་པ་ལ་ཞུམ་དགོས་དོན་མི་འདུག་པས། དེ་ནི་དེ་དུས་རྩོད་གྲོགས་སུ་ས་པཎ་གྱིས་སྐུའི་སྲིང་མོ་བཟོད་པ་རིང་མོ་ཞུ་བ་དེ་ཡོད་པའི་སྒྲོས་ཤིག་ཤུལ་དུ་ལུས་པ་ལ། གཟུར་གནས་ཀྱི་མཁས་པ་འགའ་དང་༌། སུམ་པ་མཁན་པོ་དང་༌། དཔའ་བོ་གཙུག་ཕྲེང་སོགས་ཀྱི་ཆོས་འབྱུང་དུ་ཚིག་གི་སྒྲོས་འགའ་ཞིག་མཐོང་བས་ངག་རྒྱུན་ཁུངས་མེད་ནི་མིན་པར་ངེས་ཀྱང་༌། སྐྱེས་པ་ཕོའི་ཕོ་ཞེན་ཆེ་བ་དག་གིས། བུད་མེད་ཀྱིས་འཆད་རྩོད་རྩོམ་པ་མི་ནུས་སྙམ་པ་ནི། མ་བརྟག་མ་དཔྱད་པའི་ཕོ་རྒོད་ཀྱི་གཏམ་ས་སྟེང་གང་སར་ཡོད་པ་དེ་ཡིན་ཀྱང་༌། ཆོས་རྗེ་ཀུན་ལེགས་པས་ནི། ཆོས་འཇིག་རྟེན་གང་ལ་ཡང་མོ་ཚོགས་འདི་གལ་ཆེ། མ་ནམ་མཁའ་དང་མཉམ་པ་ཟེར་བ་མིན་པ། ཕ་ནམ་མཁའ་དང་མཉམ་པ་མེད། གཉུག་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས་ཟེར་བ་མ་གཏོགས། གཉུག་ཕོའི་ཟེར་བ་མེད། བྱིན་རླབས་ཀྱི་རྩ་བ་བླ་མ་ཟེར་བ་མ་གཏོགས། བླ་ཕོ་ཟེར་བ་མེད། ཆོས་ལ་ཡང་ཐམས་ཅད་ཀྱི་དྲག་ཤོས་དེ་ལ། ཡུམ་ཤེར་ཕྱིན་ཟེར་བ་མིན་པ། ཡབ་ཤེར་ཕྱིན་ཟེར་བ་མེད། ཅེས་གསུངས་པ་ལྟར། མདོ་སྨད་ཆོས་འབྱུང་སྟོད་ཆར་གསལ་བའི་ཐོག  ཕྱི་ལོ་ ༡༩༨༡ ལྕགས་བྱ་ལོར་བོད་རང་སྐྱོང་ལྗོངས་ནས་དཔར་དུ་སྐྲུན་པ་“ཊིབ་ཊ་”བོད་ཅེས་པའི་དཔར་དེ་བས་ཤིན་ཏུ་ལེགས་པ་དེའི་དཔར་ནི། འགྲོ་བ་མིའི་ལུགས་སུ་བྱས་ནས་ནུབ་ཕྱོགས་ཡུ་རོབ་ཅེཀོ་སལོ་ཝ་ཀེ་ནས་ཡིན་པ་རཝིཡཱབེལགརཱཌེ་ཟེར་བ་དེ་དང་༌། དེའི་འགོ་བརྗོད་ནི། ཧ་རི་སན་སལིསི་བ་རཱི་ཟེར་བས་བྲིས་ལ། ནང་གི་ལོ་རྒྱུས་ན། ང་ཕོད་ངག་དབང་འཇིགས་མེད། སྡེ་དྲུག ཆབ་སྤེལ། དུང་དཀར་བློ་འཕྲིན་སོགས་ནས་བྲིས་གནང་པ་དེའི་ནང ༌། ཞལ་ཐང་རྙིང་མ་སྲིད་ན་རྙེད་དཀའ་བའི་རི་མོ་སྤུས་ལེགས་ཤིག་གི་ངོས།

ས་ཆེན་གོང་མ་རྣམ་ལྔའི་མདུན་དུ། ས་པཎ་དང་རྗེ་བཙུན་བཟོད་པ་རིང་མོ་རྩོད་པའི་འགྱིང་སྟབས་ཀྱིས་བཞུགས་པའི་ཞབས་དྲུང་དུ། མུ་སྟེགས་པ་རྣམས་སྐྲ་བྲེག་སྟེ། ནང་པའི་བསྟན་པ་ལ་བཅུག་ཚུལ་ཤ་ཡི་མིག་གིས་མཐོང་ཐུབ་པ་དང༌་། ཆོས་རྗེ་ས་པཎ་དང༌། བཟོད་པ་རིང་མོའི་སྐུ་ལ་གསེར་གསོལ་ཞིང་༌། གཞན་ཐམས་ཅད་སྐུ་སྟོད་གསོལ་བ་ལ།  བཟོད་པ་རིང་མོའི་སྐུ་གསལ་ཞིང་ནུ་འབུར་རྒྱས་པ། རྗེ་བཙུན་མའི་རྣམ་པར་བསྟན་པ་མངོན་སུམ་དུ་འདུག་པས། རང་ཉིད་ནི་རྗེ་ས་པཎ་གྱི་སྐུའི་སྲིང་མོ་ལ་ཡང་འདི་ལྟ་བུའི་སྐུ་ཡོན་ཅན་སྙམ་སྟེ། ཕྱོགས་གང་སར་སྙན་དུ་གསོལ་ཡང་༌། རང་རེ་བོད་པའི་ཀླད་པའི་ནང་དུ། མི་རབས་ནས་མི་རབས་ལ་རྒྱ་གར་བ་དང་༌། བལ་པོའི་བྲམ་ཟེས་བུད་མེད་ལ་བརྙས་སྨོད་དང་མཐོང་ཆུང་བྱེད་པའི་སྲོལ་ངན་གྱི་བག་ཆགས་དང་༌། ཕོ་རེང་བ་བུད་མེད་ལ་འཇིགས་སྐྲག་ཅན་དག་གིས་ནི། སྔར་གྱི་བརྡ་ལ་བརྟེན་ནས་སྨན་མོའི་དོན་ཤེས་པར་བྱས་ནས་སྐྱེས་སྨན་ཞེས་ཟེར་དགོས་པ་ལ། སྐྱེ་བ་དམན་པ་འདི་ཚོ་ཡིན་ན་ཟེར་ཞིང༌། རང་གིས་གང་མཐོང་ཅི་མཐོང་རྗེས་སུ་ཡི་རང་བའི་སྒོ་ནས་ཞུས་ཀྱང་༌། ལ་སྟོད་པ་བཤེས་གཉེན་ཞིག་གིས།  རཀ་རས་དཔེ་གསར་ཅིག་གསུང་ན་ཡང་༌། བདག་ཚོའི་པེན་ཆེན་ལ། ཧྲིང་མོ་རྩོད་རོགས་ལ་དགོས་བགྱི་མེན་དེད། གསུངས་འདུག་ཀྱང་༌། བདག་རང་ནི། བདག་ཚོའི་ས་སྐྱེའི་པེན་ཆེན་ནི་འགྲན་ཟླ་དང་བྲལ་ལེ་རེད་ཀ། བདག་ཚོས་ས་སྐྱ་པཎ་ཆེན་གྱི་སྐུའི་ཧྲིང་མོ་སྐུ་ཞབས་དེ་ལ། སྐུ་ཡོན་དེ་འདྲ་ཡོད་ན་ནི། སྐུ་མཆེད་གཞན་མ་ལ་ལྟ། གང་བཏང་དང་མང་ཏང་བཤད་རྒྱུ་མེད་དེ་རེད་ཀ ཅེས་ཞུ་རྒྱུ་ལས་གཞན་མེད་ཀྱང་༌། བདག་ནི་ཆོས་རྗེ་ས་པཎ་སྐུ་མཆེད་ལ་རིགས་པའི་རྗེས་འབྲང་གི་དྭང་བ་དང་དད་པ་ཡོད་ཁུལ་བྱས་ཏེ། འདི་འདྲའི་རིགས་རྒྱུས་མེད་དུ་སོང་ན་ཤིན་ཏུ་ཕངས་སྙམ་ནས། དཔལ་མང་པ་ཞེས་ཀྱང་ཞུ་ཟེར། མཚན་དངོས་བྲག་དགོན་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་སྟོད་ཆའི་ནང་གསལ་ལྟར་ཞུ་ན། ལང་གྲུ་འམ་ལང་ཇུའི་ཡུལ་དུ་ཧོར་གོ་དན་རྒྱལ་པོའི་རྒྱལ་སར་ཤར་ཏོ་དང་ཉེ་བར། ཆོས་རྗེ་ས་པཎ་བཞུགས་ཡུལ་སྤྲུལ་པའི་སྡེ་ཡོད་པར་གྲགས་ཤིང༌་། དེའི་ལོ་རྒྱུས་ནི་ཤོག་གྲངས། ༣༤༡ ནང༌། ལང་གྲུའི་མཁར་ནས་ལེ་དབར་ ༤༠ ན་བེའ་ཐཱ་ཟི་ཤར་ན་ས་པཎ་གྱི་སྤྲུལ་པའི་སྡེ་ཡོད། ཧོར་གོ་དན་གྱིས་ས་པཎ་སྤྱན་དྲངས། མེ་ལུག་ལ་མཆོད་ཡོན་ཞལ་འཛོམས། དགའ་སྟོན་དང་གསུང་གླེང་སྐབས་དུ་མར་མཛད། ལན་ཅིག་ས་པཎ་གྱིས་རུས་སྦལ་ལ་སྤུ་མེད་ཚུལ་གསུངས་པར། རྒྱལ་པོས་པགས་པ་གསེར་གྱི་མདོག་ཅན་འཇའ་འོད་ཁྱུག་པ་ཞིག་བསྟན་ནས། རུས་སྦལ་གྱི་པགས་པ་ཡིན་ཟེར། འདི་ལ་ཡོན་ཏན་ཅི་ཡོད་གསུངས་པར། འཇམ་ཞིང་འོད་འཁྱུག་པ་འདིས་ཆོག་མོད། ཁྱོད་ཀྱིས་རུས་སྦལ་ལ་སྤུ་ཡོད་པ་མ་ཚོར་འདུག་ཟེར། ཆོས་རྗེས་དེའི་མགོ་ནས་བཟུང་སྟེ།  སངས་རྒྱས་ཀྱི་སྐུ་སྤུ་རིས་སུ་ཡོད་པ་བསྟན་ཏེ། འདི་སྐལ་བ་བཟང་པོའི་བྱང་སེམས་གང་འདུལ་གྱི་ལུས་བཟུང་པ་ཡིན། རུས་སྦལ་འདྲ་བ་ཡོད་ཀྱང་རུས་སྦལ་མིན་གསུང་བས་རྒྱལ་བློན་རྣམས་ཞལ་ཚ། དེའི་རྐྱེན་ཀྱིས་ཉམས་སད་ཕྱིར་སྒྱུ་མ་མཁན་ལ་གཙུག་ལག་ཁང་གི་བཀོད་པ་ཆེས་བཀྲ་བ་སྤྲུལ་བཅུག རྒྱལ་པོས་ཆོས་རྗེ་གདན་དྲངས་ཏེ་ལྷན་དུ་ཕེབས། ཆོས་རྗེས་སྒོ་སྲུང་གི་ཁྲོ་བོ་ལ་བཀའ་བསྒོས་ཤིས་བརྗོད་མི་འགྱུར་ལྷུན་པོ་མ་འཕྲལ་རྩོམ་གྱིས་ཕྱག་ནས་གཏོར། སྟན་ལ་བཞུགས་དུས་སྒྱུ་མ་བཤིག་པར་བརྩམས་ཀྱང་བཤིག་མ་ནུས། ཆོས་རྗེས། འདི་དཀོན་མཆོག་གི་རྟེན་བྱས་པ་ཡིན་པས་བཤིག་མི་ནུས། ཁྱེད་ཚོས་བླ་མཆོད་ཐག་རིང་ནས་བོས་ཏེ། དམའ་འབེབས་བྱེད་པའི་བྱ་བ་འདི་ལེགས་པོ་མིན་གསུངས་པས། རྒྱལ་བློན་རྣམས་ཀྱིས་བཟོད་པ་གསོལ་ནས་ཆོས་ཞུས་ཞེས་ལམ་ཡིག་དང་ཆོས་འབྱུང་འགའ་རེ་ལས་བཤད་ཅེས་གསལ་ལོ།། རྗེས་སུ་སྤྲུལ་བའི་ལྷ་ཁང་ཞེས་པ་དེ་ནི། སྐབས་དེར་སྒྱུ་མས་སྤྲུལ་བའི་ལྷ་ཁང་དེ་ཉིད་ལ་དཔེ་བྱས་པ་ཡིན་གྱི་སྒྱུ་མའི་ལྷ་ཁང་དངོས་དེ་མིན། ཞེས་གཞུང་པ་དགེ་བཤེས་ཚུལ་ཁྲིམས་ནག་པོ་ཞུ་བའི་ཞལ་ནས་ཐོས།

རྗེ་བཙུན་བཟོད་པ་རིང་མོའི་སྐོར་ནི། ཤོག་གྲངས་ ༣༣༩ ནང་༌། ལང་གྲུའམ་[5] ལང་ཇུའི་མཁར་ནས་ལྷོ་ཕྱོགས་སུ་ལེ་བར་ ༣༠ ལ་ཧེ་མོ་ཏུང༌། ཕག་མོའི་སྡེ་དང་༌། དེ་ནས་ལེ་དབར་ལྔ་ན། ཀྱིན་ཐཱ་ཟི་སྟེ་ལྷོ་དབང་སྡེ། རྒྱལ་པོ་གསེར་གྱི་སྐ་རགས་ཅན་གྱི་དུར་སར་གྲགས། ཡིག་རྙིང་ཞིག་ཏུ། འགྲོ་མགོན་འཕགས་པས་རྒྱལ་པོ་གསེར་གྱི་སྐ་རགས་ཅན་ལ་དབང་ཆེན་གནང་ཞེས་པ་ལྟར་ན། ཧོར་སེ་ཆེན་གྱི་དུར་ས་ཡིན་ནམ་ཟེར་མཁན་སྣང་༌། དེར་ལྷ་ཁང་དབུས་མར་བཞུགས་པའི་ཐུབ་སྐུ་ས་པཎ་གྱིས་བཞེངས། སྐུ་རྒྱུའི་འཇིམ་པ་ལ་སྨེ་བརྩེགས་དང་རྣམ་འཇོམས་ཀྱི་བུམ་ཆུས་སྦགས་པར་ལྷ་དེ་གཉིས་ཐིམ་པའི་གཟིགས་སྣང་བྱུང་༌། རབ་གནས་སྐབས་འཇའ་འོད་འཁྲིགས་པ་སོགས་ཡེ་ཤེས་པ་ཞུགས་པའི་རྟགས་མཚན་བྱུང་༌། གུར་མགོན་གྱི་གཟུངས་གཞུག་ཏུ་གཅོད་པ་བྲམ་ཟེ་ནག་པོའི་སྒོམ་ཐག་དང་དབུ་སྐྲ། དེ་ཉིད་ཀྱི་ཕྱག་དཔེ་དཔེ་ཚན་བཅས་ཞུགས་ཏེ་བཀའ་བསྒོས། རྒྱལ་པོ་འཁོར་བཅས་ལ་དབང་གནང་བའི་དཀྱིལ་སྟེགས་རྡོ་གྲུ་བཞི། འདི་སྐབས་ཀྱི་དབང་ལ་བཤད་ཚུལ་མི་འདྲ་བ་སྣང་༌། དེར་འགྲོ་མགོན་གྱིས་བཞེངས་བར་གྲགས་པའི་དུས་གསུམ་སངས་རྒྱས་ཉེ་སྲས་དང་བཅས་པ་ལ་སོགས་པའི་སྐུ་བརྙན་མང་པོ་བཞུགས་པར་བཤད། ཡིག་རྙིང་དུ། འགྲོ་མགོན་འཕགས་པས་འདིར་ཕྲེང་བའི་དབང་དང་ལས་བཞིའི་སྦྱིན་སྲེག་གནང་བར། དྲག་པོའི་སྦྱིན་སྲེག་གི་སྐབས་སུ་ཁྲོ་བོ་མཚོན་ཆ་ཐོགས་པ་[5]སྣ་ཚོགས་པས་བསྟན་པ་སྤྱིའི་དགྲ་བགེགས་དངོས་སུ་བཀུགས་ནས་ཐབ་ཏུ་བཅུག་པའི་གནས་སུ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་བཞེངས་ཚུལ་དང་༌། ནང་གཞུག་ཏུ་ཨུ་རྒྱན་ནས་སྤྱན་དྲངས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སོགས་རྟེན་བྱིན་ཅན་མང་དུ་བཞུགས་པས། སྔར་དུས་ཆེན་རྣམས་སུ་འཇའ་འོད་འཆར་བ་དང༌། དྲི་བཟང་འཐུལ་བ་དང་རོལ་མོའི་སྒྲ་དང་༌། མེ་ཏོག་གི་ཆར་འབབ་པའི་ལྟས་ངོ་མཚར་ཅན་ཡོད་པར་བཤད། ལང་གྲུ་མཁར་ནས་ནུབ་ངོས་ལེ་དབར་ ༣༠ ན། ལེ་ན་ཧྲཱ་ཟི་སྟེ། པད་མོའི་སྡེ། དེར་ཁྲོ་ནག་གི་བླུག་སྐུ་མི་ཚད་ཙམ་ཐུབ་པ་གྲོང་ཁྱེར་མའི་རྣམ་པ་ཅན་བཟོད་པ་རིང་མོའི་སྐུ་གདུང་དུ་གྲགས་པ་ཡོད། འགའ་ཞིག་གིས་ནང་རྟེན་དུ་གདུང་རིལ་པོ། ཁ་ཅིག་གིས་གདུང་རུས། གཞན་དག་ཚེམས་གཉིས་བཞུགས་པར་འདོད་ཅིང་བཤད་ཚུལ་མི་འདྲ་བ་མང་༌། སྟག་ལུང་པའི་དཀར་ཆག་ཏུ། དབུ་ལ་གཙུག་ཏོར་ཡོད་མོའི་འདྲ་བརྙན་ཡིན་ཚེ། ཐོར་ཅོག་དང་༌།  གཙུག་ཏོར་མིན་པར་ཐོར་ཅོག་དང་ཟེར་བའི་དོན། ཐུགས་ཀ་ཡན་ཁམ་སའི་འདག་པས་བཅད་ལ། གཞན་ཁོང་སྟོང་ཡིན་པ་མཐོང་༌། རྒྱང་ནས་བལྟས་ན་གསོན་ཉམས་ཆེ་ཞིང་དྭང་བ་འདྲེན་པ་ཞིག་འདུག་ཅེས་བཤད། འདི་ཉིད་རྗེ་ས་པཎ་གྱི་སྐུ་སྲིང་༌། རྗེ་དེ་ཉིད་ཧོར་ཕེབས་ཀྱི་རྗེས་སུ་བྱ་བྲལ་གྱིས་འདིར་བྱོན། ཞལ་འཛོམས་པར་ཆོས་རྗེའི་ཞལ་ནས། བཟོད་པ་རིང་མོ་བྱོན་ལགས་སམ།། ས་ཁ་རྗེས་ཀྱིས་གང་ལགས་སམ།། ཁྱི་རྒན་འགྲམ་པ་བཅགས་ལགས་སམ།། གསུངས་པར། རིང་མོས། ས་སྐྱ་པཎ་ཆེན་བྱོན་ལགས་སམ།། རྡོ་རྗེ་ཕྲེང་བ་གནང་ལགས་སམ།། དམ་ཉམས་ས་ཁ་གང་ལགས་སམ།། དམྱལ་བའི་གཡང་རྡོ་བྱས་ལགས་སམ།། ཞེས་ཞུས་པར་གྲགས། བཟོད་པ་རི་ཁྲོད་དུ་སྒོམ་སྒྲུབ་ཡུན་རིང་མཛད། སྤྲུལ་པའི་སྡེར་ཆོས་རྗེ་སྐུ་སྙུང་སྐབས། རིང་མོས་ཕྱོགས་དེར་ཡང་ཡང་གཟིགས། མི་མཐོང་ཚད་ལ་དྲིས། ལན་ཅིག་པཎ་ཆེན་གཤེགས་པ་གསན་འཕྲལ། བོད་ཕྱི་རབས་ཕྱི་རབས་ཉལ་ནས་འཆི། བཟོད་པ་རིང་མོ་ལངས་ནས་འཆི། གསུངས་ནས་སྐུ་འདས་སྐད། དེར་ལྷ་ཁང་ཆེན་པོ་དང༌། རྒྱ་ལྷ་ཡང་མང་པོ་ཡོད་ལ། ལྔ་པ་ཆེན་པོས་ས་པཎ་གྱིས་མདོ་ཕྱོགས་ཀྱི་ཆོས་བཀའ་རྒྱ་ཆེར་སྩལ་བའི་གནས་སུ་གསུངས།

ཕྱིའི་རི་སྣར་མཆོད་རྟེན་ཆེན་པོ་ཡོད་པ་དེར་བཟོད་པ་རིང་མོ་སྐུ་འདས་པར་གྲགས། དེར་པཎ་ཆེན་གྱིས་དབང་གནང་སྐབས་བུམ་ཆུ་དང་༌། རྡུལ་ཚོན་གཤེགས་ཀྱང་ཟེར། ལྷ་ཆུང་ལུང་པའི་ཆུ་འགྲམ་གྱི་ཕ་བོང་ལ་བཟོད་པ་རིང་མོའི་ཞབས་རྗེས་ཡོད། ཆུ་མེད་པར་ཞབས་ཀྱིས་ཕ་བོང་བསྒྱུར་བའི་ཤུལ་དུ་ཆུ་མིག་ཐོན་པའི་ངག་རྒྱུན་སྣང་༌། དེར་བྱམས་མགོན་གཙོ་འཁོར་དང་༌། ཐུབ་པ་མཆོག་ཟུང་བཅས་བཞུགས་པའི་ལྷ་ཁང་གཉིས། བཟོད་པ་རིང་མོ་ཞེས་བྲིས་པའང་ཡོད། དེས་ན་བཟུང་ལུང་པ་ཞིག་ཡིན་འདྲ་ལ། ས་པཎ་མུ་སྟེགས་དང་རྩོད་དུས་ཀྱི་རྩོད་ཟླ་ཡིན་མིན་དཔྱད་པར་བྱའོ། ཞེས་བྱུང་༌།

སྐུའི་སྲིང་མོ་བཟོད་པ་རིང་མོ་ས་པཎ་གྱི་རྩོད་གྲོགས་ལ་ཡོད་པའི་ཚིག་ཟུར་ཞིག་ག་ས་ག་ནས་ཐོན་འདུག་པའི་ཐོག་ཏུ། ཞལ་ཐང་འདི་ནས་ར་སྤྲོད་ཅིག་གཏོང་བགྱི་འདུག་པས། རྩོད་གྲོགས་ཀྱི་ཚིག་ཟུར་དང་༌། མིག་གི་ཡུལ་དུ་མཐོང་བའི་ཞལ་ཐང་འདི་གཞི་ལ་གཞག་སྟེ། ཞལ་འཛོམས་སྐབས་ཀྱལ་ཀ་གནང་རེས་གནང་བའི་ཚུལ་འདི་ལ་བསམ་དུས། ས་པཎ་གྱིས་རིག་གནས་བཅུའི་སྲོལ་ཕྱེས་ནས་རང་གི་རྟོགས་པ་བརྗོད་པ་ཕྱི་རབས་ཀྱི་གདུལ་བྱས་གསལ་པོ་ཤེས་ཆེད་དུ། ཉིད་ཀྱི་གསུང་ང་བརྒྱད་མར་གྲགས་པ་ལས། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད།ཞེས་པ་ནས།དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།། ཞེས་གསུངས་པ་ལ། སྐུའི་སྲིང་མོ་ཐུགས་འདྲིས་ཆེ་བས་བཟོད་པ་རིང་མོས་ཀྱལ་ཀ་མཛད་པ་ཞིག་གོ་ན་ཡང༌། སུ་ཡིན་རྒྱུས་མེད་ཅིང་དུས་ལའང་མ་བརྟག་པར། འབྲུག་པ་ཀུན་ལེགས་ཡིན་ཤག་བྱས་ཏེ། ཁུངས་མེད་ཀྱི་ཁ་རྒྱུན་དེ་རྒྱུན་འབྱམས་སུ་སོང་ཞིང་༌། སུས་ཀྱང་དོན་འདི་གནད་ཆེན་པོར་མ་མཐོང་ཡང་༌། སྐབས་འདིར་སྨྲ་བ་ངན་འཇོམས་ང་སོགས་གསུང་པ་ནི། འཕྲོག་བྱེད་དགའ་པོ་ལ་སོགས་པའི་མུ་སྟེགས་པའི་རྒོལ་བ་སུན་འབྱིན་པ་སོགས་ལ་གོ་དགོས་ལ། གཞན་ཡང་ས་པཎ་རང་ཉིད་ཀྱིས་སྒྲོག་པར་མཛད་པའི་ང་བརྒྱད་མའི་རང་འགྲེལ་མཇལ་ན། ངེས་པ་དོན་གྱི་མཁས་པའི་ངང་ཚུལ་བསྟན་པ་ཡིན་པར་ཤེས་ནུས་ཀྱི། བླུན་པོ་རང་མཐོང་ཅན་གྱི་རྨོངས་པའི་ང་རྒྱལ་མིན་པ་ཤེས་ནུས་པར་འདུག་གོ། དེ་བཞིན་རྒྱལ་མཆོག་ལྔ་པས། རྣམ་པ་གཅིག་ཏུ་གྲགས་པ་དོན་ལྡན་གྱི་པཎྜི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བའི་རྣམ་ཐར་དུ། རང་ཉིད་མཆོག་ཏུ་རློམ་པའི་ང་རོ་ཡིས།། བདག་བསྟོད་གཞན་སྨོད་དམ་པའི་ཚུལ་མིན་ཡང༌།། སྒྲོ་སྐུར་མེད་པར་རང་གི་ངང་ཚུལ་རྣམས།། འཁོར་དུ་སྒྲོགས་པ་སངས་རྒྱས་ཚུལ་ལུགས་ཡིན།། ཞེས་དྲངས་པར་མཛད་པ་ལྟར་རོ།།

དེ་ཙམ་དུ་མ་ཟད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ཀྱི་ནང་དུ། ས་པཎ་གྱི་སློབ་མའི་མཆོག་རྟོགས་པའི་བརྒྱུད་འཛིན་གསུམ། མན་ངག་བརྒྱུད་འཛིན་གཉིས། བཤད་པའི་བརྒྱུད་འཛིན་གསུམ། སྡོམ་ཕྲུག་འགྲེལ་པ་བཅུ་གསུམ། སྡོམ་ཕྲུག་གཞོན་པ་བདུན། ལོ་ཙཱ་བ་ཆེན་པོ་བཞི། སྦས་བའི་རྣལ་འབྱོར་བ་བཞི། མཁས་བཙུན་གྱི་ཐུགས་སྲས་བཞི། ཞེས་གསལ་ལ།  མཁས་བཙུན་གྱི་ཐུགས་སྲས་བཞི་ནི། བོ་དོང་པ་རིན་ཆེན་བརྩོན་འགྲུས་རྡོ་རྗེ། གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར། དགེ་བཤེས་བཟོད་པ་རིང་མོ། ཏེ་ར་པ་བྱམས་པ་མགོན་པོ་དང་བཞིའོ།། ཞེས་གསུངས་པ་ལྟར་ན། འདིར་དགེ་བཤེས་ཀྱི་ཐ་སྙད་མཛད་པ་འདི་ནི། དེང་སང་གཞུང་ལུགས་རབ་འབྱམས་པ་ལ་དགེ་བཤེས་ཀྱི་ཐ་སྙད་འདོགས་ཚུལ་འདི་མ་ཡིན་པ་ནི། རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུའང་རབ་འབྱམས་པ་ལ་དགེ་བཤེས་ཀྱི་ཐ་སྙད་མེད་པར། བསམ་ཡས་ཀྱི་ཙིའུ་དམར་པོས་ལྔ་པ་ལ་ཞེ་སའི་ཚབ་ཏུ། རྒྱལ་དབང་ལྔ་པ་ལ་དགེ་བཤེས་སུ་འབོད་ཚུལ་ལན་འགར་རང་རྣམ་དུ་ཀུ་ལའི་གོས་བཟང་དུ་གསལ་ལོ།། འདིར་མཁས་བཙུན་ཐུགས་སྲས་བཞིའི་མཚན་བྲིས་དུས། ཐུགས་སྲས་ཀྱི་མཚན་གྲལ་དུ། སྐུའི་སྲིང་མོའི་མཚན་དགེ་བའི་བཤེས་དང་༌། དགེ་བའི་གཉེན་དུ་མཛད་པ་འདྲ་ཞིང༌། མཚན་ཟུར་རིང་མོ་ཡང་རིང་ཕོར་མ་བསྒྱུར་བ་སྐུ་དྲིན་ཆེ་བར་སྣང་ངོ་སྙམ་མོ།། དེ་སྔོན་རང་རེའི་ཁ་རྒྱུན་ལ། ཆོས་རྗེ་ས་པཎ་གྱིས། ས་སྟེང་འདི་ན་ས་སྐྱ་པཎ་ཆེན་ང་༌།། ཞེས་གྱང་གི་ལྡེབས་སུ་བྲིས་པ་ལ། འབྲུག་པ་ཀུན་ལེགས་ཀྱིས། ང་ལ་ཞབས་ཀྱུ་བཏགས་ནས་ངུ།། བྲིས་ཞེས་མང་པོས་ཟེར་ཡང་༌། ཆོས་རྗེ་འབྲུག་པ་ཀུན་ལེགས་ནི་ཕྱི་དུས་སུ་ཕྱི་ལོ་ ༡༤༠༠ ༡༥༠༠ བར་ཡིན་ལ། དེའི་ངོ་སྤྲོད་ནི།

འབྲུག་པའི་རང་རྣམ་དུ། ཡང་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་རྒྱལ་བ་ཆོས་རྗེ་དགེ་འདུན་རྒྱ་མཚོ་མཇལ་དུ་ཕྱིན་པས། ཐུགས་དགྱེས་དགྱེས་ཡག་པར་གནང༌། ཚེས་གཅིག་གཏོར་མ་མཛད་པ་དང་ཐུག་བྱུང་བས། སྐྱིད་མི་སྐྱིད་འདྲ་ཁམ་རང་ཆེ་ནས་མ་བྱུང་༌། དྲུང་གནས་དཀའ་བཅུ་པ་ཁྱད་འཕགས་བགྲེས་སེ་བ་ཞིག་སྐུ་གཞོགས་ན་འདུག་པའི་གསུང་ནས། གྲུབ་ཐོབ་ཀུན་ལེགས་པ། ཞེས་པ་ནས། ཆོས་འཇིག་རྟེན་གཉིས་ཀ་ལ་ཕན་པའི་སྙན་ངག་ལྷང་ལྷང་བ་ཞིག་མཛོད་དང་གསུང་བྱུང་བས། ངས་འདི་སྐད་བྱས། ཅིས་ཀྱང་འབུལ་དགོས་ན། དེ་རིང་རོལ་མོའི་ཚུལ་དུ་འབུལ་ལོ་བྱས། འདི་བཏང་ངོ་།།

ཆེ་མོ་དེ་བསམ་འགྲུབ་ལོ་མོ་དེ་གྲུ་བཞི། མགུར་གྱི་རྟ་ཕོ་ལ་འདི་འདྲ་འདུག་གོ། ངས་ནི་སྨྲ་བྱུང་གྱིས་དང་༌། དཔེ་དང་དོན་ལ་བསམ་ན་སངས་རྒྱས་ཀྱི་གསུང་རབ་འདུག་སྟེ། བླུན་པོ་བབ་ཅོལ་སྨྲ་མཁན་ཚོ་འགྲུལ་པོ་ལམ་ལ་བཞུད་བཞུད། ཞེས་པ་ནས། ཅི་བཏབ་སྐྱེ་བའི་གཤོང་ཞིང་དེ་དགའ་མོ་རང་འདུག་སྟེ། མ་བཏབ་རམ་པའི་ཨ་མ་འདི་ཚོས་སྟོན་ཀ་བསླུ་བ་འདྲ་སྣང༌། ཞིང་བདག་ཉམས་ཅན་ཞིག་ཡོད་ན་ཆུ་ལུད་གང་ཡང་འཕྲོད་པ་ཞིག་ཉོས་ཤིག བྱེ་སག་རམ་པའི་ཨ་མ་ཚོ་འགྲུལ་པོ་ལམ་ལ་བཞུད་བཞུད། ཨ་བོ་དང་སྨྲ་བ་དེ་ཀུན་དགའ་ལེགས་པའི་གླུ་ཞེས་དང་༌། བསམ་ཞིང་འབྲུག་པའི་བུ་བརྒྱུད་ཚོའི་རང་སྐྱིད་པ། བཀྲ་ཤིས་བྱས་འཐེན་པས། ཞལ་སྔ་ནས་ནི་བཞད་མོས་ཤིག་ཁྱེར་སོང༌། གཞན་མ་ཚོ་ཡང་ཐུགས་བདེན་གསུངས། གནང་སྦྱིན་དཔག་ཏུ་མེད་པ་གནང་བྱུང་བ་རྣམས་མང་ཇའི་ཐོག་ཏུ་བཏང༌། སྨོན་ལམ་བཏབ། ཅེས་བྱུང་༌།

དེ་ལ། རིག་གནས་རིན་ཆེན་ཤིང་རྟའི་སྲོལ་ཕྱེས་ཏེ།། ཚད་མར་གྱུར་པའི་རིགས་པའི་རྩལ་ངོམ་ཚེ།། ཤེས་རབ་རང་བཞིན་སྲིང་མོ་རྩོད་གྲོགས་སུ།། ཡོད་ཅེས་སྨྲས་ན་མཚོ་བྱུང་སྐྱེངས་འགྱུར་རམ།། བཟོད་པ་རིང་མོ་མོ་གཤམ་སྲས་མོ་མིན།། འཕྲོག་བྱེད་དགའ་པོ་རི་བོང་རྭ་ཅན་མིན།། རུས་སྦལ་སྤུ་ཡིས་ཐགས་པའི་གདན་སྟེང་དུ།། ནམ་མཁའི་མེ་ཏོག་ཡོད་མེད་རྩོད་པ་མིན།། སྡེ་བདུན་ཚད་མའི་གནད་ལ་དབང་ཐོབ་སྟེ།། ཆོས་རྗེ་སེང་གེས་བཏེགས་པའི་གསེར་ཁྲིར་འགྱིང༌།། སྲིང་མོས་གཡུ་ཡི་ཁྲི་སྟེང་སྒེག་སྟབས་བཅས།། སྨྲ་ངན་རིགས་པས་བརྟུལ་བའི་བདེན་གཏམ་ཡིན།། བི་ཤྭ་ཀརྨས་བྲིས་པའི་ཐང་ག་དང་༌།། མཁས་པའི་ཡིག་ཚང་མྱུལ་ནས་རྙེད་པའི་གཏམ།། གཟུགས་ཅན་ཤ་ཡི་མིག་གིས་མཐོང་ངེས་པ།། འདི་དག་བལྟས་ནས་ལྐོག་ཏུ་མ་དམོད་མཛོད།། ཅེས་པ་ངལ་གསོ་བའི་ཚིག་གོ །

ཁ་ཆེ་པཎ་ཆེན་བོད་དུ་ཕེབས་སྐོར་སོགས་བཤད་པ།

ད་ནི་རང་རེའི་བོད་པ་སྤྱི་དང༌་། ལྷག་པར་ས་པཎ་གྱི་སྐུ་དུས་སུ། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བོད་དུ་གདན་དྲངས་ཚུལ་ནི། བོད་པའི་འདུལ་བ་འཛིན་པ་རྣམས་ལ་མཁོ་ཆེ་ཡང་༌། བོད་པ་ཕལ་མོ་ཆེ་རྣམས་ནི་རང་རེའི་འཕགས་བོད་ཀྱི་མཁས་གྲུབ་ཀྱི་ལོ་རྒྱུས་ཁུངས་ལྡན་ལ་ཞིབ་དཔྱོད་མཛད་རྒྱུ་ལ་མི་དགྱེས་པར། དེ་འདྲའི་ལོ་རྒྱུས་ཀྱི་སྟེང་དུ་རྫུ་འཕྲུལ་དང་ཞལ་གཟིགས་དང་མངོན་ཤེས་ཀྱི་སྨན་སྣ་ཚ་སྐྱུར་བསྲེས་པ། དད་པའི་རྗེས་འབྲང་གི་མིག་དང་༌། ལྕེ་ལ་མཁོ་ཆེ་བ་འབའ་ཞིག་གཙོ་བོར་མཛད་མོད་ཀྱང༌། སྔར་གྱི་སྐྱེས་ཆེན་དུ་མ་དང་༌། ལྷག་པར་རྒྱལ་དབང་ལྔ་པའི་རང་རྣམ་དུ། བསྟན་པ་ཕྱི་དར་ལ་ལོ་ཆེན་རིན་བཟང་སོགས་སྔ་རབས་པའི་འདུལ་འཛིན་སྡོམ་རྒྱུན་དེར་བརྟེན་པ་དང་༌། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས། འཕགས་ཡུལ་ཤར་ཕྱོགས་ཀྱི་པཎ་ཆེན་ངྷརྨ་པཱ་ལའི་སློབ་མ་པཱ་ལ་རྣམ་གསུམ་ལས་ཀྱང་མང་དུ་འཕེལ་བ་སྟོད་འདུལ་དུ་གྲགས། མ་ཕམ་པའི་རྣམ་སྤྲུལ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས། ཁ་ཆེའི་བསོད་སྙོམས་པ་པཎ་ཆེན་ཤཱཀྱ་ཤྲཱི་གངས་ཅན་བསོད་ནམས་ཀྱི་མགྲོན་དུ་སྤྱན་དྲངས་ཏེ། ཆུ་ཤུར་སྲོག་མ་དགོན་པར་སྒྲུབ་གསུམ་དང་མི་གཉིས་བསྙེན་པར་རྫོགས་པའི་ནང་ནས། གྲོ་ཤུལ་པ་ཁེར་གད་བྱང་ཆུབ་དཔལ་དང་༌། གཙང་པ་རྡོ་རྗེ་དཔལ་གཉིས་མཁན་བུའི་གཙོ་བོར་གྱུར་ཏེ། བོད་མུན་གླིང་འདུལ་བསྟན་ཉི་ཟླ་ལྟར་ཤར་བས་ཁྱབ་ཅིང་༌། ཁྱད་པར་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། སྲིད་གསུམ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཤེས་བྱ་ཀུན་མཁྱེན་བུ་སྟོན་ཞབས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། ངོར་ཆེན་ཀུན་དགའ་བཟང་པོ་སོགས་སྐྱེས་ཆེན་དམ་པ་དེ་དག་གིས་འདུལ་བསྟན་གྱི་རྒྱལ་མཚན་ཕྱོགས་ཐམས་ཅད་དུ་འཛུགས་པར་མཛད་ལ། ཞེས་གསུངས།

དཔའ་བོ་གཙུག་ཕྲེང་གི་འདུལ་བའི་ཆོས་འབྱུང་ནང་དུ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནི། ཁ་ཆེ་ཁྲི་བརྟན་གྱི་བྱེ་བྲག་གྲོང་པྲ་ཝ་སུ་རར་ཞེས་པར་ཡབ་དེད་དཔོན་སམ་ཀཡའི་སྲས་སུ་འཁྲུངས། པཎ་ཆེན་གྱི་བསྟན་རྩིས་ ༡༧༩༥ དང༌་། གནས་བརྟན་པའི་ལུགས་ཀྱི་སངས་རྒྱས་འདས་ལོ་ ༡༦༩༧ ཤིང་བྱི། ཕྱི་ལོ་ ༡༡༤༥ ཤིང་མོ་གླིང་གི་ལོ་ལ་འཁྲུངས། མཚན་ལ་ ཇ་ཤོ་ངྷ་ར་ བཏགས། ཁ་ཆེ་པཎ་ཆེན་ལ་སྐུ་མཆེད་མཚེ་མ ་བུད་ངྷ་ཅནྡ་ དང་ སངས་རྒྱས་ཟླ་བ་ཞེས་པ་ཞིག་ཡོད་པ་འོག་ཏུ་འབྱུང་༌། ལོ་བཅུ་བ་ནས་སྒྲ་ཚད་བཟོ་སོགས་མཐའ་དག་ལ་སྦྱངས། ཉེར་གསུམ་ལ་རབ་ཏུ་བྱུང་༌། རབ་ཏུ་བྱུང་བའི་ནུབ་མོ་མནལ་ལམ་ལ་བྱང་ཆུབ་ཤིང་ལོ་སྤྱི་བོར་སྤུངས་ཏེ་བྱུང་༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ནང་བྲམ་ཟེ་ ལནངྷ་ར། ཇལནངྷར་ཨེ་ཡིན། ལོ་དགུ་ནས་ཉེར་གཉིས་བར་ཚངས་སྤྱོད་དགེ་བསྙེན་མཛད། ཉེར་གསུམ་ལ་མཁན་པོ་སུ་ཁ་ཤྲཱི་བྷ་དྲ་ལས་བསྙེན་པར་རྫོགས། ཞེས་བྱུང་༌།

ཁྲོ་ཕུ་ལོ་ཙཱ་བ་ནི། རྒྱལ་ཚ་མཆེད་ཀྱི་དབོན་པོ་ཁྲོ་ཕུ་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ་བྱམས་པ་དཔལ་ནི། ནང་ལོ་ ༡༧༡༦ ཕྱི་ལོ་ ༡༡༧༤ ཆུ་སྦྲུལ་ལ་འཁྲུངས། ཁྲོ་ལོ་དགུང་ལོ་སོ་གསུམ་པ་ནང་ལོ་ ༡༧༤༧ ཕྱི་ལོ་ ༡༢༠༦ རབ་བྱུང་གསུམ་པའི་ཤིང་བྱི་ལ་ཁ་ཆེ་པཎ་ཆེན་བོད་དུ་གདན་དྲངས། ནང་ལོ་ ༡༧༥༠ ཕྱི་ལོ་ ༡༢༠༩ ས་འབྲུག་ལ་ས་པཎ་ཁ་ཆེ་པཎ་ཆེན་ལས་བསྙེན་པར་རྫོགས། ཞེས་སུམ་པ་ཆོས་འབྱུང་དུ་གསུངས།

དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བསྟན་པ་ཕྱི་དར་གྱི་འདུལ་བའི་སྡོམ་རྒྱུན་བྱུང་ཚུལ་ལས། ཁྲོ་ཕུ་ལོ་ཙཱ་བས་ཁ་ཆེ་པཎ་ཆེན་གདན་འདྲེན་པའི་ཆབ་ཤོག་ནང་༌། མ་ག་ངྷ་སོགས་རིག་འབྱུང་གནས་ནི་སྡིག་ཏོ་ཡིས།། དམག་ཚོགས་ཀྱིས་བཅོམ་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་༌།། ཞེས་སོགས་གསུངས་པ་ལྟར། དེ་སྐབས་ཀྱི་རྒྱ་གར་གྱི་གནས་སྟངས་ཀྱང་ཤེས་པ་གལ་ཆེ་བས། དེ་སྐོར་རྒྱ་གར་གྱི་མཁས་པ་རཱཇ་བལཱི་ པཱཎྜེཡ་ཞེས་པས་བྲིས་པའི་རྒྱ་གར་གྱི་རྒྱལ་རབས་ངོ་སྤྲོད་ཅེས་པའི་ནང་༌།

ཕྱི་ལོ་ ༡༧༠༠ འགོ་ཚུགས་ཙམ་ནས། ༡༨༠༠ ཙམ་བར་དུ་རྒྱ་གར་བའི་རྩོམ་པ་པོ་རྣམས་རང་གི་ཡོན་ཏན་གྱི་ཁེངས་པ་ཆེ་ཞིང་༌། མཐོང་རྒྱ་ཆུང་བ་ཁྲོན་པའི་སྦལ་བ་ལྟ་བུར་བྱས་ཏེ་གནས། རྒྱ་གར་ལ་ཆོས་ལྡན་གྱི་འཚོ་བ་དངོས་ནི། གུཔྟའི་དུས་ནས་བཟུང་ཕྱི་ལོ་ ༡༧༠༠ འགོ་ཚུགས་ཙམ་བར་དུ་གནས་ཀྱང༌་། དེ་ནས་རིམ་གྱིས་བྲཱཧྨན་བྲམ་ཟེའི་ཆོས་ལ་དག་ཐེར་དང་ལེགས་བཅོས་བྱས་ཏེ། དར་རྒྱས་བྱུང་བ་འཇིག་རྟེན་ཀུན་དགའི་ཡུལ་དུ་གྱུར་ནས་ཆོས་ལུགས་གཞན་པ་ཡང་བྲམ་ཟེའམ་བྲཱཧྨན་རང་གི་ཆོས་དང་འདྲེས་པར་བྱས། འདི་འགོ་བརྩམས་དུས་སུ་[ཀུ་མཱ་རི་ལ་ད། ཤཾ་ཀར་ཨཅརྱ]གཉིས་ཀྱིས་བྲམ་ཟེའི་ཚོས་དག་ཐེར་བྱེད་པ་པོ་ཡིན། ཀུ་མཱ་རི་ལ་ཟེར་བ་མཆོད་སྦྱིན་རིག་བྱེད་སླར་གསོའི་འབད་རྩོལ་དང་༌། ཤཾ་ཀ་ར།  ཨཅརྱས་ གཉིས་མེད་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རིག་བྱེད་ཟེར་བའི་ལྟ་བ་སྤེལ་ནས། དེའི་ནང་དུ་སངས་རྒྱས་པ་དང་ཇཻན་གཅེར་བུ་བའི་ལྟ་བ་གྲུབ་མཐའ་ནས་ཀྱང་བླངས་ཏེ་བསྲེས་ནས། གྲུབ་མཐའ་གཞན་དེ་རྣམས་སྐྱེ་བོ་ཕལ་མོ་ཆེ་རྣམས་དགོས་མེད་བཟོས་པ་ལ་བརྟེན་ནས། ཤཾ་ཀར་ཨཅརྱའི་ལྟ་བ་ལ། ཆོས་ལུགས་རྙིང་མ་བ་རྣམས་ནས་ནང་པ་སངས་རྒྱས་པའི་འབག་གྱོན་པ་ཞེས་སྨད།

འདིའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་བྲམ་ཟེའི་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་དུ་བསྲེས། བྲམ་ཟེའི་ཆོས་ནི་ཕྱོགས་གང་སར་ཁྱབ། ཡིན་ན་ཡང་༌། འདིའི་དུས་སུ་ཆོས་ཀྱི་འཚོ་བ་ཡར་རྒྱས་སུ་སོང་ན་ཡང༌་། མང་ཚོགས་ཀྱི་དགེ་མཚན་སྤེལ་མ་ཐུབ་རྒྱལ་སྲིད་དང་མང་ཚོགས་བྱེ་བྲལ་ལ་ཕྱིན་པ་དང་འདྲ་བར་དུས་འདིའི་ནང་དུ། ཆོས་ལུགས་ལ་ཉེ་བའི་ཆོས་ལུགས་མང་པོ་ལ་ཁ་གྱེས་ནས། ཁྱབ་འཇུག་པ།  ཞི་བ་པ། ནུས་པ་བ། ཚངས་པ་བ། ཚོགས་བདག་པ་སོགས་མང་པོ་འཕེལ། འདི་དུས་ཀྱི་བྲམ་ཟེའི་ཆོས་ཀྱི་ངོ་བོ་དེ་གསང་སྔགས་ལ་འགྱུར་ནས། གཡོན་པའི་ཀུན་སྤྱོད་དང་༌། འདོད་པ་བསྟེན་པ། སྤྱོད་པ་ལོག་པ། པཾཅམ་ཀཱ་ར་སྟེ། མ་ཡིག་ལྔ་པ་ཞེས། ཆང་དང་ཤ་དང་དེ་བཞིན་ཉ།། ཕྱག་རྒྱ་མོ་དང་མཉམ་སྦྱོར་ཏེ།། དེ་ཉིད་ལྔ་ཡིས་དམན་པ་ཡི།། མཆོད་པ་རྣམས་ལ་འབྲས་མི་འབྱུང༌།། ཞེས་ ༡ མབྱ། (ཆང་༌།)  ༢ མཱཾསཤ། (ཤ།) ༣ མཏཕ། (ཉ།) ༤ མུ་དྲཱ། (ཕྱག་རྒྱ་མ།) ༥ མཻཐུན། (མཉམ་སྦྱོར་རམ་འཁྲིག་པ་སྟེ།) མ་ཡིག་ལྔ་ཡོད། སངྒ་ལའི་ལོ་རྒྱུས་ནང་སྔགས་ལ་མ་ཡིག་ལྔ་པ་ཞེས། གསང་སྔགས་ནང་ཆོས་ལ་མི་བརྩི་ཞེས་དགེ་ཆོས་གསུངས། འདི་དག་ལ་བསྟེན་པའི་ཆོས་རྫུ་བྱས་ལ། ལོག་པའི་ལམ་དེ་ལ་མང་ཚོགས་ནས་སྐྱོབ་པའི་དོན་དུ། གྲུབ་པའི་བདག་ཉིད་ཆེན་པོ་ཡང་བྱུང༌། འདིའི་གྲལ་དུ་ཤཾ་ཀརཨཅབྱབྱ། རཱ་མནུཇ། ཏཱ་མིལ་གྱི་ཨཱལ་ཝར་ ཝིཥྣུར། ཀསྨིར་གྱི་ནབྱ་ཞི་བ་དབང་ཕྱུག་གི་ཆོས། ཀ་རྟྲཱཀ་ གི་ ལིངྒཱཡ་ ཏའམ། ལིང་ག་སྐྱེད་བྱེད། དཔའ་བོ་ཤིའ་ཝ་ ཞེས་བྱ་བ་ལ་སོགས་པའི་ཆོས་བརྒྱུད་བྱུང་༌། ཁོང་ཚོའི་དག་ཐེར་ལ་བརྟེན་ནས་བྲམ་ཟེའི་ཆོས་གསོན་པོར་གནས་ཀྱང་༌། ཚིམ་པ་མེད་པར་ཁྱབ་ཐབས་བྱེད་པའི་མུས་ལིམ་གྱི་ཆོས་སྤེལ་སླ་བ་བྱུང་༌།

དེ་སྐབས། སངས་རྒྱས་པའི་ཆོས་བརྒྱུད་ནས་ཀྱང་རིང་བརྒྱུད་མང་དུ་འཕེལ་ཏེ། བྲམ་ཟེའི་ཆོས་ལ་གཡོན་པའི་ཀུན་སྤྱོད་དང་སྤྱོད་ལོག་ཇི་འདྲ་བྱུང་བ་དེ་འདྲ་རིམ་གྱིས་སངས་རྒྱས་པ་ལ་ཡང་བྱུང་༌། དེ་དུས་ནང་པའི་ཆོས་ཀྱི་ངོ་བོ་དེ་སྔགས་པ་དང་གཡོན་སྤྱོད་པར་གྱུར། དེ་ནས་སྔགས་དང་རྡོ་རྗེ་ཐེག་པ་དར། དགེ་འདུན་གྱི་ཀུན་དགའ་རྭ་བ་མང་པོ་སྤྱོད་ལོག་གི་ལྟེ་གནས་སུ་གྱུར་ཏེ། ནང་ལོ་ ༡༢༤༤ ཕྱི་ལོ་ ༧༠༠ ནང་འདུས་སྲོང་དང་༌། མེས་ཨག་ཚོམ། ཁྲི་སྲོང་ཁྲི་ལ་ཕེབས་ཙམ་གྱི་དུས་རབས་བདུན་བརྒྱ་དང༌་། བརྒྱད་བརྒྱའི་སྐབས་ཡིན། རྒྱ་ནག་ནས་བཙུན་པ་[6] ཧུ་ཡེན་ཙང་སིན་ངྷུ་ལ་འོང་སྐབས། སངས་རྒྱས་པའི་དགེ་སློང་དང་དགེ་སློང་མ་འདོད་ཡོན་ལ་བསྟེན་ནས་འཚོ་བ་མཐོང་༌། སྔགས་བླ་མེད་ལ་བསྙད་ནས་འདོད་ཡོན་ལམ་འཁྱེར་བྱེད་པ་མཐོང་ངམ། ཐོག་མར་ལྷོ་ཕྱོགས་དཔལ་གྱི་རི་བོ་ནས་རྡོ་རྗེ་ཐེག་པ་དར། འདི་ནས་རིམ་གྱིས་(ཨོ་ཌིཝིཤ་)ཨོཌིས་དང་བིཧར། (བིན་ངྷཡ)འབིགས་བྱེད། བངྒལ་ལ་རིམ་གྱིས་ཁྱབ། དེ་དུས་(ཤཾ་ཀར་ཨཅརྱ་)སོགས་ཀྱིས་རིག་བྱེད་པའི་ཆོས་རིག་གནས་ལ་དག་ཐེར་བྱས་པ་ལྟ་བུ། སངས་རྒྱས་པས་མ་ཐུབ། དེ་བཞིན་དུ། སྐབས་དེར་ཇཻན་ཟད་བྱེད་པ་གཅེར་བུ་བས་ཀྱང་༌། ཡེ་ཤེས་དང་དཀའ་ཐུབ་ཀྱི་ལམ་གྱི་དོད་ལ་རྨོངས་དད་ཀྱི་ཡིད་ཆེས་ཁོང་ཚོའི་ཆོས་ལ་ཞུགས། ཞེས་གསལ། འདིར་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་གར་ལྷོ་ཕྱོགས་ནས་དར་བ་ལྟ་བུར་བཤད་དེ། འོན་ཀྱང་འདིའི་ནང་༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་གྱི་སྒྲོས་ཙམ་མི་འདུག

གང་ལྟར་རྒྱའི་བཙུན་པ་འདི་ཡང་ཕྱི་ལོ་ ༦༠༠ / ༧༠༠ སྐབས་ཡུལ་དབུས་སུ་རྒྱལ་པོ་དགའ་བའི་ལྷ་(ཧརྵེཝ)དང༌།  བོད་དུ་སྲོང་བཙན་གཉིས་ཀྱི་སྐུ་དུས་སུ་བྱུང་ཞིང་༌།  རྒྱ་གར་ཡུལ་དབུས་ལ་ནི་དེ་དུས་སངས་རྒྱས་ཀྱི་བསྟན་པ་དང་ནང་པའི་རིག་གནས་ཆེ་ཆེར་དར་ཞིང་༌།   དེ་དུས་ནཱ་ལནྡ་ཞེས་རིག་གནས་གཙུག་ལག་ཅེས་ཡོངས་སུ་གྲགས་པ་དེ་ནི། པཊནའི་རྫོང་ཁོངས་རྒྱལ་པོའི་ཁབརཱཇ་གི་རི་ནས་དཔག་ཚད་བརྒྱད་ཀྱི་སར། དེང་སང་(བཱ་ཌགཱཾ་ཝ)ཞེས་འབོད་པ་དེ་དང་ཉེ་བར། མཐོ་རིམ་རིག་གནས་གཙུག་ལག་ཁང་ཆེན་པོ་དྲུག་དང་༌། གཙུག་ལག་ཁང་ཆེན་གྱི་ཕྱོགས་གཅིག་ན།

༡ རཏྣ་སཱགར། རིན་ཆེན་ཆུ་གཏེར། ༢ རནྟདངྷི། རིན་ཆེན་རྒྱ་མཚོ།  ༣ རནྟརཾཇཀཱསྟེ། རིན་ཆེན་འོད་འཕྲོ་ཞེས་བྱ་བའི་དཔེ་མཛོད་ཁང་ཆེན་པོ་གསུམ་དང་༌། རིག་གནས་དོན་གཉེར་བ་རྣམས་ལ་གསོལ་ཚིགས་ནར་གཏོང་༌། གྲོང་ཉིས་བརྒྱའི་ཡོང་འབབ་ནས་གསོལ་ཆས་འབུལ། རྡོ་སྒྲིག་པའི་ལམ་དང་༌། ཆུ་འཁོར་ལོ་ནས་དྲངས། སློབ་མ་ཁྲི་གཅིག སློབ་དཔོན་སྟོང་ཕྲག་གཅིག སློབ་པའི་རིམ་པ་ནི། ཤཔྟ་ཝིདྱཱ། སྒྲ་རིག་པ། བྱཱཀརཎ། ལུང་སྟོན་པ། ཧེ་ཏུཝིདྱཱ། རྒྱུ་རིག་པའམ་ཚད་མ་རིག་པ། ནྱཡ་ཨཐཝཏརྐསྟེ་གཏན་ཚིགས་སམ་རྟོག་གེ་རྩོད་རིག ཨདྱཱདྨཡོག སྒོམ་གྱི་རྣལ་འབྱོར། ཏནྟྲ། ཅི་ཀི་ཏྶ། སྨན། ཤིཝ། བཟོ་བ་རིག་པ། རསཱཡན། སྨན་སྦྱོར་ལ་སོགས་པ་ཐམས་ཅད་ཡོད།

གཙུག་ལག་ཁང་ཆེན་པོའི་ལས་ལ་སྤྱོད་པ་གཙོ་བོའི་གྲས་ནི། དཱར་་་་པཎྜིཏ། སྒོ་སྲུང་གི་པཎྜི་ཏ། ངྷརྨཀོ་ཥ་ཆོས་ཀྱི་བང་མཛོད། ཨངྷུནིཀ་་་ཙཱསལར། དེང་དུས་དབུ་འཛིན། ཀརྨདཱན་་་ལས་སྦྱིན་པ། པྲོ་ ཙཱསལར། སློབ་དཔོན་དབུ་འཛིན། སྠཱཝིརཀུལཔཏི ཝཱཡེསཙཱསལར་རིགས་བདག་གཙོ་བོ་སྟེ། འདི་རྣམས་རྒྱའི་བཙུན་པ་ ཧུཡེན ཙང་གི་ལམ་ཡིག་ལས་བཤད། ཧུཡེནཙང་གཙུག་ལག་ཁང་འདིར་ཡུན་རིང་སློབ་གཉེར་མཛད་དེ། བསྔགས་བརྗོད་ཆེན་པོ་མཛད་ཅེས། རྒྱ་གར་གྱི་རྒྱལ་རབས་ངོ་སྤྲོད་ལས་བཤད་དོ།། ཚུལ་འདི་ལ་དཔྱད་ན། དེ་དུས་ཨཕ་གྷཱནིསྟིན་དང་༌།[7]  ཨོ་རྒྱན་དང་སིན་ངྷུའི་ཕྱོགས་སུ་སྔགས་བླ་མེད་དར་འགོ་ཚུགས་པ་འདྲ་ཡང་༌། ཡུལ་དབུས་སུ་མ་དར་བ་འདྲ་ཞིང༌། དེ་དུས་རྒྱ་གར་རང་ལ་བྱ་སྤྱོད་ཀྱི་རྒྱུད་མ་དར་བ་མིན་པ་ནི། གོང་དུ་ནལཱནྡར་་ ཏཏྣྲ སློབ་ཚན་དུ་ཡོད་པ་ཤེས་ནུས་སོ།།

ནང་ལོ་ ༡༡༩༣ ཕྱི་ལོ་ ༦༤༩ མེ་བྱ་ལ་སྲོང་བཙན་གཤེགས། དེ་ནི་ཞང་ཞུང་འབངས་སུ་བསྡུས་པའི་ལོ་དྲུག་པ། ཤིང་འབྲུག་གནས་བསྟན་པའི་འདས་ལོ།  ༡༡༨༠ ཕྱི་ལོ་ ༦༤༣ ཡིན་ཞིང་༌། དེ་ནས་ཆོས་རྒྱལ་དགའ་བའི་ལྷ་(ཧརྵདེཝ)ནི། (པཊལིཔུཏ)པཊ་ནར་ནང་ལོ་ ༡༡༩༢ ཕྱི་ལོ་  ༦༤༨ ལ་འདས། དེ་ལ་སྲས་མེད་པས། ཀཱནྱཀུབཇ བྱང་ཕྱོགས་ཀྱི་དབང་ཐང་ཉམས། རྒྱལ་པོས་ཆོས་ཕྱོགས་ལ་བརྩོན་པ་ཆེ་བ་དང་༌། སྦྱིན་པའི་གཏོང་ཕོད་ཤིན་ཏུ་ནས་ཆེ། མཐར་དགའ་བའི་ལྷའི་ཆབ་སྲིད་གུད། དགའ་བའི་ལྷ་འདས་རྗེས་སུ་བློན་པོ་ཨརཎཱཤཝའམ་ ཨརྗུཎས་རྒྱལ་པོ་བྱས། རྒྱ་ནག་གོང་མ་ཐཡེ་ཙུང་གིས་སྐྱེས་འབུལ་བའི་ཕོ་ཉ་བཏང་བས་སྐྱེས་རྣམས་ཨརྗུ་ཎ་གྱིས་འཕྲོག ཕོ་ཉ་རྣམས་བཙོན་དུ་བཟུང་༌། ཕོཉའི་གཙོ་བོ་ཝཡེངཧུཡེནསིས། སྲོང་བཙན་ལ་གྲོགས་བཅོལ་བས། བོད་དང་བལ་ཡུལ་ནས་དམག་རོགས་བཏང་ནས། ཨརྗུཎ་གསོན་པོར་བཟུང་སྟེ་རྒྱ་ནག་ལ་འཁྲིད། དེབ་དཀར་དུ་ཐང་ཐཡེ་ཙུང་གིས་སྲོང་བཙན་ལ་མག་པའི་ཆོ་ལོ་ཕུལ་ཞེས་གསལ་བ། སྐབས་འདིར་གྲོགས་བྱས་པའི་ལེགས་སྐྱེས་ཡིན་འདྲ། དེ་ནས་ལོ་ལྔ་བཅུའི་རྗེས་ལ་ཡཤོཝརྨན་ཞེས་པས་ཀཱ་ནྱཀུབཇ་དབང་༌། ཧརྵདེཝདགའ་བའི་ལྷ་གཤེགས་པ་དང་མཉམ་དུ་རྒྱ་གར་གྱི་རྒྱལ་རབས་ཀྱི་གཟི་བརྗིད་ཀྱི་བསྐལ་བ་སྟོང་༌། རྒྱ་གར་མཐའ་དབུས་གཅིག་ཏུ་མཐུན་པའི་དུས་ཉམས་སོ་ཞེས་གསལ།

གང་ལྟར་ཡང་དུས་རིམ་ལ་དཔྱད་ན། ནང་ལོ་ ༡༡༩༢ ཕྱི་ལོ་ ༦༤༨ མེ་བྱ་ལ་བོད་ཀྱི་བཙན་པོ་སྲོང་བཙན་འདས་རྗེས་ཙམ་ནས་ཕྱི་ལོ་ ༧༡༣ ཨ་རབ་ཨིས་ལམ་ལམ་མུས་ལིམ་གྱི་སྟོན་པ་མུཧ་མད་ཀྱི་རྒྱལ་ཚབ་ཁ་ལིའ་ཕ་ནས་ ༧༠༦་ ༧༡༨ རྒྱ་གར་ནུབ་ཕྱོགས་(སིན་ངྷུ་དེང་སང་པཱཀི་སིཐཱན་འོག་ཏུ་ཡོད།)ལ་ཀླ་ཀློའམ་ཀར་ཀློག་གི་དབང་བསྒྱུར་འགོ་ཚུགས་ཤིང་༌། རབ་བྱུང་མ་ཚུགས་སྔོན་གྱི་ལོ་བཞི་པ་ཤིང་ཕོ་བྱི་བ། ནང་ལོ་ ༡༥༧༦ ཕྱི་ལོ་ ༡༠༢༤ ཏུར་ཀི་ཇག་དམག་གི་དཔོན་པོ་ མཧམཱུད་ ཟེར་བས། སིན་ངྷུ་དང་༌། སུརཱཥཊཱལ་ལྷ་ཁང་དང་དགོན་པ་རྣམས་བཅོམ་འཕྲོག་བྱས། དེ་བརྒལ་ནས་ ཀནནཽཇ་དང༌། མ་ཐུ་ར་བཅོམ་བརླག་སོགས་ལ་དབང་བསྒྱུར། དེ་ནས་རིམ་གྱིས་ཏུར་ཀི་དང་ཧོར་རིགས། སོག་པོ། མོ་གུལ་སུལ་ཏན་སོགས་བྱུང་༌།

འདིར་དེ་དུས་རྒྱ་གར་གྱི་གནས་ཚུལ་ཅུང་ཟད་གསལ་ཁ་གཏོད་རྒྱུ་གལ་ཆེ་བས། མཁས་པ་རཱ་ཇབལཱི་པཎྜི་ཏ་པཱཡའི། རྒྱ་གར་རྒྱལ་རབས་ལྟར་ན། ཕྱི་ལོ་ ༡༡༧༥ རྒྱ་གར་ལ་སྟོད་ཧོར་ཏུར་ཀིའམ། དུརུཥའི་དམག་དཔོན་མོཧ་མད། གོ་རི་ནས་དབང་བསྒྱུར་བའི་འགོ་ཚུགས། འདི་ནས་བཟུང་ ༡༨༥༧ རྒྱ་གར་བ་རྣམས་རིམ་གྱིས་ཁ་ཆེའི་དབང་འོག་ཏུ་ལུས། ༡༡༩༤ མཧམུད་ ག་རི་ནས་རྒྱ་གར་བྱང་ཕྱོགས་ལ་དམག་ཆེན་ཐེངས་གཉིས་པ་དྲངས། ཀནའོཇའི་རྒྱལ་པོ་ཇཡཀནྡྲ་དང་གཡུལ་འཐབ། ཁོའི་དམག་གིས་ཝ་ར་ཎ་སིའི་མཐའ་བསྐོར་བ་སོགས་བོད་ཀྱི་ཆོས་སྲིད་གཉིས་ནས་ཤེས་དགོས་པ་དང་༌། ཡི་ཆད་དགོས་པའི་གཏམ་མང་དུ་སྣང་ངོ་།།

ད་ནི་དཀྱུས་ལ་འཇུག་པ་ནི། དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་འདུལ་བའི་སྡོམ་རྒྱུན་གྱི་སྐོར་ལས། ཁ་ཆེ་པཎ་ཆེན་རབ་ཏུ་བྱུང་མ་ཐག་ཏུ།[8] རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་དང་༌། བྱམས་པ་དང་༌། སྒྲོལ་མ་གསུམ་ལ། ཞག་རེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཆོས་སྤྱོད་བཅུ་མ་ཆག་པར་བྱེད་པ་དང་༌། ནོར་རྫས་བདག་ཏུ་མི་འཛིན་པ། གནོད་ལན་དུ་ཕན་འདོགས་པ། རྐྱེན་ངན་ཅི་བྱུང་ཡང་ཐབས་གཞན་མི་འཚོལ་བར་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་སྟེ་བཞིའི་དམ་བཅའ་མཛད། ཙན་དན་གྱི་ནགས་སུ་འཇམ་དབྱངས་དང་༌། རྟ་མགྲིན་དང་སྒྲོལ་མའི་ཞལ་གཟིགས། སངས་རྒྱས་རིམ་གྲོ་ཟུང་དང་བཅས་པས་ཀླུའི་རྒྱལ་པོ་ལ་བསོད་སྙོམས་མཛད་པ་དང་༌། བྱམས་པ་ལ་རྒྱལ་པོ་དགེ་བའི་དབང་པོས་བསིལ་ཡབ་གཡོབ་པ་གཟིགས་ཤིང་ཆོས་བདུན་གསན། ཞེས་པ་ནས། རྒྱ་ནག་གི་རྒྱལ་པོའི་ཕོ་ཉས་སྤྱན་དྲངས་ཚེ། དགེ་སློང་དཀར་པོ་ཞི་ཞིང་དུལ་བ་ཞིག་གིས། ད་ལྟ་འགྲོ་བའི་དུས་མ་ཡིན་མ་འོངས་པ་ན་སོང་ཞིག་ཅེས་བསྟན། ཁ་ཆེར་གྲོགས་པོ་ཞིག་གིས། གྲང་བའི་ཚེ་བསོད་སྙོམས་མཛད་པ་འོ་བརྒྱལ།  འཚོ་བ་ངས་འབུལ་ཟེར་བ་ན། སྒྲོལ་མས་ཁྱོད་སངས་རྒྱས་ཀྱི་བསྟན་པ་མི་འཛིན་ནམ་གསུང་པས་བསོད་སྙོམས་མཛད།[9] ཞེས་སོགས་མང་ཡང་འདིར་ཅུང་ཟད་བསྡུས་ཏེ་བཀོད། དེ་ནས་པཎ་ཆེན་རྒྱ་གར་བྱང་ཕྱོགས་ཕེབས་པ་ཁྲོ་ཕུ་ལོ་ཙཱ་བས་གསན་ནས། ལོ་ཙཱ་བ་ཆེན་པོས་མོན་གྱི་ལམ་རྣམས་སུ་ཚ་གྲང་དང་༌། གཅན་གཟན། དུག་མ།[10] པེ་ཉོ་མ་སོགས་ཀྱི་འཇིགས་པ་དང༌་། ལམ་འཁྱམས་པ་སོགས་ཀྱི་དཀའ་བ་ཆེར་སྤྱད་ནས། གྲོ་མོའི་གཏིང་རྒྱ་གར་བྱང་གི་བཻཌུརཡའི་ཚོང་འདུས་སུ་བཞུགས། སྤྱན་འདྲེན་པའི་གསོལ་བ་འདེབས་པ་ལ། ཡུལ་གྲུ་ཤིན་ཏུ་ཆེ་ཡང་དཀོན་མཆོག་གི་རྟེན་མ་རྙེད་ནས། གནས་ཁང་གི་ཁྱམས་ན་བྱིས་པའི་རྩེད་མོ་བྱེད་ས་ན་སྟོན་པའི་འཇིམ་སྐུ་ཞིག་དང་༌། ཤིང་གི་མཆོད་རྟེན་ཞིག་འདུག་པ་ལ་མཆོད་པ་བྱས་གསོལ་བ་བཏབ་སྟེ།

སངས་རྒྱས་དོན་ཡོན་གྲུབ་པ་ལ་ཕྱག་འཚལ་ལོ།། ཤཱཀྱའི་བསྟན་ལ་ཤཱཀྱའི་སྲས་བལྟམས་ཤཱཀྱའི་མཚན།།  ལྔ་རིག་གཙུག་ནོར་དྲི་མེད་བརྟུལ་ཞུགས་བརྟན་པོ་འཛིན།།  ཐུགས་རྗེའི་བདག་ཉིད་ངོ་མཚར་ཆོས་བཞིས་ཁྱད་འཕགས་གང་༌།། པཎ་ཆེན་དམ་པས་བདག་སོགས་རྗེས་འཛིན་སྐྱོང་གྱུར་ཅིག། རིང་ཞིག་དུས་ནས་ཁྱོད་ཀྱི་མཚན་ཙམ་ཐོས་པས་ཀྱང༌་།།  རབ་རྒྱས་དགའ་སྐྱེས་སྤུ་ལྡང་མཆི་མ་འཁྲིགས་གྱུར་པ།། རིགས་ལྡན་བུ་ཞིག་གངས་ཅན་ཁྲོད་ནས་ཉིན་མཚན་དུ།། ཐལ་སྦྱར་སྤྱིའི་འདུད་གདུང་བས་གསོལ་འདེབས་མཁྱེན་པར་མཛོད།། མ་ག་ངྷ་སོགས་རིག་འབྱུང་གནས་ནི་སྡིག་ཏོ་ཡིས།། དམག་ཚོགས་ཀྱིས་བཅོམ་ཨོཌུནཁ་ཆེ་བལ་ཡུལ་ཡང་༌།། ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི།། བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་སྐྱོང་ཞུ།། སེམས་པ་གཞན་བཏང་ཁྱོད་ལ་ཡིད་བྱེད་གཅིག་པུ་ཡིས།།  འདོད་པའི་ཡུལ་སྤངས་བཤུལ་རིང་བགྲོད་དཀའི་ལམ་ཞུགས་ཏེ།།  ངལ་བརྒྱས་མཆིས་སོ་རེ་བ་མ་ལུས་མཆིས་པར་མཛོད།།  རྒྱལ་སྲས་ཁྱེད་ལ་དོན་འགྱུར་གདུལ་བྱ་རྗེས་འཛིན་ལས།། གཞན་ལྟ་ཅི་མཆིས་ནུས་ཡོད་བཞིན་ཡང་བྱམས་པའི་ཕས།། བསད་སར་བུ་ཁྲིད་ཅི་དགར་ཡལ་དོར་འདྲ་གྱུར་ན།། ཀྱེ་མ་ཁྱེད་ཐབས་ཐུགས་རྗེ་གང་ལགས་བདག་ལ་གསུངས།། ཞེས་པའི་ཞུ་ཡིག་སཾསྐྲྀཏར་བྲིས། གསེར་གྱི་ཤེར་སྙིང་བོད་ཡིག་མ་གཅིག་དང་༌། མི་ཉག་གྷའི་དར་ཆེན་གྱི་ན་བཟའ། ཟུང་ཇུ་ཟབ་ཀྱི་བླ་རེས་བཟང་པོ་བཅས་ཁ་ཆེའི་པཎ་ཆུང་ལ་སོགས་པ་བཞི་མངགས། ཆོས་རྗེ་ལ་དྲུ་བར་ཞག་གསུམ་འཐེན་པའི་ཕྱི་ཉིན་ཕོ་ཉ་པ་བཞིས་སླེབས་ཏེ་ཞུ་ཤོག་ཕུལ།

ཆོས་རྗེ་པཎ་ཆུང་དགུ་པོ་ལ་བཀའ་གྲོས་པ་ན། གནས་སྐབས་འདི་འདྲ་བདག་ཅག་གིས་ག་ལ་ཤེས། ཆོས་རྗེ་ཉིད་ཀྱིས་མཁྱེན་པར་ཟད་དོ་ཟེར། སྒྲོལ་མ་ལ་ཞུའོ་གསུངས་ནས་ཞག་ལྔར་མཚམས་མཛད། ལྟས་བཟང་པོ་བྱུང་ནས་འབྱོན་པར་དགོངས་ཚེ། ཇགནྡ་ལའི་གནས་བརྟན་གཉིས་ཀྱིས་དགེ་འདུན་སྟོང་ཕྲག་གསུམ་ཁྲིད། རྒྱ་གར་ན་ངོ་ཆེན་ལ་རྟེན་གལ་ཅན་གདན་འདྲེན་པས། ཀླུ་སྒྲུབ་ཀྱིས་རབ་གནས་མཛད་པའི་ཐུགས་རྗེ་ཆེན་པོ་དང་༌། པཎ་ཆེན་གྱི་ཐུགས་དམ་ཡིན་པས་སྒྲོལ་མའི་སྐུ་ཡང་དགོས་ཟེར་ནས་ཙནྡྲ་གོ་མི་ཏཱ་ར་སྤྱན་དྲངས་པ་སླེབས། ཆོས་རྗེས་ཀྱང་ལུགས་བཞིན་བསུ་བ་དང་འདུད་པར་མཛད། པཎ་ཆུང་གིས་དཀོན་གཉེར་ལ་གསུང་བྱིན་ནས་སྒྲོལ་མ་ཞལ་ཕྱིར་བསྒྱུར། ཤིང་རྟའི་གཟེར་བཅག འོན་ཀྱང་རྟེན་གྱི་ངོ་ཆེན་ལ་མི་ཉན་པའི་སྲོལ་མེད་ནས་རེ་ཞིག་ཕྱིར་བྱོན། ཇ་ག་བི་ཧར་ན་ཞག་བདུན་སྐོར་མཆོད་མཛད་ཀྱང་ཐུགས་མ་ཕེབས།

ལོ་ཙཱ་བས་དེ་མནལ་ལམ་དུ་མཁྱེན་ནས་རྣམ་སྲས་གནད་ལ་བོར། མཆོད་རྟེན་གྱི་རྩེ་ནས་ལྷའི་བུ་གསུམ་འོངས་ཏེ། རིམ་པ་བཞིན་དང་པོས་ནོར་བུ་དང་༌། གཉིས་པས་གསེར་གྱི་མེ་ཏོག གསུམ་པས་འབྲས་ཆན་གྱི་བསོད་སྙོམས་ཕུལ་བས། ཁོ་བོ་བསོད་སྙོམས་པ་ཡིན་པས་ནོར་བུ་མི་འདོད་གསུངས། མེ་ཏོག་དང་བསོད་སྙོམས་བཞེས། ལྷ་གསུམ་པོས་བྱང་ཕྱོགས་ཁ་བ་ཅན་ཡི་དྭགས་ཀྱི་ཡུལ་ལྟ་བུ་དེར་བྱམས་པའི་སྐུ་ཚད་བཞེངས་པའི་གྲོགས་ལ་འབྱོན་པར་ཞུ་ཞེས་མནལ་ལམ་དུ་རྟག་ཏུ་བསྐུལ། རྗེ་བཙུན་མས་དགེ་འདུན་ནི་ནོར་འདོད་ཀྱི་ཆོས་མི་འདོད་པས་མགྲོན་བུས་ཚིམ། ངའི་གཟུགས་ནི་ཁྲོས་ནས་ཕྱིར་བསྒྱུར། ཐུགས་རྗེ་ཆེན་པོའི་སྐུའང་ཤིང་རྟའི་གཟེར་ཆག་སྟེ་ཞབས་གོང་བོར་སོང༌། འདིར་ཅི་བྱེད་བྱང་ཕྱོགས་སུ་སོང་ཞིག་གསུངས་པས། སླར་དགེ་འདུན་ལ་ཞུས་ཏེ་ཕྱིར་ཆས་ཚེ། ལོ་ཙཱ་བའི་མནལ་ལམ་དུ་རྣམ་འབྱོར་སྐྱིད་ཀྱི་མིང་པོས་ཡི་གེ་ཞིག་ཕུལ་བ་གཟིགས་པས། དགེ་སློང་བཻ་ཤྲ་ཝ་ཎས་སྤྲིངས་པ། ད་སྟེ་ཞག་བཅུ་གསུམ་ན་བྱམས་པ་ཤཱཀྱ་ཤྲཱི་འབྱོན་པ་ཡོད་དེ། དེར་མ་འདུག་པར་སྔོན་དུ་ལྡང་བ་བྱེད་པ་ལ་གྲོང་ཁྱེར་ཀ་རུ་ཆར་ཤོག་བྱ་བ་འདུག ཡི་གེ་དེ་རྒྱ་ཡིག་ཏུ་འདུག་པ་བཀླགས་པས་བོད་ཡིག་དུ་སོང་༌། སང་དེ་དགྱེས་ཆེ་ནས་ཏེ་ཏེ་[11] བརྡུང་པས་ཞ་བསལ་ཆུ་འབྲུམ་གན་ཌུ་བ་ཟུག་ཅན་གྱིས་བཞེངས་མི་མཁྱེན་པར་ཀྱང་ཞར་ལ་དྭང་ནས་གཞི་མེད་དུ་དྭངས། དགའ་སྟོན་གྱི་དྲིལ་སྒྲོག་པ་ལ་ཚོགས་ཆེན་པོར་བྱེད་པས་པཎ་ཆུང་གཉིས་སྔོན་ལ་འོངས་པ་རྐང་པ་ན་ནས། མནལ་ལམ་གྱི་དུས་ཉིད་ལ་རྣམ་འབྱོར་སྐྱིད་ཀྱི་མང་པས་བཀའ་ཤོག་འཁྱེར་ཏེ་ཕུལ་བ་བསྒྱུར་བས།

རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག་འཚལ་ལོ།། བྱང་ཕྱོགས་བརྒྱུད་གནས་བདེ་གཤེགས་བསྟན་པའི་སྒྲོན་འཛིན་པ།། མ་ལུས་འགྲོ་དཔལ་བྱ་དཀའི་རྒྱལ་སྲས་སྤྱད་པ་སྤྱོད།། དགེ་སློང་མཁས་པ་ཁྲོ་ཕུ་ལོ་ཙཱར་རབ་གྲགས་གང་༌།། བྱམས་ཆེན་ཕྲིན་ལས་ཡིད་བཞིན་ནོར་ལྟར་འགྲུབ་གྱུར་ཅིག། དགེ་སློང་བསོད་སྙོམས་པ་ཤཱཀྱ་དཔལ་བཟང་པོས་ཁྲོ་ཕུ་ལོ་ཙཱ་བ་ལ་ཐུགས་དགྱེས་པའི་སྒོ་ནས་ཤིས་པ་བརྗོད་པའོ།། ཞེས་པ་དང་བྱང་ཆུབ་ཤིང་ལོ་འདབ་མ་གསུམ། ཤ་ཁ་ར་ཕུལ་གང་བསྐུར་འདུག ཤ་ཁ་ར་ནི། སྔར་བོད་པས་ཤེལ་ཀ་ར་ཟེར་ལ། དེང་སང་ཅི་ནི་ཟེར། བུ་རམ་དྭངས་མ་དཀར་པོ་ཡིན།

ཁྲོ་ཕུའི་བྱམས་ཆེན་གསེར་ཟངས་ལས་གྲུབ་པ་བཞེངས་ཏེ་རབ་གནས་ལ་ཕྱོགས་པའི་ཚེ། སིང་ག་ལའི་དགྲ་བཅོམ་པས་བསྐུར་བའི་མེ་ཏོག་དང་༌། རིང་བསྲེལ་གྱི་ལོ་རྒྱུས་པཎ་ཆེན་གྱིས་ཇི་སྐད་གསུངས་པ་ལོ་ཙཱ་བས་བསྒྱུར་བ་ནི། དེ་ཡང་འདི་ལྟར་ཐོས་ཏེ། མ་བྱོན་པའི་སངས་རྒྱས་གསུམ་པར་འགྱུར་ངེས་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་མཚེ་མར་གྱུར་པའི་མཆེད་ཟླ། ཁ་ཆེའི་པཎྜི་ཏ་ཆེན་པོ་བུངྷཙནུས་སངས་རྒྱས་ཟླ་བ་ཞེས་བྱ་བས་འཛམ་བུ་གླིང་གི་གླིང་ཕྲན་སིངྷལདྭིཔ། སིངྒལའི་གླིང་ཞེས་བྱ་བ། སྔོན་སྲིན་མོ་གནས་པའི་གླིང་ཕྲན་ཞིག་ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་བ་རྟའི་རྒྱལ་པོ་པཱ་ལ་ཧ་སྟོབས་ཆེན་ཞེས་པའི་ཕྲིན་ལས་ཀྱིས་བཏུལ་ནས། ད་ལྟ་ནང་པ་སངས་རྒྱས་པ་དར་བའི་གནས་སུ་ཡོད་པས། དེར་རཏྣཙུནྡ་མ་ཎི་སཔྲ་ར་ཎ། རིན་ཆེན་གཙུག་གི་ནོར་བུ་འཕྲོ་བ་ཞེས་བྱ་བའི་ཕོ་བྲང་ན་དགྲ་བཅོམ་དངོས་སུ་བཞུགས་སོ་ཞེས་བྱ་བ་ཐོས་ནས། ཁ་ཆེ་གྲིབ་བརྟན་གྱིས་(པྲ་ཝ་སུ་ར) རབ་མཆོགཞེས་བྱ་བའི་གཙུག་ལག་ཁང་ནས་དཔལ་རྡོ་རྗེ་གདན་དུ་བརྒྱུད་དེ། ཐུབ་པ་བྱང་ཆུབ་ཆེན་པོ་མཧཱ་བོ་ངྷི་ལ་མཆོད་པ་ཕུལ་ནས་དཀའ་བ་དུ་མ་སྤྱད་དེ་སིངྒལ་གླིང་གི་དགྲ་བཅོམ་པའི་ཞལ་ཡང་བལྟས། དགྲ་བཅོམ་པ་ཡིན་ནམ་མ་ཡིན་གཏན་ལ་ཕབ་པའི་བརྟག་དཔྱད་མང་དུ་བྱ་བར་ཡོད་པ་ལེགས་པར་བྱས་ནས། ཡིད་ཆེས་ཏེ་དེ་ཉིད་དུ་དབྱར་ཟླ་བ་གསུམ་ཚུལ་དུ་བཞུགས་སོ།།

དགག་དབྱེ་ཐོན་ནས་ལྗོངས་རྒྱུའི་དུས་སུ་དགྲ་བཅོམ་པ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཡོད་པ། བ་སོའི་ཟ་མ་ཏོག་ཕྲ་རྒྱན་སྣ་ཚོགས་པས་སྤྲས་པ་ཅིག་དང་༌། མེ་ཏོག་པད་མ་དཀར་པོ་ལྔ་ཁ་ཆེའི་པཎྜི་ཏ་ལ་གཏད་ནས། རིང་བསྲེལ་གྱི་ཟ་མ་ཏོག་འདི་དང་༌། ཟེའུ་འབྲུ་ཡོད་པའི་མེ་ཏོག་འདི་ཐོག་མ་ཁོ་ནར་དགེ་སློང་ཤཱཀྱ་ཤྲིའ་ལ་ཕུལ་ཅིག  མེ་ཏོག་ལྷག་མ་བཞི་པོ་འདི་ཁྱོད་ཀྱི་ལྷུང་བཟེད་དུ་ཁྱེར་ལ། ཁྱེད་རང་གི་མཆེད་ཟླ་ཀསྨི་རེ་བ་དེའི་ཕྱག་ཏུ་རེ་ཞིག་གཏོད་ཅིག   དེ་མ་འོངས་པའི་སངས་རྒྱས་བདུན་པ་ཡིན་པས་བསོད་སྙོམས་སམ་ཡོན་ཅུང་ཟད་ཕུལ་བ་འབྲས་བུ་དཔག་ཏུ་མེད་པར་འགྱུར་རོ།། སངྷི་གླིང་གི་དགེ་སློང་བི་ར་ག་སམནྭ་ཀཱར་གུཔྭ་འདོད་ཆགས་དང་བྲལ་བ་ཀུན་ནས་འབྱུང་གནས་སྦས་བ། ཅེས་བྱ་བར་བསྐུར་རོ།། ཀྵེ་མ་ཀུ་ཤ་ལ་སྨྲོས་ཤིག སྐུ་ཁམས་བཟང་ངམ། དེ་ནས་མེ་ཏོག་གཅིག་བྱང་ཕྱོགས་གངས་ཅན་གྱི་ཡུལ་དུ་(དྭིབྷཱཥི མེེཏྲིཤྲཱི)སྐད་གཉིས་སྨྲ་བ་བྱམས་པ་དཔལ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེ་ལ་པཎྜི་ཏ་ཆེན་པོས་བྱིན་ལ་(སཏཱརྠཀར)སེམས་ཅན་གྱི་དོན་གྱིས་ཤིག་ཞེས་སྨྲོས་ཤིག དེ་ནས་མེ་ཏོག་གཅིག་བོད་ཡུལ་གྱི་འབྲི་ཞེས་བྱ་བར་(དྟྱཡིབྷིཀྴརཏྣནཤྲཱི)སྒོམ་པ་རིན་ཆེན་དཔལ་ཞེས་བྱ་བས་པཎྜི་ཏ་ལ་ནོར་དང་ན་བཟའ་མང་པོ་འབུལ་དུ་འོངས་ཏེ། དེར་སྦྲོན་ཡང་མ་གཤེགས་པར་སྐྱེས་ལན་ཆོས་ཀྱི་ཚིགས་སུ་བཅད་པ་ཞིག་དང་མེ་ཏོག་པད་མ་ཞིག་སྐུརད་ཅིག

དེ་ནི་ཐུབ་པ་ཆེན་པོ་འདས་ནས་ལོ་བཞི་བརྒྱ་ན་བྱུང་བའི་འཕགས་པ་ཀླུ་སྒྲུབ་ཀྱི་བསྟན་པ་བརྙིགས་ཤིང་ཡང་བརྙིགས་སུ་གྱུར་པ་ན། འགྲོ་བ་མ་རུངས་བ་གཞན་གྱིས་གཏན་འདུལ་བར་མི་ནུས་པ་འདུལ་བའི་དོན་དུ་བྱོན་པ་ཡིན་པས། དེའི་ཆོས་སྟོན་པ་པོར་ཁྱེད་ཅག་མི་དགོས་པར་ཤེས་པར་གྱིས་ཤིག དེ་ནས་བོད་ཡུལ་དབུས་ཀྱི་(རཏྣཀུཊི་) རིན་ཆེན་སྒང་[12]ཞེས་བྱ་བའི་གཙུག་ལག་ཁང་ན། དྟྱཡིཔཎྜི་ཏ་ཞིག་གིས་པཎྜི་ཏ་འཁོར་དང་བཅས་པ་ལ་བསྙེན་བཀུར་རྣམ་པ་དུ་མ་བྱས་ནས་འོང་པས། དེ་མ་འོངས་པའི་སངས་རྒྱས་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་དེ་ཡིན། དེ་ལ་མེ་ཏོག་འདི་ཕུལ་ལ་དབྱར་གནས་པས་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་སྟོན་ཅིག པཎྜི་ཏ་རིང་གི་ལོ་གྲངས་དང་མཉམ་པས་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ།། དེ་ནས་པཎྜི་ཏ་ཆེན་པོ་དེ་དང་༌། དེའི་སློབ་མ་ནོར་བཟང་ཞེས་བྱ་བས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འགྲོ་བ་མ་བསྒྲལ་བའི་ལྷག་མ་རྣམས་སྒྲོལ་བའི་དོན་དུ་སངས་རྒྱས་མི་ཕམ་པའི་སྐུ་ཚད་བཞེངས་སུ་གསོལ་ནས། དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཞག་བཅུ་གསུམ་དུ་བྱེད་པར་འགྱུར་ཞིང་༌། ལྷའི་རིགས་བཅུ་གསུམ་གྱིས་ཀྱང་མཆོད་པའི་རིས་བཅུ་གསུམ་གྱིས་བྱེད་པར་འགྱུར་བས། དེའི་དང་པོར་མེ་ཏོག་འདི་དབུ་ལ་ཞོག་ཅིག མེ་ཏོག་ལྔ་པོ་འདི་ཡང་ཟས་ཀྱི་བྱ་བ་ནམ་བྱེད་པའི་ཚེ། རིང་བསྲེལ་གྱི་ཟ་མ་ཏོག་འདིར་ཆུག་ལ་མཆོད་པ་དང་མ་བྲལ་བ་གྱིས་ཤིག མེ་ཏོག་དེ་རྣམས་རང་རང་གི་མཆོད་པ་ཇི་སྲིད་མ་ཚར་བའི་བར་དེ་སྲིད་བརྙིངས་པ་དང་སྟོར་བ་ལ་སོགས་པར་མི་འགྱུར་བར་བྱིན་གྱིས་བརླབས་ཡོད་དོ་གསུངས་སོ།།

དེ་ནས་ཁ་ཆེ་པཎྜི་ཏས་ལྷུང་བཟེད་དུ་མེ་ཏོག་དང་ཟ་མ་ཏོག་བཅུག་ནས་སིངྒ་གླིང་ནས་ཛམ་བུའི་གླིང་དུ་འོངས་ཏེ། ཡང་དབུས་འགྱུར་ཚལ་གྱི་བྱང་ཆུབ་ཆེན་པོ་ལ་(མཧཱ་བོ་ངྷི)གཏང་རག་གི་ཕྱག་འཚལ་དུ་བྱོན་པའི་ཚེ། མ་ཧཱ་བོ་ངྷིའི་ཕོ་བྲང་གི་ཐེམ་སྐས་ལ་འཛེགས་པ་དང་༌། ཆོས་རྗེ་པཎ་ཆེན་མ་ཧཱ་བོ་དྷི་ལ་ཕྱག་འཚལ་ནས་ཕྱིར་གཤེགས་པའི་དོན་དུ་ཐེམ་སྐས་ལ་འབབ་པ་དང་ལྷན་ཅིག་འཛོམས་པར་གྱུར་ནས། ཐེམ་སྐད་དེ་ཉིད་ཀྱི་སྟེང་དུ་སྔར་གྱི་གསུང་གླེང་རྒྱས་པར་མཛད་དེ་ཕན་ཚུན་གཤེགས་བཞུད་མཛད་དོ།།

གཏམ་རྒྱུད་འདི་དག་ནི། ཁྲོ་ཕུའི་གཙུག་ལག་ཁང་ཆེན་པོ་དགའ་ལྡན་ཕོ་བྲང་དུ། ཁྲུ་བརྒྱད་བཅུ་པའི་བྱམས་ཆེན་མགོན་པོ་མཐར་ཕྱིན་ནས་རབ་གནས་མཛད་པའི་དུས་སུ་གདམས་ངག་དང་བཅས་པ་རྒྱས་པར་གསུངས་ཤིང་༌། ཟ་མ་ཏོག་ཁ་ཕྱེ་བས་རིང་བསྲེལ་གཅིག་ལས་ལྔར་འཕེལ་འདུག་གསུང་ནས། ཟ་མ་ཏོག་རིང་བསྲེལ་གསུམ་དང་བཅས་པ་ལོ་ཙཱ་བ་ལ་གནང༌།  དུང་ཆུང་གཡས་སུ་འཁྱིལ་བ་གསུམ་གྱིས་བརྒྱན་ཏེ་བྱམས་ཆེན་གྱི་ཐུགས་ཀར་བཞུགས།  རིང་བསྲེལ་གཅིག་ཆོས་རྗེ་ཉིད་ཀྱིས་ཚགས་མཛད་གཅིག་ལོ་ཙཱ་བ་ལ་སྲུང་བའི་རྟེན་དུ་དགྲ་བཅོམ་པས་བསྐུར་བའི་མེ་ཏོག་དང་ལྷན་ཅིག་ཏུ་དུས་དེ་ཉིད་དུ་གནང་༌། དེ་ནས་དགྲ་བཅོམ་པས་སྔར་བསྐུར་བའི་མེ་ཏོག་དཀར་པོ་དེ་བྱམས་ཆེན་གྱི་དབུ་ལ་བཞག དེ་ཉིད་ཀྱི་ནངས་པར་ནས་ཆུ་ཕོ་སྤྲེའུའི་ལོ་བྲེའི་ཟླ་བའི་ཚེས་བཅུ་གསུམ་པ་རབ་གནས་ཆེན་པོ་མཛད་དོ།། ཞེས་བྱུང་ལ། སྐུ་དེ་ནི་བྱམས་པ་དངོས་སུ་བཞུགས་པ་ཡིན་ནོ།། ཞེས་གསལ། འཇིག་རྟེན་མིག་འབྱེད་ཁྲོ་ཕུ་ལོ་ཙཱ་བ།། བྱམས་པ་དཔལ་གྱིས་དཀའ་བ་བརྒྱ་ཕྲག་གིས།། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ནི།། ཁ་ཆེའི་ཡུལ་ནས་ཁ་བ་ཅན་དུ་དྲངས།། དམར་སེར་གུར་གུམ་ཡུལ་འཁྲུངས་ཡོད་སྨྲ་བ།། འདུལ་འཛིན་དེ་ཡིས་སྡོམ་པའི་ལི་ཁྲིའི་རྒྱུན།། རབ་དཀར་གངས་རིའི་ལྗོངས་སུ་དབབས་པ་ལས།། ད་ལྟའང་ངུར་སྨྲིག་འཛིན་པས་ས་གཞི་ཁེངས།། ཞེས་སོ།།

ངོ་མཚར་ཅན་གྱི་གཏམ་རྒྱུད་འདིའི་སྐོར་ལ། བདག་གི་སློབ་དཔོན་དགེ་འདུན་ཆོས་འཕེལ་གྱི་སིངྒལའི་ལམ་ཡིག་ཏུ། དུས་འདི་ཙ་ན། འཕགས་པ་དགྲ་བཅོམ་པ་མ་ལླི་ཡ་དེ་ཝ་ཞལ་བཞུགས་ཤིང༌། དགྲ་བཅོམ་པ་དེས་མུ་ཏིག་གི་ཡན་ལག་ཏུ་ཆོས་བསྟན་པ་ན། དགེ་སློང་དྲུག་ཅུས་འབྲས་བུ་ཐོབ། ཆོ་འཕྲུལ་གྱིས་སྐྱེ་བོ་རྣམས་དད་པར་བྱས་ཤིང༌་། མྱ་ངན་ལས་འདས་ཚེ་སྐུ་གདུང་ལྷ་རྣམས་ཀྱིས་འཁྱེར་བ་རང་གི་སྲིང་མོ་དང་གྲོང་པ་ཀུན་གྱིས་དངོས་སུ་མཐོང་བ་སོགས་བྱུང་༌། ཝཏརཱ་མ་བྱ་བར་དགྲ་བཅོམ་འདིའི་གཙུག་ལག་ཁང་ཡང་ཡོད་ཅིང་༌། འདིའི་གཉེན་ཚན་གྱི་རྒྱུད་པར་གྲགས་པའི་མི་ངོ་འགའ་ཞིག་ཀྱང་ད་ལྟའི་བར་ཀུརྡུནེ་ག་ལ་བྱ་བའི་ཡུལ་ན་འདུག དགྲ་བཅོམ་འདིའི་སྐུ་བསྟོད་སོགས་ཀྱང་མང་ཞིང་༌། འདི་ལ་སིང་ག་ལའི་དགྲ་བཅོམ་མཐའ་མ་ཞེས་གྲགས་སོ།། དེས་ན་འདི་ནི་ཁྲོ་ལོས་མཛད་པའི་པཎ་ཆེན་གྱི་རྣམ་ཐར་དུ་གསལ་བའི་སིང་ག་ལའི་དགྲ་བཅོམ་འབྲི་གུང་སྐྱོབ་པ་སོགས་ལ་མེ་ཏོག་བསྐུར་མཁན་དེ་ཡིན་པར་གོར་མ་ཆག་མོད། ཁྲོ་ལོས་མཛད་པ་དེར་རཏྣཙུནྟ་མཎིའི་གྲོང་ན་བཞུགས་པའི་དགྲ་བཅོམ་ གུཎརགཏྣ་ཞེས་མཚན་མི་འདྲ་བ་སྣང་༌། དགྲ་བཅོམ་དེ་ལ་མཚན་དེ་འདྲ་ཡོད་པ་རྒྱུས་མི་འདུག་ཅིང་༌། རཏྣཙུནྟ་མཎི་གྟོང་ནི་ད་ལྟའི་པོ་ལེན་ན་རྒྱུ་བའི་མིང་དུ་སྔར་གྲགས་ཞེས་འགའ་ཞིག་ཟེར་རོ།། དགྲ་བཅོམ་འདིའི་རྣམ་ཐར་རྒྱས་ཙམ་མ་ག་ངྒའི་སྐད་དུ་བྲིས་པ་ར་ས་ཝ་ཏི་ནི་བྱ་བ་དང་༌། གཞན་སིང་ག་ལའི་སྐད་དུ་བྲིས་པ་(སངྡྟརྨ)(ཨལངྐར)དམ་ཆོས་རྒྱན་ཞེས་བྱ་བའི་གཞུང་གཉིས་ན་ཡོད་ཟེར་ཀྱང་བདག་ཕྱི་བཤོལ་གྱིས་བསླུས་ཏེ་འདི་ཙམ་ལས་བྲི་རྒྱུ་མ་རྙེད་དོ།། ཞེས་གསུངས།

ཁྲོ་ལོའི་གསུང་ནང་༌། སིངྒཱ་ལའི་དགེ་སློང་བི་རཱག་སམནྟ་ཀར་གུཔྟ་ འདོད་ཆགས་དང་བྲལ་བ་ཀུན་ནས་འབྱུང་སྦས་པ། ཞེས་གསལ་བས། འདི་བསྙེན་རྫོགས་ཀྱི་མཚན་དང་༌།  མ་ལླི་ཡ་དེ་ཝ་ ནི་མཚན་དངོས་ཨེ་ཡིན་སྙམ་མོ།། ད་ལྟའི་པོ་ལེན་ན་རྒྱུ་བ་ཞེས་པ་ཡི་གེ་པས་བྲི་མ་ཤེས་པར་ལུས་འདུག་པས་མ་དཔེ་རྙེད་ན་བཅོས་དགོས་སོ།། ལྷོ་ནས་སིང་ག་ལ་ཡི་དགྲ་བཅོམ་པས།། ནུབ་ཀྱི་ཁ་ཆེའི་པཎྜི་ཏའི་ཕྱག་ཏུ།། བྱང་ཕྱོགས་བོད་དུ་རིང་བསྲེལ་པད་མའི་སྐྱེས།། ཤར་མར་བསྐུར་བའི་གཏམ་འདི་ཡལ་ལ་ཁད།། བཅོ་བརྒྱད་སྡེ་པའི་ཤུལ་ལུས་གནས་བརྟན་པས།། གཞི་ཀུན་ཡོད་སྨྲར་བརྩེ་བའི་འཕྲིན་དེ་དག། མུ་ཏིག་འཁྲི་ཤིང་དགའ་མའི་སྐྱེས་མིན་ཡང༌།། གཏམ་འདི་འདུལ་འཛིན་རྣམས་ཀྱིས་བརྗེད་མི་རུང་༌།།

སིངྒ་ལའི་དགྲ་བཅོམ་པའི་མེ་ཏོག་ཕུལ་སའི་འབྲི་གུང་སྐྱོབ་པའམ།  འབྲི་གུང་པ་རཏྣ་ཤྲཱི་རིན་ཆེན་དཔལ་ནི། གཙུག་ཕྲེང་གི་བཀའ་རྒྱུད་ཆོས་འབྱུང་ལས་བསྡུས་ཏེ་བཀོད་ན། སྔོན་རྒྱལ་པོ་གླང་དར་གྱི་དུས་ཙམ་ན། སྐྱུ་རུའི་སྔགས་འཆང་ཆེན་པོ་ཞིག་ལ་ཡེ་ཤེས་ཀྱི་མཁའ་འགྲོའི་གཙོ་མོ་སྣ་ནམ་བཟའ་ཆོས་ཀྱི་དབང་ཕྱུག་བླངས་པ་ན། ང་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་བུ་བཞི་འོང་ཟེར་ཞིང་༌། གཟུགས་སྣ་ཚོགས་སུ་བསྒྱུར་བ་ཞིག་བྱུང་བ་ཐོགས་མེད་དུ་དུས་མིན་འགྲོ་འོང་བྱེད་པ་ཞིག་བྱུང་༌། མཐར་སྐུ་ལུས་འདིས་བཀའ་སྲུང་ཀུན་གྱི་གཙོ་མོར་གྱུར་ཏེ། དེང་སང་ཡང་འབྲི་གུང་ཨ་ཕྱི་ཞེས་གྲགས་པ་དེའི་སྲས་ནམ་མཁའ་དབང་ཕྱུག་གི་རྒྱུད་པ་ཨ་མེས་དབང་རྒྱལ་ཞུ་བ་དེའི་སྲས་འཇིགས་བྱེད་ཀྱི་རྣལ་འབྱོར་རྡོ་རྗེ་དང་༌། ཡུམ་བཙུན་མ་ཞེས་བྱ་བའི་སྲས་སུ་ནང་ལོ ༡༦༩༠  ཕྱི་ལོ་ ༡༡༤༤ ཆུ་ཕག་ལོར་འཁྲུངས། སྐུ་གཅེས་པས་བོན་པོ་ལ་བཏང་སྟེ་དེས་མཚན་ལ་དཔལ་བ་ཐར་དང༌། ཕྱིས་རང་གི་བཙུན་པ་སྐྱབས་སུ་མཚན་སྤོས། སློབ་དཔོན་མང་དུ་བསྟེན། ཆོས་མང་དུ་གསན། ཆོས་མཁས་པ་དང་༌། ནད་སེལ་བ་དང་ནུས་པ་ཆེ་བའི་གྲགས་པ་ཐོབ། དཔལ་ཕག་མོ་གྲུ་པའི་སྙན་པས་ཐུགས་འཕྲོག་སྟེ། དགུང་ལོ་ཉེར་ལྔ་པ་ནང་ལོ་ ༡༧༡༨ ཕྱི་ལོ་ ༡༡༦༨  མེ་ཕག་གི་མཇུག་ལ་ཕག་མོ་གྲུ་པ་མཇལ། བླ་སློབ་ཏུ་གྱུར་ནས། བྱང་ཆུབ་སེམས་སྡོམ་གནང་ནས་ཁྱོད་ཀྱི་མིང་ནི། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཡིན་ནོ་གསུངས།

ད་དུང་ལོ་སོ་ལྔ་པ་མེ་མོ་བྱ་ལོ་ལ། ཞང་གིས་མཁན་པོ་དང་རྩི་ལུང་པས་སློབ་དཔོན། སྨྱལ་པ་འདུལ་འཛིན་གྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། སྨྱག་ལ་འདུལ་བ་གསན། དཔལ་ཆེན་བིར་ཝ་པ་དང་མཉམ་པའི་རྣལ་འབྱོར་དབང་ཕྱུག་ཅིག་དགེ་སློང་དུ་ཕེབས་པ་ཕོ་རྒོད་ཡིན་གསུངས། ཕྱིས་བླ་མའི་གདན་ས་བརྒྱ་འགྱུར་དུ་བཏང་༌། དགེ་སློང་ཁྲི་ལྷག་པས་ཚུལ་ཤིང་ལེན་པ་བྱུང་ སྟོང་ཉིད་རྒྱུ་འབྲས་དབྱེར་མེད་བསྟན་པས་བསྟན་པ་ཉི་མ་ཤར་བ་ལྟར་གྱུར། ཤ་ཆང་གི་ཚོགས་འཁོར་མི་མཛད། སྐུ་གཤེགས་ཁར་ཡང་གློ་བ་སྐམ་པོ་གསོལ་ཐུག་ལ་འདེབས་པར་ཞུས་ཀྱང་མ་གནང་༌། ཐུགས་ཀྱི་དགོངས་པ་མཐའ་དག་རྫོགས་ནས་དགུང་ལོ་དོན་ལྔ་པ་ལ་མངོན་པར་བྱང་ཆུབ་པའི་ཟླ་བའི་ཉེར་ལྔ་ལ་གཤེགས། འདིས་རང་གི་བླ་མ་ཕག་མོ་གྲུ་པ་ལ་སྐྱོབ་པ་རིན་པོ་ཆེ་དང་༌། འཇིག་རྟེན་གསུམ་གྱི་མགོན་པོ་འབའ་ཞིག་ཏུ་གསུངས་པས། སློབ་མ་རྣམས་ཀྱིས་ཀྱང་རྗེ་འདི་ཉིད་ལ་མཚན་སྐྱོབ་པ་འཇིག་རྟེན་མགོན་པོར་འབོད།

འབྲི་གུང་པའི་བླ་མ་དཔལ་ཕག་མོ་གྲུ་པ་ནི། རྗེ་བཙུན་སྒམ་པོ་བའི་སློབ་མ་ཡིན་ཞིང༌་། མདོ་ཁམས་འབྲི་ཆུའི་རྒྱུད་རྨེ་ཤོད་ཀྱི་རྟག་ངོས་སབ་ཁང་དུ། གདུང་དཔའ་ས། ཡཔཝེནཨ་ཐར་དང་ཡུམ་བཙུན་ནེའི་སྲས་སུ་ནང་ལོ་ ༡༦༦༣ ཕྱི་ལོ་ ༡༡༡༠ ལྕགས་སྟག་ལ་འཁྲུངས། མཚན་ལ་རྡོ་རྗེ་རྒྱལ་པོ། ནང་ལོ་ ༡༧༠༤ ཕྱི་ལོ་ ༡༡༧༢ ལྕགས་ལུག་རང་ལོ་ཞེ་གཅིག་ལ་རྗེ་སྒམ་པོ་པ་མཇལ། རྟོགས་པ་མཐར་ཕྱིན། ཕག་མོ་གྲུར་བྱོན་པ་ནས་གྲོང་དུ་འབྱོན་མ་མྱོང༌་། སྔོན་དབང་བསྐུར་གསན་དུས་ཚོགས་ཀྱི་ཤ་ཆང་མ་གསོལ་བས། ད་གསོལ་ནས་བླ་མ་དེ་ཀུན་གྱི་དབུ་སྐོར་བར་འགྲོ་གསུངས་ནས། ཤ་ཆང་ལྟ་ཅི་སྨོས་ཏེ་ཡང་དགོན་དུ་ཚིལ་བུའི་ཐུག་རྡོར་འདེབས་མ་མྱོང༌། སྐུ་འདའ་ཁར་སྨན་རྟའི་སིང་པོ་ཙམ་ཡང་མ་གནང༌་། མདོར་ན་སྐལ་ལྡན་མཐའ་ཡས་པ་ཚོགས་ཆུང་ངུས་གྲོལ་བར་མཛད་ཅིང་༌། ཕག་མོ་གྲུར་ལོ་བཅུ་གསུམ་བཞུགས་ནས། ནང་ལོ་ ༡༧༡༤ ཕྱི་ལོ་ ༡༡༧༢ ལྕགས་ཕོ་སྟག་གི་ལོ་ཟླ་བ་བདུན་པའི་ཉེར་ལྔའི་སྔ་དྲོ་མྱ་ངན་ལས་འདས་ཏེ།ངོ་མཚར་གྱི་ལྟས་མང་དུ་བྱུང་ངོ་།། ཞེས་གསལ་ལོ།།

གངས་ཅན་ལྗོངས་སུ་བྱོན་པའི་སྐྱེས་མཆོག་འགའི།། བྱུང་བ་ས་འོག་ལུས་པའི་ཀེང་རུས་ཀྱི།། དུམ་བུ་འདྲ་བ་ཅུང་ཟད་རྙེད་པ་རྣམས།། རིང་བསྲེལ་རེད་སྙམ་གཅེས་པའི་བསམ་པས་མྱངས།། འཆད་པས་སྐྱེ་དགུ་ཐར་པར་འཁྲིད་པ་དང་༌།། རྩོད་པས་རྒོལ་བ་སྐྲག་པར་མི་ནུས་ཀྱང་༌།། རྩོམ་པའི་ཟོལ་གྱིས་སྐྱེས་བུ་དམ་པ་འགའི།། སྤྱོད་མཆོག་ཐུང་ངུ་སེར་སྣས་བཅིང་ཞིང་བྲིས།།

ས་སྐྱ་སོགས་ཀྱི་སྐོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། གནས་བརྟན་སྡེ་བའི་བསྟན་རྩིས་དང་ཕྱི་ལོ་མཉམ་རྩིས་བྱས་པ།

སངས་རྒྱས་མྱ་ངན་ལས་འདས་ལོ་ལ། ནང་ལོ་དང་༌། ཡེ་ཤུའི་འདས་ལོ་ལ་ཕྱི་ལོ་ལ་ནང་དང་ཕྱིའི་ཐ་སྙད་བྱས་པ་ཡིན། ཕྱི་ལོ་ ༥༧༠ ལ་མུ་སི་ལི་མ་ཁ་ཆེའི་སྟོན་པ་མུཧམམུད་སྐྱེས་ནས་ལོ ༡༠༠ ནང་ མཧམ་མད་ཀྱི་རྒྱལ་ཚབ་ཁལཱིཕས་ལག་པ་ལཀུརཱན་དང་གྲི་ཁྱེར་ནས་ ཨཕརི་ཀ་དང་ནུབ་ཕྱོགས་སེ་པེནབར་དུ་དར་ནས། ཤར་ཕྱོགས་ལ་ཨ་རབ་ ཨཕགྷནིསྟན ཏུརཀིསྟན་ མུསིལིམ་གྱི་དར་ཕྱྭའི་འོག་ལ་བཅུག་ནས། ཕྱི་ལོ་ ༧༠༠ འགོ་ཚུགས་དུས། རྒྱ་གར་ནུབ་བྱང་སིན་ངྷུའི་ཐོག་ལ་དམག་དྲངས། དེའི་རྗེས་ཕྱི་ལོ་ ༣༠༠ ཙམ་ལ་ཏུར་ཀི་ལ་ཨིསལམ་གྱི་ཆོས་ཤུགས་ཆེན་པོ་སླེབས་ནས། མུཧམད་ གོ་རི་གིས་རྒྱ་གར་ལ་དམག་བརྒྱབ། ནང་པའི་དགོན་པ་མང་པོ་གཏོར། དེའི་རྗེས་ལ་ཕྱི་ལོ་ ༧༠༠ ཙམ་ནས་ ༡༢༠༠ བར་རྒྱ་གར་བ་རྣམས་རང་གི་ཡོན་ཏན་གྱི་ཁེངས་པས། ཁྲོན་པའི་སྦལ་བ་བྱས་ཏེ་བསྡད་པ་རེད་ཅེས། རྒྱ་གར་གྱི་རྒྱལ་རབས་ནང་༌། ནང་པ་ཚོས་སྔགས་ཕྱོགས་ཀྱི་འཆལ་སྤྱོད་མང་པོ་བྱས་པ་དང་༌། དེ་དུས་ཀྱི་རྒྱ་གར་མཁས་པ་ཚོ་ཁེངས་དྲག་ཆེ་ཞིང༌།  རང་གིས་རང་ལ་ཡིད་བརྟན་མེད་པ། མཐོང་རྒྱ་ཆུང་དྲག་པས་སྐྱོན་བཤད་ཡོད་པ་རེད། ས་སྐྱའི་དུས་ལ་ཀླ་ཀློ་དང་སྟོད་ཧོར་ཞེས་ཡོངས་སུ་གྲགས་པ་དེ་ནི། བོད་ནུབ་ཕྱོགས་ལ་ཀར་ལོག་གམ་ཀླ་ཀློ་ཟེར་བ། ཨ་རབ་དང་ཏུར་ཀིའི་ཕྱོགས་ནས་རྒྱ་གར་ལ་ནང་པ་དང་༌། ཧིན་དུ་བཅོམ་མཁན་ལ་གོ་དགོས། འདིའི་ནང་ས་སྐྱའི་སྐུ་དུས་ལ་རྒྱ་གར་གྱི་གནས་ཚུལ་ཕྲན་བུ་ཞིག་གསལ་ཐབས་བྱས་ཏེ། དེ་ཡང་ནང་པ་སངས་རྒྱས་པའི་བསྟན་རྩིས་ལོ་ཚིགས་ཁུངས་དག་ཆུ་འགོ་གངས་ལ་གཏུགས་པ་ལྟ་བུའི་གསལ་ཆ་ཕྲན་བུ་དགོས་པར་བརྟེན། འདིར་ལ་དྭགས་རིག་གནས་མཐོ་རིམ་དགེ་ཕྱྭ་པའམ། ཕེ་པ་མཁས་པ་ངག་དབང་ཚེ་རིང་ནས་མཛད་པའི་ Buddhism in Ladakh ཞེས་པ་ནས་ཕལ་མོ་ཆེ། ཕྱི་ལོ་མ་ཚུགས་སྔོན་གྱི་ལོ་ ༣༠༠ ནང་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ། ཨེ་ཤ་ཡའི་ནུབ་ཕྱོགས་ཨནཏིཡོཁུ་ས། ཨན་ཏི་གོ་ནུ་ས། གི་རི་ཁ་གི་ཡུལ་མེ་ཚེ་དོ་ནེ་ཡ་བར་དུ་ཆོས་ཀྱི་ཕོ་ཉ་མངགས་ཏེ་ ཨཕ་གཱནི་སྟན། ཀམ་བོ་ཌིཡ། ཀསྨིར་སོགས་ལ་ནང་སངས་རྒྱས་པའི་བསྟན་པ་དར་ཞེས་རྒྱ་གར་གྱི་མཁས་པ། ཌོ་ཊར་ ཨེལ ཨེམ་ ཇོ་ཤིས་པཾ་ཇཱབ་ཀྱི་རྒྱལ་རབས་སུ་བཤད། སངས་རྒྱས་པའི་པཱ་ལི་དང་སཾཀྲྀ་ཏའི་ལོ་རྒྱུས་ནང་༌། དེ་དུས་ཧིམཱཝནྭདེསཱ་ཧིམཱལཡ་དང༌། པཾཇཱབ་ཨཕགྷའནེ་སྟན་སོགས་ལ་བསྟན་པ་དར་ཞེས་དང་༌། རྒྱ་ནག་གི་བཙུན་པ་ཧུན་ཡེན་ཙང་གི་ལམ་ཡིག་ཏུ་གསལ། ཡང་ནང་པའི་ཆོས་འབྱུང་ཆེན་མོ་མཧཱཝཾ་ཤ་དང་དིའཔཝཾ་ཤ་ནང་མྱ་ངན་མེད་ཀྱིས་དགྲ་བཅོམ་པ་མངལན་ཡནཏིཀ་ཉི་མ་གུང་པ་ཆོས་ཀྱི་ཕོ་ཉར་མངགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཀཱསྨིར་བར་དུ་ཁྱབ་ཅིང་༌། ཀལ་ཧ་ན་ཞེས་པ་ཀཱསྨིར་གྱི་རྒྱལ་རབས་མཁན་གྱིས། མྱ་ངན་མེད་ཀྱིས་ཤྲིའན་ག་རའི་གྲོང་ཁྱེར་ཆགས་བཏབ་སྟེ། མཆོད་རྟེན་མང་པོ་བཞེངས་ཤིང་༌། བྲག་ལ་ཡི་གེ་བརྐོས་ཞེས་གསལ་བ་དང་༌། ཆོས་རྒྱལ་མྱ་ངན་མེད་ཀྱི་རྗེས་སུ། ཀུ་ཥ་ཎའི་རིགས་ཀྱི་རྒྱལ་པོ་ཀནིཀ་ཞེས་ཡོངས་སུ་གྲགས་པ། ནང་པ་སངས་རྒྱས་པ་ཞིག་གིས། ཕྱི་ལོ་ ༡༢༠ ཙམ་ལ་རྒྱལ་པོ་བྱས། དེའི་རྒྱལ་ས་ནི་པུ་རུ་ཥ་པུ་ར་ཞེས་ཟེར་བ། པེ་ཤཱ་ཝར་དེང་སང་པཱ་ཀི་སྟན་ལ་ཡོད། རྒྱལ་པོ་འདིའི་དམག་སྟོབས་ཤིན་ཏུ་ཆེ། ནང་པ་སངས་རྒྱས་པའི་ལོ་རྒྱུས་ལྟར་ན། ཀཎིཥ་ཀས་པཾ་ཇཱབ་དང་རྒྱ་གར་བྱང་ཕྱོགས་ལས་རྒྱལ་ནས་པཱ་ཊལི་པུཏྲ་པར་དུ་འོངས། དེང་སར་པཱཊ་ཎ། སངས་རྒྱས་ཀྱི་གསོལ་ལྷུང་འཁྱེར། སྙན་གྲགས་ཅན་གྱི་ནང་པའི་མཁས་པ་ ཨཤྭོགྷོཥ སློབ་དཔོན་རྟ་དབྱངས་གདན་དྲངས་ནས་རང་སར་སོང་༌།  རཱ་ཇཏརཾ་ཎཱི་རྒྱལ་པོའི་རླབས་ཕྲེང་བྱ་བའི་ནང་༌། འདིས་ཀཱ་སྨིར་དབང་དུ་བསྡུས། རྒྱལ་ས་སྲ་ཚུགས་པ་དང་པཱ་མིར་གྱི་ཡུལ་བརྒྱུད་དེ། རྒྱ་ནག་ལ་དམག་དྲངས། རྒྱའི་དམག་དཔོན་པེ་ཡེ་ན་ཡང་ཕམ་པར་བྱས། འདི་ནི་གཡུལ་ལས་རྒྱལ་བ་ཅན་གཅིག་པུ་མིན་པར་སྲིད་སྐྱོང་མཁས་ཤིང་༌། ནང་པ་བའི་བསྟན་པ་གུས་པའི་སྟོབས་ཀྱིས། སྟོན་པའི་རྗེས་འབྲང་རྣམས་གུས་པས་བསྙེན་བཀུར་ཞིང་༌། མྱ་ངན་མེད་ཀྱི་རྗེས་སུ་ནང་པའི་བསྟན་པ་ལ་བཀུར་བསྟི་ཆེན་པོ་བྱས་ཏེ། དེ་དུས་སུ་ཀཱསྨིར་ལ་ཀུཾ་ཌ་ལ་ཝ་ན་ རྣ་རྒྱན་གྱི་ནགས་ཚལ་ཞེས་པར། སློབ་དཔོན་རྟ་དབྱངས་ཀྱི་བླ་མ་བ་སུ་མི་ཏྲ་དབྱིག་གི་གྲོགས་པོས་དབུ་མཛད་དེ་བཀའ་བསྡུ་བཞི་པ་མཛད། བཀའ་བསྡུ་དེའི་སྐབས་སུ་བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་གཏན་ལ་དབབས་ནས། དེའི་སྟེང་དུ་རྣམ་པར་བཤད་པ་ཞེས་བྱ་བ་ལ་ མ་ཧཱ་བྷཱཧ་རྣམ་བཤད་ཆེན་མོ་བྱ་བའང་བརྩམས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་ཤིང་༌། ཀ་ཎི་ཥ་ཀས་སངས་རྒྱས་པའི་རིག་གནས་དང་༌། བཟོའི་སྒྱུ་རྩལ་ལ་ཡང་སྤྲོ་བ་སྤེལ། རང་གི་མཆོད་གནས་སུ་སློབ་དཔོན་རྟ་དབྱངས། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་པཱ་ར་ཤྭ། སློབ་དཔོན་བ་སུ་མི་ཏྲ་ལ་སོགསཔའི་མཁས་པ་རྣམས་ཡོད། ཨཱ་ཡུར་ཝེ་ད་ཚེའི་རིག་བྱེད་སྨན་པ་ ཅ་ར་ཀ་ལ་གྲོགས་བྱས་སོགས། གསལ་བ་ནི། བོད་ཀྱི་ཆོས་འབྱུང་ནང་ཆོས་རྒྱལ་ཀཎིཥ་ཀའི་སྐོར་ཤིན་ཏུ་དཀོན་པས་འདིར་ཅུང་ཟད་བཀོད་དོ།།

ནང་ ༡༥༨༧ ཕྱི་  ༡༠༣༤ ཤིང་ཁྱི། འཁོན་དཀོན་མཆོག་རྒྱལ་པོ་འཁྲུངས།

ནང་ ༡༥༩༦ ཕྱྀ་  ༡༠༤༣ ཤིང་ཕག འབྲོག་མིས་མྱུ་གུ་ལུང་བཏབ།

ནང་ ༡༠༧༣ ཕྱི་  ༡༠༧༣ ཆུ་གླང་༌། འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་བཏབ།

ནང་ ༡༦༥༥ ཕྱི་  ༡༡༠༢ ཆུ་རྟ༌།  འཁོན་དཀོན་མཆོག་རྒྱལ་གཤེགས། བ་རི་ལོ་ཙཱ་བ་ས་སྐྱའི་ཁྲིར་ཕེབས།

ནང་ ༡༦༦༤ ཕྱི་ ༡༡༡༡  ལྕགས་ཡོས། ས་ཆེན་ཀུན་སྙིང་ས་སྐྱའི་ཁྲིར་ཕེབས།

ནང་ ༡༦༩༢ ཕྱི་ ༡༡༤༠ ས་ལུག  ཁ་ཆེ་པཎ་ཆེན་འཁྲུངས། མང་ཐོས་ཀླུ་རྒྱའི་བསྟན་རྩིས།

ནང་ ༡༦༩༥ ཕྱི་ ༡༡༤༢ ཆུ་ཁྱི། ས་ཆེན་ཀུན་སྙིང་གི་སྲས་བསོད་ནམས་རྩེ་མོ་འཁྲུངས།

ནང་ ༡༦༩༨ ཕྱི་ ༡༡༤༥ ཤིང་གླང༌། ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་འཁྲུངས། སུམ་མཁན།

ནང་ ༡༧༠༠ ཕྱི་ ༡༡༤༨ མེ་ཡོས། ས་ཆེན་སྲས་གྲགས་པ་རྒྱལ་མཚན་འཁྲུངས།

ནང་ ༡༧༠༢ ཕྱི་ ༡༡༥༠ ཆུ་རྟ། ཁ་ཆེ་པཎ་ཆེན་འཁྲུངས། སུམ་པ་མཁན་པོས་འདི་ཡོངས་གྲགས་ཞེས་གསུངས།

ནང་ ༡༧༠༩ ཕྱི་ ༡༡༥༩ ས་སྟག  ས་ཆེན་ཀུན་སྙིང་གཤེགས།

ནང་ ༡༧༡༣ ཕྱི་  ༡༡༦༣ཆུ་རྟ།  ཧོར་རྒྱལ་པོ་ཇིང་གི་སི་ཁན་སྐྱེས།

ནང་ ༡༧༣༢ ཕྱི་ ༡༡༩༠ ས་གླང་༌། ཇིང་གི་སི་ཁན་སོག་པོའི་རྒྱལ་པོ་བྱས།

ནང་ ༡༧༣༧ ཕྱི་ ༡༡༩༥ ཤིང་སྟག ཇིང་གི་ཁན་གྱིས་རྒྱ་ནག་ལ་དབང་བསྒྱུར། དེའི་ཕྱི་ལོ་རྒྱ་སེར་དབང་དུ་བསྡུས།

ནང་ ༡༧༠༨ ཕྱི་ ༡༡༧༢ ཤིང་ཡོས། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་འཁྲུངས།

ནང་ ༡༧༠༩ ཕྱི་ ༡༡༧༣ ཆུ་འབྲུག གྲགས་རྒྱན་ས་སྐྱའི་ཁྲིར་ཕེབས།

ནང་ ༡༧༢༥ ཕྱི་ ༡༡༨༢ ཆུ་སྟགས་སྐྱ་པཎྜི་ཏ་ཆེན་པོ། ཡབ་དཔལ་ཆེན་འོད་པོ་དང༌། ཡུམ་ཉི་ཁྲི་ལྕམ་གྱི་སྲས་སུ་འཁྲུངས། སུམ་པ་མཁན་པོའི་ལོ་ཚིགས་ལ་མི་གསལ།

ནང་ ༡༧༢༨ ཕྱི་ ༡༡༨༦ ཤིང་འབྲུགས་སྐྱ་པཎ་ཆེན་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་འཁྲུངས།

ནང་ ༡༧༣༣ ཕྱི་ ༡༡༩༡ ལྕགས་ཁྱི། ཇིང་གིས་ཁན་གྱིས་མན་ཇུ་དབང་དུ་བསྡུས། རྒྱ་གར་ལ་ཏུར་ཀིའི་ཇག་དཔོན་མཧམུད་གོ་རི་དང་རཱ་ཇསྒྱསྣྲན་བར་དམག་ཆེན་འཐབ། མཧ་མུད་གོ་རིས་དགྲ་ཤ་བླངས། འདི་ནས་བཟུང་ཏེ་ཕྱི་ལོ་ ༡༨༥༧ བར་རྒྱ་གར་ཁ་ཆེས་དབང་བསྒྱུར།

ནང་ ༡༧༣༦ ཕྱི་ ༡༡༩༤ མཧ་མུད་གོ་རིས་རྒྱ་གར་བྱང་ཕྱོགས་ལ་དམག་དྲངས། ཡང་རྒྱ་གར་ཡུལ་སྤྱིའི་མཐུན་ཚོགས་ལ་མི་ཞུགས་མཁན། ཀནཽཇའི་རྒྱལ་པོ་ཇ་ཡ་ཙབྷ་དྲལ་དམག་རྒྱབ གོ་རིའི་དམག་གིས་ཝཱ་ར་ཎཱ་སིའི་མཐའ་བསྐོར།

ནང་ ༡༧༣༧ ཕྱི་ ༡༡༩༥ ཇིང་གིས་ཁཱན་གྱིས། རྒྱ་ནག་དབང་དུ་བསྡུས། མཧམུད།གོ་རིའི་དམག་དཔོན་ཚོས་རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་ཁམས་མང་པོ་བཅོམ། འགའ་ཤས་རྒྱལ་བརྒྱུད་རྩ་མེད་བཏང་༌།

ནང་ ༡༧༤༦ ཕྱི་ ༡༢༠༤ ཆུ་ཕག ས་པཎ་གྱི་ཡབ་དཔལ་ཆེན་འོད་པོ་གཤེགས།

ནང་ ༡༧༤༧ ཕྱི་ ༡༢༠༥ ཤིང་བྱི། ཁོ་ཕུ་ལོ་ཙཱ་བས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤིའ་བོད་དུ་སྤྱན་དྲངས། ཇིང་གིས་ཁཱན་གྱིས་ཧོར་ཧུ་རི་ལིཀ་དབང་དུ་བསྡུས།

ནང་ ༡༧༤༩ ཕྱི་ ༡༢༠༧ ཇིང་གིས་ཁཱན་གྱིས་མི་ཉག་མ་གཏོགས་པའི་བོད་ཀུན་ལ་དབང་བསྒྱུར།

ནང་ ༡༧༥༠ ཕྱི་ ༡༢༠༨ མེ་ཡོས། ཁ་ཆེ་པཎ་ཆེན་གྱིས་སོལ་ནག་ཐང་པོ་ཆེ་ལ་བསྟན་རྩིས་མཛད།

དགེ་འདུན་ཆོས་འཕེལ་གྱི་སིང་ག་ལའི་ལོ་རྒྱུས་ནང༌་། ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་བོད་དུ་བྱོན་པའི་ཕྱི་ལོའི་ཤིང་བྱི་དེ། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་འདས་ནས་ལོ་ ༡༧༤༨ སྟོང་དང་བདུན་བརྒྱ་ཞེ་བརྒྱད་པ་ཡིན་ལ། དེ་དུས་ཁང་གིས་སོལ་ནག་ཐང་པོ་ཆེར་འཕྱོངས་རྒྱས་ལ། རྩིས་པ་ན། པཎ་ཆེན་དགུང་ལོ་དྲུག་ཅུ་རེ་གསུམ། སངས་རྒྱས་འདས་ནས་ལོ་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་སོང་ཞེས་ ༡༧༥༠ བཤད་པ་ཡང་༌། སིང་ག་ལ་པའི་ལོ་དེ་དང་རྩིས་ཀྱི་དབང་གིས་ལོ་གཉིས་ཙམ་མ་མཐུན་པ་ལས་གཞན་གཅིག་ཏུ་བབས་པས། ཁོང་གིས་ཀྱང་དོན་ལ་ལོ་ཚིགས་དེ་རང་ལ་བརྟེན་པར་གསལ་ལོ།། ཞེས་གསུངས་ལ།

མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་ཀྱང་༌། མེ་མོ་ཡོས་ལ་སོལ་ནག་ཐང་པོ་ཆེར་ཕེབས། བསྟན་རྩིས་མཛད་པ་ན། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི།། ཚེས་བརྒྱ་ནམ་གུང་མཉམ་པ་ལ།། ཟླ་བ་རི་བོ་ལ་ནུབ་ཚེ།། ཐུབ་དབང་ཡོངས་སུ་མྱ་ངན་འདའ།། དེ་རྗེས་ལོ་ནི་སྟོང་ཕྲག་གཅིག། བདུན་བརྒྱ་དང་ནི་ལྔ་བཅུ་དང༌། ཟླ་བ་གཉིས་དང་ཟླ་བ་ཕྱེད།། དེ་བཞིན་ཉི་མ་སྔ་རབས་འདས།། ཞེས་སོགས་བཤད། ཅེས་བྱུང་༌།

ནང་ ༡༧༥༡ ཕྱི་ ༡༢༠༩ ས་འབྲུག ས་པཎཊི་དགུང་ལོ་ཉེར་བདུན་པ། ཁ་ཆེ་པཎཊི་ཆེན་ནས་བསྙེན་པར་རྫོགས།

རྒྱ་གར་གྱི་མི་ཐི་ལ་རིག་གནས་ཁང་ནས་དཔར་བཏབ་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་ཞིབ་འཇུག་པ་མཁས་པ ཝཻབྱ་ཤྲིའཔར་ཤུ་རཱ་མཤརྨཎ་ནས་ཁ་ཆེ་པཎཊི་ཆེན་ཤཱཀྱ་ཤྲིའས། ས་པཎ་ལ་རྟོགས་བརྗོད་འདི་སྐྱེས་སུ་ཕུལ་ཞེས་བཤད་པ་སྐབས་འདི་དུས་ཨེ་ཡིན། མང་ཀླུའི་བསྟན་རྩིས་སུ། མདོར་ན་ཁ་ཆེ་པཎ་ཆེན་བོད་དུ་ལོ་བཅུ་གཅིག་བཞུགས། སློབ་བུ་མང་དུ་བྱུང་ཡང་ས་སྐྱ་པཎྜི་ཏ་ཁོ་ན་སྲས་ཀྱི་དམ་པར་འཛིན། ཞེས་བྱུང་༌།

ནང་ ༡༧༥༩ ཕྱི་ ༡༢༡༧ མེ་བྱི། རྗེ་བཙུན་གྲགས་པ་རྒྱལ་མཚན་གཤེགས། ས་པཎཊི་དགུང་ལོ་ ༣༦ ཡིན།

ནང ༡༧༥༥ ཕྱི་ ༡༢༡༣ ཁྲོ་ལོས་བྱམས་ཆེན་ཁྲུ་བརྒྱད་ཅུ་པ་བཞེངས། ཁ་ཆེ་པཎཊི་ཆེན་གྱིས་རབ་གནས་མཛད།

ནང་ ༡༧༥༦ ཕྱི་ ༡༢༡༤ ཁ་ཆེ་པཎ་ཆེན་ཀསྨིར་ལ་བྱོན།

ནང་ ༡༧༦༦ ཕྱི་ ༡༢༢༣ ཧོར་ཡུལ་དུ་རྒྱལ་བསྟན་གྱི་དབུ་བརྙེས། ཇིང་གི་ཁཱན་གྱིས་ སར་ཐ་ག་ཆེན་ལ་དབང་བསྒྱུར།

སུམ་པ་མཁན་པོའི་རྒྱལ་རབས་ལོ་ཚིགས་འདི་ནི་མདོ་སྨད་ཆོས་འབྱུང་དུ། ཤོག་ ༣༩༢ ནང་༌། བོད་ཀྱི་རུས་ཆེན་བཞིའི་ནང་ཚན། མདོ་ཁམས་སྤོ་འབོར་སྒང་དུ། ཟི་ན་རྡོ་རྗེ་རྒྱལ་མཚན་གྱི་བུ། ཟི་ན་དགེ་བཤེས་ཤེས་རབ་ཡེ་ཤེས་གཙང་ས་སྐྱ་ལ་སློབ་གཉེར་བྱས། སྒྲོལ་མས་ལུང་བསྟན་ཏེ་དབུས་ནས་དགེ་བཤེས་གསུམ་གདན་དྲངས་ནས་བྱང་དུ་བྱོན། ཇིང་གི་སི་ཁཱན་ཕོ་བྲང་ཤང་ཏོར་མཇལ། དྲི་བ་བྱས་པར་བོད་ནས་འོངས། ཡོན་ཏན་ཅི་ཞེས་དྲིས་པར། ནང་པའི་ཆོས་ཤེས་ཞེས་བཤད་པས། ཡོན་ཏན་ཡོད་ན་ཆར་ཕོབས་ཟེར་བས་ཆར་ཆེན་པོ་ཕབས། ད་ཆར་གཅོད་ཅེས་བཤད་པ་དང་༌། དེ་ཉིད་དུ་བཅད་པས། ཁྱེད་ཅག་གནམ་ལ་དབང་ཐོབ་འདུག་ཅེས་མཐོང་གཟོས་ཆེན་པོ་བྱས། གོ་དན་གྱི་བུ་སེ་ཆེན་གྱིས་འགྲོ་མགོན་ཆོས་འཕགས་བསྙེན་རྫོགས་ཀྱི་ཆེད་དུ་བོད་ལ་ཐེངས་དང་པོ་ཕེབས་དུས་ཞབས་ཕྱི་རྒན་གྲས་སུ་མངགས། རྗེས་སུ་ཁོང་ལ་འགྲོ་མགོན་དང་སེ་ཆེན་མཆོད་ཡོན་གཉིས་ཀས་སྦྱིན་བདག་གང་འདོད་གསུངས་པར། དགོན་སྡེ་མང་པོའི་མིང་བྲིས་ནས་ཕུལ་ཞེས་པ་འདི་ཡིན་ནམ།

ནང་ ༡༧༦༩ ཕྱི་ ༡༢༢༦ ཤིང་བྱ།  ཁ་ཆེ་པཎ་ཆེན་ཁ་ཆེར། སུམ་མཁན། གཤེགས་སམ།

ནང་ ༡༧༧༡ ཕྱི་ ༡༢༢༨ ཆུ་འབྲུགས་པཎ་གྱིས་ཚད་མ་རིག་གཏེར་བརྩམས། མང་ཐོས་ཀླུ་རྒྱས་གསུངས།

ནང་ ༡༧༧༧ ཕྱི་ ༡༢༣༤ ཨོགོཏཡེགྲོངས་ནས། གོ་ཡུག་གིས་རྒྱལ་ས་བཟུང་ནས་ཟླ་བ་དྲུག་ནས་གྲོངས།

ནང་ ༡༧༧༨ ཕྱི་ ༡༢༣༥ གོ་ཡུག་གི་སྤུན་གོ་ཏན་རྒྱལ་སར་འཁོད། འདིས་ས་པཎ་ཧར་ལ་གདན་འདྲེན་ཞུས།

ནང་ ༡༧༧༩ ཕྱི་ ༡༢༣༦ ས་སྐྱ་ཟངས་ཚའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས།

ནང་ ༡༧༨༢ ཕྱི་ ༡༢༣༩ ས་སྐྱ་ཟངས་ཚའི་སྲས་རིན་རྒྱན་དང་ཀུན་རྒྱན་འཁྲུངས། འདི་གཉིས་མཚེ་མ་ཡིན་འདྲ།

ནང་ ༡༧༧༤ ཕྱི་ ༡༢༤༡ ལྕགས་བྱི། ས་པཎ་གྱིས་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་བརྟུལ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ནང་༌། ལྔ་བཅུ་རྩ་དགུ་པའི་ཚེ་འཕགས་པ་ཝ་ཏིའི་དྲི་གཙང་ཁང་དང་འདབས་འབྱོར་དཔལ་གྱི་གནས་སུ། རྒྱ་གར་ལྷོ་ཕྱོགས་ཀྱི་འཕྲོག་བྱེད་དགའ་བོ་ཧརིནནྭལ་སོགས་པའི་ཕས་རྒོལ་བ་དྲུག་ཚར་བཅད་དེ། རྒྱལ་བའི་བསྟན་པ་ལ་བཅུག ས་གནས་འདི་ཕལ་ཆེར་སྐྱིད་རོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་ཡིན་འདྲའོ།།

ནང་ ༡༧༨༧ ཕྱི་ ༡༢༤༤ ཆུ་ཡོས། ཁ་ཆེ་པཎ་ཆེན་དགུང་ལོ་གོ་དགུ་ལ་གཤེགས། མང་ཀླུའི་བསྟན་རྩིས།

ནང་ ༡༧༨༨ ཕྱི་ ༡༢༤༥ ཤིང་འབྲུགཁུ་བོ་ས་པཎ་དང༌།ནུ་བོ་འགྲོ་མགོན་ཆོས་འཕགས་དང༌། གཅུང་ཕྱག་ན་བཅས་ཧོར་ཡུལ་དུ་ཆིབས་ཁ་བསྒྱུར།

ནང་ ༡༧༩༠ ཕྱི་ ༡༢༤༨ མེ་ལུག ས་པཎ་དང་ཧོར་གོ་དན་རྒྱལ་པོའི་ཕོ་བྲང༌། ལིང་ཅུ་ཙེ་ལ་མཇལ་འཕྲད་བྱུང༌།

ནང་ ༡༧༩༢ ཕྱི་ ༡༢༥༠ ས་བྱ། ཧོར་གོ་ཏན་རྒྱལ་པོས་བོད་དབུས་གཙང་ས་སྐྱ་ལ་སྦྱིན་པའི་འཇའ་ས་བོད་ལ་བཏང་༌།

ནང་ ༡༧༩༤ ཕྱི་ ༡༢༥༢ ལྕགས་ཕག ས་པཎ་ཧོར་ཡུལ་ལ་སྐུའི་བཀོད་པ་བསྡུས། གོ་ཏན་ཁཱནཡང་གཤེགས། ནང་ ༡༧༩༦ ཕྱི་ ༡༢༥༤ ཆུ་གླང ས་སྐྱ་ཆོས་འཕགས་ཧོར་གྱི་རྒྱལ་གུབ་ལཡེ་བ་གཉིས་པ་དང་མཆོད་ཡོན་གྱུར། ལོ་འདིར་འགྲོ་མགོན་ཆོས་འཕགས་ཏིའ་ཤྲིའ་མཛད། ཆོས་ཕྱོགས་ཀྱི་གོ་ས་ཡིན་པར་མངོན། འདི་ལ་དེབ་སྔོན་དུ་ས་གླང་ཟེར་ཡང་མང་ཐོས་ཀླུ་སྒྲུབ་པས་ཆུ་གླང་ཡིན་པར་ཐེ་ཚོམ་མེད་ཀྱང༌། ཇི་ལྟར་བདེན་དཔྱད་པར་བྱའོ་གསུངས་པ། སུམ་པ་མཁན་པོས་ཆུ་གླང་དུ་བཤད་པ་དང་རྒྱུ་མཚན་མང་ཙམ་མཐུན། འདི་ནས་ས་སྐྱ་བས་ཁྲི་སྐོར་བཅུ་གསུམ་ལ་དབང་བསྒྱུར། ཁྲི་སྐོར་བཅུ་གསུམ་ནི། ལྷོ་བྱང་གཉིས། ཆུ་ཞལ་གཉིས། ལྷ་ཤངས་གཉིས་ཏེ་གཙང་ལ་དྲུག གཡའ་ཕག་གཉིས། རྒྱལ་ཚལ་གཉིས། འབྲི་སྟག་གཉིས་ཏེ་དབུས་ལ་དྲུག ཡར་འབྲོག་ཁྲི་སྐོར་དང་བཅུ་གསུམ། མང་ཐོས་ཀླུ་རྒྱའི་བསྟན་རྩིས།

ནང་ ༡༨༠༠ ཕྱི་ ༡༢༥༨ ས་སྤྲུལ། འགྲོ་མགོན་ཆོས་འཕགས་དགུང་ལོ་ ༢༢ ལ་རྒྱ་ཧོར་ཡུལ་གྱི་མཚམས་སུ་སྙེ་ཐང་བ་གྲགས་སེང་གིས་མཁན་པོ། ཇོ་གདན་པ་བསོད་རྒྱལ་ལས་སློབ། གསང་སྟོན་ཡར་ཀླུངས་པ་བྱང་རྒྱལ་སོགས་ལས་བསྙེན་པར་རྫོགས། མང་ཀླུའི་བསྟན་རྩིས།

ནང་ ༡༨༠༣ ཕྱི་ ༡༢༦༡ ལྕགས་སྤྲེལ། ཧུབ་ལི་སེ་ཆེན་རྒྱལ་སར་འཁོད། འགྲོ་མགོན་ཆོས་འཕགས་བླ་མར་བཀུར།

སུམ་མཁན་ཆོས་འབྱུང་དུ་ཧུབ་ལི་ཞེས་གསལ་ཡང་༌། རྒྱལ་རབས་ཕལ་ཆེ་བར་གུབ་ལཡེ་ཁཱན་ཞེས་གསལ།

ནང་ ༡༨༠༨ ཕྱི་ ༡༢༦༦ ཤིང་གླང་༌། འགྲོ་མགོན་ཆོས་འཕགས་ ༣༡ བོད་དུ་ཕེབས། ཤོང་སྟོན་གྱིས་སྤེལ་ལེགས་སྙན་ངག་གི་བསྟོད་པ་ཕུལ་ནས་ལོ་ཙཱ་སློབ་པར་ཞུས་པས།[13]  ས་པཎ་གྱི་ཞལ་ཆེམས་ལྟར་སྙན་ངག་མེ་ལོང་མ། དཔག་བསམ་འཁྲི་ཤིང་སོགས་བསྒྱུར་དགོས་ཞེས་གསུངས།

ནང་ ༡༨༡༠ ཕྱི་ ༡༢༦༨ ས་འབྲུགདཔོན་ཆེན་ཤཱཀྱ་བཟང་པོས་ས་སྐྱའི་ལྷ་ཁང་ཆེན་མོའི་གཞི་བཏིངས།

ནང་ ༡༨༡༣ ཕྱི་ ༡༢༧༡ ས་སྦྲུལ། ཧོར་གོང་མའི་སྤྱན་འདྲེན་འབྱོར་ནས་ཆོས་འཕགས་སླར་ཧོར་ཡུལ་དུ་བྱོན།

ནང་ ༡༨༡༤ ཕྱི་ ༡༢༧༢ ལྕགས་རྟ། འགྲོ་མགོན་ཆོས་འཕགས་ཀྱིས་ཧོར་རྒྱལ་བཙུན་མོ་སྲས་བློན་བཅས་པར་གསང་སྔགས་ཀྱི་དབང་ཆེན་ལན་བཞི་པ་གནང་བའི་ཡོན་ལ། བོད་ཆོལ་ཁ་གསུམ་ཕུལ། རྒྱ་ནག་ལ་མི་ཡུར་ཆེན་མོ་བཅད།[14]

ནང་ ༡༧༢༠ ཕྱི་ ༡༢༧༨ མེ་བྱི། འགྲོ་མགོན་སླར་བོད་དུ་བྱོན།

ནང་ ༡༨༢༡ ཕྱི་ ༡༢༧༩ མེ་གླང༌། རྒྱལ་བོ་ཇིན་གྱི་སྦྱིན་བདག་བྱས་ཏེ་འཕགས་པ་ཆུ་མིག་ཆོས་འཁོར་མཛད།

ནང་ ༡༨༢༤ ཕྱི་ ༡༢༨༢ ས་ཡོས། འགྲོ་མགོན་ཆོས་འཕགས་གཤེགས།

མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ནང་འགྲོ་མགོན་གཤེགས་པའི་སྐོར་ལ་གསལ་ཆ་གང་ཡང་མི་འདུག་ཀྱང་༌། པཎ་ཆེན་བསོད་གྲགས་ཀྱི་རྒྱལ་རབས་ནང་འགྲོ་མགོན་དཀྲོངས་པའི་སྐོར་ཕྲན་བུ་ཞིག་འདུག་ཅིང༌་། རྩིས་དཔོན་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་༌། འཕགས་པ་རིན་པོ་ཆེ་གཤེགས་སྐོར་ལས་ས་སྐྱའི་གདུང་རབས་གནང་གསལ་ཆ་དེ་ཙམ་ཞལ་གསལ་མེད་སྟབས། གནའ་བོའི་ངག་རྒྱུན་དང་ཡིག་ཆ་ཁུངས་དག་འགའ་ཤས་ལ་བསྐྱར་ཞིབ་བྱས་པར། འཕགས་པའི་ཉེ་གནས་ཀུན་དགའ་འབུམ་དང་༌། དཔོན་ཆེན་ཀུན་དགའ་བཟང་པོ་ནང་མི་མཐུན་པའི་སྟབས་ཀྱིས་ཀུན་དགའ་འབུམ་གྱིས་བླ་མ་འཕགས་ལ་ཞུ་ལོག་ཕུལ་བས། ཆོས་འཕགས་ཉེ་གནས་ལ་ཐུགས་མ་མཉེས། ཉེ་གནས་ཀྱིས་ཧོར་རྒྱལ་སེ་ཆེན་ལ་ཆོས་འཕགས་ཀྱིས་གནང་བ་ཡིན་ཁུལ་གྱི་ཡི་གེ་བཏངས་པས། ཧོར་རྒྱལ་གྱིས་དཔོན་ཆེན་གྱིས་བླ་མ་ལ་མ་གུས་པ་བྱས་པ་འོས་མེད་ཡིན་ཞེས། སོག་པོའི་དཔོན་ཆེན་ཞིག་འཕྲལ་དུ་བཏང་ནས། སོག་དཔོན་དཔུང་ཆེན་ས་སྐྱར་འབྱོར་ཉེའི་སྐབས། ཀུན་དགའ་འབུམ་རྫུན་འཚང་རྡོལ་དོགས་ཀྱིས་བླ་མ་ལ་དུག་ཕུལ། དེ་ནས་ཁོང་རང་ཡང་དུག་འགམ་ནས་ཤི། སོག་པོའི་དམག་དཔོན་གྱིས་དཔོན་ཆེན་ཉེས་མེད་དེ་བསད། རྗེས་སུ་ཧོར་རྒྱལ་གྱིས་དཔོན་ཆེན་ཀུན་དགའ་བཟང་པོ་ཉེས་མེད་ཡིན་པ་ཤེས་ནས། དམག་དཔོན་དེ་ཡང་ཁྲིམས་ཐོག་ནས་བསད། ཅེས་དང་༌། ཡང་༌། རྩེད་ཐང་པཎ་ཆེན་གྱིས། དེ་ཡང་བླ་མ་རིན་པོ་ཆེ་དང་༌། དཔོན་ཆེན་ཀུན་དགའ་བཟང་པོའི་བར་ཉེ་གནས་ཆེན་མོས་ཕྲ་མ་བཅུག་ནས་བླ་མ་ཡང་མ་དགྱེས། དི་ཁོག་ཏུ་བཞག་ནས་ཉེ་གནས་ཀྱིས་རྒྱལ་པོ་ལ་ཡི་གེ་ཕུལ་བའི་རྐྱེན། བླ་མ་གཤེགས་པའི་ཕྱི་ལོ་ལྕགས་སྤྲུལ་ལོ་ལ་སེ་ཆེན་གྱི་ལུང་གིས་ཧོར་དམག་བོད་དུ་ཤོར་ཏེ། ཉང་སྨད་བྱ་རོག་རྫོང་ཕབ་ནས་དཔོན་ཆེན་བསད།དེ་ཡང་ཁོ་འཆི་ཁར་གོས་དཀར་པོ་དང༌། ཞྭ་ནག་པོ་ཞིག་གྱོན་འདུག་པའི་གཏམ། ཕྱིས་རྒྱལ་པོས་གསན་པ་ན། ཉེས་པ་མེད་པའི་བརྡར་དགོངས་ནས་དམག་དཔོན་རྣམས་ལ་བཀའ་བཀྱོན་ཕེབས་པ་ཡིན་འདུག ཅེས་བྱུང་༌། རྒྱལ་དབང་ལྔ་པས། གོང་དང་འདྲ་བ་ལ། དེའི་སྔོན་མའི་ལོ་ནང་འཕགས་པ་ལྷ་ཁང་བླ་བྲང་དུ་ཞི་བར་གཤེགས། འགའ་ཞིག་གིས་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ལྐོག་ཏུ་དཀྲོངས་ཀྱང་ཟེར། ཞེས་གསུངས། དོན་དུ་ནི། ཀུན་དགའ་འབུམ་གྱིས་དཔོན་ཆེན་ལ་བཀའ་ཉེས་ཤིག་ཡོང་རེ་མ་གཏོགས། བསམ་བློ་གཞན་མ་འཁོར་བ་འདྲ་ཡང་། ཉེ་གནས་ཀུན་དགའ་འབུམ་གྱི་ནོངས་བ་དེ་ནི། ཁྲོན་པའི་སྦལ་བ་ཞིག་གིས་རང་དགྲ་གསོད་དོན་དུ། སྦྲུལ་ཞིག་ཁྲོན་པར་མགྲོན་དུ་བོས་ནས། མཐར་རང་ཉིད་རང་མི་བཅས་སྦྲུལ་གྱི་ཟས་སུ་སོང་བའི་དཔེ་དེ་ཉིད་བྱུང༌་།

ནང་ ༡༨༠༤ ཕྱི་ ༡༢༦༢ ལྕགས་བྱ། ས་སྐྱ་བདག་ཉིད་ཆེན་པོ་བྱམས་པ་དཔལ་འཁྲུངས། ༡༣༢༤ འདས།

ནང་ ༡༨༢༥ ཕྱི་ ༡༢༨༣ ལྕགས་སྦྲུལ། ངྷརྨ་པཱ་ལ་ས་སྐྱའི་ཁྲིར་ཕེབས། ཕག་གྲུའི་ཁྲིར་གྲགས་ཡེ་ཕེབས།

ནང་ ༡༧༢༩ ཕྱི་ ༡༢༨༧ ཤིང་བྱ། འབྲི་གུང་ས་གཙང་སྟོན་དཀྲོངས། བྱ་ཡུལ་དགོན་མེས་བསྲེགས།

དེ་ནས་ས་སྐྱ་དང་འབྲི་གུང་རྩོད་གཞི་ཆེ་རུ་སོང་༌།

ནང་ ༡༨༣༡ ཕྱི་ ༡༢༨༩ མེ་ཕག ས་སྐྱ་ངྷརྨ་པཱ་ལ་གཤེགས། ཤར་པ་འཇམ་དབྱངས་ཁྲིར་ཕེབས།

ནང་ ༡༨༣༤ ཕྱི་ ༡༢༩༢ ལྕགས་སྟག དཔོན་ཆེན་ཨག་ལེན་གྱིས་ཁྲི་སྐོར་ ༡༣ དམག་འཁྲིད་ནས་འབྲི་གུང་གི་གཟིམ་སྤྱིལ་མ་གཏོགས་ཡོངས་རྫོགས་མེས་བསྲེགས། གླིང་ལོག་བྱུང༌།

ཞྭ་སྒབ་པ། འདིའི་རྗེས་ཙམ་ལ་འབྲི་གུང་པས་སྟོད་ཧོར་གྱི་དམར་འབུམ་འཁྲིད་ནས་ས་སྐྱ་བཅོམ་པར་ཡོང་སྐབས། དཔོན་ཆེན་ཨག་ལེན་དཔལ་མོ་དཔལ་ཐང་ལ་ཕྱིན། ས་སྐྱ་པས་སྒྲུབ་པ་མཛད་ནས་སྟོད་ཧོར་ཕམ། དམག་ཁྲི་གསུམ་ཙམ་གངས་རུད་ཀྱིས་མནན་ནས་ཤི། དེ་དུས་ན་གར་ཀོཊ་དང་ཀང་ག་ར་ནས་རི་བརྒྱུད་ཀྱི་གྲོང་གསེས་པ་འཕྲོག་བཅོམ་བྱེད་བཞིན་དུ་ཕྱིན། ཀང་ག་ར་བརྒྱུད་དེ་ཕྱིན་པ་རྒྱ་གར་སྙན་དངགས་མཁན་ བྷདྲིཤཱའི་སྙན་ངག་ཏུ་གསལ། ཧི་མཱལ་ཡ་ནས་ཚུར་བྲོས་དུས། ཡུལ་པས་འཕྲང་དང་གཡང་ས་ལ་སྒུག་ནས་རྡོ་ཆར་རྦབ་རྡོ་དབྲིལ་ནས། མཐར་ཁོའི་དམག་དཔོན་མཱ་ལིཀ་ནེཀཔཡེདང་དཔོན་པོ་གཞན་གཉིས་དམག་མི་བཅུ་མ་གཏོགས་སུ་ཡང་ཕྱིར་ལོག་བྱེད་མ་ཐུབ། སྐབས་དེར། བཱར་ནི་ཞེས་པའི་དཔོན་པོ་ཞིག་དང༌། ཨི་བཱན། ཏ་ཐུ་ཟེར་བ་གཉིས་ཀྱིས་བོད་དང་རྒྱ་གར་གྱི་བར་ལ་ཀ་ར་ཇོལ་ཟེར་བ་དེ་ལེན་རྒྱུའི་བསམ་པ་གཏན་གཏན་འདུག་ཅེས་བྲིས། ཀ་ར་ཇོལ་ ཞེས་པ་ནི་ས་སྐྱ་ཟེར་བའི་སྒྲ་མ་དག་པ་ཞིག་མིན་ནམ་སྙམ། ཞེས་པ་དེའི་སྐོར་ལ། རྒྱ་གར་གྱི་ཌཀཿ རཱཇབལིའ་པཱཎ྄ཌེཡས་ བྲིས་པ་རྒྱ་གར་རྒྱལ་རབས་ངོ་སྤྲོད་ཅེས་པའི་ནང་༌། མོཧམཏཏུགལཀགིཔཕ་གཡཱསུངྷིན་ ཏུགལཀནི་ཀརཽནཱ ཏུར་ཀིཡིན མོཧམད ཏུག་ལཀགིས་ཁོ་རང་གི་པ་ཕ་བངྒལ་ནས་རྡི་ལི་ལ་ཡོང་དུས་ཕེབས་བསུ་ཞུ་དུས་གདེངས་ཆ་ཆེན་པོ་སྒོ་བཞི་ཡོད་པ་བཟོས། པ་ཕ་དང་བུ་གཅིག་ཁ་ལག་བཟའ་དུས་གདེངས་ཆ་རྡིབ་ནས་ཕ་བུ་གཉིས་གྲོངས། དེ་ཏུགལཀགི་ངན་བྱུས་ཡིན་ཟེར། དེ་ནས་ཕ་བསོད་མོཧམདཏུག་ལཀ་ ༡༣༢༥ ལ་རྡི་ལིའི་སེང་གེའི་ཁྲི་ལ་བསྡད། ཁོའི་རང་བཞིན་ནི་གྲུང་པོ། གཤིས་ཀ་རྩུབ་པོ། སུ་ལ་ཡང་མཐུན་ལམ་མེད༌།  ཆབ་འབངས་ལ་མནར་གཅོད་ཆེན་པོ་བྱེད་མཁན། སུས་ཀྱང་གྲོས་སྟོན་ས་མེད་པ། ཡང་རྒྱ་གར་པས་སཏིའ་ཟེར་བ་ཁྱོ་བོ་ཤི་ན་བུད་མེད་མེ་ལ་བསྲེག་པའི་སྲོལ་ངན་དེ་བཀགས། གཞན་རང་གིས་བྱེད་འོས་མ་བྱས་པར་ལོ་ཉིས་བརྒྱའི་ནང་ཡར་རྒྱས་བཏང་པའི་རྡི་ལི་སྟོངས་ནས། ཁྱི་དང་ཞི་མི་ཡང་མེད་པར། གྲོང་ཁྱེར་པ་ཚང་མ་གཞན་ཡུལ་ལ་གྱར་ནས་སྡུག་པོ་ཚད་མེད་མྱོང༌།

མུཧམད ཏུག་ལཀ ནི་འཇིག་རྟེན་ཡོངས་རྫོགས་དབང་རྒྱུའི་རྨི་ལམ་གཏོང་མཁན། ཁོས་རྟག་པར་ཐོག་མར་སྱིཡའི་ས་མཚམས་  ཁུརཱསཱན་ ལ་དབང་བསྒྱུར་དེ་ནས་རྒྱ་ནག་ལ་དབང་བསྒྱུར་རྒྱུའི་གྲ་སྒྲིག་བྱས་ནས། དེ་ནས་ཧི་མཱ་ལ་ཡིའི་ས་མཚམས་ལ་དམག་རྒྱབ་ན་ཡང༌། ཧི་མཱ་ལ་ཡ་ནས་རྒྱལ་ཁ་ལེན་རྒྱུ་ག་ནས་ཡོང༌། ཞེས་གསལ། དེ་དུས་སྟོད་ཧོར་ཞེས་གྲགས་པ་ནི།  ཁོང་ཚོ་སྟོད་ཧོར་ཐོག་མར་ཨ་རབ་དང་ ཏུར་ཀི་སོགས་ཀར་ཀློག་དང་༌།  ཏཱཤཀནྡ་ཕྱོགས་ནས་ཡོང་བའི་རིགས་ཡིན་པའི་རྒྱུ་མཚན་གྱིས་སྟོད་ཧོར་ཟེར་བ་གཏོགས།  སྐབས་འདིར་འབྲི་གུང་པས། ཧོར་རྒྱལ་པོ་ནི་ས་སྐྱའི་ཆོས་སྲིད་གཉིས་ཀའི་རྒྱབ་རྟེན་ཡིན་ཙང་༌། གསང་བ་དམ་པོའི་སྒོ་ནས་རྒྱ་གར་ལ་མོཧམཏ་ཏུག་ལག་ལ་འབྲེལ་བ་བྱས་ཡོད་ངེས། ཏུཀ་ལག་ནི་ཏུར་ཀིའི་རིགས་ཀྱི་སྟོད་ཧོར་ཡིན་ཞིང་༌། དེ་དུས་ལ་དྭགས་ལ་འབྲི་གུང་བཀའ་བརྒྱུད་དར་སྐབས་ཡིན་པས། འབྲི་གུང་པས་ལ་དྭགས་ནས་ཀསྨིར་བརྒྱུད། ངྷི་ལི་ལ་སྟོད་ཧོར་གྱི་རིགས་མོཧམདཏུཀ་ལག་ལ་དམག་གྲོགས་བཅོལ་བ་ལ། བོད་པ་རྣམས་ནས་སྟོད་ཧོར་བོད་ཀྱི་ནུབ་ཕྱོགས་ཀྱི་སྟོད་ཧོར་དང་འཁྲུལ་པ་འདྲའོ།།

ནང་ ༡༨༣༧ ཕྱི་ ༡༢༩༥ ཆུ་སྤྲུལ། ཧོར་རྒྱལ་སེ་ཆེན་མན་གུབ་ལཡེཁཱན་གྲོངས།

ནང་ ༡༨༣༨ ཕྱི་ ༡༢༩༦ ཤིང་རྟ། སེ་ཆེན་གྱི་ཚ་བོ་ཨོལ་ཅཡེ་ཐུ་རྒྱ་སོག་རྒྱལ་ཁྲིར་འཁོད།

ནང་ ༡༨༤༨ ཕྱི་ ༡༣༠༧ མེ་རྟ། ས་སྐྱའི་ཁྲིར་བཟང་པོ་དཔལ་ཕེབས། འདི་ལ་སྲས་དགུ་ཡོད་པར་གསུངས།

ནང་ ༡༨༥༢ ཕྱི་ ༡༣༡༡ ལྕགས་ཁྱི། བཟང་དཔལ་གྱིས་སྲས་ཏི་ཤྲིའ་ཀུན་རྒྱན་དང༌། འཇམ་དབྱངས་དོན་རྒྱན།

ནང་ ༡༨༥༤ ཕྱི་ ༡༣༡༣ ཆུ་བྱི། བཟང་དཔལ་གྱི་སྲས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་འཁྲུངས།

ནང་ ༡༨༥༦ ཕྱི་ ༡༣༡༥ ཤིང་སྟག བཟང་དཔལ་གྱི་སྲས་བླ་མ་ཀུན་སྤངས་པ་བསོད་རྒྱལ་འཁྲུངས།

འདི་སུམ་པ་མཁན་པོ་དང་རྩིས་དཔོན་ཞྭ་སྒབ་སོགས་ཀྱིས་བླ་མ་བསོད་ནམས་བློ་གྲོས་དང་ནོར་འདུག ཏཱཝནཏིཤྲིའ་ཧོར་རྒྱལ་པོའི་དབུ་བླའི་གདུང་རབས་སུ། རབ་བྱུང་བཞི་པའི་༡༢༦༡ ལྕགས་སྤྲེལ་ནས། ༡༣༠༠ མེ་བྱི་ལོའི་བར་ལོ་ ༢༠ འགྲོ་མགོན་ཆོས་རྒྱལ་འཕགས་པ་ ཞེས་པ་ནས།  ས་ཁྱི་ལོའི་བར་ཀུན་དགའ་རྒྱལ་མཚན། དེ་ནས་ཆུ་སྟག་ར་བླ་ཆེན་བསོད་ནམས་བློ་གྲོས། དེ་ནས་ནམ་མཁའ་དཔལ་བཟང་གི་བར་དུ་རིམ་བཞིན་བྱོན། ཏཱ་ཝེན་བློ་གྲོས་རྒྱལ་མཚན་ལོ་གསུམ་གྱི་རྗེས་ལ། ༡༣༥༨ ལོར་ཕག་གྲུ་ཏའི་སི་ཏུ་བྱང་རྒྱན་གྱིས་ལས་ཕབ་ཅེས་བཤད་དོ།།

བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི། བཟང་པོ་དཔལ་གྱི་སྲས་དགུའི་གྲས། ཕྱི་ལོ་ ༡༣༡༢ ལ་བལྟམས།  ལོ་གསུམ་པ་ལ་བཟང་པོ་ནས་འཇམ་དབྱངས་ཀྱི་ལུང་ནོད་ནས་ཐོགས་མེད་ཀྱི་སྤོབས་པ་བརྙེས། དཔང་ལོ་སོགས་ཡོངས་འཛིན་མང་དུ་བསྟེན། བཀའ་འབུམ་པོད་ཉེར་ལྔ།། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ནས། ས་ཆེན་གོང་མའི་བཀའ་བསྡུ་མཛད། དགུང་ལོ་རེ་བཞི་ཟླ་བ་དྲུག་པའི་ཉེར་ལྔ་ལ་དག་ཞིང་དུ་གཤེགས་སོ།། ཞེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་གསུངས་སོ།།

ནང་ ༡༨༦༣ ཕྱི་ ༡༣༢༢ ལྕགས་བྱ། ཧོར་རྒྱལ་པོ་ཡཧྨུའི་བུ་ གེ་གེཧཱན་རྒྱལ་སར་བསྡད།

ནང་ ༡༨༦༥ ཕྱི་ ༡༣༢༤ ཆུ་ཕག གེ་གེ་ཧཱན་གྲོངས་ནས་དེའི་ཕྱི་ལོ་ཤིང་བྱི་ལ་ཧོར་རྒྱལ་སེ་ཆེན་གྱི་བུ་ཆིང་གི་སིའི་བུ། ཀ་མ་ལའི་བུ་ཡེ་སུན་ཐེ་མུར་རྒྱལ་སར་འཁོད།

ནང་ ༡༨༧༣ ཕྱི་ ༡༣༣༣ ཆུ་སྤྲེལ། ས་སྐྱ་ཏི་ཤྲིའ་ཀུན་རྒྱན་སྲས་ཏའི་དབེན་ཆོས་རྒྱན་དང་ཏའི་དབེན་བློ་རྒྱན་འཁྲུངས། བཟང་དཔལ་གྱི་སྲས་གཉིས་དང་འདི་གཉིས་མཚེ་མ་ཡིན་ནམ།

ནང་ ༡༨༤༣ ཕྱི་ ༡༣༤༤ ཆུ་ལུག ས་སྐྱར་ནམ་ལེགས་པ་འདས་ནས་ཀུན་སྤངས་པ་བསོད་ནམས་རྒྱལ་མཚན་ཁྲིར་ཕེབས། བློ་གྲོས་རྒྱལ་མཚན་ཡིན་འདྲ།

ནང་ ༡༨༨༤ ཕྱི་ ༡༣༥༤ ཆུ་སྤྲུལ། བླ་མ་བློ་གྲོས་རྒྱལ་མཚན་པ་གོང་དཀར་ལ་ཕེབས།

དཔོན་ཆེན་རྒྱལ་པ་བཟང་པོས་ཏའི་སི་ཏུ་བྱང་ཆུབ་དང་ས་སྐྱ་དང་ཕག་གྲུའི་འཁོན་སེལ་ཐབས་བྱས། དེ་ནས་དཔོན་ཆེན་རྒྱལ་བཟང་ས་སྐྱར་འབྱོར་པ་དང་ནང་ཆེན་དབང་བརྩོན་གྱིས་འཇུས་ནས་བཙོན་ལ་བཅུག དབང་བརྩོན་པས་ཕག་གྲུར་དམག་དྲངས་ཀྱང་ཕམ་ཉེས་ཆེན་པོ་བྱུང་༌། དེ་ནས་ལོ་ཤས་རྗེས་ལ་ཀུན་སྤངས་པ་བློ་གྲོས་རྒྱལ་མཚན་གྱིས་བཀྲོངས་པའི་སྐོར་ལ། ས་སྐྱའི་དབང་བརྩོན་དང་ནང་ཆེན་ནམ་མཁའ་བརྟན་པ་ནང་འཁྲུགས་བྱུང༌། དཔོན་ཆེན་རྒྱལ་བཟང་ལ་དུག་སྟེར་ཏེ་བསད་ཟེར། དེ་ནས་ཕག་གྲུའི་དམག་ཆེན་ས་སྐྱར་འབྱོར་ཀྱང་དམག་མ་དགོས་པར། བྱང་རྒྱལ་གྱིས་ས་སྐྱའི་ཏི་ཤྲིའ་ཀུན་རྒྱལ་གྱི་སྲས་བློ་རྒྱན་ཁྲི་ནས་ཕབ།

ནང་ ༡༨༩༦ ཕྱི་ ༡༣༣༥ ས་གླང༌། ཏའི་སི་ཏུ་བྱང་རྒྱལ་གྱིས་དབུས་ཕལ་ཆེར་ལ་དབང་༌།

ནང་ ༡༨༩༩ ཕྱི་ ༡༣༥༨ མེ་བྱ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་ཏོ།།

འདི་ཡན་ཆད་དུ་ཀུན་མཁྱེན་ས་པཎ་གྱིས་རིག་གནས་བཅུའི་སྲོལ་བཏོད་དེ་བོད་གངས་ཅན་ལྗོངས་སུ་ནང་པ་སངས་རྒྱས་པའི་རིག་པའི་གནས་ཀྱི་ཆ་ཤས་མ་ཚང་བ་མེད་པ་ཡོངས་སུ་རྫོགས་པར་མཛད་པའི་ཚུལ་སླར་ཟློས་ཏེ། དེ་སྐབས་ནས་བཟུང་ལོ་པཎ་རིམ་བྱོན་གྱིས་མཛད་ཚུལ་གལ་ཆེ་ཞིང་ངོ་མཚར་བའི་རིགས་དེང་དུས་ལྐོག་གྱུར་དུ་འགྱུར་ཉེ་བའི་རིགས་འགའ་ཤས་བཀོད། དེའི་ཐོག་ཏུ། ནང་པའི་བསྟན་རྩིས་ཀྱི་ལོ་དང་༌། ཡེ་ཤུ་པའི་འདས་ལོ་གུང་བསྒྲིག་ནས། སྐབས་དེར་རྒྱ་གར་ལ་སྟོད་ཧོར་གྱིས་དབང་བསྒྱུར་ཚུལ་ཅུང་ཟད་གསལ་ཁ་བཏོད་པ་ནི། ལོ་ཆེན་རིན་ཆེན་བཟང་པོ་སོགས་དང་༌། མངའ་རིས་ཀྱི་ཆོས་རྒྱལ་མང་པོས་བསྟན་པའི་མེ་རོ་གསོ་སྐབས་སུ། ལོ་པཎ་མང་ཆེ་བས་ཀསྨི་དང་༌། མངའ་རིས་ཀྱི་ཕྱོགས་སུ་བསྟན་པའི་བྱ་བ་མཛད་ལ། ལྷ་བླ་མ་ཡེ་ཤེས་འོད་དང་བླ་བཙུན་བྱང་ཆུབ་འོད་ཀྱིས་མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་སྐབས། རྒྱ་གར་ཡུལ་དབུས་ལ་འབྲེལ་བ་ཅུང་ཟད་བྱུང་ཡང་༌། དེ་དུས་སྟོད་ཧོར་ཀར་ཀློག་གི་དབང་ཤུགས་ཆེར་སོང་སྟེ། ཇོ་བོ་རྗེ་རྒྱ་གར་ནས་འོངས་པའི་བཙུན་པ་ཞིག་ལ། དེང་དུས་ཀྱི་གཏམ་གསར་པ་ཅི་ཡོད་ཀྱི་དྲི་བ་མཛད་པར། དེས་ནང་པའི་དགེ་བསྙེན་ཞིག་གིས་སྐྱབས་འགྲོ་མ་བཏང་པས་ཕྱི་རོལ་བའི་རྒྱལ་པོས་བསད་ཅེས་པའང་ སྟོད་ཧོར་པས་ཧིན་དུ་དང་ནང་པ་མང་པོ་ཨི་ས་ལམ་གྱི་ཆོས་ལ་བཙན་སྒྱུར་བྱེད་པའི་མགོ་བརྩམས་དུས་ཡིན། དེ་རྐྱེན་གྱིས་རྒྱ་གར་གྱི་མཁས་པ་མང་པོ་འཕགས་བོད་ས་མཚམས་སུ་ཕེབས། ས་སྐྱའི་དུས་ཚུགས་ཙམ་ནས་བོད་ནས་བལ་ཡུལ་དུ་ཆེ་བ་བྱུང་བས། བོད་ཡིག་ཏུ་བྲིས་པའི་སཾ་ཀྲྀ་ཏ་ལ་ཙ་ཚ་ཛ་ཡོད་པ་འདི་ལ་བལ་པོ་པཎྜི་ཏའི་བརྗོད་ཚུལ་གྱི་ལྷད་འདྲེས་པ་ཡིན་ཞིང་༌།  སཾ་ཀྲྀཏའི་གསལ་བྱེད་ལ་ཅ་ཆ་ཇ་ལས་མེད་དོ།།  ས་སྐྱའི་དུས་རབས་ཀྱི་རྗེས་ནས་འཕགས་བོད་ཀྱི་རིག་གནས་ཀྱི་འབྲེལ་པ་ཆད་ཅིང་ དུས་དེ་ཙམ་གྱི་རྗེས་སུ་བོད་ཀྱི་མཁས་པ་རྣམས་བཀའ་ཕྱག་དང་༌། གཞུང་ཆེན་དང༌་། རྟོག་གེའི་རྩོད་རིགས་དང་སྒོམ་སྒྲུབ་གཙོ་བོར་མཛད་དེ། འཕགས་བོད་མཁས་པའི་ལོ་རྒྱུས་གཏམ་རྒྱུད་ཙམ་བརྩིས། ཡང་ཕྱོགས་གཞན་ཞིག་ནས་མངོན་ཤེས་དང་རྫུ་འཕྲུལ་གྱི་གཏམ་ལ་ཡིད་ཆེས་དང་དད་པ་ཆེན་པོས། བླ་མའི་རྣམ་ཐར་ནང་དངོས་རྫུན་ཅི་རིགས་པ་བསྲེས་ནས་ཆོས་འབྱུང་ནང་ལོ་རྒྱུས་བདེན་རྫུན་ཚང་མ་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སོང་ཞིང་༌། དེ་ཐོག་བསྟན་རྩིས་དང་ལོ་ཚིགས་ལ། རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག་སོགས་ལ་ཕོ་མོ་དང་༌། འབྱུང་བ་མེ་དང་ས་དང་ལྕགས་ཆུ་དང་ཤིང་གི་ཁམས་བཀོད་ནས། ལོ་སྐོར་དྲུག་ཅུ་རེ་ལ་རབ་བྱུང་རེའི་ཐ་སྙད་བྱས་ཏེ་རྩིས་པས་བསྟན་རྩིས་ལ་འགོ་རྙོག་བྱུང་སྟེ། ཁ་ཆེ་པཎ་ཆེན་གྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བསྟན་རྩིས་མཛད་པ་ལ་ཡིད་ཆེས་ལ། དེ་དང་ལོ་རེ་གཉིས་ཀྱིས་ཁྱད་ཞུགས་པ་གནས་བརྟན་སྡེ་པའི་བསྟན་རྩིས་ཁུངས་ལྡན་ཡོད་པ་ནི། མཁས་པ་དགེ་འདུན་ཆོས་འཕེལ་གྱི་དུས་སུ་གཞི་ནས་ཤེས་ཀྱང་ཡིད་མ་ཆེས།  མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་དང༌་། སུམ་པ་མཁན་པོ་ཡེ་དཔལ་གྱི་ལོ་ཚིགས་ལྟར་ན། གནས་བརྟན་པའི་ནང་ལོ་ ༡༢༠༨ ཕྱི་ལོ་ ༡༧༥༠ རབ་བྱུང་བཞི་པའི་མེ་ཡོས་ལ་ཁ་ཆེ་པཎ་ཆེན་གྱིས་སོལ་ནག་ཐང་པོ་ཆེ་ལ་བསྟན་རྩིས་མཛད་དུས། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་བཅུ་ཡིན་པར་གསུངས་ན། ཕྱི་ལོ་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་སྟོང་བདུན་བརྒྱ་ལྔ་བཅུ་ཡིན་དགོས་པས། དེ་འདྲའི་རྩིས་རྙོག་མི་དགོས་པར། ཁ་ཆེ་པཎ་ཆེན་དང་༌། གནས་བརྟན་སྡེ་པ་གཉིས་ཀའི་མཁན་རིམ་མ་སངྒ་རཱ་ཇའི་བརྒྱུད་རབས་ མཧཱཝཾ་ཤ་ལ་ཡིད་བརྟན་བཅོལ་ན་ལེགས་པར་སེམས་སོ།།

 

ལུང་སྦྱོར་མཆན་འགྲེལ་གལ་ཆེན་ཁག

 

[1] འདིར་མིང་གི་ཚོགས་མཐའ་ཡས་པ་གསུངས་པ། འདི་ནི་སྙིང་ལ་བཅང་དགོས་པ་ཞིག་སྟེ། བར་སྐབས་མི་རབས་ཁ་ཤས་ནས། མངོན་བརྗོད་ཅེས་པ་སྙན་ངག་གི་རྩོམ་པའི་སྐབས་སུ་དངོས་མིང་མ་ཡིན་པའི་མིང་གི་རྣམ་གྲངས་མཛེས་བྱེད་དེ་ཙམ་ལ་གོ་བར་ཟད་ལ། འདིར་ནི། བརྡ་གསར་རྙིང་གི་བྱེ་བྲག་ཐམས་ཅད་ལེགས་པར་ཕྱེ་ཞིང་གསུངས་པ་ཤིན་ཏུ་ལེགས་ཏེ། བོད་ཀྱི་སྙན་ངག་ནི་ཕལ་མོ་ཆེས་གོ་དཀའ་བའི་སྐྱོན་ནི། རྩོམ་པའི་ཚིག་ལ་སྐབས་སུ་མ་བབ་པའི་མིང་གི་རྣམ་གྲངས་སྐབས་གང་འཁེལ་ལ་སྦྱར་ཞིང་༌། ཕལ་ཆེ་བ་ནི་སྙན་ཆ་དང་མཁས་ཉམས་སྟོན་ཆེད་དུ་བྱས་ཏེ། སྐབས་མང་པོ་ཞིག་ཏུ་ནི། འབྲོག་དཔོན་གྱི་དཔོན་ཆས་ལྟར། གོས་ཟ་འོག་འབྲུག་རིས་ཅན་ལ་ལྷམ་རྩིད་པའི་སྤུ་ཟིང་ངེ་བ་དང༌་། གཡག་གི་སྣ་གཅུ་རྒྱན་དུ་བྱས་པ་ལྟར་སོང་བའང་ཡོད་དོ།།

[2] མཁས་འཇུག་ཏུ། གཟུགས་ཀྱི་ཉི་མ་ལ་གཟུགས་ཀྱི་སྙེ་མ་ཞེས་པ་དེ་ཉིད་དག་པར་སེམས་ཏེ། འདི་ནི་ནག་མོའི་ཁོལ་གྱིས་མཛད་པ་ཤཀུནཏ་ལཱའི་ཟློས་གར་ཡིན་ངེས་སུ་འདུག་པ་ནི། གཏམ་རྒྱུད་ནི་གཅིག་པ་དང༌། དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་ཅིག་དང་སྦྱར་ནས་བྱ་ལེན་མ་ཞེས་བསྒྱུར་མཛད་ཀྱང༌། ཤཀུན་དགེ་མཚན་ལའང་འཇུག་པས། འདི་ནི་རྒྱ་གར་ལ་བྷཱརཏ་ཞེས་མིང་ཐོགས་པའི་རྒྱལ་བོ་དེའི་ཨ་མ་ཡིན་པས། དགེ་མཚན་གཞི་མ་ཨེ་ཡིན་སྙམ།

[3] འདིར་གཞུང་ལུགས་ལེགས་བཤད་ཅེས་པ་ནི། ས་སྐྱ་ལེགས་བཤད་ཅེས་ཡོངས་སུ་གྲགས་པ་དེ་ཉིད་ལས། རིགས་པས་དཔྱད་ན་ཆོསལུགས་མི་འགལ་ཞིང༌། ཞེས་ཆོས་ངྷརྨ་དང༌། ནིའ་ཏི། ཁྲིམ་དང་ སྤྱོད་ལམ་དང༌། རིགས་མི་རིགས་ཞེས་པའི་རིགས་པ་ལ་འཇུག འདིའི་དཔེ་སྦྱོར་ཚུལ་གྱི་དཔེའི་གཏམ་རྒྱུད་མང་པོ་ནི། འཕགས་ཡུལ་གྱི་པཉཅཏཾཏྲའམ། རྒྱུད་ལྔ་པའི་སྒྲུང་གཏམ་ནས་འཇིག་རྟེན་པའི་དོན་དུ་མཛད་ལ། ཐུབ་དགོངས་རབ་གསལ་ནི། ས་པཎ་གྱིས་ཆེན་པོ་ཧོར་གྱི་ཡུལ་ནས་དམ་པའི་ཆོས་ཀྱི་སྐྱེས་དང༌། ཆོས་པ་རྣམས་ཀྱིས་བསྟན་པ་ལ་གཅེས་པར་འཛིན་དགོས་པར་བསྐུལ་བ་ཡིན་ཞེས་ཡོངས་སུ་གྲགས་སོ།།

[4] ལོ་རྒྱུས་འདི་དངོས་བྱུང་ཡིན་ནམ་སྙམ་པ་ནི། བོད་རང་སྐྱོང་ལྗོངས་ནས་འགྲོ་མགོན་འཕགས་པའི་མཛད་རྣམ་ཞལ་ཐང་འཕྲུལ་དཔར་བརྒྱབ་པ། མཛད་པ་ཁག་ཚོན་སྔོན་གྱི་སྟེང་དུ་གསེར་རིས་ཀྱིས་བྲིས་པའི་ངོས་ལ། གོང་དུ་བཤད་པའི་ཁྲོ་བོ་མཚོན་ཆ་ཐོགས་པ་མང་པོས་དགྲ་གེགས་འཇོམས་བཞིན་པ་ཁག་གཉིས་ཙམ་འདུག་པས། དེ་གྲས་ཤིག་ཨེ་ཡིན།

[5] ལང་གྲུའམ། ལང་ཇུ་དང་༌། ལང་ཆུ་བྲིས་པའང་འདུག་ཅིང་༌། རྡ་ས་ཕྱི་དྲིལ་ལས་ཁུངས་ནས་ཕྱོགས་སྒྲིག་ཧོར་བོད་འབྲེལ་བའི་དཔྱད་གཏམ་རེའུ་མིག་ཏུ། ས་ཆ་འདི་ཨ་མདོ་བྱང་ཕྱོགས་དཔའ་རིས་ས་ཁུལ་ཡིན་ཞེས་གསལ། ཧོར་རྒྱལ་པོ་གོ་ཏན་གྱིས་ས་པཎཊི་འདིར་གདན་དྲངས་པ་ཡོངས་གྲགས་ཡིན།

[6] རྒྱའི་བཙུན་པ་འདིའི་མཚན་ལ་ཧུཡེནཙང་བྲིས་མང་ཞིང༌། སུམ་པ་མཁན་པོ་ཡེ་དཔལ་གྱི་རྒྱལ་ཧོར་ཆོས་འབྱུང་དུ། བཙུན་པ་ཐང་སེན་ཞེས་གསལ། རྒྱ་མི་ཕལ་པའི་གཏམ་རྒྱུད་དུ། སྤྲེལ་རྩལ་ཆེན་ཞིག་ཀྱང་ཐང་སེན་གྱི་ལམ་གྲོགས་སུ་ཡོད་པའི་ལོ་རྒྱུས་ལྟད་མོ་ཆེན་པོ་ཞིག་ཡོད།

[7] ཨུ་རྒྱན་དང་ཨོ་རྒྱན་འབྲི་ཚུལ་མི་འདྲ་བ་མང་བ་ཙམ་ལས། དོན་དུ་ནི་ཨུ་རྒྱན་ནི།ཨུཇཇཡེན། རྒྱ་གར་ནུབ་ཕྱོགས་སུ་ཡོད་ལ། ནག་མོའི་ཁོལ་གྱི་མེ་གྷན་དཱུཏ་སྤྲིན་གྱི་ཕོ་ཉའི་ནང་ཨུཇཇཡེན་ཡུལ་གྱི་འདོད་ཡོན་དང༌། མཛེས་མའི་བསྔགས་པ་ཤིན་ཏུ་མང་ལ། རྒྱ་གར་གྱི་མཁས་པ་མང་པོས། ཨུཇཇཻན་ནི། བིཀྲམདཱིཏྱ་རྣམ་གནོན་གུཔྟའི་རྒྱལ་ས་མཱ་ལ་ཝཱ་ཡིན་ཞེས་བཤད། མཁས་པ་ཁང་དཀར་ཚུལ་ཁྲིམས་ཀྱི་དེབ་ལྗང་དུ།དེ་དེང་སང་པཱཀིསྟན་ལ་སཝཏ་ར་འབོད་པ་དེ་ཡིན་ཞེས་དང་༌། ཨོཌིཡན་ནི་ ཨོ་རི་ས་ཡིན་པས། མཁས་པ་བྷཅྤཱཅབྱབྱཨོ་ཌི་ཡ་ན་ ཨུཇཇཻནཟུར་ཆག་ཏུ་སེམས་ཀྱང་༌། ཨོ་ཌི་ཝིཤྭ་བས་མཐའི་ནགས་ཁྲོད་དུ།། གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་པ།། གསུངས་པ་ལས་ཡུལ་དེར་བདེ་མཆོག་རྒྱུད་དར་བ་ལས་ཀྱང་ཤེས་སོ།།

[8] འདི་བསྙེན་རྫོགས་ཀྱི་སྐབས་ཡིན་པ་ནི། མང་ཐོས་ཀླུ་རྒྱའི་བསྟན་རྩིས་སུ། ལོ་དགུ་ནས་ཉེར་གཉིས་བར་ཚངས་སྤྱོད་དགེ་བསྙེན་མཛད། ཉེར་གསུམ་པ་ལ་མཁན་པོ་སུ་ཁ་ཤྲིའ་བྷདྲ་བདེ་བ་དཔལ་བཟང་པོ་ལས་རབ་ཏུ་བྱུང༌། ཉེར་དགུའི་བར་ཁ་ཆེ་ལ་བཞུགས། སུམ་ཅུ་བ་ལ་ཡུལ་དབུས་མ་གྷ་ངྷར་བྱོན། མཁན་པོ་ཤ༅ྣཀར་གུཔྟ་སྟེ། ཞི་བའི་འབྱུང་གནས་སྤས་པ་དང་༌། དཤབྷལ་དང་༌། གསང་སྟོན་ངྷ་བར་ཀ་སོགས་བཅོ་བརྒྱད་ལས་བསྙེན་པར་རྫོགས། ཞེས་གསུངས་པ་འདི་འཐད་པར་སྣང་ཏེ། ཐུབ་པ་བྱང་ཆུབ་ཆེན་པོ་ནི། མ་ག་ངྷའི་ཡུལ་རྡོ་རྗེ་གདན་གྱི་རྟེན་གཙོར་ཡང་གྲགས་སོ།།

[9] སློབ་དཔོན་འདི་ལ་ཁ་ཆེ་བསོད་སྙོམས་པ་ཞེས་བྱུང་ལ། དགེ་འདུན་ཆོས་འཕེལ་ནས་སང་ག་ལའི་ལམ་ཡིག་ཏུ།བསྟན་རྩིས་ཀྱི་སྐོར་ལ། ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོས་ཆེད་དུ་གསུངས་པ་ནི། རྒྱུ་མཚན་འདི་འདྲ་དང་ལྡན་དང་ལྡན་པའི་བསྔགས་པ་ཕུལ་བྱུང་དུ་འདུག་གོ།

[10] དུག་མ། འདི་མོན་པས་དུག་ལྷ་གསོལ་ནས་གཞན་ལ་དུག་སྟེར་ན། སྟེར་ཡུལ་དེའི་བསོད་ནམས་རང་ལ་འོངས་པའི་རྨོངས་དད་པའི་དོན་ཡིན་ནམ་དུག་སྤྲུལ་ཡིན་དཔྱད། པེ་ཉོ་མ་ནི་ པེ་པ་ཟེར་བ་མི་དང་རྟའི་ཁྲག་འཇིབ་པའི་འབུ་ཞིག གྲོ་མོ་དང་འབྲས་ལྗོངས་སོགས་སུ་ཤིན་ཏུ་མང་༌།

[11] ཏེ་ཏེ་བརྡུང་པ་ནི། ཏེ་ཏེ་ནི་རྟིང་ཀའམ་རྐང་མཐིལ་ཡིན་འདྲ་ཞིང༌། ཐུགས་དགྱེས་ནས་ཡར་བཞེངས་ནས་འཁྲབ་པས།ཆུ་འབྲུམ་ནི་ཆུར་སྒང་ཞེས། བརྡར་བ་དང་མེ་དང་སྣུམ་གྱིས་ཚིག་ནས་ཆུ་འབུར་ཐོན་པ། གན་ཌནི། འབུར་ལ་ཐོན་པ་ཨེ་ཡིན། བ་ཟུག་ནི་ཡིག་ནོར་ ཡི་གེ་བའི་གཟུགས་ཡིན་ནམ། རྣལ་འབྱོར་སྐྱིད་ཀྱི་མིང་པོ་ནི། ཁྲོ་ཕུ་ལོ་ཙཱ་བས་པཎ་ཆེན་གདན་ཞུའི་སྐུ་ཚབ་ཨེ་ཡིན།

[12] དགའ་ལྡན་དང་ཉེ་བའི་རྒྱ་མ་རིན་ཆེན་སྒང་༌། དཔའ་བོ་གཙུག་ཕྲེང་གི་བཀའ་གདམས་སམ་ཇོ་བོའི་བཀའ་བརྒྱུད་ལས། འདི་སྒྱེར་སྒོམ་པ་ཆེན་པོས་རྒྱ་མའི་མཆོད་ཁང་རྙིང་པ་དང་རིན་ཆེན་སྒང་བཏབ། འདི་སྣེ་ཟུར་བ་དང་བྱ་ཡུལ་བ་ཐུན་མོང་གི་སློབ་མ་ཡིན། མཚན་གཞོན་ནུ་གྲགས་པ། ལྕགས་རྟ་ལ་འཁྲུངས་ནས་གྱ་གཉིས་པ་ལྕགས་བྱ་ལ་ཐེགས། དེའི་གཅུང་བོ་བུ་མོ་སྟག་གི་སྲས་སངས་རྒྱས་ནི་དབོན་སྟོན་གཞོན་ནུ་སངས་རྒྱས་ནི་ས་རྟ་ལ་འཁྲུངས། བྱ་ཡུལ་བ་ཆེན་པོའི་སྐྱེས་བར་གྲགས། མ་འོངས་པའི་སངས་རྒྱས་སྐལ་ལྡན་ཤིང་རྟར་སིང་གྷ་གླིང་གི་དགྲ་བཅོམ་པས་ལུང་བསྟན། རྒྱ་མའི་ལྷ་ཁང་ཆེན་མོ་བཞེངས། དོན་གསུམ་པ་ལྕགས་ཕོ་རྟ་ལ་པཎཊི་ཆེན་ས་སྐྱར་དབྱར་གནས་པའི་ལོ་བདུན་མའི་ཞལ་བསྐོས་མཛད་པ་འཁོར་ཚོས་མ་ཉན་པས། ངའི་སྐྱ་མ་དེ་རིང་ནས་ཙིན་བསྡུས་ཆོག་གསུངས་འཕོ་བ་མཛད་ནས་གཤེགས། ཞེས་བྱུང་༌།

[13] རྒྱལ་མཆོག་ལྔ་པས་ཀྱང་རང་རྣམ་དུ། བོད་དཔར་དེབ་གཟུགས་པོད་དང་པོ། ཤོག་གྲངས་ ༦༨༤ ནང༌། འཇམ་དབྱངས་ས་སྐྱ་པཎྜི་ཏ་ས་ཞལ་ཆེམས་སུ་བཞག་པ་ལྟར་ཆོས་ཀྱི་རྒྱལ་པོ་འཕགས་པའི་བདག་རྐྱེན་ལ་བརྟེན་ཤོང་ལོས་བསྒྱུར་བ་ནས་བཟུང་༌། འཇིག་རྟེན་མིག་གཅིག་པུ་རིམ་པར་བྱོན་པ་རྣམས་ཀྱིས་ཐུགས་གཙིགས་སུ་མཛད་པ་དེང་སང་རྡུལ་དང་མུན་པས་བསྒྲིབས་པ་མ་བཟོད་པས། རྟོགས་བརྗོད་རིན་པོ་ཆེ་སྐད་ཤན་སྦྱར་པར་དུ་བརྐོ་བའི་སྟ་གོན་གྱིས་དཔེ་རྙིང་ཁུངས་བཙུན་མང་པོ་གོ་བསྡུར། རྒྱ་སྐད་མ་ཚང་བ་དང་སཾསྐྲྀ་ཏའི་སྐད་ཡོད་པ་ལ་བོད་སྐད་དུ་མ་བསྒྱུར་བ་ཐོར་བ་སྣང་བ་བོད་དཔེ་རྣམས་ཀྱང་ཆད་མཉམ་ལས་མི་འདུག་པས། ངེད་རང་དང་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གཉིས་ཀྱིས་བློའི་ནུས་པ་གང་ཡོད་ཀྱིས་སྡེབ་སྦྱོར་སྒྲིག་པ་དང༌་། འགྱུར་བྱས་པར་སླར་དཔེ་ཚང་བ་རྙེད་ན་ཞུས་དག་བཏང་ཆོག་རྩིས་ཀྱིས་མཆན་བུ་བཏབ། མ་དཔེ་པར་བྱང་དང་བཅས་ཧོར་ཟླ་གསུམ་པ་རྟིང་མའི་ཚེས་བཞི་ལ་དགའ་ལྡན་ཕུན་ཚོགས་གླིང་དུ་བརྫངས། ཞེས་བྱུང་༌།

[14] མི་ཡུར་ཆེན་མོ་ཞེས་པ་ནི་དེ་དུས་ཀྱི་བརྡ་རྙིང་ཡིན་པས། དོན་དངོས་ནི། དེ་དུས་ཧོར་གྱིས། རྒྱ་ནག་མི་འབོར་ཆེ་བའི་ཉེན་ཁ་འགོག་ཆེད་ལོ་རེར་རྒྱ་མི་ཧན་མི་རིགས་ཁྲི་མང་པོ་ཆུ་ཆེན་ནང་དུ་གཡུགས་པའི་བཙན་ཁྲིམས་ངན་པ་དེ་རྒྱུན་བཅད་རྒྱུའི་དམ་བཅའ་དེ། དབང་ཡོན་ལ་ཕུལ་བ་ཡིན། མང་ཐོས་ཀླུ་སྒྲུབ་པའི་བསྟན་རྩིས་སུ། རྒྱལ་པོའི་ཕོ་བྲང་དུ་ཕེབས། དབང་ཡོན་དུ་རྒྱའི་ཡུར་མ་ཆོད། བོད་ཆོལ་ཁ་གསུམ་ཕུལ་ཞེས་བྱུང༌། དོན་ལ་ནི། འགྲོ་མགོན་ཆོས་འཕགས་ཀྱིས་མི་འཇིགས་པ་སྲོག་གི་སྦྱིན་པ་གཏོང་བར་བསྐུལ་བ་ལ་གོ་དགོས། ཉེ་སྔོན་ཞིག་རྡ་རམ་ས་ལ་ནས་རྒྱལ་རབས་འདིའི་སྐོར་བྲིས་པ་ཞིག་གི་ནང་དུ་ནི། ཧོར་གྱིས་འགྲོ་མགོན་ལ་མི་ཡུར་ཕུལ་ཅེས་བྲིས་འདུག་པ་ནོར་ཚབས་ཆེ་ཞིང༌། མི་ཡུར་གྱི་དོན་མི་ཤེས་པ་ཡིན་འདུག་པས།ཆོས་འཕགས་ཀྱི་རྣམ་ཐར་ཞལ་ཐང་ལ་བལྟས་ན་ཤེས་སོ།།

ཟུར་ཞུ། མཁས་དབང་རཀ་ར་རིན་པོ་ཆེའི་གསུང་རྩོམ་འདི་གཡུ་མཚོ་(Youtso Tcrc)ནས་ཧི་གཟུགས་སུ་བསྒྱུར་རྗེས། ཚིག་འབྲུ་ཁ་འཐོར་ཡོད་པ་དང་། བར་སྟོང་འཁོད་མི་སྙོམས་པ། ལེགས་སྦྱར་གྱི་སྔགས་ཡིག་དེ་དག་གི་སྔ་ཕྱིའི་གོ་རིམ་འཁྲུགས་པ་སོགས་གང་ཐུབ་ཀྱིས་བཅོས་པའི་ཁུལ་ཡིན་མོད་ད་དུང་ནོར་འཛོལ་བྱུང་ཡོད་ན་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
༢༠༢༡/༡༠/༡༩ཉིན།
བོད་རིག་པ་རྩོམ་སྒྲིག་ཚོགས་ཆུང་གིས་ཕུལ།

—–

Loading

1 མཆན་བུ།

  1. “གནས་བརྟན་པའི་ནང་ལོ་ ༡༢༠༨ ཕྱི་ལོ་ ༡༧༥༠ རབ་བྱུང་བཞི་པའི་མེ་ཡོས་ལ་ཁ་ཆེ་པཎ་ཆེན་གྱིས་སོལ་ནག་ཐང་པོ་ཆེ་ལ་བསྟན་རྩིས་མཛད་དུས། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་བཅུ་ཡིན་པར་གསུངས་ན། ཕྱི་ལོ་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་སྟོང་བདུན་བརྒྱ་ལྔ་བཅུ་ཡིན་དགོས་པས། དེ་འདྲའི་རྩིས་རྙོག་མི་དགོས་པར། ཁ་ཆེ་པཎ་ཆེན་དང་༌། གནས་བརྟན་སྡེ་པ་གཉིས་ཀའི་མཁན་རིམ་མ་སངྒ་རཱ་ཇའི་བརྒྱུད་རབས་ མཧཱཝཾ་ཤ་ལ་ཡིད་བརྟན་བཅོལ་ན་ལེགས་པར་སེམས་སོ།།”
    ཕྱི་ལོ་༡༢༠༨ ནས ད་ལྟ་བར་དུ་ལོ་བརྒྱད་བརྒྱ་ཙམ་ལས་སོང་མེད་པས། དེ་དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་བཅུ་ཡིན་ན། དུས་རབས་ཉི་ཤུ་བའི་དཀྱིལ་ཙམ་དུ་མྱ་ངན་ལས་འདས་ནས་ལོ་ལྔ་སྟོང་བདུན་བརྒྱ་བཅུ་ཡིན་སྟངས་ཤིག་མེད།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།