ཚན་རིག་ནང་བསྟན་གྱི་གཤེད་མ་རེད་དམ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་དེང་རབས་ཚན་རིག་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་གཤེད་མ་ཡིན་མིན་དང་འབྲེལ་ནས་དེང་རབས་ཚན་རིག་དང་བོད་བརྒྱུད་ནང་བསྟན་ཕན་ཚུན་བློ་སྐྱེད་སྤྲོད་རེ་དང་། མཉམ་འབྲེལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་སུ་ལེགས་སྐྱེས་ཕུལ་ཐུབ་པའི་སྐོར་ནས་བྲིས་ཡོད།

བརྡ་ཆད་གཙོ་བོ། དེང་རབས་ཚན་རིག བོད་བརྒྱུད་ནང་བསྟན། ཆོས་ཚན་ཟུང་འབྲེལ། གཤེད་མ།

༡ ནང་ཆོས་དང་ཚན་རིག་འཕྲད་པ།

ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ ཉིན།  ཚན་རིག  ཀུན་སྤྱོད།  ཤེས་ཡོན་ ( Science , Ethic, Education, ) ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུའི་སྐུ་མགྲོན་གཙོ་བོ། བོད་ཀྱི་ཚན་རིག་པ་ཆེན་པོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་ཕྱི་རྒྱལ་བའི་སྐྱེས་མ་ངོ་ཤེས་ཤིག་གིས། ཚན་རིག་ནི་ཆོས་ལུགས་ཀྱི་གཤེད་མ་ཡིན། (  Science is the  Killer of Religion )[1]ཞེས་ཚན་རིག་དང་མཉམ་འབྲེལ་དང་། བགྲོ་གླེང་བྱེད་རྒྱུ་མེད་སྐོར་ཞུས་ཚུལ་གསུངས་ནས་ཚོགས་འདུ་དབུ་འབྱེད་གནང་། གསུང་དེ་ནི་ཁོ་བོས་༧གོང་ས་མཆོག་གི་བཀའ་ཆོས་མང་པོའི་སྐབས་གོ་མྱོང་བར་མ་ཟད།  གང་ཉིད་ཀྱིས་མཛད་པའི་ ( རྡུལ་སྙེད་འཇིག་རྟེན་) དཔེ་དེབ་ཏུའང་མཇལ་མྱོང་།[2]སྐྱེས་མ་དེས་བོད་ཀྱི་ཚན་རིག་པ་ཆེན་པོ་༧གོང་ས་མཆོག་ལ་ནང་མོལ་གྱི་ཚུལ་དུ་ཞུས་པའི་གཏམ་དེ་ནི་རྒྱབ་ལྗོངས་མེད་པའི་སེམས་ཁུར་གྱི་རྣམ་པ་ཙམ་མ་ཡིན། དེའི་རྒྱབ་ཏུ་དུས་རབས་ཀྱི་ལོ་རྒྱུས་རིང་མོ་ཞིག་ཡོད། དེ་ནི།  ནུབ་ཕྱོགས་སུ་དར་བའི་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་དང་འདོད་ཚུལ་མང་དག་ཅིག་ཚན་རིག་དར་ནས་རིམ་གྱིས་སུན་ཕྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཐུག་ཡོད། དུས་རབས་ ༡༧ ནང་ཚན་རིག་ཆེས་ཆེར་དར་བ་ནས་བཟུང་ཡེ་ཤུའི་ཆོས་ལུགས་ཀྱི་འོད་སྣང་ཇེ་ཆུང་དང་། ཚན་རིག་པར་རིགས་པ་དང་རྒྱུ་མཚན་ཡང་དག་ལ་བརྟེན་ནས་རྒོལ་མ་ནུས་པར་ཡེ་ཤུའི་ཆོས་ལུགས་འཛིན་པ་རྣམས་ཀྱིས་རྒྱལ་པོ་དང་དཔུང་བསྡེབས་ནས་ཚན་རིག་པ་རྣམས་བཙོན་འཇུག་དང་། ཐ་ན་གསོན་སྲེག་ཀྱང་བྱས་ནས་ལུགས་དེ་གཉིས་མེ་ཆུ་ལྟར་འགལ་བར་གྱུར་ནས་ཕན་ཚུན་དགྲ་ཁ་གཏད་དུ་ལངས་ཏེ་ལོ་ངོ་བརྒྱ་ཕྲག་འགའ་འགྲོ་བཞིན་ཡོད། དེར་བརྟེན། ཡེ་ཤུའི་ཆོས་ལུགས་དང་ཚན་རིག་བར་ལྟ་གྲུབ་ཀྱི་སྒོ་ནས་མཉམ་འབྲེལ་གྱི་གོ་སྐབས་ནམ་ཡང་བྱུང་མེད་ལ། དེ་ལྟར་འབྱུང་ཡང་མི་སྲིད་དེ། ཚན་རིག་ནི་རྒྱུ་མཚན་དང་རིགས་པའི་རྗེས་འབྲང་དང་། ཡེ་ཤུའི་ཆོས་ལུགས་ནི་གཙོ་བོ་དད་པ་དང་ལུང་གི་རྗེས་འབྲང་ཡིན་པའི་ཕྱིར། ཡིན་ནའང་། ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བ་ནི་དེ་ལས་ལྡོག་སྟེ། དགྲའི་སྣང་ཚུལ་ལས་གྲོགས་དང་། གྲོགས་ནས་ཆེས་བློས་ཐུབ་ཀྱི་མཆེད་གྲོགས་སུ་གྱུར་ཐུབ་པ་བྱུང་ཡོད།

དེ་ཡང་ཐོག་མར་བོད་བརྒྱུད་ནང་བསྟན་དང་ཚན་རིག་བར་འབྲེལ་བ་མ་བྱུང་བའི་སྔོན་དུ་པཱ་ལིའི་ཆོས་བརྒྱུད་འཛིན་པའི་ནང་བསྟན་དང་ཚན་རིག་བར་འབྲེལ་བ་བྱུང་ཡོད། དུས་རབས་བཅོ་བརྒྱད་པའི་སྨད་ནས་ནུབ་ཕྱོགས་པ་རྣམས་ཤར་ཕྱོགས་སུ་ཡོང་འགོ་ཚུགས་ཤིང་། དེའི་གྲས་ནས་གཟུར་གནས་ཚན་རིག་པ་འགའ་དང་པཱ་ལིའི་ཆོས་བརྒྱུད་འཛིན་པའི་སིངྒལའི་དགེ་སློང་བར་ཐོག་མར་འབྲེལ་བ་བྱུང་། དུས་རབས་བཅུ་དགུ་པའི་སྨད་( ༡༨༩༣) དུ་ཨ་རིར་ཚོགས་པའི་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ ( Parliament of World Religon ) སྟེང་དུ་པཱ་ལིའི་ཆོས་བརྒྱུད་འཛིན་པའི་དགེ་བསྙེན་དྷརྨ་པཱ་ལ་( Anagarika Dharmapala) སོགས་ཀྱིས་ཉན་ཐོས་སྡེ་སྣོད་ལས་གསུང་པའི་ལྟ་གྲུབ་ཐོག་ནས་གསུང་བཤད་གནང་བས་གཟུར་གནས་མང་པོ་ཞིག་གི་ཡིད་དབང་ཕྲོགས་པ་དང་། ཨ་རིའི་ལྟ་གྲུབ་སྨྲ་བ་པོ་པཱོལོ་ ( Paul Carus ) ཡིས་ཕྱི་ལོ་༡༨༩༦ ལོར་ནང་ཆོས་དང་ཚན་རིག་ ( Buddism and the Relgion of Science ) ཅེས་པའི་དཔྱད་རྩོམ་དང་།  ཆོས་ལུགས་ཀྱི་ཚན་རིག་( The Religion of Science) ཅེས་པའི་དཔེ་དེབ་ཅིག་ཀྱང་བརྩམས། ལོ་རབས་དེ་ནི་ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བའི་དཀྱོག་མཚམས་གལ་ཆེན་ཞིག་ཡིན།

དགེ་བསྙེན་དྷརྨ་པཱ་ལ།( Anagarika Dharmapala) གཡོན་ནས་བརྩི་བའི་གཉིས་པ།
དགེ་བསྙེན་དྷརྨ་པཱ་ལ།( Anagarika Dharmapala) གཡོན་ནས་བརྩི་བའི་གཉིས་པ།

དུས་རབས་ཉི་ཤུ་པའི་སྟོད་དུ་ཕྱི་གླིང་པ་ནང་པའི་ཆོས་སྒོར་དངོས་སུ་ཞུགས་འགོ་ཚུགས།[3]  དཔེར་ན། འཇར་མན་པ་ ( Anton Walther) ཝཱ་ཐིར་གྱིས་སིངྒལའི་དགེ་སློང་གི་སྡོམ་པ་ཞུས་ནས་མཚན་ལ་ཛྙཱནཏེལོཀ་ ( Nyanatiloka Thera )བཏགས་པ་དང་། ཁོང་གིས་ཕྱིས་སུ་ཆོས་ཚན་བར་བགྲོ་གླེང་ཡང་ཐེངས་མང་བསྐོངས་པ་དང་། ཁོང་གིས་ཆོས་ཚན་བར་སྡོམ་ཚིག་གལ་ཆེན་འགའ་ཞིག་ཀྱང་བཞག་ཡོད། དཔེར་ན། སངས་རྒྱས་ཀྱི་ཆོས་ལ་ས་ཡན་སིའི་ཆོས་ཏེ་རིགས་པའི་ཆོས་དང་། ཆོས་ལུགས་གཞན་ལ་དད་པའི་ཆོས་ཟེར། ཞེས་དང་། ངེད་ཀྱི་སྟོན་པའི་ཆོས་འདི་ནི་ས་ཡན་སིའི་རིགས་པ་དང་ལག་སྦྲེལ་ནས་རྒྱུག་ཅིང་མཐར་གཅིག་ཤོས་ངལ་བ་ན། ད་དུང་ཡང་ཕ་རོལ་དུ་མཆོངས་འགྲོ་ནུས་པ་ཡིན་ལ། ཆོས་ལུགས་གཞན་ནི་ས་ཡན་སི་དང་ལག་སྦྲེལ་བ་ན་དེ་ཉིད་དུ་འགྱེལ་བའམ། ཡང་ན་གོམ་གསུམ་བོར་ནས་འགྱེལ་བ་ཤ་སྟག་ཏུ་འདུག ཅེས་བཤད་ཡོད། [4] དགེ་སློང་ཛྙཱནཏེལོཀ་གི་ལོ་རྒྱུས་ཀྱི་དཔེ་དེབ[5]ཏུའང་ཆོས་ཚན་གྱི་སྐོར་གསལ་བས་ནང་ཆོས་དང་ཚན་རིག་ཐོག་མར་འཕྲད་པའི་ལོ་རྒྱུས་ཤེས་པར་སིངྒལའི་ཕྱི་གླིང་བའི་དགེ་སློང་དག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་བར་སྣང་། ཡིན་ནའང་། པཱ་ལིའི་ཆོས་བརྒྱུད་འཛིན་པ་དང་ཚན་རིག་བར་བགྲོ་གླེང་མུ་མཐུད་ནས་གོམ་པ་མདུན་སྤོས་བྱེད་ཐུབ་མེད། འདིར་དེའི་སྐོར་མངས་སུ་དོགས་ནས་མ་བྲིས།

དེ་ལྟ་ནའང་། བོད་བརྒྱུད་ནང་བསྟན་དང་ཚན་རིག་བར་གྱི་འབྲེལ་བ་ནི་དེ་དག་ལ་ལྟོས་ན་ཧ་ལས་པའི་ངོ་མཚར་ཅན་གྱི་འབྲེལ་བ་ཞིག་བྱུང་དང་འབྱུང་བཞིན་ཡོད། འོ་ན། དེ་ལྟ་བུའི་འབྲེལ་བའི་གསེར་ཟམ་འཛུགས་མཁན་གྱི་རྣམ་དཔྱོད་ཅན་གྱི་སྐྱེས་བུ་དེ་སུ་ཡིན་ནམ།  ཞེ་ན། དེ་ནི། གཟིགས་རྒྱང་དང་སྤྱན་རྒྱ་ཡངས་ཤིང་། ཨུ་ཚུགས་ཀྱིས་སྲོལ་རྒྱུན་ཙམ་བཟུང་ནས་མི་བཞུགས་པའི་དབུ་ཚད་སེངྒེ་མཇིང་བསྣོལ་གྱི་རིག་པའི་དཔའ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་ཞིང་། ༧མགོན་པོ་མཆོག་གིས་རང་ཉིད་ཀྱི་མཁྱེན་དཔྱོད་དང་སྙིང་སྟོབས་ལ་བརྟེན་ནས་ཐོག་མར་སྐུ་སྒེར་ནས་ཚན་རིག་ལ་དོ་སྣང་དང་། ཕྱི་ལོ་ ༡༩༧༠ ལོར་ཚན་རིག་པ་དང་དངོས་སུ་མཇལ་འཕྲད་ཀྱིས་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་ཀྱི་གོམ་པ་དང་པོ་སྤོས་གནང་སྟེ་བོད་ཀྱི་སྤྱི་ཚོགས་ཁྲོད་རྨི་ལམ་དུའང་འཁོར་མ་མྱོང་བའི་གསར་གཏོད་མཛད། དེ་ནས་ཕྱི་ལོ་ ༡༩༨༧ ལོ་ནས་བགྲོ་གླེང་དེ་ཉིད་གཞི་རྒྱ་ཆེ་རུ་བཏང་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་ཕོ་བྲང་དུ་བསྐྱངས་[6]ནས་ཕྱི་ལོ་ ༢༠༡༩ ལོའི་བར་ཚོགས་འདུ་ཐེངས་ ༣༥ ཡི་དབུ་ཁྲིད་ནས་འཛམ་གླིང་ཤར་ནུབ་ཏུ་མིང་དུ་གྲགས་པའི་དངོས་ཁམས་ཚན་རིག་པ། ཀླད་པའི་ཚན་རིག་པ་སོགས་དང་བོད་བརྒྱུད་ནང་བསྟན་གཉིས་ལག་གདང་སྦྲེལ་ནས་མདུན་བསྐྱོད་དང་། འགྲོ་བ་མིའི་སྤྱི་ཚོགས་ནང་ཕན་ཐོགས་རྒྱ་ཆེ་བྱུང་དང་འབྱུང་བཞིན་པར་བརྟེན་དེང་སང་༧ཁོང་ལ་ཚན་རིག་པ་༧ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་བཞིན་ཡོད།

སིངྒལའི་་ཛྙཱནཏེལོཀ ( Nyanatiloka Thera )
སིངྒལའི་་ཛྙཱནཏེལོཀ ( Nyanatiloka Thera )

ཡང་། བོད་ཀྱི་དགེ་འདུན་པའི་གྲས་ནས་བོད་བརྒྱུད་ནང་བསྟན་དང་ཚན་རིག་བར་ཅོག་ཙེ་གཅིག་གི་སྟེང་དུ་འདྲ་མཉམ་གྱིས་བགྲོ་གླེང་བྱེད་ཐུབ་པར་སྤོབས་པ་དང་གདེང་ཚོད་རྙེད་མཁན་ཐོག་མ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་ཞིང་།[7] ཁོང་སིངྒལའི་གླིང་དུ་ཕྱི་ལོ་ ༡༩༤༡ ནས་ཕྱི་ལོ་ ༡༩༤༢ ལོའི་བར་ལོ་ངོ་གཅིག་ལྷག་བཞུགས་སྐབས། སིངྒལའི་ཕྱི་གླིང་བའི་དགེ་སློང་རྣམས་ཀྱིས་ནང་ཆོས་དང་ཚན་རིག་བར་བགྲོ་གླེང་སོགས་བྱེད་པ་དངོས་སུ་མཐོང་ཐོས་བྱུང་བ་དང་། ཁོང་རང་ཉིད་ཀྱིས་ཀྱང་ནང་ཆོས་དང་ཚན་རིག་བར་ལ་དཔེ་དེབ་ཅིག་ཀྱང་འབྲི་འདོད་བྱུང་འདུག[8] ཁོང་གིས་མཐའ་སྡོམ་ལྟ་བུར་བོད་བརྒྱུད་ནང་བསྟན་གྱི་དབུ་ཚད་ཀྱི་རིགས་པའི་འགྲོས་ཀྱི་ངོས་ནས་ཚན་རིག་པ་དང་གཞན་སུ་ལའང་ངོ་གནོང་མི་དགོས་པ་དང་། སྤོབས་པ་དང་ཆེ་མཐོང་ལྡན་པའི་སྒོ་ནས་བགྲོ་གླེང་བྱེད་ཐུབ་སྐོར་དང་། ཆོས་ཚན་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་འགྲོ་ཐུབ་པའི་དཔེའང་ཇི་སྙེད་ཅིག་གཏམ་རྒྱུད་གསེར་ཐང་དུ་བྲིས་འདུག [9]གལ་ཏེ་དེང་རབས་ཚན་རིག་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་གཤེད་མ་ཞིག་ཡིན་ཚེ། བོད་བརྒྱུད་ནང་བསྟན་ལས་གསུངས་པའི་སེམས་དང་བློ་ཕྲ་རགས་ཀྱི་རྣམ་གཞག་དང་། རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་རྣམ་གཞག བདེན་བཞིའི་རྣམ་གཞག་སོགས་ལ་རིགས་པ་དང་བརྟག་དཔྱད་ཀྱིས་ལམ་ནས་གནོད་བྱེད་དང་སུན་འབྱིན་བསྟན་དགོས་རྒྱུ་ལས་ད་ལྟའི་བར་དེའི་ཚུལ་གང་ཡང་བྱུང་མེད་པར་མ་ཟད། དེང་རབས་ཚན་རིག་པས་བོད་བརྒྱུད་ནང་བསྟན་དང་ལྷན་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་ཐེངས་མང་ཚོགས་ཡོད་ཅིང་། དེར་བརྟེན་ཆོས་ཚན་གཉིས་ཀར་བློ་སྐྱེད་དང་ཕན་ཐོགས་ཆེན་པོ་བྱུང་ཡོད།

འོ་ན། ནང་པའི་ཆོས་པ་དཀྱུས་མ་ཞིག་གིས་ཚན་རིག་ལ་མཉམ་འབྲེལ་བྱས་ན་དགེ་མཚན་དང་བློ་སྐྱེད་གང་ཞིག་ཡོད་དམ། ཞེ་ན།

༢ ཆོས་པ་ཚད་ལྡན་ཞིག་གིས་ཚན་རིག་ལ་མཉམ་འབྲེལ་བྱས་པའི་དགེ་མཚན།

དཔལ་ནཱལེནྜའི་ཆོས་བརྒྱུད་ཉམས་སུ་ལེན་པའི་རི་ཁྲོད་པ་དང་། སློབ་ཚོགས་བརྒྱ་ཕྲག་སྐྱོང་བའི་བཤེས་གཉེན་སོགས་སུ་ཡིན་ཡང་། དད་པ་རྐྱང་པས་ཡོང་ཐབས་མེད་པ་ནི་ནང་ཆོས་ཀྱི་གོ་རྟོགས་ཅུང་ཡོད་པ་ཙམ་གྱིས་ཤེས་ནུས། དེར་བརྟེན་ཤེས་རབ་ཀྱི་གྲོགས་དང་ལྡན་པའི་དད་པ་ནི་མེད་ཐབས་མེད་པ་ཞིག་ཡིན་པས། མདོ་སྔགས་ཀྱི་ཟབ་དོན་རྟོགས་པའི་ཤེས་རབ་ནི་རིགས་པ་དང་གཏན་ཚིགས་ཡང་དག་ལ་བརྟེན་ནས་སྐྱེ་དགོས་པས། རིགས་པའི་རྣམ་གྲངས་དང་རྒྱུ་མཚན་ཇི་ཙམ་མང་བའི་ཚོད་ཀྱིས་བསྒྲུབ་བྱ་ལ་གོ་བ་ཟབ་བརླིང་སོགས་ཡོང་བ་ནི་ཆོས་ཉིད་ཡིན་ཞིང་། མདོ་ལས་ཀྱང་། རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་པས་ཀྱང་ཤེས་ནུས། དེར་བརྟེན། ཚན་རིག་ལ་དོ་སྣང་བྱེད་པ་ནི་ཕྱོགས་གཅིག་ནས་རིགས་པའི་རྣམ་གྲངས་ལ་དོན་གཉེར་བྱེད་པ་དང་གཉིས་སུ་མ་མཆིས། ཚན་རིག་པས་བཤད་པའི་རིགས་པ་གསར་པས་ཆོས་པ་ཚད་ལྡན་ཞིག་ལ་བློ་སྐྱེད་སྣང་མང་ཡོང་བའི་དཔེ་འགའ་ནི།

༡)  འཆི་བ་མི་རྟག་པ་ངེས་པའི་བློ་ལྟ་བུར་མཚོན་ན།  གཞུང་ཆེན་དག་ནས་གསུངས་པའི་རྒྱུ་མཚན་དང་རིགས་པའི་སྟེང་དུ། ཚན་རིག་གི་ངོས་ནས་མི་རྟག་པའི་དོན་འགྲེལ་ཚུལ་དང་། ལྷག་པར་ཕྲ་མཐོང་ཆེ་ཤེལ་གྱིས་བེམ་གཟུགས་ཀྱི་རྩོམ་གཞིའི་རྡུལ་ཕྲ་རབ་རྣམས་སྐད་ཅིག་ཙམ་ཡང་སྡོད་དབང་མེད་པར་གཡོ་འགུལ་བྱེད་བཞིན་པའི་རྣམ་པ་ང་ཚོའི་མིག་མདུན་དུ་བསྟན་ཚེ། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ། ཞེས་པའི་དཔེ་ལྟར། འཆི་བ་མི་རྟག་པ་ལ་ངེས་ཤེས་བརྟན་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་སྟོན་པ་ལ་དད་པ་དང་ཡིད་ཆེས་ཀྱང་བརྟན་དུ་འགྲོ་བར་ཕན་ཐོགས་ཡོད།[10]

༢)ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ནི་རྟོགས་པར་དཀའ་བས་དེའི་སྒྲུབ་བྱེད་ཀྱི་རིགས་པ་ལ། གཅིག་དུ་བྲལ། རྟེན་འབྲེལ། བཏགས་དོན་བཙལ་ནས་མི་རྙེད་པའི་ཚུལ་སོགས་ཧ་ཅང་མང་ཡང་། ཚན་རིག་པས་ཚད་རྡུལ་རིག་པའི་རྣམ་གཞག་( Quantum Physics)དང་། ལྟོས་གྲུབ་ཕྲ་མོའི་རྣམ་གཞག་(Theory of Relavity ) ལས་འབྱུང་བའི་དེང་དུས་འཕྲུལ་དཔྱད་གསར་བས་བཙལ་ནས་མི་རྙེད་པའི་གསུངས་ཚུལ་དག་གིས་ནང་པའི་གྲུབ་མཐའ་གོང་འོག་དག་ལས་གསུངས་པའི་སྟོང་ཉིད་ཀྱི་གོ་བ་རྙེད་པར་ཆར་པ་ཆུར་གྲོགས་སུ་འགྲོ་བར་མ་ཟད། དེའི་ཚུལ་༧གོང་ས་མཆོག་གིས་བཀའ་སློབ་སྔ་ཕྱིར་གནང་ཡོད།

༣) སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་དང་། སེམས་ཀྱི་རང་མདངས་ཙམ་ལས་ཡུལ་ངོས་ནས་མེད་པར་སྨྲ་བ་དང་། ཚན་རིག་པས་ཀྱང་ཚོན་མདོག་དཀར་དམར་སོགས་ནི་ཡུལ་སྟེང་དུ་མ་གྲུབ་ཅིང་། མིག་དབང་གི་ངོར་འོད་ཕོག་སྟངས་ཙམ་ལས་གྲུབ་པར་སྨྲ་བ་དང་། [11]བརྟག་དཔྱད་ཀྱི་ལམ་ནས་བསྟན་པའི་གྲུབ་དོན་འདིས་སེམས་ཙམ་པའི་ལྟ་བར་གོ་བ་ལྷག་པར་སྐྱེ་རྒྱུར་ཕན་ཐོགས་ཡོད།[12]ཡང་། སློབ་ཚོགས་བརྒྱ་ཕྲག་སྐྱོང་བའི་དགེ་རྒན་སོགས་ཡིན་ཚེ། ངེས་པར་ཚན་རིག་ལ་དོ་སྣང་བྱེད་དགོས་ཏེ། རྒྱ་བོད་ཀྱི་བསྟན་བཅོས་དག་ཏུ་གསལ་བའི་ཕྱོགས་སྔའི་འདོད་ཚུལ་ཤེས་ཐོག རང་ཅག་གི་མིག་མདུན་དུ་གསོན་པོར་ཡོད་པའི་ཕྱོགས་སྔ་ནི། ཤར་ནུབ་ཀྱི་ཆོས་ལུགས་མང་པོའི་འདོད་ཚུལ་སུན་འབྱིན་མཁན་གྱི་ཚན་རིག་འདི་ཡིན། དེའི་འདོད་ཚུལ་ཤེས་པའི་སྒོ་ནས་ནང་ཆོས་ངོ་སྤྲོད་དང་དཔེ་ཁྲིད་བྱེད་ཐུབ་ཚེ། དུས་དང་འཚམ་ཞིང་སློབ་མའི་ངོས་ནས་གཞུང་དོན་གྱི་གོ་བ་གཏིང་ཟབ་དང་རྒྱ་ཆེ་བ་ཞིག་ཡོང་བ་ནི་སྨོས་མེད་ཡིན།[13]རྒྱུ་མཚན་ལྟར་སྣང་རེ་ཁར་ཁྱེར་ནས་ཚན་རིག་དང་མཉམ་འབྲེལ་བྱེད་མ་བཅུག་པ་ནི། ཕུགས་ལ་བསམ་ཡུལ་ལས་འདས་པའི་གྱོང་གུད་ཅིག་ཕོག་ངེས་ཏེ། སྔར་སོག་པོའི་ཏཱ་ཁུལ་དུ་དེ་སྔོན་ཚན་རིག་གི་འདོད་ཚུལ་དང་ལྟ་ཚུལ་གོ་ཐོས་མེད་པ་དང་། ཕྱིས་སུ་ཚན་རིག་པས་ཆགས་སོགས་ཉོན་མོངས་རྣམས་ཀླད་པ་ལས་ཟུར་དུ་མེད་པ་དང་། སྐྱེ་བ་སྔ་ཕྱི་མེད་པ་སོགས་འུད་སྒྲོག་བྱས་སྐབས། ནང་ཆོས་ཀྱི་ངོས་ནས་དེ་དག་ལ་འགྲེལ་བཤད་ཡོད་པའི་ཚུལ་ཙམ་ཡང་གོ་ཐོས་མེད་པར་བརྟེན། བདེན་པར་བརླམས་ནས་སྐྱ་སེར་མང་པོ་ཞིག་སངས་རྒྱས་པའི་ཆོས་བསྐྱུར་ནས་ཕྱི་རོལ་པར་ཞུགས་པའི་ལོ་རྒྱུས་ཡོད [14]པས་དེ་འདྲའི་ཆ་ནས་ཀྱང་ཚན་རིག་དང་མཉམ་འབྲེལ་དང་།   དེའི་འདོད་ཚུལ་ཤེས་པར་བྱེད་དགོས།

ཡང་། བོད་བརྒྱུད་ནང་བསྟན་ནི་རྗེས་ལུས་དང་རྨོངས་དད་ཀྱི་རིག་གཞུང་། བླ་མའི་ཆོས་ལུགས་སུ་འདོད་པའི་ལོག་རྟོག་རྣམས་ཀྱང་། དུས་རབས་ཉེར་གཅིག་པའི་ནང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཤེས་ཡོན་གྱི་གནས་ཚད་མཐོ་ཤོས་སུ་བརྩི་བའི་ཚན་རིག་དང་མཉམ་དུ་ཅོག་ཙེ་གཅིག་སྟེང་དུ་འདྲ་མཉམ་གྱིས་བསམ་ཚུལ་བརྗེ་རེས་དང་། ཚན་རིག་ལ་བློ་སྐྱེད་སོགས་སྦྱིན་པའི་གནས་ཚུལ་གོ་ཐོས་ལ་བརྟེན་ནས་ལྟ་ཚུལ་དེ་དག་ནོར་བ་དང་བསྐྱར་དུ་བསམ་གཞིག་ཅིག་གཏང་དགོས་པ་ལྟ་བུའི་བདེན་དངོས་ར་འཕྲོད་པར་ཕན་ཐོགས་ཆེན་པོ་ཡོད། [15]

མདོར་ན། སྤྱི་སྒེར་གཉིས་ཀར་ཕན་ཐོགས་ལས་གནོད་པ་ཟུར་ཙམ་ཡང་མེད་དེ། སྒེར་ལ་མཚོན་ན། རིགས་པའི་རྣམ་གྲངས་ཤེས་པ་དང་། སྟོན་པ་དང་དེའི་གསུང་ལ་དད་པ་དང་ཡིད་ཆེས་ཇེ་ཆེར་འགྲོ་བ། སྤྱི་ལ་མཚོན་ནའང་། དེང་ཚན་རིག་ལ་ཡིད་རྟོན་ཧ་ཅང་ཆེན་པོ་བྱེད་བཞིན་པའི་སྐབས། ཡུལ་དུས་དང་བསྟུན་ནས་ཚན་རིག་པའི་འདོད་ཚུལ་དང་སྦྲགས་ནས་ནང་ཆོས་ངོ་སྤྲོད་བྱེད་ཐུབ་ཚེ། ཕ་རོལ་པོའི་བློ་ངོར་འཇུག་བདེ་བ་དང་ཐོས་རྒྱ་ཆེ་རུ་འགྲོ་བ་སོགས་ཀྱི་དགེ་མཚན་དང་བསྟན་པ་ཡུན་དུ་གནས་པའི་ཞབས་འདེགས་སུའང་འགྱུར་བས་ཆོས་ཚན་མཉམ་འབྲེལ་བྱེད་པར་དགེ་མཚན་ད་དུང་མང་ཡང་འདིར་མང་བར་འཇིགས་ནས་མ་སྤྲོས།

༣  ཚན་རིག་པས་ནང་ཆོས་ལ་མཉམ་འབྲེལ་བྱས་པའི་དགེ་མཚན།

བོད་བརྒྱུད་ནང་བསྟན་དང་ཚན་རིག་བར་ཕྱི་ལོ་ ༡༩༧༠ ལོ་ནས་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་འགོ་བཙུགས་ནས་ད་ཆ་ལོ་ངོ་ ༥༠ ལྷག་འགྲོ་བཞིན་ཡོད། དེའི་རིང་ལ་མཚན་སྙན་ཆེ་བའི་ནོར་ཝེའི་བྱ་དགའ་ཐོབ་མཁན་དང་། རྒྱལ་སྤྱིའི་ཁྲོད་དུ་མིང་དུ་གྲགས་པའི་ཚན་རིག་པ་བརྒྱ་ཕྲག་འགས་འཚང་ཁ་ཤིག་ཤིག་གིས་བོད་བརྒྱུད་ནང་བསྟན་དང་ལྷན་དུ་བགྲོ་གླེང་གི་ཆ་ཤས་བླངས་པ་ནི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༥ ཡི་བྱུང་རབས་ཀྱི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་ཞིག་དང་། ཡང་སྒོས་ཁོ་ཚོར་བློ་སྐྱེད་གསར་པ་དང་། བློ་སྒོ་འབྱེད་པར་ཕན་ཐོགས་རྒྱ་ཆེ་བྱུང་དང་འབྱུང་བཞིན་པ་ནི། ཁོ་ཚོས་དངོས་སུ་ཤུགས་ཆེར་བརྗོད་མིན་མ་ལྟོས་པར་དཔོག་ཐུབ།

འོ་ན། བརྗོད་བྱ་བྱེ་བྲག་པ་གང་ཞིག་གི་ཐད་ལ། བློ་སྐྱེད་གསར་པ་གང་ཞིག་བྱིན་ཡོད་དམ་ཞེ་ན། དེའི་སྐོར་ལ་ཆོས་ཚན་གཉིས་ཐད་ལ་སྦྱངས་པ་མི་དམན་པ་རྣམས་དང་། བྱེས་ཀྱི་གདན་ས་དང་གྲྭ་ཚང་ཁག་ཏུ་ཚན་རིག་སློབ་སྦྱོང་སོགས་འགོ་བཙུགས་ནས་ལོ་ངོ་ ༢༠ ལྷག་འགྲོ་བཞིན་ཡོད་པས་དེ་རྣམས་ཀྱིས་གཙོ་བོ་འགན་བཞེས་ཏེ། ཚན་རིག་སྦྱངས་ན་བོད་བརྒྱུད་ནང་བསྟན་ལ་བློ་སྐྱེད་སོགས་ཡོད་པ་བརྗོད་པ་དང་མཉམ་དུ་ནང་བསྟན་གྱིས་ངོས་ནས་ཚན་རིག་དང་ཚན་རིག་པའང་ཕར་བློ་སྐྱེད་སྦྱིན་པའི་སྐོར་ནས་ཀྱང་ཞིབ་འཇུག་གིས་ཡིག་འཇོག་བྱེད་རྒྱུ་ཧ་ཅང་གལ་ཆེ། དེས་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ལ་གསར་དུ་ཞུགས་པའི་ཕྱི་རབས་རྣམས་ལ་བློ་སྤོབས་དང་གདེང་ཚོད་སླེབས་པར་ཕན་ཐོགས་དང་། བོད་བརྒྱུད་ནང་བསྟན་ལ་རང་གཞན་ཚང་མས་ལྟ་ཚུལ་གསར་པ་དང་། བརྩི་མཐོང་ཆེ་རུ་འགྲོ་བར་ཕན།

ལོ་ ༡༩༨༧ ལོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་ཕོ་བྲང་དུ་བསྐྱངས་སྐབས།
ལོ་ ༡༩༨༧ ལོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་ཕོ་བྲང་དུ་བསྐྱངས་སྐབས།

འོ་ན།  བློ་སྐྱེད་གང་ཞིག་བྱིན་ཡོད་དམ་ཞེ་ན། ཤིན་ཏུ་མང་ཡང་འདིར་དཔེ་མཚོན་ཙམ་ཞུ་ན།

༡)  ནང་བསྟན་གྱི་མངོན་པ་གོང་འོག་གི་གཞུང་ནས་བཤད་པའི་སེམས་དང་སེམས་བྱུང་གི་རྣམ་གཞག་དང་། དམིགས་བསལ་སྔགས་གཞུང་ལས་གསུངས་པའི་ཤེས་པ་ཕྲ་རགས་ཀྱི་རྣམ་གཞག་གིས། སེམས་ཁམས་ཚན་རིག་ལ་ ( Psychology ) བློ་སྐྱེད་ཧ་ཅང་ཆེན་པོ་དང་། ལྷག་པར་དུ་ཡུལ་རྟོགས་ཚན་རིག་ ( Cognitive Science ) དེ་ཉིད་ཡར་རྒྱས་དང་འཐུས་སྒོ་ཇེ་ཚང་དང་། ཚན་རིག་སྡེ་ཚན་གྱི་གནད་འགག་ཆེ་གྲས་སུ་ཚུད་པར་ཧ་ཅང་ཕན་ཐོགས་ཆེན་པོ་དང་། དེ་ལ་བརྟེན་ནས་འགྲོ་བ་མིའི་སེམས་ནད་བཅོས་པའི་ཐབས་ལམ་གསར་རྙེད་ཀྱི་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། [16] [17]

༢)   དེ་སྔོན་ཚན་རིག་པ་རྣམས་ཀྱིས་ཀླད་པ་དང་ཀླད་རྫས་ཀྱིས་སེམས་ཀྱི་མྱོང་ཚོར་སོགས་ལ་སྟངས་འཛིན་དང་བྱ་ར་བྱེད་ཀྱི་ཡོད་པའི་སྡོམ་ཚིག་ཁོ་ན་བརྒྱབ་ཡོད་ཀྱང་། ད་ཆ་ནང་བསྟན་གྱི་ཞི་གནས་དང་། དྲན་པ་ཉེར་གཞག་གི་སྒོམ་སྒྲུབ་སོགས་ལ་བརྟེན་ནས་མྱོང་ཚོར་གྱིས་ཀླད་པ་དང་ཀླད་རྫས་ལ་སྟངས་འཛིན་དང་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད་པའི་གྲུབ་དོན་རྙེད་ནས་ཀླད་པའི་ཚན་རིག་ ( Neuroscience ) ལ་ལོ་ངོ་བརྒྱ་ཕྲག་ནང་བྱུང་མ་མྱོང་བའི་བློ་སྐྱེད་བྱིན་ཡོད། [18]

༣)  ཡང་།  སྔོན་ཆད་ཚན་རིག་གི་སྡེ་ཚན་དང་ཚན་རིག་པའི་ཁྲོད། བདེན་དོན་དང་། བརྟག་དཔྱད། ཀླད་པ་གཙོ་བཟུང་ལས། བཟང་སྤྱོད་དང་ཀུན་སློང་གི་སྐོར་ཟུར་ཙམ་ཡང་གླེང་གི་མེད་ཀྱང་། ད་ཆ་ཚན་རིག་ཁྲོད་དུ་བཟང་སྤྱོད་དང་ཀུན་སློང་། ཀླད་པ་དང་སེམས་གཉིས་ཟུང་འབྲེལ་དགོས་སྐོར་གླེང་འགོ་ཚུགས་པ་ཙམ་མིན་པར་ཤུགས་ཆེ་གླེང་བཞིན་ཡོད། དེ་ནི་ནང་བསྟན་གྱིས་ཚན་རིག་སྡེ་ཚན་ལ་བྱིན་པའི་ཆེས་རླབས་ཆེན་གྱི་བློ་སྐྱེད་དང་ལེགས་སྐྱེས་ཡག་ཤོས་དེ་ཡིན། [19]

དེའི་རྒྱུ་མཚན་ནི། ཚན་རིག་གིས་གསར་གཏོད་བྱས་པའི་གོ་མཚོན་སོགས་ཀྱིས་འཛམ་གླིང་གི་སྣོད་བཅུད་གཉིས་ཀར་བསམ་ཡུལ་ལས་འདས་པའི་གནོད་ཚབས་བཟོས་དང་བཟོ་བཞིན་ཡོད་པས། དེ་འགོག་ཐབས་སུ་ཚན་རིག་པ་དང་ཚན་རིག་གི་སྡེ་ཚན་དུ་བཟང་སྤྱོད་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་ཡོངས་གྲགས་ཀྱིས་ངོས་འཛིན་ཐུབ་བཞིན་ཡོད། དཔེར་ན། དངོས་ཁམས་རིག་པ་བ་མན་སི་ཕིལ་ ( Vic Mansfield ) གྱིས་བརྩམས་པའི་ ( བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ་) ཞེས་པའི་དཔེ་དེབ་ཀྱི་ས་བཅད་གཉིས་པ། ཚད་རྡུལ་དང་སྙིང་རྗེ། ཞེས་པའི་ནང་སྤྱིར་ཚན་རིག་དང་ལྷག་པར་དངོས་ཁམས་ཚན་རིག་པའི་ཁྲོད་དུ་སྙིང་རྗེ་གལ་ཆེན་ཡིན་སྐོར་རྒྱས་པར་བྲིས་ཡོད།

༤ )  ཚན་རིག་གི་སྡེ་ཚན་ཁྲོད་ཆེས་གལ་གནད་ཆེ་བ་ཞིག་ནི།  དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་ཎིལ་བྷོར་( Niel Bohr) དང་། མཱ་སོ་( Max Planck )གཉིས་ཀྱིས་གསར་དུ་རྙེད་པའི་ཚད་རྡུལ་རྣམ་གཞག་དང་། ཕྱིས་སུ་ཨ་ཡན་སི་ཌན་གྱི་ ( Einstein) ལྟོས་གྲུབ་ཀྱི་རྣམ་གཞག་ཡིན། དེ་དག་གི་གོ་བ་ཡོངས་རྫོགས་ཤིག་ད་དུང་ཡང་ཚན་རིག་པ་རྣམས་ཀྱིས་མ་ལོན་པར་ཎིའུ་ཌོན་( Isaac Newton) གྱི་འདོད་ཚུལ་ལྟར་དངོས་པོ་ཐམས་ཅད་རང་དབང་དང་ཚུགས་ཐུབ་ཏུ་གྲུབ་པར་འདོད་མཁན་ཚན་རིག་པ་མང་པོ་ཡོད་ཅིང་། དབུ་མའི་གཞུང་ནས་བཤད་པའི་རྟེན་འབྲེལ་ཕྲ་རགས་དང་། ལྟོས་གྲུབ་ཕྲ་རགས། བཏགས་དོན་བཙལ་ནས་མི་རྙེད་ཀྱིང་མིང་ཙམ་བརྡ་ཙམ་གྱིས་བྱ་བྱེད་འཐད་པའི་རིགས་ལམ་ཕྲ་མོ་སོགས་ཀྱིས། ཚད་རྡུལ་རྣམ་གཞག་དང་ལྟོས་གྲུབ་ཀྱི་རྣམ་གཞག་གི་གོ་བ་ལེན་པར་བློ་སྐྱེད་དང་། ཨ་ཡན་སི་ཌན་གྱི་འདོད་ཚུལ་ཇེ་གསལ་དུ་འགྲོ་བར་ཕན་ཐོགས་རྒྱ་ཆེ་ཡོད། [20] [21]

དངོས་ཁམས་རིག་པ་བ་རཱི་ཆི་ ( Richard Feynman ) སོགས་མང་པོ་ཞིག་གིས་ཨན་སི་ཌན་གྱི་ལྟོས་གྲུབ་ཀྱི་རྣམ་གཞག་ཆ་ཚང་བ་ཞིག་ད་དུང་ཡང་གོ་བ་ལེན་ཐུབ་ཀྱི་མེད་སྐོར་བརྗོད་བཞིན་ཡོད་པས་[22]བོད་བརྒྱུད་ནང་བསྟན་ལས་བྱུང་བའི་རྟེན་འབྲེལ་དང་མིང་རྐྱང་བཏགས་ཡོད་ཙམ་གྱི་རྣམ་གཞག་གིས་དེ་ཉིད་ཀྱི་གོ་བ་དཔྱིས་ཕྱིན་པ་ལོན་པར་ཕན་ཐོགས་ཆེན་པོ་ཞིག་མ་འོངས་པར་འབྱུང་ངེས་ཡིན་པའི་ཚུལ་གསུངས་མཁན་ཡང་ཡོད།[23]

ཡང་། ཆོས་ཚན་བར་གྱི་འགལ་བའི་ཕྱོགས་ནས་འབྲི་རྒྱུ་མང་ཡང་འདིར་མ་སྤྲོས།

༤   ནང་ཆོས་དང་ཚན་རིག་མཉམ་འབྲེལ་བྱེད་ཐབས།

ལོ ༡༨༩༣ ལོར་ཨ་རིར་ཚོགས་པའི་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས། ( Parliament of World Religon )
སྤྱི་ལོ ༡༨༩༣ ལོར་ཨ་རིར་ཚོགས་པའི་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས། ( Parliament of World Religon )

བོད་བརྒྱུད་ནང་བསྟན་དང་ཚན་རིག་མཉམ་འབྲེལ་བྱེད་ཐབས་གླེང་བར། ཐོག་མར་དེ་གཉིས་མཉམ་འབྲེལ་བྱེད་ཐུབ་མིན་གྱི་གཞི་རྩ་ཡོད་མེད་ལ་ངེས་པར་མནོ་བསམ་གཏང་དགོས་པས། དེ་ལྟར་ཐུབ་པའི་རྒྱུ་མཚན་དང་གཞི་རྩ་མང་པོ་ཞིག་ཡོད་ཀྱང་། འདིར་གལ་གནད་ཆེ་བ་འགའ་ཞིག་སྨྲ་ན།

༡  དགོས་དམིགས་ཀྱི་ཆ་ནས། ཆོས་ཚན་གཉིས་ཀས་མི་གཙོ་བོར་གྱུར་པའི་འགྲོ་བ་ཡོད་དོ་ཅོག་གི་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་དམིགས་ཡུལ་དུ་བཟུང་ཡོད།[24]

༢  ཐབས་ལམ་གྱི་ཆ་ནས། ཆོས་ཚན་གཉིས་ཀ་དངོས་པོའི་གནས་ལུགས་དང་བདེན་དོན་འཚོལ་བར་ཁ་ཕྱོགས་པའི་དངོས་ཡོད་ལ་གཞིགས་པའི་རིགས་པ་དང་མཐུན་པའི་ཤེས་ཡོན་སྡེ་ཚན་དང་། དེའང་སྟོན་པ་དང་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་མི་འབྲང་བར་རྒྱུ་མཚན་དང་བརྟག་དཔྱད་ཀྱི་མཇུག་འབྲས་ལ་གཏུགས་པའི་དཔྱད་ཐབས་མཚུངས་པ་ཡོད།[25]

༣ མི་གཞིའི་རང་བཞིན་ལ་ལྟ་ཚུལ་གྱི་ཆ་ནས། ཆོས་ཚན་གཉིས་ཀས་འགྲོ་བ་མིའི་རིགས་ལ་མཆོག་དམན་དང་། རིགས་རུས་བཟང་ངན་གྱི་དབྱེ་འབྱེད་མེད་པར་མི་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད། [26]

༤  དུས་དང་འཚམ་པའི་ཆ་ནས། ཆོས་ཚན་གཉིས་ཀ་དུས་རབས་ཉེར་གཅིག་པའི་མིའི་བསམ་སྤྱོད་ཀྱི་གནས་སྟངས་ལ་གཞིག་པའི་ཡུལ་དུས་གནས་བབས་ལ་འཚམ་ཞིང་། དགོས་མཁོ་ཆེ་བའི་ཆེས་མཐོའི་ཤེས་ཡོན་གྱི་སྡེ་ཚན་ཞིག་ཡིན་པའི་ཆ་ནས་ཕན་ཚུན་མཉམ་འབྲེལ་བྱེད་ཐུབ་པ་དང་བྱེད་དགོས་པའི་རྒྱུ་མཚན་དང་གཞི་རྩ་མང་པོ་ཡོད།[27] ༧གོང་ས་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་མཚོན་རྟགས་གལ་ཆེ་ཤོས་ཤིག་ཡིན་ཞིང་། ཁོང་གིས་ལོ་ངོ་༣༠ ལྷག་རིང་ནང་ཆོས་དང་ཚན་རིག་བར་མཉམ་འབྲེལ་གྱི་སྒོ་ནས་འགྲོ་བ་མི་གཙོ་བོར་གྱུར་པའི་སྐྱེ་འགྲོ་ཡོངས་ལ་འཕྲལ་ཕུགས་ཀྱི་ཕན་བདེའི་ཆེད། སེམས་དང་སྲོག་གི་ཚོགས་འདུ་དེ་ཉིད་སྐུ་སྒེར་གྱི་ཚོགས་འདུ་ཆུང་ཆུང་ཞིག་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཆོས་ཚན་གྱི་ཚོགས་འདུ་ཆེན་པོ་ཞིག་ཏུ་བསྒྱུར་པར་མཛད་པ་ནི་མཉམ་འབྲེལ་བྱེད་ཐབས་རྨད་དུ་བྱུང་བ་ཞིག་དང་། དེ་ནི་༧ཁོང་གིས་ང་ཚོར་མཉམ་འབྲེལ་བྱེད་ཐབས་ཀྱི་ཕྱོགས་ནས་ལམ་སྟོན་གནང་བའི་དཔེ་མཚོན་ཡག་ཤོས་ཤིག་ཀྱང་ཡིན། ༧ཁོང་གི་དཀྱེལ་ཡངས་པའི་དགོངས་གཞིའི་འོག་ནས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་གདན་ས་ཁག་གིས་གཙོས་ཆོས་སྡེ་ཁག་ཏུ་ཚན་རིག་སློབ་ཁྲིད་དང་། གྲྭ་བཙུན་མང་དག་ཅིག་ཨ་རིའི་མཐོ་སློབ་ཁག་ཏུ་ཚན་རིག་སློབ་པར་བཏང་ནས་ལོ་ངོ་ཉི་ཤུ་ལྷག་འགྲོ་བཞིན་ཡོད་པ་དང་། གདན་ས་སོགས་ནི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་མཐོ་ཤོས་ཡིན་པས། མཐོ་སློབ་ཀྱི་ངོ་བོ་དང་འདས་པའི་ཉམས་མྱོང་སོགས་གང་ལ་བསམས་ཀྱང་།  ནང་ཆོས་དང་ཚན་རིག་བར་གྱི་མཉམ་འབྲེལ་གྱི་རྩ་བ་འདི་ནས་གསར་དུ་བཞད་དེ། ཡན་ལག་དང་ཉིང་ལག་རྣམས་ཕྱོགས་སུ་རྒྱས་པར་བྱེད་དགོས་པས། གདན་ས་ཁག་གིས་འགན་གཙོ་བོར་བཞེས་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ཚན་གྱི་ཚོགས་པ་ཚད་ལྡན་ཞིག་འཛུགས་རྒྱུ་དང་། དེ་བཞིན་དུ་ཆོས་ཚན་གྱི་བགྲོ་གླེང་ཆེ་ཆུང་སྣ་མང་དང་། དཔྱད་རྩོམ་དང་དུས་དེབ་སོགས་གང་མང་སྤེལ་བའི་དུས་ལ་བབ་འདུག

༥ མཇུག་གི་གཏམ།

མདོར་ན།    ནང་ཆོས་ནི་ནང་སེམས་ཀྱི་དཀའ་ངལ་སེལ་ཐབས་དང་།  ཚན་རིག་ནི་ཕྱི་ལུས་ལ་བརྟེན་པའི་དཀའ་ངལ་སེལ་བའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་པས། དགོས་དམིགས་དེ་གཉིས་སྒྲུབ་པར་དུས་རབས་ཉེར་གཅིག་པའི་ནང་། ཡུལ་དུས་ཀྱི་གནས་བབས་དང་ཧ་ཅང་འཚམ་ཞིང་།   སྤྱི་ཚོགས་ལ་ཆེས་དགོས་མཁོ་ཆེ་བའི་ཤེས་ཡོན་ནི་ཆོས་ཚན་གྱི་སྡེ་གཉིས་ཡིན་པས་དེ་གཉིས་མཉམ་འབྲེལ་བྱེད་ཐུབ་ན་དགེ་མཚན་ཅི་ཡོད་༧གོང་ས་མཆོག་གིས་གཟིགས་ཏེ[28]ལོ་ངོ་ ༥༠ ལྷག་རིང་ཆོས་ཚན་བར་ཐུགས་ཞིབ་དང་འབྲེལ་འདྲིས་གནང་ཡོད།

༧གོང་ས་མཆོག་གིས་ཚན་རིག་དང་ལྷན་བགྲོ་གླེང་དབུ་བཙུགས་གནང་ནས་ལོ་ཤས་སོང་སྐབས་ཤིག་ལ།  ཕྱི་རྒྱལ་བའི་སྐྱེས་མ་དེས།   ཚན་རིག་ནི་ཆོས་ལུགས་ཀྱི་གཤེད་མ་ཡིན།   ཞེས་པའི་སྡོམ་ཚིག་དེ་ཞུས་ནས་ད་ཆ་ལོ་ངོ་བཞི་བཅུ་ལྷག་འགྲོ་བཞིན་ཡོད་ཀྱང་། ཚན་རིག་དང་ཚན་རིག་པ་བོད་བརྒྱུད་ནང་བསྟན་གྱི་གཤེད་མར་འགྱུར་རྒྱུ་ལས་ལྡོག་སྟེ། བོད་བརྒྱུད་ནང་བསྟན་གྱིས་འགྲོ་བ་སྤྱི་དང་བྱེ་བྲག་མི་ཐེར་འབུམ་བདུན་ལ་མིག་མཐོང་ལག་ཟིན་གྱིས་ཕན་ཐོགས་བསྐྲུན་པར་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་གྱུར་ཡོད།

དེས་ན། ཆོས་ཚན་མཉམ་འབྲེལ་ཅི་ཙམ་རྒྱ་བསྐྱེད་པའི་ཚོད་ཀྱིས་སྐྱེ་འགྲོར་ཕན་པར་གདོན་མི་ཟ་ཡང་།  ང་ཚོས་བོད་བརྒྱུད་ནང་བསྟན་དེ་ཉིད་ཚན་རིག་གི་འདོད་ཚུལ་དང་མཐུན་ཐབས་བྱེད་ཀྱི་མེད་པའི་གནད་འགག་ཀྱང་ཤེས་དགོས་པ་དང་། ཚན་རིག་དང་མཉམ་འབྲེལ་གྱིས་འཇིག་རྟེན་ལ་ཕན་བདེ་བསྐྲུན་རྒྱུའི་དམིགས་ཡུལ་ཁོ་ན་བཟུང་བའི་ཚུལ་ཡང་ཤེས་དགོས་པའི་གནད་འགག་ཡོད་དོ།  །ནང་བསྟན་དང་ཚན་རིག་མཉམ་འབྲེལ་གྱི་འོད་སྣང་ནམ་ཡང་མི་ནུབ་པར་གྱུར་ཅིག་གུ། ། །།

རྒྱལ་བའི་བཀའ་དྲིན་ལོ་སྲུང་བརྩིའི་ཆེད་དུ་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༧ ཉིན་བྲིས་པའི་( ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་དང་མཉམ་འབྲེལ་བྱེད་ཐབས་སྐོར་ནས་ཟུར་ཙམ་གླེང་བ།) ཞེས་པའི་རྩོམ་ཡིག་ལ་སྣོན་འཕྲི་གང་མང་དང་བཅས། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༧ ཉིན། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས།

དཔྱད་ཡིག་དང་ཞབས་མཆན།

[1] www.dalailama.com/science , ethics, education

[2] ང་ཚོ་འབྲེལ་བ་བྱུང་བའི་སྐབས་སུ་ནུབ་ཕྱོགས་ཀྱི་ངོ་ཤེས་ཁ་ཤས་ནས་ང་ལ་དངོས་སུ་ཚན་རིག་ཟེར་བ་འདི་ཆོས་ཀྱི་དགྲ་རེད། ཚན་རིག་དང་འབྲེལ་བ་བྱས་ན་ཆོས་མེད་པ་བཟོ་རྒྱུ་ཡིན་པས་ཉེན་ཁ་ཆེན་པོ་རེད། ཚན་རིག་ནི་ནུབ་ཕྱོགས་རྒྱལ་ཁབ་ནང་ཆོས་མེད་པ་བཟོ་མཁན་གྱི་དགྲ་བོ་ཆགས་ཡོད། དེར་འབྲེལ་བ་བྱ་རྒྱུའི་ཐད་གཟབ་གཟབ་བྱེད་དགོས་ཞེས་བརྗོད་མྱོང་། ཞེས་༧ གོང་ས་མཆོག་གིས། ཤོག་གྲངས། ༣ བོད་ཀྱི་ཚན་རིག་དུས་དེབ་དང་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༠༠

[3]  ཕྱི་གླིང་གི་ཁྲོད་ནས་ས་ཡན་སིའི་མཁས་པ་མང་པོ་ཞིག་སངས་རྒྱས་ལ་དད་པ་རྙེད་དེ་ནང་པར་གྱུར་ཅིང་། འགའ་ཞིག་རབ་ཏུ་ཡང་བྱུང་། གཅིག་ན་རེ། དང་པོ་ང་ཡེ་ཤུའི་ཆོས་རྙིང་པའི་ལུགས་ཡིན། ཕྱིས་ས་ཡན་སི་ལ་ལེགས་པར་སྦྱངས་ནས་གོ་བ་གསར་པ་སྐྱེས་པ་ན། འཇིག་རྟེན་འདི་ན་ཆོས་ཡོད་པ་ཐམས་ཅད་ཡི་གེ་ཙམ་ལ་བློ་གཏད་དགོས་པའི་རྫུན་རྩ་བར་འདོད་པ་ཤ་སྟག་ཏུ་འདུག་སྙམ་པ་བྱུང་། ཉིན་གཅིག་ཆོས་ཀྱི་རྐང་པའི་ཚིགས་བཅད་ཕྱི་སྐད་དུ་བསྒྱུར་བ་ཞིག་མཐོང་ནས། ཀྱེ་མ་རིགས་པ་ཁོ་ནའི་ལམ་ནས་གཤེགས་པ་ནི་སངས་རྒྱས་ཉག་ཅིག་སྟེ། ཁོང་ས་ཡན་སིའི་སྐས་ལ་འཛེགས་པར་མ་ཟད། དེ་བསྐྱུར་ནས་ཕ་རོལ་རྒྱང་རིང་དུ་ཡང་བྱོན་པ་ཡིན་འདུག་སྙམ་ནས་ངེས་ཤེས་སྐྱེས་ཟེར། གངས་ཅན་རིག་མཛོད། ༡༡ དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྨད་ཆ། ཤོག་གྲངས། ༡༦༨ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[4] གངས་ཅན་རིག་མཛོད། ༡༡ དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྨད་ཆ། ཤོག་གྲངས། ༡༦༨ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
[5] The Life Of Nyanatiloka Thera by Dr Hellmuth Hecker and Bhikkhu Nanatusita, Buddist Publication Society 2008

[6] ཤོག་གྲངས། ༢༩ རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢

[7] ཡིན་ན་ཡང་ཚན་རིག་གི་འཛམ་གླིང་ནང་འགྲུལ་བཞུད་མ་བྱས་གོང་། ངོས་ཉིད་ཀྱི་བོད་པའི་སྲོལ་རྒྱུན་རང་གི་ནང་ནས་ཚན་རྩལ་ཁྲོད་གོམ་བགྲོད་གནང་མཁན་ཞིག་བྱུང་འདུག་པ་དེ་ནི་ཧ་ཅང་དགའ་སྤོབས་འོས་པ་ཞིག་ཡིན། ལྷག་པར་དུ་ཁོང་ང་རང་གི་སྐྱེ་ཡུལ་ཨ་མདོ་རང་ནས་ཕེབས་པ་ཞིག་ཀྱང་རེད།  ཤོག་གྲངས། x རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢
[8]  རིགས་གསར་གྱི་སྐོར་འདི་ལ་བསམ་པའི་འཁྱེར་སོ་གང་ཡིན་གྱི་དཔེ་ཞིག་ཟུར་དུ་བྲི་འདོད་ཆེན་པོ་བྱུང་ཡང་། ཚེགས་ཆེ་དྲགས་པ་དང་ཀུན་གྱི་མོས་པ་ལོག་པས་དོན་མེད་དུ་འགྱུར་སྙམ་ནས་ལུས། གངས་ཅན་རིག་མཛོད། ༡༡ དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྨད་ཆ། ཤོག་གྲངས། ༡༧༢བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[9] རང་རེའི་སྟོན་པའི་ཆོས་ལུགས་འདི་ལ་གཞིའི་གནས་ལུགས་དང་། ལམ་གྱི་བགྲོད་ཚུལ། འབྲས་བུའི་ཡོན་ཏན་སོགས་ལ་བཤད་པའི་ཆ་གང་ནས་ས་ཡན་སིའི་རིགས་པ་ལ་ངོ་གནོང་དགོས་པ་ཞིག་ནི་ངེས་པར་མེད། དེར་མ་ཟད་གནད་གང་ཡིན་ལ་ས་ཡན་སིའི་རིགས་པ་རྩིག་རྨང་དུ་བྱེད་ནུས་པ་ཡོད། གངས་ཅན་རིག་མཛོད། ༡༡ དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྨད་ཆ། ཤོག་གྲངས། ༡༦༨ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[10] ཇི་ཙམ་ཁྱད་པར་ཤེས་པ་དེ་ཙམ་གྱིས་རང་ལུགས་སངས་རྒྱས་ཀྱི་ཆོས་ལ་དད་པ་བརྟན་པོ་འགྱུར་དུ་མེད་པ་ཞིག་ཡོང་བ་ཡིན། དེ་བཞིན་གོང་དུ་ཞུས་པ་ལྟར་བདེན་དོན་འཚོལ་བའི་སངས་རྒྱས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཡོད་པའི་ཚན་རིག་ལ་སློབ་སྦྱོང་བྱེད་ཐུབ་ན་སངས་རྒྱས་ཀྱི་ཆོས་ལ་གཏིང་ནས་ངོ་མཚར་སྐྱེད་དེ་དད་པ་བརྟན་དུ་འགྲོ་བ་དང་། བསྟན་པ་སྤྱིའི་ཞབས་འདེགས་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན། ཞེས། ༧ གོང་ས་མཆོག་གིས། ཤོག་གྲངས། ༨ བོད་ཀྱི་ཚན་རིག་དུས་དེབ་དང་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༠༠

[11] www.bbc.> what is colour

[12] གངས་ཅན་རིག་མཛོད། ༡༡  དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྨད་ཆ། ཤོག་གྲངས། ༡༦༨ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[13] དེ་བཞིན་གོང་དུ་ཞུས་པ་ལྟར་བདེན་དོན་འཚོལ་བའི་སངས་རྒྱས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཡོད་པའི་ཚན་རིག་ལ་སློབ་སྦྱོང་བྱེད་ཐུབ་ན་སངས་རྒྱས་ཀྱི་ཆོས་ལ་གཏིང་ནས་ངོ་མཚར་སྐྱེད་དེ་དད་པ་བརྟན་དུ་འགྲོ་བ་དང་། བསྟན་པ་སྤྱིའི་ཞབས་འདེགས་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན། ཞེས། ༧གོང་ས་མཆོག་གིས།  ཤོག་གྲངས། ༨ བོད་ཀྱི་ཚན་རིག་དུས་དེབ་དང་པོ། བོད་ཀྱི་དཔེ་མཛོད་ཁང་།་ཕྱི་ལོ་༢༠༠༠

[14] གངས་ཅན་རིག་མཛོད། ༡༡  དགེ་འདུན་ཆོས་འཕེལ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། སྨད་ཆ། ཤོག་གྲངས། ༡༦༨ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[15] བོད་བརྒྱུད་ནང་བསྟན་གྱིས་ཚན་རིག་དང་ལྷན་དུ་མང་ཚོགས་ཀྱི་ཁྲོད་དུ་བགྲོ་གླེང་བྱས་ན་ཁེ་ཕན་བྱེ་བྲག་པ་གཅིག་ཡོད། རྒྱ་ནག་གི་སྤུན་ཟླ་ཕོ་མོ་མང་པོས་བོད་པའི་སྲོལ་རྒྱུན་ནི་ཧ་ཅང་རྗེས་ལུས་ཡིན་པར་བསམ་གྱི་ཡོད། ཏཱ་ལའི་བླ་མ་མཆོག་གིས་མཇུག་བསྡུས་བཞིན་གསུངས་པ་དང་། ནུབ་ཕྱོགས་ཀྱི་ཚན་རིག་པ་གལ་ཆེན་མང་པོས་སྲོལ་རྒྱུན་དེ་ཕྱུག་པོ་ཡིན་ཞིང་། སོ་སོའི་ཞིབ་འཇུག་ལའང་འབྲེལ་བ་ཡོད་པ་མཐོང་བ་འདིས་ལྟ་ཚུལ་དེར་འགྱུར་བ་གཏོང་ཐུབ། ཅེས། ཤོག་གྲངས། ༢༡ ༧གོང་ས་མཆོག་ཨད་མི་ཨ་ཡེ་ཏྲེར་ཕེབས་པ། ( The Dalai Lama at MIT ) ཤར་ནུབ་ཀྱི་སེམས་ཁམས་རིག་པའི་བགྲོ་གླེང་། Edited by Anne Harrington and Arthur Zajonc བསྟན་འཛིན་རིག་བཟང་གིས་བོད་ཡིག་ཏུ་བསྒྱུར།

[16] What buddhism taught cognitive science about self, Mind and brain by Asaf Fedeman. Institute of Advance study and Department of Psychology Warwick Univeristy

[17] Richard Davidson རྩོམ་གནང་བའི་ The Emotional life of Your Brain

[18]  དཔེ་ཚད་ལྡན་ཞིག་ནི་ཀླད་པའི་ཐོག་སྒོམ་གྱིས་ཤུགས་རྐྱེན་ཇི་ཡོད་བལྟ་རྒྱུ་འདི་ཡིན། ཉེ་དུས་སྒོམ་ཆེན་ཚོའི་ཀླད་པའི་ཐོག་བརྟག་དཔྱད་བྱེད་སྐབས་སྒོམ་གྱི་ཉམས་ལེན་ལ་བརྟེན་ནས་བྱུང་བའི་ཁྱད་པར་མངོན་གསལ་ཅན་མང་དག་ཅིག་རྙེད་བཞིན་ཡོད། འདི་ནི་མ་འོངས་ཉམས་ཞིབ་དང་མཉམ་འབྲེལ་འབྲས་བུ་ལྡན་པའི་གླེང་གཞི་ཡིན་པ་དང་། ༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་མཐུད་ལ་འདི་ལྟ་བུའི་འབྲས་བུ་ཐོན་སའི་དཔེ་གཞན་ཡང་བཀོད་གནང་ཡོད། ཅེས། ཤོག་གྲངས། ༣༦ བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། Tibetan Buddhism&Modern Physics-Toward a Union of Love and Knowlege རྩོམ་པ་པོ། ཝིག་ཌར་མན་སི་ཕིལ་གྱིས་བརྩམས། ཀརྨ་ཐུབ་བསྟན་གྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ ༢༠༡༣

[19] ཚན་རིག་ལ་ཚུལ་ཁྲིམས་ཀྱི་ལམ་སྟོན་དགོས་པ་གསལ་པོ་ཡིན། ཞེས་དང་། ཉམས་མྱོང་འདི་དག་ལ་མ་ལྟོས་པར་ནང་ཆོས་ཀྱིས་ཚན་རིག་ལ་ཚུལ་ཁྲིམས་ཀྱི་ལམ་སྟོན་བྱེད་ཐུབ་པ་དང་འདི་ནི་ང་ཚོའི་འཚོ་གནས་ལ་གལ་གནད་ཆེ་བས། ༧གོང་ས་མཆོག་གི་དགོངས་ཚུལ་དེར་ངས་ཁས་ལེན་བྱེད་ཀྱི་ཡོད། དེར་བརྟེན་དཔེ་དེབ་འདིའི་ནང་ངོས་ནས་ཚུལ་ཁྲིམས་ཀྱི་གོ་དོན་འདི་དག་དེང་དུས་ཚན་རིག་གིས་བསྐྲུན་པའི་འཇིག་རྟེན་གྱི་ལྟ་ཚུལ་ལས་རང་བཞིན་གྱིས་བྱུང་བ་ཞིག་ལས་ཕྱི་ནས་བཙན་འགེལ་བྱས་པ་ཞིག་མིན་ལུགས་སྟོན་ཐབས་བྱས་ཡོད། ཅེས། ཤོག་གྲངས། ༣༨ བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། Tibetan Buddhism&Modern Physics-Toward a Union of Love and Knowlege རྩོམ་པ་པོ། ཝིག་ཌར་མན་སི་ཕིལ་གྱིས་བརྩམས། ཀརྨ་ཐུབ་བསྟན་གྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ ༢༠༡༣

[20] ཐ་ན་ཚན་རིག་ཐད་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་ནང་དུའང་ད་དུང་དངོས་པོ་ཐམས་ཅད་རང་དབང་གིས་གྲུབ་པར་འཛིན་པའི་ནིའུ་ཌོན་གྱི་འཇིག་རྟེན་ལྟ་ཚུལ་ལ་འཐམ་ནས་བསྡད་ཡོད། དེར་བརྟེན་དེང་དུས་དངོས་ཁམས་རིག་པས་ང་ཚོའི་འཇིག་རྟེན་གྱི་ལྟ་ཚུལ་ལ་དགོས་ངེས་ལྟར་སྒྱུར་བཅོས་བཏང་མེད། འདིར་གཟུགས་ཅན་གྱི་ལྟ་ཚུལ་དང་དེའི་ཚུལ་ཁྲིམས་ཀྱི་གནད་དོན་ཐད་གསལ་བཤད་བྱེད་པར་སྤྱིར་ནང་པའི་ལྟ་གྲུབ་དང་ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བའི་ཕན་རླབས་ཤིན་ཏུ་ཆེ་བ་ཡིན། ཞེས་ཤོག་གྲངས། ༣༦ བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། Tibetan Buddhism&Modern Physics-Toward a Union of Love and Knowlege རྩོམ་པ་པོ། ཝིག་ཌར་མན་སི་ཕིལ་གྱིས་བརྩམས། ཀརྨ་ཐུབ་བསྟན་གྱིས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ ༢༠༡༣

[21] ངའི་གོ་ཐོས་ལ་ཚན་རིག་པ་འགའ་ཞིག་གིས་ཨ་ཡན་སི་ཌན་གྱི་ཆ་ཚད་བཞི་ཅན་གྱི་དུས་དང་བར་སྣང་དེ་རང་བཞིན་གྱིས་གྲུབ་པའི་སྣོད་ཆེན་ལྟ་བུ་དང་། སྐྱེ་གནས་ཀྱི་བྱུང་བ་རྣམས་ཡོང་ས་ཞིག་ཏུ་འདོད་ཀྱི་ཡོད་རུང་། མགོན་པོ་ཀླུ་སྒྲུབ་ཀྱི་རིག་པ་ལ་གོམས་འདྲིས་ཡོད་པའི་ནང་པ་ཞིག་ལ་ཨ་ཡན་སི་ཌན་གྱི་རྟོག་དཔྱོད་ཀྱི་སྒོ་ནས་དུས་ལྟོས་བཅས་སྨྲ་བའི་གསལ་བཤད་བྱས་པ་རྣམས་དུས་ཀྱི་ལྟོས་བཅས་ཀྱི་རང་བཞིན་ཡིན་པའི་གོ་རྟོགས་ཟབ་ཏུ་གཏོང་བར་ཕན་རླབས་ཧ་ཅང་ཆེན་པོ་རེད། ཤོག་གྲངས། ༥༥ རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢

[22] ངའི་གོ་ཐོས་ལ་ཚད་རྡུལ་གྲུབ་དོན་སྨྲ་བ་སྙན་གྲགས་ཅན་རི་ཆར་ཌི་ཕེ་ཡན་མན་( Richard Feynman )གྱིས་ཚད་རྡུལ་ཤུགས་རིག་གི་གོ་དོན་སུས་ཀྱང་ཤེས་ཀྱི་མེད་ཅེས་བརྗོད་ན་དེར་ཐལ་ཆ་གང་ཡང་མེད་སྙམ་གྱི་འདུག་ཅེས་བྲིས་ཡོད་འདུག དེར་བརྟེན་མ་མཐར་ཡང་ང་དང་མཉམ་དུ་རོགས་པ་ཡག་པོ་ཞིག་ཡོད་པ་རེད། ཤོག་གྲངས། ༥༥ རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢

[23]ཚད་རྡུལ་ཤུགས་རིག་གསར་གཏོད་བྱུང་བ་ལས་དངོས་ཁམས་ཚན་རིག་གི་ལྟ་གྲུབ་ལ་དཀའ་གནད་ཅིག་སླེབས་པ་ནི། དངོས་རྫས་རྣམས་འགྲུབ་བྱེད་ཀྱི་རྒྱུ་ཆ་སྙིང་པོ་བཙལ་ནས་རྙེད་པར་འདོད་པ་དེ་ཡིན་པས། དེ་ཁས་ལེན་ཐུབ་མིན་རྩ་བ་ཡིན། ནང་པའི་སྟོང་ཉིད་ཀྱི་ལྟ་བས་ཞབས་འདེགས་ཞུ་ཐུབ་པ་ནི་ཆོས་རྣམས་བཙལ་ན་མི་རྙེད་ཀྱང་ཡོད་པའི་གོ་རྟོགས་ཆ་ཚང་བ་ཞིག་སྤྲོད་ཐུབ་པའི་དཔེ་མཚོན་ཞིག་སྟོན་ཐུབ། དེས་ཕན་ཐོགས་འབྱུང་མིན་ནི་དུས་ཚོད་ཀྱིས་ཁ་གྲག་རྒྱུའམ་བཤད་རྒྱུ་ལས་གཞན་ཅི་ཡོད། ཤོག་གྲངས། ༦༥ རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢

[24] དེས་ན་མིའི་རིགས་ཀྱི་བདེ་ཐབས་ཆ་ནས་བལྟས་ནའང་ཚན་རིག་དང་སེམས་དོན་རིག་པ་གཉིས་འབྲེལ་མེད་ཅིག་གཏན་ནས་མིན། ང་ཚོས་ལུས་སེམས་གཉིས་ཀའི་སྟེང་གི་སྡུག་བསྔལ་སེལ་དགོས་པར་བརྟེན་ང་ཚོར་དེ་གཉིས་ཀ་དགོས། ཤོག་གྲངས། xii རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢

[25] ང་ཚོས་དངོས་ཡོད་གནས་ཚུལ་གཏན་ལ་ཕབ་ནས་འགྲོ་གི་ཡོད། དངོས་ཡོད་གནས་ཚུལ་གཏན་ལ་ཕབ་ནས་བདེན་དོན་འཚོལ་གྱི་ཡོད་པར་བརྟེན་གྲུབ་མཐའ་འོག་མ་འོག་མའི་འདོད་ཚུལ་ལ། གྲུབ་མཐའ་གོང་མ་གོང་མས་གནོད་བྱེད་འཕེན་པའི་སྐབས་སུ་དེ་བཞིན་གཤེགས་པའི་ལུང་འདི་འདྲ་ཞིག་འདུག་ཅེས་རྒྱུ་མཚན་བཀོད་དེ་གྲུབ་མཐའ་འོག་མ་འགོག་གི་མེད། ཅེས་ཤོག་གྲངས། ༣ བོད་ཀྱི་ཚན་རིག་དུས་དེབ་དང་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༠༠

[26] དེས་ན་ཁོང་ཚོར་འགྲོ་བ་མིའི་རིགས་རྣམས་གཅིག་གྱུར་ཡིན་པའི་ངོས་འཛིན་དང་། ཤེས་ཡོན་ཐད་སྒེར་སྡོམ་མཁྲེགས་འཛིན་མི་བྱེད་པར་གུ་ཡངས་སུ་སྤྱོད་པའི་གནད་དོན་ཞིག་་ཡོད་པ་ཤེས་རྟོགས་བྱུང་། ཤོག་གྲངས། xi རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༢

[27] དེ་གཉིས་ཟུང་འབྲེལ་གྱིས་མིའི་རིགས་ཀྱི་ཤེས་ཡོན་དང་། བློ་གྲོས་ཀྱི་རྭ་བ་རྒྱ་བསྐྱེད་གཏོང་བར་ཞབས་འདེགས་ཞུ་ཐུབ། ལྷག་པར་སྡེ་ཚན་འདི་གཉིས་ཕན་ཚུན་བགྲོ་གླེང་བརྒྱུད། ཚན་རིག་དང་སེམས་དོན་རིག་པ་གཉིས་ཀ་གོང་འཕེལ་དུ་ཕྱིན་པའི་སྒོ་ནས་འགྲོ་བ་མིའི་དགོས་མཁོ་དང་། བདེ་ཐབས་ལ་ཞབས་འདེགས་ལེགས་པར་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། ཤོག་གྲངས། xiii རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༢

[28] དེ་གཉིས་ཟུང་འབྲེལ་གྱིས་མིའི་རིགས་ཀྱི་ཤེས་ཡོན་དང་། བློ་གྲོས་ཀྱི་རྭ་བ་རྒྱ་བསྐྱེད་གཏོང་བར་ཞབས་འདེགས་ཞུ་ཐུབ། ལྷག་པར་སྡེ་ཚན་འདི་གཉིས་ཕན་ཚུན་བགྲོ་གླེང་བརྒྱུད། ཚན་རིག་དང་སེམས་དོན་རིག་པ་གཉིས་ཀ་གོང་འཕེལ་དུ་ཕྱིན་པའི་སྒོ་ནས་འགྲོ་བ་མིའི་དགོས་མཁོ་དང་། བདེ་ཐབས་ལ་ཞབས་འདེགས་ལེགས་པར་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། ཤོག་གྲངས། xiii རྡུལ་སྙེད་འཇིག་རྟེན། ༧གོང་ས་ཏཱ་ལའི་བླ་མས་མཛད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་༢༠༡༢

– – – – –

Loading

1 མཆན་བུ།

  1. ཁྱེད་དང་ཁྱེད་འདྲ་བའི་དཔྱད་རྩོམ་འབྲི་མཁན་རྣམས་ལ་ཐུགས་རྗེ་ཆེ། ལྷག་པར་ནང་ཆོས་དང་ཚན་རིག་གི་སྐོར་གྱི་བསམ་ཚུལ་འདི་དག་ང་ཚོའི་སྐད་ཡིག་ཐོག་ཏུ་མང་ཙམ་མཇལ་རྒྱུ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད། གང་ཡིན་ཟེར་ན། ད་ལྟའི་ཆར་ང་ཚོའི་སྐད་ཡིག་ནང་དུ་ཆོས་ཚན་ལ་དཔྱད་པའི་དཔྱད་རྩོམ་འབྲི་མཁན་ནི་ཤིན་ཏུ་དཀོན་པར་སྣང་། སྟོང་ཆ་འདི་ཉིད་གང་མགྱོགས་བཀང་དགོས་ཀྱི་འདུག

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།