འགྲོ་བའི་སྡུག་བསྔལ་གཞོམ་པའི་ཕྱིར། །
དཀའ་བ་བརྒྱ་ཡི་ཁུར་ཆེན་འདེགས། །
གསོ་དཔྱད་རིག་པའི་འཕྲིན་ལས་ཅན། །
སྨན་པ་མཆོག་རྣམས་ཕྱག་བགྱི་འོ། །
ན་ནིང་ལོ་དེ་ནི་གཉན་རིམས་༡༩ པས་དྲག་གནོན་བྱས་ཏེ། འཇིག་རྟེན་ཧྲིལ་པོ་བསད་རྨས་བྱས་པའི་ལོ་ནག་ཅིག་རེད། ༢༠༢༡ འགོ་ཚུགས་པ་ནས་རིམས་སོན་འགོག་སྨན་ནམ་དབྱིན་སྐད་དུ་ Vaccination ཞེས་པའི་རིགས་ལམ་འདིས་ཏོག་དབྱིབས་གཉན་རིམས་ ༡༩ པ་ལས་ཐར་ཐབས་བྱེད་བཞིན་ཡོད་པ་རེད། དེ་ཡང་རྒྱལ་ཁབ་དང་། ཚོགས་སྡེ། མི་སྒེར་པའི་བར་དུ་རང་རང་གི་ས་ནས་ཐབས་ཤེས་གང་ཡོད་བཀོལ་ནས་རིམས་སོན་འཛུགས་ཐབས་ཀྱི་ལས་ཀ་དེ་གལ་གནད་ཆེ་ཤོས་སུ་བཟུང་ཡོད། དེ་ལ་དབྱིན་སྐད་ཀྱི་ Vaccination འདི་བོད་སྐད་དུ་ “སྔོན་འགོག་” ཅེས་བསྒྱུར་བ་དང་། འགའ་ཞིག་གིས་ “རིམས་སོན་”[1] ཞེས་བསྒྱུར་འདུག་ཅིང་། རིམས་སོན་ཞེས་པ་འདི་ཧ་ཅང་གནད་ལ་ཁེལ་ཡོད་སྙམ་སྟེ། རིགས་ལམ་འདི་ནི་རིམས་ཀྱི་གཉན་སྲིན་གང་ཞིག་གི་ས་བོན་ནད་མེད་མི་ལ་འཛུགས་ཏེ་རིམས་ནད་ཕྲ་མོ་ཞིག་ལངས་བཅུག་ནས་ནད་དེ་ལས་ཐར་ཐབས་བྱེད་བཞིན་ཡོད་པས་སོ། ད་དུང་གོ་བ་བོགས་འདོན་དགོས་ན་རིམས་སོན་འགོག་སྨན་དང་། རིམས་སོན་འགོག་ཁབ་སོགས་བསྒྱུར་ན་འོས་འཚམས་སུ་མཐོང་ངོ་། །
དེ་ལྟར་རིམས་སོན་འདེབས་འཛུགས་ཀྱི་ལས་ཀ་འདི་དུས་རབས་ ༡༧ པའི་སྨད་ཙམ་ནས་བོད་ཡུལ་དུ་དར་ཏེ་རིམ་པས་མི་མང་བརྒྱ་ཕྲག་དུ་མ་དཀྱུས་གཅིག་ཏུ་རིམས་འཛུགས་བྱེད་པ་སོགས་ལག་ལེན་རྒྱ་ཁྱབ་ཏུ་བཀོལ་མྱོང་ཡོད་པ་མཐོང་བས་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་དང་གནས་ལུགས་འགའ་ཞིག་གསེད་བཀྲོལ་བྱ་རྒྱུ་ཡིན།
༡ བོད་ཀྱི་རིམས་སོན་སྔོན་འགོག་གི་ལོ་རྒྱུས་རྒྱབ་ལྗོངས།
སྤྱིར་ན་བོད་ཀྱི་གསོ་བ་རིག་པ་འདི་དཀའ་ཚེགས་ཆེ་ཁག་གཉིས་ལ་གདོང་གཏོད་མྱོང་བ་ཡིན་ཞིང་། གཅིག་ནི་བཙན་པོའི་རྒྱལ་རབས་དུས་སུ་ (དུས་རབས་ ༦-༩ པ་བར་) དམག་འཁྲུག་ཡོ་ལངས་སྐབས་སུ་ཛ་དྲག་རྨས་མ་གསོ་བཅོས་བྱེད་དགོས་བྱུང་བ་དང་། གཉིས་པ་བོད་སིལ་བུའི་སྐབས་ནས་བཟུང་འབྲུམ་བུས་གཙོས་པའི་རིམས་ནད་སྣ་ཚོགས་ལ་འཐབ་འཛིང་བྱེད་དགོས་བྱུང་བ་སྟེ། དེ་ལྟར་འགག་འཕྲང་རིང་མོ་གཉིས་བརྒྱུད་མྱོང་ཡོད་པ་རེད། དེ་ལས་རིམས་ནད་སྣ་ཚོགས་ལ་འཐབ་འཛིང་རབ་དང་རིམ་པར་བྱས་པའི་སྐབས་སུ་རིམས་སོན་སྔོན་འགོག་འདིའི་བྱུང་རབས་དང་སྦྲེལ་ནས་བོད་དང་བོད་ཀྱི་གསོ་བ་རིག་པའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་པའི་སྐོར་ལ་ཅུང་ཙམ་ཕྱིར་དྲན་བྱེད་རྒྱུ་ཡིན། དེ་ཡང་དུས་ཚོད་རིང་པོ་གཏོང་བ་སོགས་དཀའ་ཚེགས་མང་པོ་བརྒྱུད་མི་དགོས་པར་དྲ་ཐོག་གི་ཡིག་ཆ་ཁག་དང་། རང་ལ་ཅུང་ཙམ་ཆ་རྒྱུས་ཡོད་པའི་བོད་ཀྱི་མཁས་པ་ཁག་ཅིག་གི་རྣམ་ཐར་གསུང་རྩོམ་སོགས་དཔང་དུ་བཙུགས་ནས་གཏམ་ཐུང་ངུར་ཞིག་གླེང་བར་འདོད།
དེ་ལ་ཐོག་མར་ Vaccine ཞེས་པའི་ཕྱི་རྒྱལ་གྱི་མིང་ཚིག་འདི་དུས་རབས་ ༡༨ པའི་ནང་དུ་བྱུང་ཞིང་། ལཱ་ཊིན་གྱི་སྐད་དེ་འབྲུ་གནོན་བྱས་ན་ “བ་ལང་འབྲུམ་འགོག་” ལྟ་བུར་གོ་དགོས་ཚོད། འོན་ཀྱང་དོན་ལ་རིམས་ནད་གང་ཡིན་པ་དེའི་ས་བོན་ནུས་ལྡན་ཞིག་ནད་མེད་མི་ལ་འདེབས་ཏེ་དེ་ཉིད་སྨིན་དུ་བཅུག་ནས་རིམས་ནད་དེ་ལས་དཀའ་ཚེགས་ཆེར་མེད་པར་ཡང་པོར་ཐར་བར་བྱེད་པའི་ཐབས་ཚུལ་ཞིག་སྟེ། དཔེར་ན་མི་ཡིས་བརྒལ་མི་ནུས་པའི་གཙང་ཆེན་གྲུ་ལ་བརྟེན་ནས་བདེ་བླག་ཏུ་ཕ་རོལ་ཏུ་ཐར་བ་ལྟ་བུ་ཡིན་ཞིང་། གཙང་ཆེན་དེ་བརྒལ་མི་དགོས་པའི་ཐབས་ཤེས་གཏོང་གི་མེད་པ་རེད།
རིམས་སོན་འདེབས་འཛུགས་བྱེད་རྒྱུ་ཡོད་པའི་ནད་རིགས་ཕལ་ཆེ་བ་ནི། རིམས་ནད་གང་ཞིག་ལ་ཡང་ནས་བསྐྱར་དུ་ཕོག་རྒྱུ་མེད་པའི་ནད་རིགས་ཡིན་ཞིང་། ཏོག་དབྱིབས་གཉན་རིམས་ ༡༩ པ་འདིའང་ཕོག་ནས་ཐར་རྒྱུ་ཡོད་པའི་ནད་རིགས་ཤིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། ཕྱིས་སུ་ཡང་ནས་བསྐྱར་དུ་འགོས་རྒྱུ་མེད་པའི་རྒྱུ་མཚན་ནི། རིམས་ནད་ཀྱི་གཉན་སྲིན་འདི་ལུས་སྟེང་དུ་ཐེངས་མ་གཅིག་ཁྱབ་པའི་རྗེས་སུ་རང་གི་ལུས་ཟུངས་ནད་འགོག་མ་ལག་གིས་གཉན་སྲིན་དེ་གདོང་ལེན་ཐུབ་པའི་ནུས་པ་བསྐྱེད་སྲིངས་བྱེད་ཀྱི་ཡོད་པས་རྗེས་སུ་རིམས་ནད་ཀྱི་གཉན་སྲིན་དེ་སླེབས་མ་ཐག་ཏུ་གདོང་ལེན་བྱེད་ནས་ལུས་སྟེང་དུ་ཐེངས་གཉིས་པ་ཡོང་བཅུག་གི་མེད་པར་ཚན་རིག་པས་བཤད།
ཐོག་མར་རིམས་ནད་ཅེས་པ་ནི། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ནང་གི་འབྱུང་བ་འཁྲུགས་པ་མ་ཡིན་པར་རང་བྱུང་ཁམས་ལ་འབག་བཙོག་སོགས་ཀྱིས་ཕྱི་རོལ་གྱི་འབྱུང་བ་འཁྲུགས་ནས་གཉན་སྲིན་སོགས་འགྲོ་བ་མིའི་ལུས་སུ་ཞུགས་པའི་གློ་བུར་བའི་ནད་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། དེ་ལ་རིགས་མི་འདྲ་བ་དུ་མ་དབྱེར་ཡོད་པ་རེད།
དེ་ལས་རིམས་ནད་སྔ་ཤོས་གྲས་ནི་མཛེ་ནད་ཅེས་པ་འདི་ཡིན་ཞིང་། དུས་རབས་དྲུག་པའི་ནང་དུ་བོད་ཀྱི་རྒྱལ་པོ་འབྲོང་གཉན་ལྡེའུ་མཛེ་ནད་ཕོག་ནས་རང་འགུལ་ངང་གསོན་དུར་དུ་ཞུགས་པར་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་ཞིང་། སྐབས་དེ་ཙམ་ནས་འགྲུལ་བསྲུང་ Quarantine གི་བྱེད་ཐབས་སྤྱད་ཡོད་ཅིང་། རིམས་ནད་འདི་གཅིག་ནས་གཅིག་ཏུ་འགོས་ཁྱབ་འགྲོ་བཞིན་ཡོད་པས་ “འགྲུལ་བསྲུང་” དགོས་པའི་ངེས་ཤེས་ཐོབ་ནས་ཐབས་ལམ་དེ་ཉིད་ལག་ལེན་ཏུ་བསྟར་ཡོད་པ་རེད།
དེ་ནས་དཔལ་ལྡན་རྒྱུད་བཞིའི་ནང་དུ་འབྲུམ་བུའི་གཙོས་པའི་རིམས་ནད་ཀྱི་དབྱེ་བ་དུ་མ་ཞིག་བསྟན་ཡོད་ཅིང་། དེ་ལས་འབྲུམ་བུའི་ནད་རིགས་འདིས་དམིགས་བསལ་དུ་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཚབས་ཆེན་སྤྲད་ཡོད། ཐོག་མའི་ཆར་ནད་རིགས་འདིའི་རྒྱུ་རྐྱེན་དང་། དབྱེ་བ། གསོ་བཅོས་སོགས་དམངས་ཁྲོད་ཀྱི་མཐོང་སྣང་དང་། རིག་པའི་གཞུང་ལུགས་སྐྱ་སྒྲིལ་ནས་གཏན་ལ་ཕབ་ཡོད་ཀྱང་། ད་དུང་འབྲུམ་བུའི་རིགས་ལྟ་བུ་ཕོག་ནས་ཐར་རྒྱུ་ཡོད་མེད་སྐོར་གྱི་སྐད་ཅ་གང་ཡང་གསལ་ཁ་མེད་པ་རེད།
ལྷག་པར་དུས་རབས་ ༡༧ པའི་གཡས་གཡོན་དུ་རྒྱ་བོད་ཡུལ་གྲུ་དུ་མར་འབྲུམ་བུའི་རིམས་ནད་འདིས་གནོད་པ་ཧ་ཅང་ཚབས་ཆེན་བཟོས་ཡོད། དཔེར་ན་སྐབས་དེར་༸གོང་ས་ལྔ་པ་ཆེན་པོ་ (1617-1682) རྒྱ་ནག་ཏུ་ཕེབས་པའི་སྐབས་སུ་འབྲུམ་ནད་ལ་ཧ་ཅང་འཛེམ་ཟོན་དགོས་པ་དང་། གྲོང་ཁྱེར་འགའ་ཞིག་ཏུ་གདན་ཞུས་བྱས་ཀྱང་ཕེབས་ཐུབ་མེད་པ་དང་། རྒྱ་སོག་གི་དཔོན་རིགས་དུ་མ་མཇལ་ཁ་གནང་མ་ཐུབ་པ་དང་། མཐར་ཕྱི་ལོ་ ༡༦༧༢ ལོར་འབྲུམ་ནད་བཞེས་ཤིང་། བླ་སྨན་དྲང་སྲོང་བསྟན་འཛིན་དར་རྒྱས་དང་། དར་མོ་སྨན་རམས་པ། དྲུང་འཚོ་ལྷག་བསམ་སོགས་ཀྱིས་ཞབས་ཕྱི་ཞུས་པ་དང་། སྐབས་དེར་ཚ་རོང་དཔལ་ལྡན་རྒྱལ་མཚན་ (1535-?) གྱི་འབྲུམ་བཅོས་[2] ཡིག་ཆའི་དགོངས་དོན་ལྟར་སྐུ་ཉིད་ཀྱིས་འབྲུམ་དཀར་ལ་ངོས་འཛིན་གནང་བ་སོགས་༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། (ལྔ་པ་ཆེན་པོ་དགུང་ལོ་ང་དྲུག་ཕེབས་པ། རབ་བྱུང་ ༡༢ པའི་ཆུ་ཕོ་བྱི་བ། ཕྱི་ལོ་ ༡༦༧༢ ལོའི་བོད་ཟླ་གཉིས་པའི་ཚེས་) ཉེར་གཉིས་ཉིན་རུས་པའི་གཏིང་ནས་ན་བ་སྐྱུག་པ་སོགས་བབས་ཐམས་ཅད་རྗེས་སོར་ཚ་རོང་དྲང་སྲོང་དཔལ་ལྡན་རྒྱལ་མཚན་གྱི་ཡིག་ཆར་བལྟས་པས་འབྲུམ་པར་ཐེ་ཚོམ་མི་གདའ། ཉེར་གསུམ་ནས་ཐོར་པ་ཕྱིར་ཐོན་པའི་སྐམ་ནད་ཞི་སྟེ་ཟོས་བདེ་བ་ཙམ་བྱུང་། འོན་ཀྱང་ནད་ཆེན་གདུག་པས་གཏོར་བསྔོ་དང་མཁའ་སྤྱོད་མའི་ཉམས་ལེན་ཕྲན་བུ་ལས་ལམ་དུས་སོགས་ཆག་མེད་དང་། བཟླས་བརྗོད་ཀྱི་རིགས་མཐའ་དག་རང་ཤུགས་ཀྱིས་ལུས། དཔོན་ཚང་བྱང་ངོས་ནས་དང་སློབ་མ་ལྷག་དར་གཉིས་ནས་རྡོ་སྨན་རྩི་སྦྱོར་གཉན་སྨན་རྣམ་ལྟག་སྤྲོད་དུ་བཏང་། འདི་ལོའི་འབྲུམ་པ་དཀར་པོ་རིགས་གསུམ་གྱི་ནང་ནས་རན་པ་ཙམ་ཡིན་འདུག་རུང་། སྡེ་པ་སོགས་ཚང་མས་གསང་འགབ་ཚུལ་བཞིན་ཡན་ལག་གི་ནད་རོ་འཕར་རོ་ཞེས་དྲིལ་བསྒྲགས་མོད།[3] ཅེས་གསལ་བར་མ་ཟད་འབྲུམ་ནད་ཀྱི་སྐོར་དེ་རྒྱ་ནག་གོང་མར་བསྩལ་བའི་བཀའ་ཡིག་ནང་དུའང་གསལ་བར་འཁོད་སྣང་།
དུས་སྐབས་དེར་རྒྱ་ནག་གི་ཡུལ་གྲུ་ཁག་ཏུའང་འབྲུམ་ནད་ཀྱི་རྦ་རླབས་འཕྱུར་ནས་མི་མང་དཀྱུས་མ་ལས་བརྒལ་ཏེ་གོང་མའི་ཕོ་བྲང་གི་འཁོར་ཚོགས་སུ་འབྲུམ་ནད་ཁྱབ་ཏེ། ༸གོང་ས་ལྔ་པ་ཆེན་པོས་མཇལ་འཕྲད་གནང་ཡུལ་རྒྱ་ནག་གི་གོང་མ་ཤུན་ཙི་ (Shunzhi 1638-1661) དགུང་ལོ་ ༢༢ ལ་བུད་ཙམ་དུ་འབྲུམ་ནད་ཀྱིས་གྲོངས་སོང་བར་རྒྱའི་ལོ་རྒྱུས་རྣམས་སུ་གསལ། དེ་ལྟར་རྒྱ་བོད་ཀྱི་ཉི་ཟླ་ལྟ་བུའི་བླ་དཔོན་རྣམས་འབྲུམ་བུས་ཤི་རྨས་གཏུགས་སྟངས་ལ་དཔག་ན་འབུ་གྲོག་མ་འདྲ་བའི་མི་མང་དཀྱུས་མ་ཤི་རྨས་ཀྱི་ཁ་གྲངས་ནི་སུས་ཀྱང་མི་ཆོད་དོ་སྙམ་མོ། །
༢ ཐར་རྒྱུ་ཡོད་མེད་རིམས་ནད་ཀྱི་དབྱེ་བ།
མདོར་ན་དུས་སྐབས་དེ་དག་ནི་ན་ནིང་དང་ད་ལོ་འདྲ་བའི་ནད་ཀྱི་བསྐལ་པ་ཧ་ཅང་ཉམས་ང་བ་ཞིག་ཡིན་པ་ར་སྤྲོད་ཐུབ་ཅིང་། སྐབས་དེར་ཤེས་རབ་བླ་ན་འབར་བའི་སྨན་པ་རྣམས་ཀྱིས་འབྲུམ་ནད་ལ་ངོས་འཛིན་གསར་པ་དང་། དབྱེ་སྒོ་གསར་པ་དུ་མ་ཞིག་བྱས་ཡོད། འབྲུམ་བུའི་ནད་འདི་ལན་གཅིག་ཕོག་ན་ཕྱིས་སུ་བསྐྱར་དུ་མི་འབྱུང་བས་ནད་འདིའི་རིགས་ཐར་རྒྱུ་ཡོད་པའི་ནད་རིགས་ཤིག་ཡིན་པར་ཤེས་རྟོགས་བྱུང་སྟེ། འབྲི་གུང་རིག་འཛིན་ཆོས་གྲགས་ (1595-1659) ཀྱི་རྒྱུད་བཞིའི་བཀའ་མཆན་དུ་སིབ་བུ་ཀོབ་ཙེ་དང་། སིབ་བུ་གཉིས་དོན་མི་གཅིག་པ་དང་། སིབ་བུ་ཐར་རྒྱུ་ཡོད་ཀྱང་། ཐོར་སིབ་ཐར་རྒྱུ་མེད་པའི་མཆན་བུ་བཏབ་ཡོད། དེ་ཡང་འབྲི་གུང་རྒྱུད་བཞིའི་བཀའ་མཆན་ལས། སིབ་བུ་ཀོག་ཙེ་འགའ་ཞིག་གིས་འདི་ད་ལྟ་ཡོངས་གྲགས་ཀྱི་སིབ་བུ་ཡིན་ཟེར་ཡང་མི་གཅིག་སྟེ། ཐོར་སིབ་གཅིག་ཐར་ཀྱང་གཅིག་ནི་ཐར་གོ་མི་ཆོད་པར་མངོན་སུམ་དུ་གསལ་ལོ། །[4] ཞེས་གསལ། དེ་ནས་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ (1638-?) ཀྱིས་ཀྱང་འབྲི་གུང་གསུང་དེ་རྨང་གཞིར་མཛད་ནས་སིབ་བུ་ཐར་རྒྱུ་ཡོད་ཀྱང་། འབྲུམ་ཡན་ཐར་རྒྱུ་མེད་པའི་སྐོར་གྱི་དཔྱད་གཏམ་དེ་ཁ་སྣོན་དང་ཇེ་རྒྱས་སུ་གཏོང་ཡོད་དེ། དར་མོ་སྨན་རམས་པས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་གསེར་རྒྱན་ལས། སེ་བུ་ཞེས་པ་འགའ་ཞིག་གིས་འདི་ད་ལྟ་ཡོངས་གྲགས་ཀྱི་སིབ་བུ་ཡིན་ཟེར་བ་མི་འཐད་དེ་ཐོར་སིབ་གཅིག་ཐར་ཡང་གཅིག་ཐར་གོ་མི་ཆོད་པས་མངོན་སུམ་དུ་འགལ་ལོ། །ཞེས་རིགས་མི་གཅིག་པར་གསུངས་ལ། ལ་ལ་ནི་ཐར་གོ་མི་ཆོད་པའི་ཐོར་པ་དང་སིབ་བུའམ་བེ་གེ་གཉིས། གཅིག་ཟེར་ཡང་དེ་གཉིས་ནམ་ཡང་མི་གཅིག་ལ། ཐོར་ཡན་ནི་ཡམས་ཐབས་སུ་ཡང་ཡང་འབྱུང་ལ། སེ་བུ་ནི་གཅིག་ཐར་བས་ཐར་གོ་ཆོད་ཅིང་སེ་བུའི་མིང་གི་རྣམ་གྲངས་ལ་སེ་བེ། བེ་གེ། རྩེ་གེ། བེམ་པོ། བེམ་རྩེག །རྩེག་གེ། མེལ་གེ་ཞེས་དང༌།འདི་ལའང་རིགས་གཉིས་ཡོད་པར་བཤད་ཅིང༌།ཁྱད་པར་དུ་ཟུར་སྨན་ལེགས་བཤད་འཚོལ་གྱིས་མཛད་པའི་གཉན་རིམས་ཀྱི་བཅོས་སུ། སེ་བུ་ཞེས་པ་ངོ་བོ་སེ་གེ་ཡིན་ཞེས་དང༌། དཔལ་ལྡན་དཔའ་བོས་ཀྱང༌། འབྲུམ་རིགས་གྲངས་ལས་འདས་མོད་ཀྱང༌། །བསྡུས་ན་རིགས་ནི་དྲུག་ཏུ་འདུ། །ཞེས་དང༌། སེ་བུ་ཞེས་པ་སེ་གེ་སྟེ། འདུ་བའི་དབང་གི་རིགས་གཉིས་འབྱུང༌། །འདི་ཡི་མི་འཆི་བཟློག་གི་འཆི། །འཇུག་རྒྱན་ཡོང་བས་གཟབ་པ་གཅེས། །ཞེས་དང་། སེ་གེ་ལ་ཡང་རིགས་གཉིས་ཏེ། ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ཐོར་པ་ཐར་བས་སིབ་བུ་ཐར་བའི་གོ་མི་ཆོད་པ་ནི་ཡོངས་གྲགས་སོ།།[5] ཞེས་གསལ་བ་ལྟར། ཁོང་རྣམ་པས་སིབ་བུ་ཀོབ་ཙེ་དང་། སིབ་བུ། ཐོར་སིབ་བཅས་མིང་དོན་ནོར་སོ་ཅན་གྱི་རིམས་ནད་རིགས་གསུམ་གྱི་སྐོར་ལ་དོགས་གཅོད་མཛད་ཡོད་ཅིང་། དེ་ལས་སིབ་བུ་ཀོབ་ཙེ་ནི་འབྲུམ་བུ་དཀར་པོ་རིགས་གསུམ་གྱི་ཡང་ཤོས་དང་། སིབ་བུ་ནི་བེག་གེ་དང་དོན་གཅིག་ཅིང་། ཐོར་སིབ་ནི་ཐོར་ཡན་ཏེ་རིམས་ནད་དེ་དག་དབྱེ་འབྱེད་གསལ་པོར་ཞིག་དེ་ནས་བྱུང་བར་སྣང་ངོ་། །
དེ་ལྟར་འབྲུམ་བུ་གཙོས་པའི་རིམས་ནད་ཁག་ཅིག་ཐར་རྒྱུ་ཡོད་པ་ངོས་ཟིན་པ་འདིས་རིམས་འགོག་གི་རིག་པ་ལ་འབུད་རྒྱག་ཆེན་པོ་ཞིག་གཏུགས་ཡོད་པ་རེད། དཔེར་ན་སྔོན་གྱི་གཞུང་ལུགས་རྣམས་སུ་གསལ་བའི་འབྲུམ་པ་དཀར་ནག་དང་། སིབ་བུའམ་བེག་གེ་ཟེར་བ་ཐམས་ཅད་ཐར་རྒྱུ་ཡོད་པས་འབྲུམ་ཆེན་དང་། དེ་ལས་གཞན་པའི་འབྲུམ་པ་ཆུ་བསྐྱར་སོགས་ལ་འབྲུམ་ཆུང་ཞེས་མིང་བཏགས་ཡོད་དེ། དེའུ་དམར་དགེ་བཤེས་ཀྱིས། འབྲུམ་བཅོས་གསང་བ་ཡང་ཏིག་ལས། འབྲུམ་པ་ཆུ་བསྐྱར་ཞེས་བྱ་བ། །རྒྱུ་རྐྱེན་སྤྱི་དང་འདྲ་བ་ལ། །ཁྱད་པར་ཁྲག་མཁྲིས་ཆུ་སེར་ནད། །ཤ་ལྤགས་གཉིས་ལ་བབས་པ་ཡིན། །དེ་རྟགས་ལུས་སྤྱི་ཕྲུམ་སེར་ཁྱེར། །མགོ་ན་རྨི་ལམ་སེམས་ལས་ཆེ། །ཤ་མདངས་དམར་ལ་འབྲུམ་པ་ཡི། །དབྱིབས་ནི་རྨོག་མགོ་སྐྱི་ཟླུམ་འདྲ། །དཀར་པོ་ཆེ་ཞིང་བསྐྱར་མ་འབྱུང་། །དེ་ཕྱིར་ཆུ་བསྐྱར་ཞེས་སུ་བརྗོད། །འབྲུམ་ཆེན་འདྲ་ཡང་བསྐྱར་ཞིང་འབྱུང་། །[6] ཞེས་གསུངས་པ་ལྟར་འབྲུམ་ཆེན་དང་འབྲུམ་ཆུང་གི་དབྱེ་བ་ནི་ནད་དེ་ཡང་ནས་ཡང་དུ་བསྐྱར་ཞིང་འབྱུང་མིན་གྱིས་ས་མཚམས་མཛད་ཡོད་ཅིང་། འབྲུམ་ཆུང་རིགས་ལ་ཕྱིས་སུ་མིང་གཞན་སྡུག་གྱོང་འབུ་རུ་ཞེས་བཏགས་ཡོད། འདིས་ནི་དོན་ལ་འབྲུམ་ཆེན་ལས་ཀྱང་འབྲུམ་ཆུང་སྡུག་དང་གྱོང་ཆེ་བར་ཡིན་ཏེ། འབྲུམ་ཆུང་ཐར་རྒྱུ་མེད་པས་འབྲུམ་འཛུགས་བྱེད་རྒྱུ་མེད་པ་དང་། ཇི་ཙམ་བསྐྱར་དུ་ན་ཡང་སྡུག་དང་གྱོང་ཡིན་པ་བསྟན་ཡོད།
འབྲུམ་པ་དཀར་ནག་ཅེས་པ་ནད་གཞི་ལྕི་ཡང་གིས་ཕྱེ་བ་ཡིན་པས་དཀར་པོའམ་འབྲུམ་ཆེན་ཡང་བའི་རིགས་ཕོག་ན་དེ་ཙམ་ཉེན་ཁ་མེད་ཅིང་། ཕལ་མོ་ཆེར་འཆི་སྐྱོན་མི་འབྱུང་བར་༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་གསལ་བ་ལྟར་ཡིན། མ་ཟད་དཀར་པོ་འདི་ཐར་ན་འབྲུམ་ཆེན་ནག་པོ་ལས་ཐར་བའི་གོ་ཆོད་པས་འབྲུམ་དཀར་ཕོག་པའི་ནད་པའི་ཕོར་པ་མཉམ་དུ་སྤྱོད་པ་དང་། ཟས་ལྷག་ཟ་བ་སོགས་བྱེད་དེ་འགོས་ཐབས་བྱེད་ཀྱི་ཡོད་པ་རེད། མ་ཟད་དེ་ལྟར་འགོས་རྒྱུ་ཡོད་པ་དང་། ཐར་རྒྱུ་ཡོད་པ་ཤེས་པའི་རྨང་གཞི་རིམ་པ་འདིའི་ཐོག་ནས་འབྲུམ་དཀར་ཕོག་པའི་ནད་པའི་འབྲུམ་སྐོགས་བསག་ནས་མི་གཞན་གྱིས་ཁ་སྣ་བརྒྱུད་དེ་ཁོང་དུ་གཏོང་ནས་འབྲུམ་བུ་ལས་ཐར་ཐབས་བྱེད་པའི་རིགས་ལམ་དེ་རྙེད་ཡོད་ཅིང་། དེ་ལ་ཕྱིས་སུ་གསོ་དཔྱད་དཔེ་ཆ་ཁག་ཏུ་ “འབྲུམ་འཛུགས་” ཟེར་ཞིང་། འབྲུམ་འཛུགས་འདི་དོན་ལ་ད་ལྟ་དབྱིན་སྐད་ཝེཀ་སིན་ Vaccine གྱི་མཚན་ཉིད་ཚང་ཡོད་པ་སེམས་ཤིང་། ཝེཀ་སིན་ལ་འབྲུམ་འཛུགས་ཀྱི་ཐ་སྙད་འདོགས་མི་འོས་ཀྱང་། འབྲུམ་འཛུགས་ནི་ཝེཀ་སིན་གྱི་ཆ་ཤས་ཤིག་གམ་བྱེ་བྲག་ཅིག་ཡིན་པ་རེད། འདི་ནི་སྨན་པས་རྙེད་པ་ཡིན་ནམ་དམངས་ཁྲོད་ནས་རྙེད་པ་གང་ཡིན་ང་ལ་གསལ་ཁ་ཞུ་རྒྱུ་མེད་ཀྱང་། གང་ལྟར་དེ་ནི་གསོ་དཔྱད་ཀྱི་ཆ་ནས་བལྟས་ན་འཕུར་མཆོང་ཆེན་པོ་ཞིག་ཡིན་པ་སྣང་ངོ་།།
༣ རིམས་སོན་འགོག་སྨན་སྐོར་གྱི་ཡིག་ཆ་སྔ་ཤོས་གྲས།
བོད་ཀྱི་སྨན་པ་རྣམས་ནས་རིམས་སོན་འདེབས་འཛུགས་སྐོར་གྱི་ཡིག་ཆ་ད་ལྟ་ལག་ཏུ་ཐོབ་པ་སྔ་ཤོས་གྲས་གཅིག་ནི། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (1673-?) ཀྱི་འབྲུམ་བཅོས་གསང་བ་ཡང་ཏིག་གི་མཇུག་གི་མཆན་བུ་དུ། འབྲུམ་འཛུགས་ལག་ལེན་ཟུར་དུ་གསལ་བ་ལྟར་ཡིན་ཀྱང་། ཞལ་ཁྲིད་ཟུར་རྒྱན་འདི་ལ་གཅེས་པར་མཛོད། འཛུགས་དུས་གཟའ་སྐར་བཟང་བདུད་རྩི་ཐུན་མཚམས་དང་སྦྱར་ལ་ཚེས་ངན་བི་ཏྲི་རྒྱུ་དུས་དག་ལ་འཛེམ། སྤྱོད་ལམ་ཁྲོ་ཚིག་ཤ་ཆང་སྒོག་ཙོང་དང་། ཐབ་གཞོབ་དང་ནི་ཁོན་ལ་འཛེམ། འབྲུམ་པ་མ་ཐོན་བར་དུ་རིམ་གྲོ་ལྷ་བསང་སྤངས། རིམ་གྲོ་བྱས་ཚེ་ན་མི་ཐུབ་ནས་སྐྱོན། ཁྱད་པར་སྲུང་བ་སྲུང་འཁོར་བཏགས་གྱུར་ན། གོང་དང་མཚུངས་པར་ན་མི་ཐུབ་སྐྱོན་ཡོད། ཞག་གྲངས་ངེས་མེད། འགའ་ཞིག་ཞག་གསུམ་དང་། འགའ་རེ་བཅུ་དང་ཉི་ཤུ་ལའང་ན་མི་ཐུབ་པ་འདུག་པ། ན་ལུགས་རང་ལ་སྔོན་ལ་ནད་རོ་གང་ཡོད་ལྡང་ཆེ་བ་བྱུང་ན་ཞག་གསུམ་ནས་འབྲུམ་པ་འབྱུང་བ་དང་། བྱུང་སླ་མོ་གང་ཡིན་སྐྲ་མཚམས་དང་ལག་པ་གཡས་གཡོན་རིམ་བཞིན་བུད་ཡོང་། བུད་ཚེ་ཆང་རྒན་ཅུང་ཞིག་བླུད་ན་འབྲུམ་བུ་རྣག་མགོ་བཅའ་སླ་བ་ཡིན། འབྲུམ་བུ་བུད་རྗེས་ཁོང་དུ་ལོག་ན་སྲན་མའི་ཚོད་མ་བླུད་དགོས་པ་དང་། རྩ་ཆུ་རང་རང་རླུང་མཁྲིས་བད་ཀན་གྱི་ཁམས་གང་ཡོད་དེ་དང་། དེ་མཚུངས་ཕྱོགས་འགྲོ་འདུག་པ་དང་། འབྲུམ་པ་རྣག་ཏུ་འགུག་ཚེ་ཟས་བཅུད་ཆེན་ཆ་ཡིས་གཏོང་དགོས་འདུག།འབྲུམ་པ་ཐོན་ནས་བཟུང་མ་དྲག་བར་དུ་གཙང་སྦྲ་ལྡན་པ་དགོས། སྤོས་དཀར་དང་རི་བོང་རིལ་མ་གདུག་དགོས་གསུངས། མུར་གོང་འཕར་རྩ་ཕན་ཚུན་དང་། ལག་པ་གཡས་གཡོན་སྒང་འབྲུམ་པ་སུམ་ཚོགས་རྨོག་མགོ་སྤྱི་ཟླུམ་བྱུང་ན་བཟང་། ནས་འབྲས་ (ནད་འབྲས་ཡིན་ནམ་སྙམ།) རིམ་པར་ཉར་ཚགས་བྱེད་ཆོག།ལྟོ་བ་ཐོག་ཏུ་འབྲུམ་པ་བྱུང་ན་གསོ་དཀའོ། །ཞག་གྲངས་གོང་གསལ་ཐོག་ཏུ་མ་ཐོན་ན་ཡང་བསྐྱར་ཆོ་ག་ནན་ཏན་བསྐྱེད་པར་མཛོད།[7] ཅེས་གསལ་ཞིང་། འདི་ནི་དེའུ་དམར་དགེ་བཤེས་ཀྱི་ཞལ་ཁྲིད་ཅིག་སློབ་མས་ཟིན་བྲིས་བཏབ་པ་ལྟར་ལས་ཁོང་ཉིད་སྐུ་ངོ་མས་མཛད་པའི་འབྲུམ་འཛུགས་ཟུར་དུ་ཡོད་པར་གསལ་ཡང་ད་བར་དཔེ་ཆ་མ་མཐོང་། ད་དུང་ཁོང་གིས་ཤེལ་ཕྲེང་དུ། འབྲུམ་ནག་རང་ཤི་ཐོད་པས་འབྲུམ་ལོག་འབྱིན།།[8] ཞེས་གསལ་ཁ་མཛད་དེ་འབྲུམ་ནག་གིས་ཤི་བའི་མགོ་རུས་ཀྱིས་འབྲུམ་ནད་ཕོག་པའི་འབྲུམ་བུ་ཕྱིར་འབྱིན་མི་ཐུབ་པ་ལ་ཕན་པའི་གསལ་ཁ་མཛད་ཡོད། འདི་ནི་གཉན་རིམས་ ༡༩ པའི་ནད་པའི་ཟུངས་ཁྲག་གིས་གཉན་རིམས་འདིས་མནར་བའི་ནད་པ་ལ་ཕན་པའི་རིགས་ལམ་དེ་དག་ཅུང་འདྲ་བོ་མཐོང་ཞིང་། འདིའང་གསོ་དཔྱད་ཀྱི་རིགས་ལམ་རྙིང་པ་ཞིག་ཡིན་ཚོད།
དེ་ནས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ (1700-1774) ཀྱིས་མཛད་པའི་འབྲུམ་འཛུགས་སྐོར་ཞིབ་ཚགས་བཀོད་པ་ནི། འདིར་འབྲུམ་ནད་ཀྱིས་གཙེས་པའི་ལུས་ཅན་རྣམས་ཕན་གདགས་པའི་སླད་དུ་འབྲུམ་ནད་གསོ་བའི་ཐབས་ཚུལ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་ནད་བསྒོས་ཏེ་ཐར་པ་བྱེད་པའི་ཐབས་དང་། ན་བ་གསོ་བའི་ཐབས་གཉིས། དང་པོ་ནི། རྒྱ་ནག་མཁས་པའི་དཔྱད་གཞུང་ལས་འདི་ལྟར་འབྱུང་སྟེ། རྟག་ཏུ་ཆང་མང་དུ་འཐུང་པ་དང་། བཞིན་མདོག་སྨུག་ལག་ལ་འབྲུམ་བུས་ཁྱབ་པ། དཔྲལ་བའི་གཉེར་རིས་ཐུར་དུ་དོད་པ་རྣམས་ནི་འབྲུམ་ནད་འཛུགས་དཀའ་ཞིང་། ནད་ཀྱང་ལྕི་བ་ཡིན་པས་དེ་དག་སྤངས་པའི་འཛུགས་འོས་གང་ཡིན་དང་། ལྷག་པར་བོད་ཀྱི་ལྟ་བུར་སྣུམ་བག་རྒྱུན་ལྡན་དུ་བསྟེན་པའི་རིགས་ལ་ཞག་བདུན་གྱི་བར་དུ། འབྲས་ཆན་དང་། རྩམ་ཟན་དང་། དྲལ་ཐུག། ཇ་ཐང་སོགས་ཚ་རྡོར་མེད་པ་ཁོ་ན་ལས། ལན་ཚྭ་སྔོ་ངད་རུལ་སྐྱུར་མར་ཐུད་ཤ་ཆང་འོ་མ་སོགས་ལེགས་པར་འཛེམ། དེ་མཚམས་ནས་ནད་འབྲས་ཀྱི་སྙིང་པོ་བཅུ་ཙམ། གླ་རྩི་དྲི་ཐོན། རྩའོ་ཀོའི་འབྲས་བུ་དང་། གསི་གསིན་གྱི་ཕྱེ་མ་ཅུང་ཟད་བཅས་སྨན་པའི་མཆིལ་མས་བསྡུས་ཏེ་སྲིན་བལ་དུ་སྒྲིལ་ནས་ཕོའི་སྣ་བུག་གཡོན། མོའི་གཡས་སུ་བཅུག་ནས་མཚན་གཅིག་ཉལ་དུ་གཞུག།དེས་དེ་ཕྱོགས་ཀྱི་སྐེ་ཅུང་ཟད་ན་བ་དང་། སྐྲངས་པ་བྱུང་ན་ཐེབས་པ་ཡིན་ཏེ། འགའ་ཞིག་ལ་མི་འབྱུང་བའང་ཡོད། དེ་ནས་ཞག་བདུན་འདས་པ་ན་ནད་མངོན་པར་འགྱུར་ཏེ། དེ་སྐབས་སྨན་གཏོང་ཚུལ་སོགས་ནད་དངོས་གསོ་བའི་སྐབས་ལྟར་བཅོས་པས་ནད་ལས་བདེ་བླག་ཏུ་གྲོལ་བར་འགྱུར་རོ།།[9] ཞེས་གསལ། ཀུན་མཁྱེན་སི་ཏུ་ཆོས་འབྱུང་གིས་འབྲུམ་འཛུགས་ཀྱི་སྐོར་འདི་ཕལ་ཆེར་རྒྱ་ཡི་གསོ་དཔྱད་དཔེ་དེབ་ཅིག་གི་དགོངས་པ་བླངས་པར་སྣང་ཞིང་། འདི་ཡང་འབྲུམ་འཛུགས་སྐོར་ཆ་ཚང་ཤོས་དང་། སྔ་ཤོས་གྲས་ཤིག་ཡིན་ནོ།།
དེ་ལྟར་དུས་རབས་བཅུ་བདུན་པའི་སྨད་ཆ་ནས་བཟུང་། བོད་ཀྱི་སྤྱི་ཚོགས་སུ་འབྲུམ་བཅོས་ལ་གདོང་ལེན་གསར་པ་ཞིག་བྱེད་བཞིན་ཡོད་ཅིང་། དེ་ནི་འབྲུམ་འཛུགས་ཞེས་པའི་རིགས་ལམ་དེ་རེད། འདི་ནི་འབྲུམ་བུས་ཡུན་རིང་གཙེས་ཏེ་བྲོས་ས་དང་། གབ་ས་གང་ཡང་མ་རྙེད་ཅིང་། གདོང་གཏུགས་ཡང་ཡང་བྱས་མཐར་ཕར་རྒོལ་གྱི་རིགས་ལམ་འདི་རྙེད་ཡོད་པ་འདོད་དོ།
དེ་ནས་དུས་རབས་ ༡༨ པའི་ནང་དུ་ལོ་རྒྱུས་ལས་གསལ་བར་ལྟར་ན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) རྒྱ་ནག་ཕེབས་ཁ་མར་ (༡༧༨༠) སྐུ་འཁོར་མང་པོ་འབྲུམ་འཛུགས་བྱས་ཀྱང་། པཎ་ཆེན་རིན་པོ་ཆེས་འབྲུམ་འཛུགས་མ་གནང་ཞིང་། རྗེས་སུ་རྒྱ་ནག་གོང་མའི་ཕོ་བྲང་དུ་གཤེགས་རྐྱེན་ཡང་འབྲུམ་ནད་བཞེས་པའི་རྐྱེན་གྱིས་ཡིན་ཚུལ་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་དུ་གསལ་བོར་འཁོད་འདུག་པ་ནི། པཎ་ཆེན་ཐམས་ཅད་མཁྱེན་པ་ (དཔལ་ལྡན་ཡེ་ཤེས་) རྒྱ་ནག་ཏུ་ ཕེབས་སྐབས། (༡༧༨༠) ཕྱག་མཛོད་དྲུང་བ་ཧུ་ཐོག་ཐུ་དང་། གསོལ་དཔོན་མཁན་པོ་སོགས་ཀྱི་གཙོས་དྲུང་འཁོར་ཞབས་ཕྱི་སུམ་བརྒྱ་ལ་ལྷ་འབྲུམ་འདེབས་པར་ཐག་བཅད་སྐབས། རྒྱ་དཔོན་སྣེ་ཤན་པ་རྣམས་དང་། ལྷག་བསམ་དཀར་པའི་མི་ཤེས་ཡོངས་(ཡོང་)ཅན་ཀུན་གྱིས་མགྲིན་གཅིག་ཏུ་ནམ་ཟླ་ཚ་བ་རྒྱས་པའི་དུས། ས་ཆ་ཤིན་ཏུ་དམའ་བ་རྒྱ་ཁོག་ནས་ན་ཚོད་ལོ་ལྔ་བཅུ་དྲུག་ཅུ་ཟིན་པ་གྲངས་བརྒྱ་ཕྲག་མང་པོ་ལ་ལྷ་འབྲུམ་བཏབ་ནས་སང་གནངས་ཉེས་སྐྱོན་བྱུང་ན་པཎ་ཆེན་རིན་པོ་ཆེའི་འཕྲིན་ལས་ལ་གནོད་པ།ཉིད་ཀྱི་མཚན་དོན་ལ་གནོད་པ། གོང་མ་བདག་པོ་ཆེན་པོ་ཡང་ཐུགས་མི་མཉེས་པས་ཉེན་ཆེ་ཚུལ་ནན་གྱིས་ཞུས་པ་ན། པཎ་ཆེན་རིན་པོ་ཆེ་དང་གོང་མའི་སྐུ་དོན་ལ་གང་ཕན་ཁྱེད་ཚོས་མི་ཤེས་གསུངས་ནས་ལྷ་འབྲུམ་བཏབ་པས་གཅིག་ལ་ཡང་སྐྱོན་མ་བྱུང་ཞིང་པཎ་ཆེན་མཆོག་ལ་འབྲུམ་ཐར་ཡིན་མིན་ཞུས་པར་མཐའ་འཁོབ་ནས་བྱུང་བའི་སྐྱེས་འགའ་ཞིག་ཕྱག་ཏུ་བསྣམས་པའི་རྐྱེན་གྱིས་འབྲུམ་དཀར་ཐོན་ཚུལ་གསུངས། དེས་འདྲོངས་ཡོད་མེད་མི་ཤེས་པས་ད་རེས་སྐུ་ལ་ཚོད་བགམ་ཆེད་ལྷ་འབྲུམ་བཏབ་ན་ཞེས་ལན་གཉིས་ཞུས་ཀྱང་ངེད་འབྲུམ་ཐར་ཡིན་གསུངས། གསུམ་པའི་སྐབས་ནན་གྱིས་ཞུས་པར། ངེད་འབྲུམ་ཐར་ཡིན་པ་ཙམ་དུ་མ་ཟད་ལན་གསུམ་ཐར་ཞེས་རྩེད་མོའི་རྣམ་པ་མཛད་དེ་གཏན་ནས་གསན་བཞེད་མ་གནང་ཞེས་ཐོས་ཏེ། ཕྱིས་སུ་རྒྱལ་ཁབ་ཆེན་པོར་རྐྱེན་དེའི་སྒོ་ནས་གཞན་དོན་དུ་དགོངས་པ་གཏད་པའི་ཐུགས་འདུན་སྙིགས་དུས་སྐྱེ་བོའི་བསོད་ནམས་ཀྱི་དཔུང་གིས་བསྒྱུར་དུ་མ་བཏུབ་པ་ཁོ་ནའོ།།[10] ཞེས་གསུངས་པ་ལྟར་རོ། (ད་ཐེངས་པཎ་ཆེན་དཔལ་ལྡན་ཡེ་ཤེས་རྣམ་ཐར་འོད་དཀར་ཅན་གྱི་འཕྲེང་བ་མཇལ་ཁོམ་མ་བྱུང་) གནས་ཚུལ་འདིས་ནི་སྐབས་དེར་བོད་ཀྱི་ཡུལ་གྲུ་ཁག་ཏུ་འབྲུམ་འཛུགས་འདི་རྒྱ་ཁྱབ་ཏུ་སོང་ཞིང་། མི་མང་ཡིད་ཆེས་ཆེན་པོའི་སྒོ་ནས་དང་ལེན་བྱེད་ཐུབ་པ་གྱུར་ཡོད་ཀྱང་། སྐབས་དེར་རྒྱ་མི་རྣམས་ཀྱིས་གཤོལ་འདེབས་སྟངས་ལ་དཔག་ན་ཁོང་ཅག་ད་དུང་འབྲུམ་འཛུགས་ལ་དེ་ཙམ་ཡིད་ཆེས་མེད་པར་སྣང་ངོ་།།
དེ་རྗེས་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ (1735-1802) དགུང་ལོ་དྲུག་ཅུ་རེ་བཞི་པ་ཕྱི་ལོ་ ༡༨༠༠ ལོར་ཁོང་གི་སྐུ་ཚས་གཙོས་མི་གྲངས་མང་པོ་ཞིག་ལ་འབྲུམ་འཛུགས་བྱས་པའི་ལོ་རྒྱུས་གསལ་པོ་མཐོང་རྒྱུ་ཡོད་ཅིང་། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྟོགས་བརྗོད་པདྨ་དཀར་པོ་ལས། རྗེ་ (ཐུའུ་བཀྭན་ཆོས་ཀྱི་ཉི་མ།) ཉིད་ཀྱི་སྐུའི་ཉེ་རིགས་འགའ་ཞིག་དང་གཞན་སློབ་བུ་མང་པོ་ཐོར་བ་མ་ཐར་པ་ལ་ལྷ་འབྲུམ་དཀར་པོ་འདེབ་རྒྱུར་བླ་བྲང་གསོལ་དཔོན་དགེ་བཤེས་བསྟན་པ་དར་རྒྱས་ལ་སྐད་བསྐུར་བ་བཞིན་ཁོང་ཡང་འོངས་ནས་སྐུ་ཚ་རྡོ་བ་ཞབས་དྲུང་སོགས་ཆེ་ཕྲ་དུ་མར་ལྷ་འབྲུམ་བཏབ་པར་ཉེས་སྐྱོན་གཅིག་ཀྱང་མེད་པར་ལེགས་པར་ཐར་བས་ཐུགས་ཤིན་ཏུ་མཉེས།[11] ཞེས་གསལ་བ་ལྟར་སྐབས་འདི་དག་ཏུ་འབྲུམ་འཛུགས་ཀྱི་ཐབས་ལམ་དེ་ནི་མི་སྒེར་པ་དང་། མཐོ་རིམ་མི་སྣ་ཙམ་མ་ཡིན་པར་སྤྱི་ཚོགས་རྒྱ་ཁྱབ་ཀྱིས་སྨན་བཅོས་སྔོན་འགོག་ལག་ལེན་དུ་གྱུར་ཡོད་པ་ཤེས་ཐུབ།
ད་དུང་འབྲུམ་འཛུགས་ཀྱི་སྐོར་ཞིབ་རྒྱས་སུ་བཀོད་པ་གཞན་ཞིག་བྱུང་བ་ནི། བཙན་པོ་ནོ་མན་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་མན་ངག་རིན་ཆེན་འབྱུང་གནས་ཞེས་པ་འདི་རེད། སྨན་ཡིག་འདིར་དམིགས་བསལ་གྱི་ཁྱད་ཆོས་ངོ་མཚར་བ་སྣ་ཚོགས་ཡོད་པ་ལས་གཅིག་ནི་དམངས་ཁྲོད་དུ་ལག་ལེན་ཡོད་ཀྱང་། ཡིག་ཐོག་ཏུ་དེ་ཙམ་གསལ་ཁ་མེད་པའི་རིག་གནས་ཏེ། དཔེར་ན་འབྲུམ་འཛུགས་ཀྱི་སྐོར་འདི་དོ་སྣང་ཆེན་པོས་ཡིག་ཐོག་ཏུ་བཀོད་སྣང་ངོ་།། མན་ངག་རིན་ཆེན་འབྱུང་གནས་ལས། འོན་ཀྱང་དུས་ངན་ལྔ་བརྒྱ་ཁ་རལ་འདིར། །གཉན་ཚད་རིམས་ནད་སྤྱི་དང་ཁྱད་པར་དུ། །འབྲུམ་ནད་འདི་ནི་ཤིན་ཏུ་གཉན་པ་དང༌། ཁྱད་པར་རང་ཅག་བོད་ཀྱི་རིགས་རྣམས་ལ། །ནད་འདི་ཤིན་ཏུ་ལྡང་བས་དེའི་ཕྱིར་འདི། །བསྲུང་དང་གསོ་བའི་ཐབས་ལ་འབད་དགོས་མོད། །འདི་རིགས་དཀར་པོ་དང་ནི་ཁྲ་བོ་ལས། །ནག་པོ་ཕལ་ཆེར་གསོ་དང་བསྲུང་བའང་དཀའ། །དེ་ཕྱིར་ལྷ་འབྲུམ་དཀར་པོ་འཛུག་པ་ནི། །ཐར་མ་མིན་པ་རྣམས་ལ་གལ་ཆེའོ། །དེ་ཡང་ལྷ་འབྲུམ་འཛུགས་པར་འདོད་པ་ཡིས། །དུས་ནི་དཔྱིད་ཟླ་འབྲིང་དང་ཐ་ཆུང་དང་། །དབྱར་ཟླ་དང་པོ་ལ་སོགས་ཚ་གྲང་གཉིས། །སྙོམས་པའི་དུས་སུ་བཏབ་ན་ཡང་བར་ཡོང་། །དབྱར་དགུན་ཤིན་ཏུ་ཚ་དང་གྲང་དུས་དང་། །སྟོན་དུས་རྩི་ཤིང་ནུས་པ་བསྡུད་དུས་འཛེམ། །སྦྱོར་བ་སྔོན་དུ་བདུན་གཉིས་བདུན་གསུམ་རིང༌། །བཙོང་སྒོག་ལ་སོགས་མི་གཙང་ཟས་རྣམས་སྤང་། །དེ་ནས་ཞག་མ་ལྔ་བདུན་ཙམ་གྱི་གོང་། །རྩ་ཁ་འབྱེད་བྱེད་གཡེར་མ་བཟང་པོའི་ཐང་། །ལན་འགའ་བཏང་ཞིང་ཁྲག་ཤས་ཆེ་རིགས་ལ། །འབྲས་བུ་གསུམ་མམ་ཡང་ན་ནོར་བུ་བདུན། །བསྡུས་ཐང་དྲོ་འཇམ་ལན་འགའ་བཏང་ན་ལེགས། །དེ་ནས་དངོས་གཞི་གཟའ་སྐར་ལེགས་པའི་ཉིན། །དཀར་ཆོས་ཚོགས་བསགས་རིམ་གྲོ་སོགས་བྱས་ཏེ། །སྒོག་བཙོང་གླ་གུལ་ལྡོང་རོས་ཤིང་ཀུན་སོགས། །དྲི་ཅན་སྨན་དང་བྱིན་རྟེན་སྲུང་འཁོར་སོགས། །རིང་དུ་སྤངས་ལ་དེ་ནས་ལྷ་ཡི་རྫས། །འབྲུམ་དཀར་ཤུན་སྐོགས་ནུས་ལྡན་ཕོན་ཆེན་དང༌། །ཅུ་གང་ཆུ་རྩ་གཉིས་པོ་དེ་དང་མཉམ། །ས་སྐྱ་ནས་ཙམ་འདི་ཀུན་ཞིབ་པར་བཏགས། །འདེབས་ཡུལ་སྔ་དྲོ་ཟས་ལ་མ་ཞུགས་གོང་། །སྐྱེས་པ་ཡིན་ན་སྣ་བུག་གཡས་པ་དང་། །བུད་མེད་ཡིན་ན་སྣ་བུག་གཡོན་པར་འཐེན། །དེ་ཡང་ནང་མ་གཉིས་གསུམ་འཐེན་པའམ། །འགོ་ཁག་དཀའ་བ་ལ་ནངས་མ་བདུན་དུ་འཐེན། །ཡང་ན་ནད་རྟགས་འགའ་རེ་མ་བྱུང་བར། །ཉིན་རེར་འཐེན་ལ་ད་དུང་མི་ན་ན། །རོལ་ཆ་ཁྲོལ་བ་འདི་ཡི་མན་ངག་ཡིན། །ནད་ལངས་ཕན་ཆད་རྟགས་བཅོས་སྤྱི་བཞིན་བྱ། །དེ་ལྟར་ཐབས་ཀྱིས་ལྷ་འབྲུམ་དཀར་པོ་ནི། །བཙུགས་པས་ཐར་ན་འབྲུམ་ནད་ཇི་འདྲ་ཡང་། །ཉམ་ང་མེད་པས་དེས་ན་ཐབས་འདི་ནི། །ཀུན་ལ་ཕན་པ་ཆེ་བས་འདི་རུ་བྲིས། །[12] ཞེས་ཧ་ཅང་ཞིབ་རྒྱས་སུ་གསལ།
དེ་དང་ཕྱོགས་མཚུངས་པར་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེས་ (1832-?) མཛད་པའི་མན་ངག་ལྷན་ཐབས་ཀྱི་ཟུར་རྒྱན་འབྲུམ་བུའི་སྐབས་སུ་འབྲུམ་འཛུགས་བྱེད་སྟངས་གསལ་པོར་བསྟན་ཡོད་ཅིང་། མན་ངག་ལྷན་ཐབས་ཀྱི་ཟུར་རྒྱན་ལས།འབྲུམ་དཀར་ཐར་ཕྱིར་བགོ་བ་འདི་ལྟར་བྱ། ཁམས་མཐུན་བདུན་ཟུར་མིན་པའི་མི་ཞིག་གིས། །འབྲུམ་སྐོགས་བླང་ལ་ཉིན་གཅིག་འོ་མར་སྦང་། །གླ་རྩི་གི་ཝང་རྒྱ་ཚ་ཤིང་མངར་བཏབ། །ཞག་གཅིག་ལྟོ་སྦྱང་ཐོ་རངས་གཡེར་མ་དང་། །ཤིང་མངར་ལྕམ་པ་འུ་སུ་ཐང་བཏང་བའི། །ཉི་ཤར་དུས་སུ་འབྲུམ་སྐོགས་སྨན་བཅས་འཐུང་། །ཉིན་གཉིད་མི་ལོག་རུལ་སྐྱུར་ཚྭ་མི་
ཟ། །སྤྱོད་ལམ་དྲག་ཤུལ་སྤང་བའི་ལྔ་བདུན་ནམ། །ཞག་དགུའི་མཚམས་ནས་ལྡང་བར་ལག་བླང་ཡིན། །ཟས་དང་སྤྱོད་ལམ་ཚ་བ་སྤྱི་དང་འདྲ། །[13] ཞེས་གསལ། སི་ཏུ་པཎ་ཆེན་དང་། བཙན་པོ་ནོ་མན་ཧན་སོགས་ཀྱིས་གསུངས་པ་དང་ཁྱད་པར་ཧ་ལམ་མེད་ཀྱང་། འབྲུམ་སྐོགས་དང་ལྷན་དུ་རྣོ་སྨན་གང་ཞིག་སྦྱོར་བ་བྱེད་ཚུལ་གསལ་བར་མ་ཟད་ཁོང་ལའང་འབྲུམ་འཛུགས་ལག་ལེན་གྱི་ཉམས་མྱོང་ཡོད་པར་གསལ་ཡོད།
༤ རིམས་སོན་འགོག་སྨན་རྒྱག་སྟངས་མི་འདྲ་བ།
དེ་ལྟར་བོད་ཀྱི་སྤྱི་ཚོགས་སུ་རིམས་སོན་འགོག་སྨན་ཐབས་ལམ་འདི་ལ་ “འབྲུམ་འཛུགས་” དང་། ཡང་ན་ “འབྲུམ་འདེབས་” སོགས་ཟེར་ཞིང་། ལག་ལེན་རིམ་པས་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དེ་ལྟར་དང་། རྩ་བའི་རིགས་ལམ་ནི་ནད་འདི་ཕོག་ནས་ཐར་རྒྱུ་ཡོད་པར་ཤེས་པ་དེས་བློ་སྒོ་གསར་པ་འབྱེད་པའི་རྒྱུ་རྐྱེན་བྱས་ཡོད་པ་རེད།
དེ་ཡང་འབྲུམ་དཀར་ཕོག་པའི་ནད་པའི་དྲུང་ནས་འབྲུམ་སྐོགས་ལེན་ཏེ་པར་བུའི་ནང་དུ་བཅུག་ནས་སྤྲ་ཚིལ་གྱིས་ཁ་སྦྱར་ཏེ་ཉར་ཚགས་བྱེད། དེ་ནས་དུས་ཚོད་རན་པ་ཞིག་གདམས་ནས་འབྲུམ་སྐོགས་དེ་རྣོ་སྨན་འགའ་ཞིག་དང་ལྷན་དུ་སྣ་ཐ་ལྟ་བུར་བཟོ་ནས་སྣ་ནས་འཐེན་སྲོལ་ཡོད་པ་རེད། དུས་ཚོད་གདམས་གསེས་འདི་ཧ་ཅང་གལ་ཆེན་རེད། འབྲུམ་བུའི་རིགས་འདི་དབྱར་དང་སོས་ཀ་ཚ་བ་ཆེ་བའི་དུས་སུ་ཕོག་ན་ཚ་དབལ་གཞོམ་མི་ཐུབ་པའི་དཀའ་ངལ་དང་། སྟོན་ཀ་འབྱུང་བ་ནང་དུ་བསྡུད་པའི་སྐབས་སུ་འབྲུམ་བུ་མི་སྨིན་པའི་དཀའ་ངལ་ཡོད་པ་རེད། ལྷག་པར་དུ་ལམ་དུ་འགྲུལ་བཞུད་བྱེད་བཞིན་པ་ཞིག་ལ་འབྲུམ་དཀར་ལྟ་བུ་ཡང་ཤོས་ཞིག་ཕོག་ནའང་ཧ་ཅང་བཅོས་དཀའ་བར་འགྲོ་བ་སོགས་ཀྱི་དཀའ་ངལ་ཡོད་པས་འབྲུམ་འཛུགས་ཀྱི་ཐབས་ལམ་འདིས་མ་མཐའ་ཡང་དུས་ཚོད་གདམས་གསེས་བྱེད་རྒྱུ་བྱུང་བ་འདི་ཙམ་གྱིས་ཀྱང་ཧ་ཅང་གསོ་བཅོས་བདེ་བར་སོང་ཡོད། ད་དུང་སྨན་དང་སྔགས་སོགས་གསོ་བཅོས་ཆ་ལག་དང་། དབེན་གནས་འུར་ཟིང་མེད་པའི་སྡོད་གནས་གདམས་ཆོག་པ་དང་། ནད་གཡོག་སོགས་ཉེར་མཁོ་ཚང་མ་གོ་སྒྲིག་བྱེད་ཆོག་པས་གློ་བུར་ཐོག་རྒྱག་གི་དཀའ་ངལ་མེད་པས་འབྲུམ་འཛུགས་འདི་བླ་ན་མེད་པའི་གསོ་བཅོས་ཐབས་ལམ་ཞིག་ཏུ་གྱུར་ཡོད་པ་རེད།
འབྲུམ་འཛུགས་ལམ་སྲོལ་གཞན་ཞིག་ནི། དཔུང་པའི་ཐོག་ཏུ་འབྲུམ་འཛུགས་བཙག་བུ་ཞེས་པའི་ཡོ་བྱད་དམིགས་བསལ་བ་ཞིག་ཡོད་པ་དེས་རྨ་ཁ་ཆུང་ངུ་ཞིག་བཟོ་ནས་རིམས་སོན་སྣ་ཐ་འདྲ་བ་དེ་འདེབས་སྲོལ་ཡོད་འདུག།། འདིའི་སྐོར་ཉེ་དུས་གཉའ་ནང་བུར་སྲས་པ་རིན་ཆེན་དར་ལོ་ཞེས་པས་རང་གི་མི་ཚེ་མྱོང་བར་བྲིས་པ་ཞིག་གི་ནང་དུ། བོད་ས་སྦྱི་དང་ལྷག་པར་སྟོད་ཁུལ་དུ་སྨན་བཅོས་ཀྱི་མཐུན་རྐྱེན་ཧ་ཅང་ཐ་ཞན་ཡིན་རུང་། ནད་ཡམས་ཁྱབ་བརྡལ་མི་འགྲོ་བའི་སྔོན་འགོག་ཆེད་མཚམས་རེར་གཞུང་ནས་བཅོས་ཐབས་གནང་སྲོལ་ཡོད་པ་དཔེར་ན་ངོས་རང་ལོ་དྲུག་ལ་སོན་པའི་སྐབས་སྒོ་ཁང་དུ་འབྲུམ་ནད་སྔོན་འགོག་གི་འབྲུམ་སྨན་གཟེད་པར་བསྐྱོད་པ་ཞིག་གསལ་པོ་དྲན་གྱི་འདུག།ནད་རིམ་སྔོན་འགོག་གི་སྨན་བཅོས་ཆེད་ཕྲུ་གུ་མང་པོ་བང་བསྒྲིགས་ནས་བསྡད་འདུག་པ་རེ་རེ་བཞིན་ལག་པ་ནས་འཇུས་ཏེ། འབྲུམ་འཛུགས་གཙག་བུ་ལྟེབ་གྲི་རྣོ་པོ་ཞིག་གིས་དཔུང་པའི་ཉེ་འཁྲིས་སུ་ལག་པའི་ཤ་བཤགས་ནས་རྨ་ཁའི་ནང་འབྲུམ་སྨན་སྣ་ཐ་འདྲ་བ་སེར་ཚུབ་ཚུབ་ཅིག་ལྡུག་གིན་འདུག །ངོས་རང་གི་བང་རིམ་སླེབས་མཚམས་ལྟེབ་གྲི་དེ་ཁྲུས་ནས་ཕྲན་བུ་མེར་སྲེག་བཏང་སོང་། སྐབས་དེར་གཉའ་ནང་གི་རྫོང་དཔོན་བྱང་ངོས་པ་ཡིན་པ་དང་། འབྲུམ་ནད་སྔོན་འགོག་གི་སྨན་བཅོས་དེ་གཉེར་པ་ནོར་བུ་ཚེ་རིང་ངམ་སྟོང་འདུས་པས་མིང་ངན་གཉེར་པ་ཉག་ཏོ་ཞུ་བས་གནང་གིན་འདུག།[14] ཅེས་གསལ། འབྲུམ་འཛུགས་འདིའི་རིགས་ལ་ “མེ་ཏོག་སྤར་རམ། མེ་ཏོག་བཞག” ཅེས་འབོད་སྲོལ་ཡོད་འདུག་ཅིང་། མེ་ཏོག་ཅེས་འདོགས་དོན་ནི། དཔུང་པའི་ཐོག་ཏུ་འབྲུམ་སོན་བཏབ་པའི་རྗེས་ཤུལ་དུ་མེ་ཏོག་འདྲ་བའི་རི་མོ་གོར་གོར་ཞིག་ལྷག་ཡོང་གི་ཡོད་པས་རེད། ལག་ལེན་འདིའང་དུས་རབས་བཅོ་བརྒྱད་ནང་དུ་ཡོད་དེ། བཙན་པོ་ནོ་མན་ཧན་གྱིས་འབྲི་གཡག་ཧོན་ཞེས་པའི་ནད་ཀྱིས་ཤི་བའི་ཁྲག་ཆུ་མིའི་དཔུང་པར་བླུག་ན་འབྲུམ་ནད་ལས་ཐར་བར་གསུངས་ཡོད། མན་ངག་རིན་ཆེན་འབྱུང་གནས་ལས། ཕྱུགས་ལ་ཧོན་ནད་བྱུང་བ་ཡི། །འབྲུམ་པའི་ནང་གི་རྣག་ཆུ་
ནས། །བཏོན་ལ་འབྲུམ་པ་མ་ཐར་བའི། །མི་ཡི་དཔུང་པའི་དཀྱིལ་དུ་བཅུག །འབྲུམ་པའི་ནད་ལས་ཐར་བར་འགྱུར། །འདི་ནི་རིགས་ལྡན་སྨན་པའི་ལུགས། །བྱུང་བ་ལག་ལེན་མན་ངག་སོགས། །སློབ་དཔོན་ངག་ལས་ཤེས་པར་བྱ། །[15] ཞེས་གསལ་ཞིང་། འདི་ནི་གཉན་རིམས་འདི་དག་སེམས་ཅན་དུད་འགྲོ་ནས་འགྲོ་བ་མི་ལ་འགོ་རུང་བའི་དཔེ་གསོན་པོ་ཞིག་ཀྱང་ཡིན། ལག་ལེན་འདི་རིགས་ལྡན་གྱི་ལུགས་སྲོལ་ཡིན་པར་གསུང་ཞིང་། རིགས་ལྡན་ནི་ནུབ་ཕྱོགས་ཡོ་རོབ་ཀྱི་མི་རིགས་བོད་དུ་འབྱོར་བ་རྣམས་ལ་འབོད་ཀྱི་ཡོད་པར་སྣང་།
ད་དུང་ཕྱིས་སུ་སིབ་བུ་སོགས་ལའང་རིགས་ལམ་འདི་རང་བེད་སྤྱད་ནས་རིམས་སོན་འདེབས་འཛུགས་བྱེད་ཀྱི་ཡོད་པ་རེད། དེ་ཡང་དཔུང་པའི་ཐོག་ཏུ་གཙག་བུ་སོ་གཉིས་མའམ། ཡང་ན་ཁབ་སོས་རྨ་ཁ་ # # འདི་འདྲ་བ་གོང་འོག་གཉིས་བཏོད་ནས་དེའི་ཐོག་ཏུ་རིམས་སོན་སྨན་ཆུ་བཏིག་དགོས། འདི་ནི་གུས་པ་ཕ་ཡུལ་ན་ཡོད་དུས་ལག་ལེན་མང་པོ་བྱེད་མྱོང་ཞིང་། འདིའང་རྗེས་ཤུལ་མེ་ཏོག་འདྲ་བ་རེ་ལྷག་གི་རེད།
འཛམ་གླིང་སྤྱིའི་ངོས་འཛིན་ལྟར་ན་རིམས་སོན་འགོག་སྨན་འདི་དབྱིན་ཇིའི་སྨན་པ་ཐོ་མ་སི་ ཌེམ་སི་ཌལ་(Thomas Dimsdale 1712-1800) གྱིས་ཨུ་རུ་སུའི་རྒྱལ་མོ། གྲགས་ཅན་མ་ཁེ་ཐི་རིན་ (Catherine the Great 1729-1796) མཆོག་ལ་ཕྱི་ལོ་ ༡༧༦༨ ཟླ་ ༡༠ པའི་ཚེས་ ༡༢ ཉིན། རིམས་སོན་སྨན་ཁབ་དང་པོ་དེ་བརྒྱབ་པའི་ལོ་རྒྱུས་འཁོད་སྣང་། རྒྱ་ནག་ཏུ་འབྲུམ་ནད་འདིས་རྒྱུན་མར་གཙེས་པས་དེ་ལུགས་ཀྱི་གདོང་ལེན་བྱས་ཡོད་ངེས་ཀྱང་། འབྲུམ་འཛུགས་སྨན་ཁབ་བརྒྱབ་པའི་ལོ་ཚིགས་སོགས་གསལ་ཁ་ད་ལྟ་ཞུ་རྒྱུ་མ་རྙེད། རྒྱ་གར་གྱི་འབྲུམ་འཛུགས་ཐོག་མ་དེ་ནི་ ༡༨༠༢ ལོར་དབྱིན་གཞུང་གིས་བརྒྱབ་ཡོད་པར་མཐོང་རྒྱུ་ཡོད་ཀྱང་དེའི་སྔོན་དུ་ཡོད་མེད་དཔྱད་དགོས།
༥ ཏོག་དབྱིབས་གཉན་རིམས་ ༡༩ པའི་རིམས་སོན་འགོག་ཁབ།
དེ་ལྟར་ཕལ་ཆེར་ལོ་ངོ་སྟོང་ཕྲག་ཙམ་སོང་བའི་ཡུན་དུ་འབྲུམ་བུའི་གཙོས་པའི་རིམས་ནད་སྣ་ཚོགས་ལ་གདོང་ཐུག་ཡང་ཡང་བྱུང་སྟེ། རྒྱལ་པོ་དང་བླ་ཆེན། སྨན་པ། མི་མང་དཀྱུས་མ་དང་བཅས་པའི་ཚེ་སྲོག་གིས་འཐབ་འཛིང་རྒྱུན་མ་ཆད་པར་བྱས་མཐར་འགྲོ་བ་མིའི་རྣམ་པར་དཔྱོད་པའི་ཤེས་རབ་ལ་བརྟེན་ནས་རྒྱལ་ཁབ་དང་། མི་རིགས་སོ་སོའི་སྨན་པ་རྣམས་དང་། རིམ་པས་ཚན་རིག་དང་འཕྲུལ་ལས་དར་བ་དང་སྟབས་བསྟུན་ནས་རིམས་སོན་འཛུགས་ཐབས་ཀྱང་། སྔ་མ་ལྟར་རིམས་སོན་སྣ་བུག་ནང་དུ་བླུགས་པ་དང་། དཔུང་པར་རྨ་བཟོ་ནས་བླུགས་མི་དགོས་པར་ཁབ་རྒྱག་རྒྱུ་ཡོད་པ་དང་། ཁག་ཐེག་མཐོ་བ། ཟུར་ཕོག་ཉུང་བ་སོགས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་རེད། དེ་ལྟར་འབྲུམ་བུ་ནས་བཟུང་ད་ཐེངས་གཉན་རིམས་ ༡༩ པའི་རིམས་སོན་འདེབས་འཛུགས་ཀྱི་བར་དུ་རིམས་སོན་རྨང་གཞིའི་རིགས་ལམ་ནི་རིམས་ཀྱི་ས་བོན་འདེབས་ནས་བསྐྱར་དུ་མི་འབྱུང་བར་ཐར་ཐབས་བྱེད་རྒྱུ་དེ་ཉིད་གཙོ་བོར་ཡིན་པར་སེམས།
ད་ལྟ་བར་དུ་འཛམ་གླིང་འདིའི་སྒང་དུ་རིམས་ནད་ ༢༦ ཙམ་ལ་རིམས་སོན་འགོག་སྨན་རྒྱག་གི་ཡོད་ཅིང་། ཏོག་དབྱིབས་གཉན་རིམས་ ༡༩ པ་འདི་རིམས་སོན་འགོག་སྨན་བཀོལ་བའི་རིམས་ནད་ ༢༧[16] པ་དེ་ཆགས་རྒྱུ་ཡིན་པ་འདྲ། དེ་དག་ཕལ་མོ་ཆེ་ནི་རིམས་ནད་དེའི་ནང་གི་གཉན་སྲིན་གྱི་ཕྲ་ཕུང་ནུས་ལྡན་ཞིག་གམ་ཡང་ན་གཉན་སྲིན་གྱི་ནུས་པ་ཉམས་དམས་སུ་བཏང་ནས་རང་འདྲའི་ངོ་བཤུས་ཤིག་བདེ་ཐང་ཅན་གྱི་མི་ལ་འདེབས་འཛུགས་བྱེད་དེ་ནད་ཀྱི་ནུས་པ་ལངས་བཅུག་གི་ཡོད་ཅིང་། དེས་ནི་རིམས་ནད་ཕོག་པའི་གོ་ཆོད་ཀྱི་ཡོད་པས་རྗེས་སུ་རིམས་ནད་དེ་ལ་འཇིགས་མི་དགོས་པ་རེད། འོན་ཀྱང་། སྣ་ཆམ་དང་། འབྲུམ་ཡན་ལྟ་བུའི་ཡང་ནས་བསྐྱར་དུ་འགོས་ཁྱབ་འགྲོ་བའི་ནད་རིགས་ལ་རིགས་ལམ་འདིས་གོ་མི་ཆོད་པ་ཡིན།
དེ་ལས་ཅུང་ཙམ་གསལ་ཁ་དགོས་པ་ནི། གཉན་རིམས་ ༡༩ པའི་རིམས་སོན་འགོག་ཁབ་འདི་དག་ནི་འགྲོ་བ་མི་ཡིས་བྱུང་རབས་གསར་པ་ཞིག་དང་། འཕུར་མཆོང་ཆེན་པོ་ཞིག་བྱས་ཡོད་རབས་བཤད། རྒྱུ་མཚན་ནི་དུས་ཚོད་ཐུང་ངུའི་ཞིག་གི་ནང་དུ་རིམས་སོན་འགོག་སྨན་རིགས་དུ་མ་གསར་བཟོ་ཞུས་ཡོད་ཅིང་། གཅིག་ནི་རྒྱ་གར་དང་དབྱིན་ཡུལ་ Oxford མཉམ་ལས་ཀྱིས་བཟོས་པའི་ Covishield[17] སོགས་སྔར་གྱི་ལམ་སྲོལ་ལྟར་གཉན་སྲིན་གྱི་ངོ་བཤུས་ལྟ་བུ་ཞིག་གིས་རིམས་སོན་བྱེད་པ་དང་། གཞན་འཇར་མན་དང་ཨ་རི་སོགས་ཀྱིས་བཟོས་པའི་ Pfezer དང་། Modrena རྣམས་གཉན་སྲིན་གྱི་རིགས་རྫས་ཆ་འཕྲིན་ mRNA གྱིས་རིམས་སོན་ལྟ་བུར་བྱས་ནས་ནད་འགོག་ལུས་ཟུངས་སད་སློང་བྱེད་བཞིན་ཡོད་པར་བཤད། རིགས་རྫས་ཆ་འཕྲིན་ཀྱིས་གྲུབ་པའི་རིམས་སོན་འགོག་ཁབ་འདི་ནི་རྣམ་དཔྱོད་གསར་པའི་ཐོན་རྫས་ཏེ། ཕན་ནུས་ཐོག་ཁག་ཐེག་མཐོ་བའི་ཁྱད་ཆོས་ལྡན་ཞིང་ལག་རྩལ་ཡར་རྒྱས་ཚད་མཐོར་བཀོལ་ཡོད་པར་བཤད་དོ།།
ང་ཚོ་དང་འབྲེལ་བ་ཡོད་པའི་རིམས་སོན་འགོག་སྨན་ཁག་ཅིག་གི་འབྱུང་ཁུངས་དང་། ཐུན་ཚོད། ཕན་ནུས་སོགས་རེའུ་མིག་སྟབས་བདེ་ཞིག་འགོད་རྒྱུ།
རིམས་སོན་འགོག་ཁབ། | Pfizer | Moderna | Covishield | Covaxin | Sinovac |
བཟོ་ཐབས་རིགས། | mRNA | mRNA | Adenovirus Viral vector | Inactivated virus vaccine | |
ཐོན་ཁུངས། | འཇར་མན་དང་ཨ་རི། | ཨ་རི། | དབྱིན་ཡུལ་དང་རྒྱ་གར། | རྒྱ་གར། | རྒྱ་ནག |
ཐུན་གཉིས་བར་ཉིན། | ༢༡ | ༢༨ | ༢༨ | ༢༨ | ༢༨ |
ཕན་ནུས་བརྒྱ་ཆ། | 95% | 94.1% | 70.4% | ཕན་ནུས་མི་གསལ། | ཕན་ནུས་མི་གསལ། |
གནའ་དེང་གསོ་དཔྱད་ལ་དོ་སྣང་ཡོད་པའི་མཆེད་གྲོགས་རྣམ་པར་བགྲོ་བའི་ཆེད་དུ། སྨན་པའི་མིང་ཙམ་འཛིན་པ་འཇིགས་མེད་རབ་བརྟན་ཞེས་བགྱི་བས། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ པའི་ཚེས་ ༧ ཉིན།
མི་སྣ། | ལོ་ཚིགས། | གསུང་ཚན། | མཛད་པ་པོ། | |
༡ | འབྲི་གུང་ཆོས་གྲགས། | (1595-1659) | རྒྱུད་བཞིའི་བཀའ་མཆན། | འབྲི་གུང་རིག་འཛིན་ཆོས་གྲགས། |
༢ | དར་མོ་སྨན་རམས་པ། | (1638-?) | མན་རྒྱུད་བཀའ་འགྲེལ། | དར་མོ་བ་བློ་བཟང་ཆོས་གྲགས། |
༣ | དེའུ་དམར་དགེ་བཤེས། | (1673-?) | འབྲུམ་འཛུགས། | དེའུ་དམར་དགེ་བཤེས། |
༤ | སི་ཏུ་པཎ་ཆེན། | (1700-1774) | འབྲུམ་འཛུགས། | སི་ཏུ་ཆོས་ཀྱི་འབྱུང་གནས། |
༥ | ཐུའུ་བཀྭན་ཆོས་ཀྱི་ཉི་མ། | (1735-1802) | རྟོགས་བརྗོད་པད་མ་དཀར་པོ། | གུང་ཐང་བསྟན་པའི་སྒྲོན་མེ། |
༦ | པཎ་ཆེན་དཔལ་ལྡན་ཡེ་ཤེས། | (1738-1780) | རྣམ་ཐར། | ཀུན་མཁྱེན་འཇིགས་མེད་དབང་པོ། |
༧ | བཙན་པོ་ནོ་མན་ཧན། | (1789-1839) | མན་ངག་རིན་ཆེན་འབྱུང་གནས། | བཙན་པོ་ནོ་མན་ཧན། |
༨ | དབང་ཆེན་དགྱེས་རབ་རྡོ་རྗེ། | (1832-?) | མན་ངག་ལྷན་ཐབས་ཟུར་རྒྱན། | ལབ་དབང་ཆེན་དགྱེས་རབ་རྡོ་རྗེ། |
དཔྱད་གཞི་ཡིག་ཆ་ཁག
New Tibetan-English Vocab ཞེས་པའི་ཚིག་མཛོད་དུ་བསྒྱུར་འདུག་ཅིང་། རང་བྱུང་ཡེ་ཤེས་ཚིག་མཛོད་ RangjungYeshe Dictionary མཉེན་ཆས་ནས་ཀྱང་རྙེད་ཐུབ།
༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་པོད་གཉིས་པ། སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ནས་དཔར་དུ་བསྐྲུན། ༢༠༡༤ ཤོག་གྲངས་ ༢༠༣
འབྲི་གུང་རྒྱུད་བཞིའི་བཀའ་མཆན། འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་མཛད། ཨ་རུ་རའི་དེབ་ཕྲེང་ ༡༠༢ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ཤོག་གྲངས། ༣༦༨
མན་ངག་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་གསེར་རྒྱན། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༨༩ ཤོག་གྲངས་༢༠༧
ལྔ་རིག་སྨྲ་བའི་པཎ་ཆེན་བསྟན་འཛིན་ཕུན་ཚོགས་ཀྱི་བཀའ་འབུམ། ༡༩༩༥ ལོར་གོ་འཇོ་རྫོང་ནས་དཔར་དུ་བཏབ། པོད་ཨུ། ཤོག་གྲངས་ ༢༧༡
ལྔ་རིག་སྨྲ་བའི་པཎ་ཆེན་བསྟན་འཛིན་ཕུན་ཚོགས་ཀྱི་བཀའ་འབུམ། ༡༩༩༥ ལོར་གོ་འཇོ་རྫོང་ནས་དཔར་དུ་བཏབ། པོད་ཨུ། ཤོག་གྲངས་ ༡༣༩
འཁྲུངས་དཔེ་དྲི་མེད་ཤེལ་གྱི་ཕྲེང་བ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། ༡༩༨༦ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༢༥
སི་ཏུའི་བཀའ་འབུམ། ཐ། འབྲུམ་བཅོས་སོགས་རྒྱ་བོད་གསོ་བཅོས་སྣ་ཚོགས། ཤིང་དཔར་དཔེ་རིང་། དཔལ་སྤུངས་དཔར་མ། ཤོག་གྲངས་ ༦
བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན་ (1764-1853) གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་༩༧
གུང་ཐང་བསྟན་པའི་སྒྲོན་མེའི་ (1762-1823) གསུང་འབུམ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ (1735-1802) རྟོགས་བརྗོད་པདྨ་དཀར་པོ། འདབ་མ་བཅུ་གཉིས་པ། ༡༨༡༥ ལོར་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ཤོག་གྲངས་ ༨༣༦
མན་ངག་རིན་ཆེན་འབྱུང་གནས། བཙན་པོ་ནོ་མན་ཧན་གྱིས་མཛད། ཨ་རུ་རའི་དེབ་ཕྲེང་༥༣ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༢༡༠
འབུམ་རམས་པ་བློ་བཟང་ཡོན་ཏན། Lobsang Yongdan, The introduction of Edward Jenner’s smallpox vaccination to Tibet in the early 19th century,January 2016, Archive Oriental 84 (3):577-593
མན་ངག་ལྷན་ཐབས་ཀྱི་ཟུར་རྒྱན། དབང་ཆེན་དགྱེས་རབ་རྡོ་རྗེས་མཛད། ཨ་རུ་རའི་དེབ་ཕྲེང་། ༠༥༩ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས། ༡༣༥
གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ། དེབ་དང་པོ། རྩོམ་པ་པོ། བུར་སྲས་པ་རིན་ཆེན་དར་ལོ། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་སྤར་སྐྲུན་ཞུས་པའོ།། ༢༠༠༩ ཤོག་གྲངས། ༢༨༨ ལ་གཟིགས།
མན་ངག་རིན་ཆེན་འབྱུང་གནས། ཨ་རུ་རའི་དཔེ་ཚོགས། དེབ་ཕྲེང་། ༥༣ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས། ༤༨༣
དྲ་ཚིགས་https://www.cdc.gov/vaccines/vpd/vaccines-list.html
(ཝར་ཎ་བོད་ཀྱི་གསོ་བ་རིག་པའི་སློབ་དཔོན་ཆེན་མོ་རག་རྡོ་མཁན་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་ལ་སྤྱན་འབུལ་དང་། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན། རྒྱལ་སྤྱི་བོད་རིག་པའི་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་མཆོག་གིས་ལོ་རྒྱུས་དང་འབྲེལ་བའི་རྩོམ་དུམ་འདི་ཉིད་ལ་གཟིགས་ཞིབ་དང་ལམ་སྟོན་ལྷུག་པོར་གནང་བར་བཀའ་དྲིན་སྙིང་ནས་ཞུ།)
དཔྱད་ཡིག་དང་ཞབས་མཆན།
[1] New Tibetan-English Vocab ཞེས་པའི་ཚིག་མཛོད་དུ་བསྒྱུར་འདུག་ཅིང་། རང་བྱུང་ཡེ་ཤེས་ཚིག་མཛོད་ RangjungYeshe Dictionary མཉེན་ཆས་ནས་ཀྱང་རྙེད་ཐུབ།
[2] ཚ་རོང་དཔལ་ལྡན་རྒྱལ་མཚན་གྱིས་འབྲུམ་བཅོས་ཡིག་ཆུང་ཞེས་འབྲུམ་བཅོས་རྒྱས་བསྡུས་གཉིས་ཡོད་པར་གསལ། འདིའི་ནང་དུ་འབྲུམ་འཛུགས་སྐོར་དམིགས་བསལ་གསུང་ཡོད་པའི་རེ་བ་ཆེ་ཡང་ད་ལྟའི་བར་དཔེ་འདི་དག་མཇལ་རྒྱུ་མ་རྙེད།
[3] ༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་པོད་གཉིས་པ། སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ནས་དཔར་དུ་བསྐྲུན། ༢༠༡༤ ཤོག་གྲངས་ ༢༠༣
[4]འབྲི་གུང་རྒྱུད་བཞིའི་བཀའ་མཆན། འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་མཛད། ཨ་རུ་རའི་དེབ་ཕྲེང་། ༡༠༢མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ཤོག་གྲངས། ༣༦༨
[5] དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་གསེར་རྒྱན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༨༩ ཤོག་གྲངས་༢༠༧
[6]ལྔ་རིག་སྨྲ་བའི་པཎ་ཆེན་བསྟན་འཛིན་ཕུན་ཚོགས་ཀྱི་བཀའ་འབུམ། ༡༩༩༥ ལོར་གོ་འཇོ་རྫོང་ནས་དཔར་དུ་བཏབ། པོད་ཨུ། ཤོག་གྲངས་ ༢༧༡
[7]ལྔ་རིག་སྨྲ་བའི་པཎ་ཆེན་བསྟན་འཛིན་ཕུན་ཚོགས་ཀྱི་བཀའ་འབུམ། ༡༩༩༥ ལོར་གོ་འཇོ་རྫོང་ནས་དཔར་དུ་བཏབ། པོད་ཨུ། ཤོག་གྲངས་ ༡༣༩
[8]འཁྲུངས་དཔེ་དྲི་མེད་ཤེལ་གྱི་ཕྲེང་བ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། ༡༩༨༦ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༤༢༥
[9]སི་ཏུའི་བཀའ་འབུམ། ཐ། འབྲུམ་བཅོས་སོགས་རྒྱ་བོད་གསོ་བཅོས་སྣ་ཚོགས།ཤིང་དཔར་དཔེ་རིང་། དཔལ་སྤུངས་དཔར་མ། ཤོག་གྲངས་ ༦
[10] བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན་ (1764-1853) གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་༩༧
[11] གུང་ཐང་བསྟན་པའི་སྒྲོན་མེའི་ (1762-1823) གསུང་འབུམ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ (1735-1802) རྟོགས་བརྗོད་པདྨ་དཀར་པོ། འདབ་མ་བཅུ་གཉིས་པ། ༡༨༡༥ ལོར་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ཤོག་གྲངས་ ༨༣༦
[12]མན་ངག་རིན་ཆེན་འབྱུང་གནས། བཙན་པོ་ནོ་མན་ཧན་གྱིས་མཛད། ཨ་རུ་རའི་དེབ་ཕྲེང་༥༣ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༢༡༠
ད་དུང་ཁོང་དང་འབྲེལ་བའི་སྐོར་འབུམ་རམས་པ་བློ་བཟང་ཡོན་ཏན་གྱི་དཔྱད་རྩོམ་མགོ་བརྗོད་ཅིག་འདི་ནས་མཐོང་ཐུབ་ཅིང་། དོན་གཉེར་ཅན་ཚོས་དེ་ལ་གཟིགས། Lobsang Yongdan, The introduction of Edward Jenner’s smallpox vaccination to Tibet in the early 19th century,January 2016, Archive Oriental 84 (3):577-593
[13]མན་ངག་ལྷན་ཐབས་ཀྱི་ཟུར་རྒྱན། དབང་ཆེན་དགྱེས་རབ་རྡོ་རྗེས་མཛད། ཨ་རུ་རའི་དེབ་ཕྲེང་། ༠༥༩ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས། ༡༣༥
[14] གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ། དེབ་དང་པོ། རྩོམ་པ་པོ། བུར་སྲས་པ་རིན་ཆེན་དར་ལོ། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་སྤར་སྐྲུན་ཞུས་པའོ།། ༢༠༠༩ ཤོག་གྲངས། ༢༨༨ ལ་གཟིགས།
[15]མན་ངག་རིན་ཆེན་འབྱུང་གནས། ཨ་རུ་རའི་དཔེ་ཚོགས། དེབ་ཕྲེང་། ༥༣ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས། ༤༨༣
[16] རྒྱལ་ཁབ་སོ་སོའི་གྲངས་འདྲེན་སྐོར་དང་མང་ཉུང་མི་འདྲ་བ་ཡོང་གི་ཡོད་ཅིང་། འདི་ཨ་རིའི་ CDC གྱི་དྲ་ཚིགས་ལ་གཞིར་བཟུང་བ་ཡིན།
[17] ཁ་སང་ཕྱི་ཟླ་ ༣ པའི་ཚེས་ ༦ ཉིན། ༸ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིམས་སོན་འགོག་སྨན་འདི་བཞེས་ཡོད་ཅིང་། མ་ཟད་ཕྱི་ཟླ་དང་པོའི་ཚེས་ ༢༠ ལ་མོན་གྷོ་ས་གནས་སྨན་ལས་མི་སྣ་༨༠ ལྷག་ཙམ་ལ་རིམས་སོན་འགོག་སྨན་འདི་བརྒྱབས་ཡོད་ཅིང་མི་འཕྲོད་པའི་གནས་ཚུལ་གང་ཡང་མ་བྱུང་་ངོ་།
—–