གླེང་བརྗོད།
ཁོ་བོར་དྲན་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ཐོབ་མ་མྱོང་ཡང་། ཁོང་གི་ལྗགས་རྩོམ་དག་ལ་མཇལ་བའི་རྐྱེན་གྱིས། ཁོང་ལ་དུང་སེམས་ཟབ་མོ་ཞིག་ངང་གིས་སྐྱེས་བྱུང་བས། རང་གི་ནུས་ཚོད་ཀྱིས་ཁོང་དང་ཁོང་གི་བརྩམས་ཆོས་ཁག་ཅིག་ལ་དབྱེ་ཞིབ་ཕྲན་ཙམ་ཞུ་གི་ཡོད་ཀྱང་། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཕྱིན་ཆད་མ་རྟོགས་འཁྲུལ་བའི་འདམ་དུ་བྱིང་བ་ནི་སེམས་ཅན་སྤྱིའི་ལས་སྐལ་ཡིན་པས། སྤྱི་འགྲོས་འདིའི་ཆོས་ཉིད་ལ་དགོངས་ནས་ཤེས་ལྡན་རྣམ་པས་བདག་གི་ཕྲན་བཤད་འདིའི་རིན་ཐང་གཏན་ལ་དབབ་རྒྱུ་དང་། སྔོན་ཆད་དཔལ་ལྡན་ཆོས་གྲགས་ཀྱིས་<<ཚད་མ་སྡེ་བདུན་>>དང་། ལོ་སྔོན་མར་རྩོམ་པ་པོ་ག་རེ་མོའི་<<བོད་ཀྱི་རིག་གཞུང་གི་ཕྱུག་ཚུལ་>>གཉིས་ཀྱིས་རྒྱ་གར་ཡུལ་དབུས་དང་། རྡ་རམ་ས་ལར་དུད་འགྲོ་ཁྱི་ཡི་རྔ་མར་བཏགས་ཏེ་ཁྲོམ་སྐོར་དུ་ཁྲིད་ཚར་བས། ཁོ་བོའི་ཕྲན་བཤད་འདིར་ཡང་ཉེས་པ་དེ་འདྲ་རེ་ཁེལ་ཚེ་སྔོན་ཆད་ཀྱི་ལུགས་སྲོལ་རྙིང་པ་དེ་སྐྱར་ཟློས་མི་བྱེད་པར། འགྲོ་བ་མིའི་རྔ་མར་བཏགས་ཏེ་ཁྲོམ་སྐོར་དུ་འཁྲིད་རོགས་ཞུ་རྒྱུ་ཡིན།
དགེ་ཆོས་ཀྱི་མི་ཚེ་རགས་གླེང་།
ད་ལྟ་ཆོས་ལུགས་དང་དེ་མིན་རིག་གཞུང་ལས་རིགས་མང་པོ་ཉམས་ལེན་དང་ཞིབ་འཇུག་བྱེད་མཁན་གྱི་མི་རིགས་འདྲ་མིན་ཁྲོད། ཆོས་ལུགས་དང་སྤྱི་ཚོགས་ལོ་རྒྱུས་མཁས་པ། ཡིག་སྒྱུར་དང་སྙན་ངག་མཁས་པ་བཅས་ཡིན་པའི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་དང་ཁོང་གི་བརྩམས་ཆོས་ལ་དོ་སྣང་དང་དཔྱད་བརྗོད་སྤེལ་མཁན་ཧ་ཅང་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། དགེ་ཆོས་ནི་རྩོད་མེད་ཀྱི་མཁས་གྲུབ་གཉིས་ལྡན་ཞིག་ཏུ་ཁས་ལེན་མཁན་སྐོར་ཞིག་དང་། གཏད་སོ་མེད་པའི་འཆལ་པོ་རྐུབ་ཀྱོག་ཅིག་ཏུ་རྩི་མཁན་སྐོར་ཞིག མཁས་པ་རྩིང་སྤྱོད་ཅན་ཞིག་ཏུ་ཁས་ལེན་མཁན་ཁག་ཅིག་བཅས་བྱུང་། དང་པོ་ནི་དེང་སྐབས་ཨ་རིར་བཞུགས་པའི་ས་སྐྱའི་གདོང་ཐོག་སྤྲུལ་སྐུ་རྗེས་འབྲངས་བཅས་པ་དང་། གཉིས་པ་ནི་བོད་བཞུགས་མཁས་པ་ཨ་ལགས་དོར་ཞི་རྗེས་འབྲངས། གསུམ་པ་ནི་དགེ་ཆོས་ནས་བགྲངས་པའི་མི་རབས་བཞི་པའི་ན་གཞོན་ཤེས་ཡོན་ཅན་སྐོར་ཞིག་རེད། དེ་ཡང་གདོང་ཐོག་སྤྲུལ་སྐུའི་དགེ་ཆོས་ཀྱི་བརྩམས་ཆོས་དེབ་གསུམ་སྐྱར་པར་གླེང་གཞིའི་ནང་། ་་་ ་་་ཁོ་བོ་ནི་དམ་པ་འདི་ཉིད་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་སྤྱོད་མ་མྱོང་ཡང་། གསུང་རབ་ལ་མཇལ་ནས་གསུང་ཚད་མའི་རྟོགས་ཀྱིས་ཁོང་ནི། སློབ་དཔོན་ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི།། དེ་ནི་གང་ཡང་ཡོད་མ་ཡིན།། དེ་ལྟར་གནས་པའི་མཁས་པ་ལ།། བསོད་ནམས་མི་འགྱུར་གང་ཡང་མེད།། ཅེས་པའི་དོན་ཉམས་སུ་བླངས་པའི་གང་ཟག་ཅིག་སྟེ། མདོ་སྔགས་རིག་གནས་གསར་རྙིང་མང་པོ་དང་། ཕྱི་རྒྱལ་གྱི་སྐད་ཡིག་དུ་མ། ཚན་རིག སྲིད་དོན་སོགས་ཤེས་བྱ་ཀུན་ལ་མཁྱེན་རབ་ཀྱི་པད་མོ་ཡོངས་སུ་བཞད་པའི་མཁས་པ་ཞིག་ཡིོན་པར་མ་ཟད། ཡེ་ཤེས་བརྙེས་པའི་སྐྱེས་ཆེན་དམ་པ་ཞིག་ཏུའང་དཔག་ནུས་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། ཅེས་སོགས་གདེངས་འཇོག་ཤུགས་ཆེན་དང་འབྲེལ་བོད་ནང་ལོགས་སུ་གསུང་པོད་ཁག་གསུམ་ནང་དེབ་མིང་ཙམ་ལས་པར་སྐྲུན་མ་བྱས་པའི་འདོད་པའི་བསྟན་བཅོས་བོད་གཞུང་ཤེས་རིག་པར་མ་དེ་སྐྱར་པར་དེབ་ཕྲེང་ནང་བཅུག་སྟེ་པར་སྐྲུན་བྱས་ནས། ནང་ཆོས་འཆད་ཉན་བྱེད་སའི་བསྟི་གནས་རྫོང་གསར་བཤད་གྲྭས་མཚོན་པའི་དགོན་སྡེ་ཁག་གི་ནང་དུ་ཡང་དགེ་ཆོས་ཀྱི་བརྩམས་ཆོས་ཁྱབ་བརྡལ་དུ་བཏང་བས། དགེ་ཆོས་ཀྱི་བརྩམས་ཆོས་སྤྱི་དང་ཁྱད་པར་དུ་འདོད་པའི་བསྟན་བཅོས་ཀློག་པའི་ཁྲོད་དུ་མ་བཀོལ་བའི་གྲྭ་བཙུན་མགོ་རིལ་སྐོར་ཞིག་གིས་ཀྱང་དགེ་ཆོས་དང་འདོད་པའི་བསྟན་བཅོས་ངོ་ཤེས་ཤིང་རྒྱུས་ལོན་པ་དང་། འདོད་བསྟན་ཀློག་མི་འདོད་པ་ནས་བསྐྱུར་མ་ཕོད་པ་ཡང་གང་འཚམ་ཞིག་བྱུང་ཡོད་ངེས། གདོང་ཐོག་སྤྲུལ་སྐུའི་བྱེད་སྟངས་དེས་ཁོའི་རྩོད་ཟླ་མདོ་སྨད་ཡོན་ཏན་རྒྱ་མཚོར་འཐོབ་དཀའ་བའི་གོ་སྐབས་ཤིག་རེག་སྟེ་རྩོད་ཡིག་ནང་གདོང་ཐོག་དང་འདོད་བསྟན་མཉམ་དུ་སྦྱར་ནས་ཐལ་འགྱུར་གྱི་རོལ་རྩེད་མི་ཉུང་བ་ཞིག་བགྱིས་ཡོད་པ་ཡང་ཞར་བྱུང་དུ་ཐལ་ལོ།།
ཨ་ལགས་དོར་ཞི་ཚང་གིས་ལོ་རྒྱུས་ཆེད་རྩོམ་དང་དགེ་ཆོས་ལ་དགག་རྩོམ་དེབ་ཅིག་གི་གླེང་བརྗོད་ནང་། དགེ་ཆོས་ལགས་ཀྱི་སྐྱོན་ཆ་ཁག་ཅིག་སྟེ། བུད་མེད་ལ་དགའ་བ་དང་ཆང་རག་ལ་མཉེས་པ། ཉལ་ཐ་ལ་སྲེད་པ། རྒྱལ་ཚོང་ལ་སྤྲོ་བ། མཁས་རྫུ་ལ་འཇོན་པ་སོགས་བྲིས་ཏེ། དགེ་ཆོས་ལགས་མི་དགེར་འདུན་ཞིང་ཆོས་མིན་འཕེལ་བའི་བྱེད་པོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཅིང་། དེ་མཚུངས་དགེ་ཆོས་ཀྱི་སློབ་དཔོན་ཡིན་མིན་རྩོད་གཞི་ཡོད་པའི་འབྲས་སྤུངས་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ནས་ཀྱང་ཀླུ་སྒྲུབ་་དགོངས་རྒྱན་གྱི་དགག་ལན་མི་འཇིགས་སེང་གེའི་ང་རོའི་ནང་དུ་དགེ་ཆོས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག ཁོང་རྣམ་གཉིས་ཀྱི་རྗེས་འཇུག་ཁག་ཅིག་དང་། གྲྭ་སའི་དགེ་བཤེས་ཁག་ཅིག་གིས་དགེ་ཆོས་གྲོངས་ནས་དུས་རབས་ཕྱེད་ཀ་ལྷག་གི་རྗེས་སུ་ཁོང་ལ་དགག་རྩོམ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་ལགས་ཀྱང་། སྐྱེས་བུ་དམ་པ་རེ་ཟུང་ཕར་ཕུད་པའི་ཤུལ་གྱི་སྐུ་ཞབས་ཆེ་གེ་མོ་དེ་དག་གི་བྱེད་སྟངས་ནི། དུག་སྦྲུལ་ཤི་བའི་རོ་མཐོང་ནས་ཁྭ་ཏས་མཁའ་ལྡིང་གི་གཟི་བརྗིད་ངོམ་པ་ཙམ་དུ་ཟད་ཅིང་། གོ་ཐོས་ལྟར་ན་སྒོ་མང་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་ཁོང་གི་རྩོམ་དེབ་ཚད་མའི་རྣམ་བཤད་དུས་ཀྱི་མེ་ལོང་ནང་དུ་དགེ་ཆོས་ལ་དགག་པ་མང་ཙམ་བྱས་ཡོད་ཀྱང་། ཁོང་གི་གྲོགས་པོ་ཚོར། དགེ་ཆོས་ལགས་མི་བཞུགས་པའི་སྐབས་འདིར་དེ་འདྲ་བྲིས་པ་མ་གཏོགས། དེང་སྐབས་དགེ་ཆོས་བཞུགས་ཡོད་ཚེ་ཁོང་ལྟ་བུས་དགེ་ཆོས་ལགས་ཀྱི་རིགས་པའི་རོལ་རྩེད་གཅིག་གི་གཟི་བརྗིད་ཀྱང་མི་ཐེགས་ངེས་ཅན་ཡིན་ལུགས་གསུངས་ཚུལ་འདུག་པས། དེ་ནི་དངོས་ཡོད་གནས་ཚུལ་ལ་གདེངས་འཇོག་གནང་བའི་མཁས་པའི་གཏམ་དུ་སྣང་། གཞན་ཨ་མདོ་བཀྲིས་འཁྱིལ་གྱི་གྲྭ་རྒན་མང་པོ་ཞིག་ལ་དགེ་ཆོས་ལ་དགྲའི་དྭངས་མར་འཛིན་པའི་བསམ་བློ་ཤུགས་ཆེན་ཡོད་པ་དེའི་ཕུགས་སུ། དགེ་ཆོས་ཀྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆར་དགག་གཞག་སྤོང་གསུམ་བྱས་པ་དང་། ཁོང་ལ་ང་རྒྱལ་ཆེན་པོ་ཡོད་པ། འདོད་པའི་བསྟན་བཅོས་བརྩམས་པ་སོགས་བགྲང་རྒྱུ་ཡོད་ཀྱང་། དགེ་ཆོས་ཀྱིས་བླ་བྲང་ཆོས་གྲྭའི་ནང་སྔ་དྲོར་ཀུན་མཁྱེན་ཡིག་ཆར་རྩོད་སྤོང་བྱས་རྗེས་ཕྱི་དྲོར་བསང་ཁུག་ཁུར་ནས་གནས་ཆུང་ཆོས་སྐྱོང་ལ་དགོངས་དག་ཞུ་རུ་འགྲོ་བ་མ་མཐོང་བ་དང་། ཁོང་གི་ང་རྒྱལ་དེ་ནི་ཕྱི་འཇམ་ཁོང་རྩུབ་ཀྱི་ང་རྒྱལ་མིན་པར་ངེས་དོན་ལུང་རིགས་ཀྱི་མཚོན་ཆའི་འཕྲུལ་འཁོར་གྱིས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་པའི་འགྲན་བྲལ་མཁས་པའི་གད་རྒྱངས་ཡིན་པ་མ་ཐོས་པ་དང་། ཁོང་གིས་རབ་བྱུང་བཙུན་པ་རྣམས་འདོད་པའི་བསྟན་བཅོས་ཀློག་པའི་ཁྲལ་དུ་བཀོལ་མེད་པར་དེབ་དེའི་ཁ་བྱང་ཙམ་ཞིག་བཀླགས་ནས་བཞག་ན་འགྲིག་ཚུལ་བྲིས་ཡོད་པར་དོ་སྣང་མ་བྱུང་བའམ། ཡང་ན་དོ་སྣང་བྱེད་མ་འདོད་པ་གང་ལྟར་དགེ་ཆོས་ཀྱིས།
རོང་པ་རྣམས་ལ་མར་ཁུ་འཐུངས་པ་དང་།།
འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་གཉིས།།
མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།།
འདོད་ན་ནན་གྱིས་འགོག་པའི་དོན་ཡང་མེད།།
ཅེས་གསུངས་པ་ལྟར། དགེ་ཆོས་ཀྱི་ཡོན་ཏན་ངོ་སྤྲོད་བྱེད་སའི་ཡུལ་དུ་ནམ་ཡང་རུང་བ་མ་ཡིན་ནོ།།
དགེ་ཆོས་འཁྲུངས་ཡུལ་ནི་ཁག་མང་པོར་ངོ་སྤྲོད་བྱས་འདུག་པ་ལྟར་ཨ་མདོ་རེ་སྐོང་གསེར་མོ་ལྗོངས་ཀྱི་ཞོ་འཕོང་གྲོང་ཚོ་ཡིན་ཞིང་། འཁྲུངས་ལོའི་སྐོར་སྤྱི་ལོ་༡༩༠༢ནས་༡༩༠༥བར་མི་འདྲ་བ་གསུམ་བཞི་ཙམ་ཞིག་འདུག་ཅིང་། ཁོང་གི་ཡབ་ནི་ཨ་ལགས་ནམ་མཁའ་རྒྱལ་པོའམ་རྡོ་རྗེ་རྒྱལ་མཚན། ཡང་ན་རིག་འཛིན་རྡོ་རྗེ་ཞེས་མིང་མི་འདྲ་བ་ཅན་གྱི་གསང་སྔགས་རྙིང་མའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་པ་དང་རྫོགས་ཆེན་སྙིང་ཐིག་ལ་ཉམས་བཞེས་གནང་ཚུལ་འདུག་ཀྱང་། རེ་སྐོང་གི་མི་མཆོག་དམན་མང་པོ་ཞིག་གི་ངག་ནས་ཁོང་གི་ཡབ་ཡིན་པའི་གསང་སྔགས་རྙིང་མའི་བླ་ཆེན་ཞིག་གི་སྐོར་མ་ཐོན་པས། གྲོང་སྔགས་ནུས་ལྡན་ཞིག་ལས་མཚན་ཡོངས་གྲགས་བླ་ཆེན་ནི་མིན་ལས་ཆེ་བ་དང་། སྤྱི་ལོ་༡༩༡༡དགེ་ཆོས་རང་ལོ་བདུན་དུ་སོན་དུས། ཡབ་དགོངས་པ་རྫོགས་སྐབས་དགེ་ཆོས་ལགས་ཀྱིས་མཁའ་འགྲོའི་བསུ་མ་མཐོང་ཚུལ་འདུག་པས། རྟོགས་པ་མཐོ་བའི་རྣལ་འབྱོར་བ་ཞིག་ནི་ཡིན་ཚོད་འདུག ཡུམ་པདྨ་སྐྱིད་ཀྱང་མཁའ་འགྲོའི་སྤྲུལ་པ་ལྟ་བུ་སྲིད་སྡེ་བརྒྱད་ཀྱི་ཚོགས་འདུར་སོང་བ་ཡིན་ཟེར་ནས། ཉིན་རེ་ཟུང་ལ་ཤི་བ་ལྟར་གཟུགས་པོར་འགུལ་སྐྱོད་མེད་པར་སྡོད་པ་དང་། ལན་རེར་མོ་བཏབ་པ་ཡང་ཧ་ཅང་ཐིག་པོ་ཡོད་མཁན་ཞིག་ཡིན་ཚོད། ཡབ་ལས་བོད་ཡིག་སློབ་སྦྱོང་མང་ཙམ་གནང་ཚུལ་དང་ཁོང་རིག་པ་ཡག་པོ་ཡོད་པས་དགུང་ལོ་དགུ་ཙམ་གྱི་སྟེང་བྲིས་པའི་སྙན་ངག་སྙན་པའི་ཚད་དུ་བྱེད་སྐད་འདུག་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་དགུང་ལོ་བཅུ་དྲུག་སྟེང་བརྩམས་པའི་དབྱངས་ཅན་མའི་བསྟོད་པ་བཀླགས་ཚེ། དགེ་ཆོས་ཀྱིས་ཆུང་དུས་བྲིས་པའི་སྙན་ངག་ཁག་ལ་ཡང་དེ་ཙམ་མིག་ལྤགས་གཟེངས་དགོས་པ་མི་འདུག ཡབ་གཤེགས་རྗེས་ཟི་ལིང་ཨམ་བན་གྱིས་གདན་འདྲེན་ཞུས་པའི་གཏེར་སྟོན་བསོད་རྒྱལ་མཇལ་བར་ཕྱིན་སྐབས། གཏེར་སྟོན་ནས་དགྱེས་བརྩེ་ཆེན་པོ་གནང་ཞིང་ཚེ་དབང་བསྐུར་བ་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་སྲས་རལ་གྲིའི་སྲས་མདོ་རིན་པོ་ཆེར་མཇལ་སྐབས། ཨ་ཙི། ཁྱོད་འདི་རུ་འདུག་གསུངས་ནས་མཉེས་ཚོར་གནང་ཞིང་དེ་རྗེས། ད་ཁྱོད་དགེ་ལུགས་པ་ཞིག་རེད་འགྲོ་གསུངས་པ་སོགས་ཀྱིས་དགེ་ཆོས་ལགས་ཀྱི་སྐྱེ་བ་སྔོན་མ་དེ་རྙིང་མ་པ་ཞིག་ཡིན་པའི་རྟགས་མཚན་ལས། དགེ་ཆོས་ཁོང་ནི་སྔ་ཕྱི་བར་གསུམ་དུ་སྡོམ་པ་དང་སློབ་སྦྱོང་ཞུས་ས། བཞུགས་སའི་དགོན་པ་སོགས་གང་ནས་ཀྱང་དགེ་ལུགས་པ་ཞིག་ལས་རྙིང་མ་པ་ཞིག་ཏུ་བགྲང་ཚུལ་མེད་ཀྱང་། མི་མང་པོ་ཞིག་གིས་ཁོང་གི་ལྟ་གྲུབ་ལས་འཕྲོས་ཏེ་ཁོང་རྙིང་མ་པ་ཞིག་ཡིན་ཚུལ་ཁུངས་སྐྱེལ་ཅི་ཐུབ་བྱེད་ཅིང་། ལོ་ཤས་སྔོན་ཁོ་བོ་བལ་ཡུལ་དུ་ཡོད་སྐབས་ཀྱི་ཉིན་ཞིག འབྲུལ་ཡུལ་ནས་ཡིན་པའི་མཁན་པོ་ངོ་ཤེས་ཤིག་དང་མཉམ་དུ་དགེ་ཆོས་ཀྱི་སྐོར་གླེང་སྐབས། ཁོང་གིས་དགེ་འདུན་ཆོས་འཕེལ་དགེ་ལུགས་པའི་དགྲ་བོ་རེད་ཟེར་བས། ཡ་མཚན་པོ་ཞིག་བྱུང་སྟེ་ག་རེ་ཡིན་ནམ་ཞེས་དྲིས་པ་ན། ཁོང་གིས། རྗེ་ཙོང་ཁ་པས་ཐ་སྙད་ཚད་གྲུབ་བཞེད་ཀྱི་ཡོད་པ་རེད། དགེ་ཆོས་ཀྱི་ཐ་སྙད་ཚད་གྲུབ་ལ་དགག་པ་གཏོང་གི་ཡོད་པ་རེད་ཟེར་བས། དེ་ལྟར་ན་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ཁྲོད་དུ་ཡང་ལྟ་གྲུབ་མི་མཐུན་པའི་གནད་ཆེན་པོ་ཡོད་ཀྱང་། འོག་མ་འོག་མའི་ལྟ་བ་གོང་མའི་སྟེགས་ཞེས་ལམ་འོག་མ་དེ་ཚོ་ལམ་གོང་མར་བགྲོད་སའི་སྟེགས་བུར་ངོས་འཛིན་བྱེད་དགོས་པ་མ་གཏོགས། བྱེ་བྲག་སྨྲ་བ་མདེ་སྡེ་བའི་དགྲ་རེད། མད་སྡེ་བ་སེམས་ཙམ་པའི་དགྲ་རེད། སེམས་ཙམ་པ་དབུ་མ་བའི་དགྲ་རེད། ཐེན་ཆེན་པ་ཐེག་དམན་པའི་དགྲ་རེད་ཅེས་བརྗོད་ན་འགྲིག་གི་མ་རེད་བསམས། ཡང་དགེ་བཤེས་ཤེར་རྒྱམ་པས་དགེ་ཆོས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་བརྩམས་པ་དེས་ཁོང་གསར་མིན་རྙིང་མིན་ལོག་པའི་གཅོང་རོང་ཞིག་ཏུ་ལྷུང་ཚུལ་བྲིས་འདུག་པས། དགེ་ཆོས་ལགས་གསར་མ་ཡིན་དང་རྙིང་མ་ཡིན་དགེ་ཆོས་ཁོང་རང་གིས་གསུངས་ན་མ་གཏོགས་ང་ཚོས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ཐུབ་ལ་གཅོད་དགོས་ཀྱི་ཁྲལ་ཡང་བཞག་མེད་པར་བསམས།
ཁོང་རོབ་ཀོང་གི་གཡའ་མ་བཀྲིས་འཁྱིལ་ནས་བྱུང་རྒྱུད་ན་ལེནྡྲ་གཉིས་པ་ལྡེ་ཚ་ཆོས་ཀྱི་ལྡིང་ཁང་ཕེབས་ཤིང་། དེ་རུང་མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་བསྟེན་ནས་ནང་ཆོས་དང་ཐུན་མོང་རིག་གཞུང་གི་སྐོར་གང་འཚམ་ཞིག་སློབ་སྦྱོང་གནང་རྗེས། བླ་བྲང་བཀྲིས་འཁྱིལ་དུ་ཕེབས་ནས་ཕར་ཕྱིན་གཞུང་གསར་བར་དུ་བཞུགས། དེར་རིགས་པའི་འཆར་སྒོ་གཞན་དང་མི་མཚུངས་པས་མཁས་བླུན་མང་པོ་ཞིག་གི་ཡིད་བརྟན་འཕྲོགས། དེ་ནས་དབུས་སུ་རྒྱང་སྐྱོད་བྱས་ཤིང་། འདི་སྐབས་ཀྱི་ལམ་ཁའི་ཟིན་བྲིས་ཤིག་དབྱིན་ཡིག་ནས་དེང་དུས་ཀྱི་བཙན་བྱོལ་ནང་གི་རྩོམ་པ་པོི་ཧོར་གཙང་འཇིགས་མེད་ཀྱིས་བོད་སྒྱུར་བྱས་འདུག འབྲས་སྒོ་མང་ཀླུ་འབུམ་ཁང་ཚན་དུ་ཆོས་ཞུགས་བྱས། ཏྲེ་ཧོར་སྐྱོར་དཔོན་སོགས་དང་ལུང་རིགས་ཀྱི་མཚོན་རྩེ་བརྡར་ཏེ་སྙན་གྲགས་རྒྱས། རྒྱ་གར་གྱི་མཁས་པ་རཱ་ཧུལ་དང་འགྲོགས་ནས་རྭ་སྒྲེང་དང་ཞྭ་ལུ། ས་སྐྱ་སོགས་སུ་གནས་གཟིགས་དང་སྦྲགས་རིམ་གྱིས་བལ་ཡུལ་དུ་སླེབས། དེ་ནས་རྒྱ་གར་དུ་བགྲོད་ཅིང་། སླར་ཡང་བོད་དུ་སླེབས་ནས་ཁམས་དར་རྩེ་མདོ་བར་དུ་འགྲུལ་བཞུད་བྱས། ཁམས་མོ་ཞིག་དང་བརྩེ་གྲོགས་བསྒྲིགས། ཁམས་མོ་འདི་དང་དགེ་ཆོས་གཉིས་ལ་བུ་མོ་ཞིག་སྐྱེས་ཤིང་། ལོ་ཤས་སྔོན་རྒྱ་ནག་པེ་ཅིང་ནས་འདོན་སྤེལ་བྱས་པའི་་་་་ཀྲུང་གོའི་བོད་ལྗོངས་་་་ཞེས་པའི་དེབ་ཅིག་གི་ནང་དུ་དགེ་ཆོས་ཀྱི་བཟའ་ཟླ་ཨ་མ་རྒན་མོ་དེ་དང་ཁོང་གི་བུ་མོ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་རགས་བསྡུས་འདྲ་པར་དང་མཉམ་དུ་ཡོད་པ་ཞིག་འགྲེམ་སྤེལ་བྱས་པས། ཁོ་བོས་རྩོམ་ཡིག་དེ་གྲོགས་པོ་ཞིག་དང་མཉམ་བོད་སྒྱུར་གྱིས་བལ་ཡུལ་གྱི་་་གཉན་ཆེན་ཐང་ལྷ་་་གསར་ཤོག་གི་སྟེང་དུ་བཀོད་དེ་བོད་ཕྱི་ལོགས་ཀྱི་དོ་སྣང་ཅན་ཚོར་ངོ་སྤྲོད་བྱས། དེ་ནས་སླར་ཡང་རྒྱ་གར་དུ་བགྲོད་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་གི་སིང་ག་ལར་འབྱོར། རྒྱ་གར་ནི་དེ་དུས་དབྱིན་ཇིའི་དབང་སྒྱུར་འོག་ཡོད་ཅིང་། ཕྱི་གླིང་པའི་ཆབ་སྲིད་ཀྱི་གནོན་ཤུགས་དང་ཧིན་རྡུའི་ཆོས་ལུགས་ཀྱི་མཁྲེགས་འཛིན་གཉིས་སྡེབས་ཀྱི་དཀྱིལ་དུ། ནང་བསྟན་གྱི་དབུ་འཕང་ཧ་ཅང་དམའ་བའི་ས་ཆ་ཞིག་ནས་སིང་ག་ལར་སླེབས་ཏེ་སྤྲོ་བ་ཆེན་པོ་སྐྱེས་ལུགས་གཏམ་རྒྱུད་གསེར་ཐང་དུ་བྲིས་འདུག དེ་རུང་སློབ་སྦྱོང་དང་འཚོ་བར་ཉམས་ཞིབ་བྱས། སིང་ག་ལའི་སློབ་གྲྭ་ཆེན་མོ་འགྲིམ་ནས་ལེགས་སྦྱར་སྦྱངས་ཚུལ་འགའ་ཞིག་གིས་ཟེར་ཡང་། ཁོང་གིས་སིང་ག་ལར་སྡོད་སྐབས་ཀྱི་དྲན་ཐོའི་ནང་དུ་དེ་རུ་སློབ་གྲྭ་འགྲིམ་ནས་སློབ་སྦྱོང་བྱས་ཚུལ་བཀོད་མེད་པར། ས་ཆ་གཅིག་ཏུ་མ་བསྡད་པར་གླིང་ཧྲིལ་པོར་ལྗོངས་རྒྱུར་སོང་ཚུལ་བྲིས་ཡོད་ལ། ཁོ་བོའི་ངོ་ཤེས་པ་ཞིག་ལ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། ཁོང་གིས་ལེགས་སྦྱར་གྱི་སྐད་དེ་ཝཱ་ར་ཎཱ་སིའི་སློབ་གྲྭ་སྦྱངས་པ་རེད་འདུག་ལ། ཁུ་ནུ་བླ་མ་དང་ཁོང་གཉིས་ཕལ་ཆེར་འཛིན་གྲྭ་གཅིག་ཏུ་ཡོད་སྐད་ཀྱང་འདུག
རྒྱ་གར་དུ་མི་ལོ་བཅུ་བཞི་དང་ཕྱེད་ཀའི་རིང་སིང་ག་ལའི་གླིང་ཧྲིལ་པོ་དང་རྒྱ་གར་གྱི་ནང་པའི་གནས་ཆེན་དུ་མ་འགྲིམས་ཏེ་སྔོན་ཤུལ་ངོས་འཛིན་གྱི་ཟིན་ཐོ་ཁ་གསལ་དུ་མ་བྲིས། ཡེ་ཤུའི་ཨ་མ་རྒན་མོ་ཞིག་ལས་དབྱིན་ཡིག་སྦྱངས་ཏེ་ཨ་མ་འདི་དང་མཉམ་དུ་རྣམ་འགྲེལ་རྩ་བ་དབྱིན་སྒྱུར་བྱས་ཤིང་། བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ནང་ཡིག་སྒྱུར་པའི་ཕྱག་ལས་གནང་། བར་སྐབས་ཤིག་ནས་ཀ་ལི་ཀ་ཏར་ཡུན་མི་ཐུང་ཙམ་བཞུགས། དེར་སྤོམ་མདའ་ཨ་ཕོ་རབ་དགའ་དང་སྐུ་བཅར་ཐུབ་བསྟན་ཀུན་འཕེལ། བྷ་བུ་མཐར་ཕྱིན་སོགས་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་དོ་སྣང་ཆེ་བ་འགའ་ཞིག་དང་གྲོགས་པོར་གྱུར་པ་དང་། ཁོ་ཚོ་དང་མཉམ་དུ་བོད་ལྗོངས་ཀྱི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ལ་དུས་བསྟུན་སྒྱུར་བཅོས་བྱ་རྒྱུའི་འཆར་གཞི་བཏིངས་ཤིང་། འཆར་གཞི་དེའི་རྒྱབ་ལྗོངས་སུ་སྐབས་དེའི་རྒྱ་ནག་གོ་མིན་ཏང་ཚོགས་པའི་གཡོ་ཐབས་ཀྱང་སིམ་འཛུལ་བྱས་པས། དེ་འདྲའི་གནས་ཚུལ་རྙོག་འཛིང་ཅན་དེ་ཁོང་བཙོན་ཁང་དུ་ཚུད་པའི་རྒྱུ་རྐྱེན་དུ་གྱུར་། དེང་སྐབས་མི་མང་པོ་ཞིག་གིས་བོད་གཞུང་བཀའ་ཤག་གིས་དགེ་ཆོས་ལ་ཉེས་མེད་ནག་འགེལ་བྱས་ནས་བཙོན་ཁང་དུ་བཅུག་ཚུལ་རྗོད་ཀྱིན་ཡོད་ཀྱང་། སྐབས་དེའི་གནས་ཚུལ་དངོས་ལ་བལྟས་ན། དགེ་ཆོས་སོགས་འཇིག་རྟེན་གསར་པ་མཐོང་སྟེ་ལྟ་བ་གསར་པར་རྔམ་པའི་སྔོན་ཐོན་པ་སྐོར་ཞིག་གི་གསར་བརྗེའི་སེམས་ཤུགས་ཀྱི་མེ་ལྕེ་དེ་རྒྱ་གོ་མིན་ཏང་ཚོགས་པའི་གཡོ་བྱུས་ཀྱི་མེ་ལྕེས་སྤར་ཏེ། ལས་ཀ་ལམ་ལྷོངས་མ་བྱུང་བར་དགེ་ཆོས་ལགས་ཀྱིས་བཙོན་ཁང་དུ་འོ་བརྒྱལ་མྱོང་དགོས་བྱུང་འདུག འདིར་སྐབས་དེའི་གནས་ཚུལ་དངོས་ཤེས་རྒྱུར་ཕན་རླབས་ཆེ་བའི་ལོ་རྒྱུས་ཀྱི་ཡིག་ཆ་རྩ་ཆེན་ཞིག་སྟེ། བོད་གཞུང་གི་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྩམས་པའི<<མི་ཚེའི་བྱུང་བ་བརྗོད་པ>>ཞེས་པའི་དེབ་དེའི་ནང་དུ་ཁོང་ཉིད་ཀ་ལི་ཀ་ཏ་རུ་དགེ་ཆོས་སོགས་གསར་བ་བརྗེ་སྔོན་ཐོན་པ་སྐོར་ཞིག་དང་ཐུག་འཕྲད་བྱུང་ཚུལ་བྲིས་ཡོད་པ་འདི་ལྟར་སྟེ།
བར་ལམ་ཀ་ལི་ཀ་ཏ་ཁུད་དུ་སྡོད་རིང་སྤོམ་མདའ་རབ་དགའ་དང་འབྲེལ་འདྲིས་ཆེན་པོ་བྱུང་། ཁོང་བོད་ཡིག་ཤེས་ཚད་ཡག་པོ་ཡོད་པ་མ་ཟད། དབྱིན་ཇིའི་སྐད་ཡིག་ཀྱང་ཡག་པོ་ཤེས་ཀྱི་ཡོད་ཅིང་། ལྷག་པར་དུ་ཆབ་སྲིད་ཐོག་པ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན། ཕྲན་ཀ་ཏ་ནས་ཀ་སྦུག་ཏུ་འབྱོར་བའི་ཉིན་ཞིག་ཁོང་གི་སར་མགྲོན་པོ་གནང་བ་ལྟར་བཅར་སྐབས། སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས་དང་། ལྕང་ཅན་གུང་ཟུར་བསོད་ནམས་རྒྱལ་པོ། མཁས་དབང་དགེ་འདུན་ཆོས་འཕེལ་བཅས་ལྷན་དུ་བཞུགས་འདུག དེ་སྔོན་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས་དང་། ལྕང་ཅན་གུང་ཟུར་སྐུ་ཞབས་གཉིས་ཐེངས་མང་མཇལ་མྱོང་ཡོད་ཀྱང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མཚན་མང་པོ་ཐོས་མྱོང་ཡང་དངོས་སུ་མཇལ་ཐེངས་དང་པོ་ཡིན་སྟབས་སྤོམ་མདའ་རབ་དགས་ང་ཚོར་ངོ་སྤྲོད་གནང་བྱུང་། ཁོང་གི་འཁྲུངས་ཡུལ་ཨ་མདོ་རེབ་གོང་རེད་འདུག སྐབས་དེར་དགུང་ལོ་བཞི་བཅུ་ལྷག་ཙམ་མིན་ནམ་སྙམ། ཁོང་གིས་ན་བཟའ་ཕྱུ་ཆེན་རྙིང་པ་ཚོས་མདོག་རྒྱ་སྨུག་ཅིག་བཞེས་འདུག བཀའ་མོལ་དེ་ཙམ་མི་གནང་ལ་མཁས་རློམ་གྱི་རྣམ་པ་གང་ཡང་མི་འདུག ང་ཚོ་ལྷན་དུ་གསོལ་ཚིགས་ཞུས་རྗེས་སྤོམ་མདའ་རབ་དགས། ད་རེས་སྲས་སྐུ་ཞབས་གསོལ་ཚིགས་སུ་གདན་འདྲེན་ཞུས་པ་ལྟར་ཕེབས་པར་དགའ་བསུ་ཞུ་རྒྱུ་མ་ཟད། ཁོང་རྣམ་པ་དང་ཕན་ཚུན་ངོ་སྤྲོད་ཞུ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། བར་ལམ་སྲས་སྐུ་ཞབས་ང་གཉིས་ཀ་ལ་ཀ་ཏར་ཉིན་མང་པོའི་རིང་འབྲེལ་བ་བྱུང་ནས་གྲོགས་པོ་ཆགས་པ་མ་ཟད། དེང་སྐབས་འཛམ་གླིང་དང་། ལྷག་པར་རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་གནས་སྟངས་སྐོར་བཀའ་མོལ་ཇི་སྙེད་ཅིག་ཞུས་པའི་སྐོར་ངས་ཁོང་རྣམ་པར་ཞུས་པ་དང་། ད་རེས་སྲས་སྐུ་ཞབས་དང་ཁོང་རྣམ་པ་ངོ་མཇལ་གྱི་གོ་སྐབས་ཡག་པོ་བྱུང་ཡོད། ང་དང་ཁོང་རྣམ་པ་འབྲེལ་འདྲིས་དམ་ཟབ་ཡོད། སང་གནངས་ཤིག་ལ་འདི་གར་ཁྱུག་ཙམ་ཕེབས་རོགས་གནང་། ཁྱེད་ལ་ང་ཚོའི་རེ་འདུན་དང་བསམ་ཚུལ་ཕྲན་ཙམ་ཞུ་རྒྱུ་ཡོད་ཅེས་གསུངས་ཏེ་དེ་ཉིན་ང་ཚོ་ཞལ་གྱེས་ཞུས་ཏེ། ཉིན་གཅིག་གི་རྗེས་ཕྲན་སྤོམ་མདའ་རབ་དགའི་བཞུགས་སར་བསྐྱོད་སྐབས་ཁོང་དང་ཨ་མདོ་དགེ་འདུན་ཆོས་འཕེལ་གཉིས་གཟིམ་ཆུང་སྦུག་ཏུ་བཞུགས་འདུག་པར་ཁོང་གཉིས་ཀྱི་སར་བོས་བྱུང་བས། གཟིམ་ཆུང་སྦུག་མ་དེར་བཅར་སྐབས་ཁོང་གཉིས་ཀྱི་མདུན་དུ་ཡི་གེ་མང་པོ་བཀྲམས་འདུག་པ་དེ་དག་མ་བསྡུས་པར་རང་སར་བཞག་འདུག
སྤོམ་མདའ་རབ་དགས་ད་ལྟ་ང་གཉིས་ཁྱེད་རང་སྐོར་བཀའ་མོལ་ཞུ་བཞིན་ཡོད་པས་ཁྱེད་ཕེབས་པ་དེ་ཧ་ཅང་ཡག་པོ་བྱུང་། ཁ་ཉིན་ངས་ཁྱེད་རང་འདིར་གདན་ཞུས་ཀྱིས་ཁོང་རྣམས་དང་ངོ་སྤྲོད་ལྟ་བུ་ཞུས་ཤིང་། ད་རེས་ཁྱེད་འདི་གར་ཕེབས་དགོས་དོན་ནི། ང་ཚོའི་བསམ་ཚུལ་དང་དམིགས་ཡུལ་བཅས་ཁྱེད་ལ་རོབ་ཙམ་ཞུ་འདོད་ཡོད། དེང་སང་གི་དུས་སྐབས་འདི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཏུ་སླེབས་ཡོད་པས་ང་ཚོས་ངེས་པར་དུ་བསམ་བློ་ནན་ཏན་གཏོང་དགོས་པའི་འགག་རྩའི་དུས་སྐབས་ཤིག་ཡིན། རྒྱལ་ཁབ་ཅིག་ཡིན་ནའང་འདྲ། མི་རིགས་གཅིག་ཡིན་ནའང་འདྲ་གདོད་མའི་གནས་ལུགས་དེ་རྒྱུན་དུ་གནས་ཐུབ་ཐབས་མེད། གལ་སྲིད་ད་མུས་བཞིན་གནས་རྒྱུར་འབད་ནའང་ཉིན་ཞིག་མི་རིགས་གཞན་ཞིག་གི་དྲག་གནོན་འོག་ཏུ་ཚུད་རྒྱུའམ། ཡང་ན་ནང་ཁུལ་དུ་མི་གསོད་ཁྲག་སྦྱོར་གྱི་ནང་འཁྲུགས་ཀྱི་ལས་ངན་ཞིག་ཡོང་གི་རེད། གང་ཡིན་ཞེ་ན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་རྒྱ་དཀར་ནག་གཉིས་ཀྱིས་བོད་དེ་སྔར་མུས་བཞིན་འཇོག་གི་མ་རེད། རང་རེ་བོད་ཁ་བ་ཅན་གྱི་རྒྱལ་ཁབ་ཆེན་པོ་དེ་དུས་རབས་བདུན་པ་ནས་དགུ་པ་བར་འཛམ་གླིང་ནང་དུ་སྙན་གྲགས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཏེ་བོད་སྔ་རབས་ཀྱི་ཟེར་སྲོལ་ལ་འཛམ་གླིང་གསུམ་གཉིས་ཙམ་བོད་ཀྱི་དབང་འོག་ཏུ་བཅུག་ཡོད་པར་གྲགས། དེ་རྗེས་བོད་ཀྱི་རྒྱལ་རྒྱུད་རྣམས་ནང་ཁུལ་མི་མཐུན་པའི་དབང་གིས་ཁ་གྱེས་ནས་བཟུང་བོད་ལྗོངས་མཐའ་དབུས་ཚང་མ་སིལ་བུར་གྱུར་ཅིང་། བོད་རྒྱལ་ཁམས་ཡོངས་རྫོགས་ཉམས་རྒུད་དུ་གྱུར་ཏེ་མཐའ་འཁོར་རྒྱལ་ཁབ་གཞན་གྱིས་རིམ་ཟོས་ཀྱིས་བོད་མངའ་ཁུལ་དང་། མངལ་འབངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དེས་ནམ་ཞིག་བོད་ལྗོངས་ཡོངས་རྫོགས་འཇིག་པའི་ཉེན་ཁ་ཡོང་གི་རེད་བསམ་གྱི་འདུག རྩ་བ་སྡེ་པ་གཞུང་གི་བླ་མ་དཔོན་རྣམས་ཀྱིས་མ་མཁྱེན་པ་དང་མ་རྟོགས་པ་དཔེ་མི་སྲིད་ཀྱང་། གང་ཅིའི་མཛད་དཀའ་ཡང་མང་པོ་འཕྲད་ཀྱི་ཡོད་པར་མངོན། དེང་རབས་ཀྱི་དུས་འདི་དམག་ཆེན་གཉིས་པའི་དམག་འཁྲུག་མཇུག་འགྲིལ་ནས་བཟུང་རྒྱ་ནག་གོ་མིན་ཏང་རྒྱལ་ཁབ་དེ་འཛམ་གླིང་ནང་ཤུགས་ཆེར་འགྲོ་གི་ཡོད་པ་དང་། དེ་བཞིན་དབྱིན་ཇིས་རྒྱ་གར་རང་བཙན་མྱུར་དུ་མི་སྤྲོད་རང་སྤྲོད་ཀྱི་མཚམས་སུ་སླེབས་ཀྱི་འདུག གང་ཡིན་ཟེར་ན། ཅང་ཨུ་ཡོན་ཀྲང་༼སྐབས་དེའི་རྒྱ་ནག་གོ་མིན་ཏང་གི་སྲིད་འཛིན་ཅང་ཅེ་ཧྲི་༽སྟངས་ཞལ་གཉིས་སྔ་ལོ་༡༩༤༢ཟླ་༡ནང་རྒྱ་གར་མི་དམངས་ཀྱི་འགོ་ཁྲིད་པ་མ་ཧཱ་ཏ་མ་གྷན་དིས་གདན་ཞུས་ལྟར། རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་མི་དམངས་རྣམས་ལ་འཚམས་འདྲིར་ཕེབས་ནས་རྒྱ་གར་དུ་བཅའ་བཞུགས་དབྱིན་ཇིའི་རྒྱལ་ཚབ་དང་ལྷན་དུ་རིང་མིན་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་དབྱིན་ཇི་གཞུང་ལ་རྒྱ་གར་མི་དམངས་རྣམས་ཀྱི་རང་བཙན་རྩོད་ལེན་གྱི་རྩ་དོན་དམིགས་ཡུལ་འགྲུབ་ཐབས་ཀྱི་རེ་འདུན་གཞིར་བཟུང་མྱུར་དུ་རང་བཙན་སྤྲོད་དགོས་ལུགས་རེ་སྐུལ་ནན་པོ་ཞུས་པར་དབྱིན་གཞུང་གིས་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ད་ཉི་ཧོང་རྒྱལ་ཁབ་དམག་ཕམ་ནས་རྒྱ་ནག་དང་། ཨ་མེ་རི་ཁ། དབྱིན་ཇི། ཨུ་རུ་སུ་བཅས་རྒྱལ་ཁབ་ཆེན་པོ་རྣམས་ལ་མགོ་བཏགས་ཞུས་པའི་ཉིན་ནས་བཟུང་ཅང་ཨུ་ཡོན་ཀྲང་གི་འགོ་ཁྲིད་འོག་རྒྱ་ནག་རྒྱལ་ཁབ་དེ་ཨེ་ཤའི་ཡའི་ནང་གི་སྙན་གྲགས་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་རྒྱུར་ཐེ་ཚོམ་མེད། གོང་གསལ་གནས་ཚུལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་བོད་ཀྱི་ཆབ་སྲིད་གནས་སྟངས་དེ་སྣང་མེད་དུ་བཞག་ན་ང་ཚོའི་མི་ཚེ་དེ་གོ་མ་ཆོད་པ་རེད། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ཁུར་པོ་དེ་ཕྲག་པར་འཁུར་དགོས། རང་ཅག་བོད་ཁ་བ་ཅན་གྱི་འདས་པའི་ལོ་རྒྱུས་དེར་ཕྱི་མིག་གཅིག་བལྟས་ན། སྔར་འགྱོད་ཕྱིས་སྡོམ་གནང་རྒྱུ་གལ་ཆེའི་དུས་སུ་སླེབས་ཡོད། ལོ་གཅིག་གི་སྔོན་ལ་ང་ཚོ་འདི་ཁུལ་དུ་གནས་པའི་བོད་མི་འགའ་ཤས་ཀྱིས་སླད་བོད་ལྗོངས་ཆབ་སྲིད་ཀྱི་ཕན་བདེ་ཡོང་ཐབས་སུ་ཡང་ཡང་གྲོས་མོལ་བྱུང་སྟེ<<ནུབ་བོད་ལེགས་བཅོས་ཚོགས་པ་>>ཞིག་མ་བཙུགས་ཐབས་མེད་ལ་བརྟེན་ང་ཚོས་ཚོགས་པ་ཞིག་བཙུགས་པ་ཡིན། ཁ་ཉིན་སྲས་སྐུ་ཞབས་ཁྱེད་འདིར་ཕེབས་སྐབས་སྐུ་བཅར་ཐུབ་བསྟན་ཆོས་འཕེལ་བཅས་ང་ཚོའི་ཚོགས་པའི་འགན་འཁུར་བ་རྣམ་པས་ཁྱེད་ལ་མཇལ་འཕྲད་ཞུས་པ་རེད། ང་ཚོའི་ཚོགས་མི་ནི་འདི་ཁུལ་དང་ལྷ་ས་ཁུལ་དུ་ཁྱབ་ཡོད། ཚོགས་པ་བཙུགས་ནས་དུས་ཡུན་ལོ་གཅིག་ལྷག་ལས་མ་སོང་ཡང་། སྤྱིར་བཏང་གི་ཚོགས་མི་བརྒྱ་མ་ཟིན་ཙམ་ཡོད། སྲས་སྐུ་ཞབས་ཁྱེད་རང་ཐུགས་མོས་ཡོད་ན་ང་ཚོས་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་བྱུང་།
སྐབས་དེར་ཕྲན་གྱིས་སྤོམ་མདའ་རབ་དགའ་ངོ་ཤེས་པ་ནས་བཟུང་ཁོང་གིས་གཤིས་རྒྱུད་འཇམ་པོའི་ངང་ནས་དེང་དུས་འཛམ་གླིང་གི་གནས་བབ་དང་འགྱུར་བ། ལྷག་པར་དུ་ཆབ་སྲིད་ཐོག་ནས་མཁས་མཛངས་ལྡན་པའི་དབྱེ་ཞིབ་གནང་སྐབས་ཁོང་ནི་དངོས་འབྲེལ་གྱི་ཤེས་ཡོན་ཅན་ཞིག་ཡིན་པ་ཤེས་ནས་ཁོང་གིས་གང་གསུངས་པ་རྣམས་ལ་གུས་བརྩི་ཆེན་པོས་དང་ལེན་གྱིས་ཚོགས་པ་དེའི་ནང་ཞུགས་རྒྱུའི་འདོད་མོས་ཡོད་ཀྱང་རེ་ཞིག་བསམ་བློ་གཏོང་གི་ཡིན་ཞེས་ཞུས།
ཉིན་ཤས་རྗེས་ཁོང་གི་སར་བཅར་སྐབས་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས་དང་། སྤོམ་མདའ་རབ་དགའ། དགེ་འདུན་ཆོས་འཕེལ་ལགས་བཅས་ལྷན་དུ་བཞུགས་འདུག སྤོམ་མདའ་རབ་དགས་སྐུ་ཞབས་དགེ་འདུན་ཆོས་འཕེལ་ལགས་རིང་མིན་འབྲུག་ཡུལ་ནས་མོན་ཡུལ་བརྒྱུད་ལྷ་སར་ཕེབས་རྒྱུ་ཡིན་པས། སྲས་སྐུ་ཞབས་རིང་མིན་ལྷ་སར་ཕེབས་རྗེས་ཁོང་ལ་འབྲེལ་བ་གནང་རོགས། གལ་སྲིད་ཁོང་ལ་རོགས་རམ་གནང་དགོས་བྱུང་ཚེ་ངེས་པར་དུ་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཞེས་བཀའ་མངགས་གནང་བྱུང་། སྐབས་དེར་ཕྲན་རྒྱ་ནག་ཏུ་འགྲོ་རྩིས་ཡོད་པའི་བསམ་ཚུལ་དེ་ཁོང་ཚོ་སུ་ཀ་ཡང་བཤད་མེད་སྟབས་ཁོང་ཚོས་ཕྲན་རིང་མིན་ལྷ་སར་ཕྱིར་ལོག་བྱེད་ཤག་གི་དགོངས་ཚུལ་བྱུང་བ་འདྲ། ཉིན་ཤས་རྗེས་འབྲོང་རྩེ་གཞིས་ནས་ཆིབས་བསུ་རྟ་དྲེལ་དང་། གཡོག་བཅས་བཀའ་སྦུག་ཏུ་འབྱོར་རྗེས་བློ་བཟང་ཆོས་འཕེལ་ཆིབས་བསུ་དང་མཉམ་དུ་ལྷ་སར་ཕྱིར་ལོག་བཏང་ནས་ཕྲན་རང་བཀའ་སྦུག་ནས་ཀ་ཏར་རྡོག་ཐོན་བྱས།
རྗེས་སུ་གོ་ཐོས་སྐབས་དགེ་འདུན་ཆོས་འཕེལ་འབྲུག་ཡུལ་ནས་མོན་ཡུལ་གསང་བསྐྱོད་ཀྱིས་དེ་སྔོན་དབྱིན་ཇིས་བོད་ཀྱི་མངའ་ཁོངས་ཇི་ཟོས་ཀྱི་ས་ཁུལ་རྣམས་ཀྱི་རྒྱ་ཁྱོན་ལ་ཉམས་ཞིབ་བྱ་ཆེད་ས་བཀྲ་ཞིབ་ཆ་ཞིག་བཀོད་རྗེས་དབྱིན་ཇིས་བོད་གཞུང་ལ་དབྱེན་སྦྱོར་དཀྲུག་ཤིང་ཞུས་ཏེ། དགེ་འདུན་ཆོས་འཕེལ་ལྷ་སར་ཕེབས་མ་ཐག་འཛིན་བཟུང་གིས་ཚ་འདྲི་ནན་པོ་བྱས་ནས་སྣང་རྩེ་ཤག་ཏུ་བཙོན་འཇུག་བྱས། དེ་བཞིན་དབྱིན་ཇིའི་གཞུང་གིས་སྤོམ་མདའ་རབ་དགའ་དང་། ཐུབ་བསྟན་ཀུན་འཕེལ་ལགས་གཉིས་ཀྱིས་རྒྱ་གར་དུ་བཞུགས་སུ་མ་བཅུག་པར་རྒྱ་ནག་ཏུ་ཕྱིར་འབུད་བྱས་ཏེ་ཕྲན་ཚོ་ནན་ཅིང་དུ་སླར་ཡང་ཐུག་འཕྲད་སྐབས་སྤོམ་མདའ་རབ་དགའ་ནས་གོང་གསལ་གནས་ཚུལ་བྱུང་རིམ་རྣམས་ཕྲན་ལ་རོབ་ཙམ་གསུངས་བྱུང་། སྐབས་དེར་ཕྲན་ལ་བསམ་བློ་ལེགས་ཉེས་གང་ཡང་འཁོར་མ་བྱུང་།
རྗེས་སུ་རིམ་པས་གནས་ཚུལ་གསལ་རྟོགས་སྐབས་སྤོམ་མདའ་རབ་དགའ་དང་གོ་མིན་ཏང་དམག་དོན་གསང་བའི་ལས་ཁུངས། བོད་སོག་ལས་ཁུངས་བཅས་འབྲེལ་བ་ཡོད་པ་མ་ཟད། དམག་དོན་གསང་བའི་ལས་ཁུངས་ནས་ཁོང་ལ་འགྲོ་གྲོན་སླད་བོད་ལྗོངས་ས་ཁུལ་དུ་གོ་མིན་ཏང་གི་ཡན་ལག་ལྟ་བུའི་ཚོགས་པ་ཞིག་འཛུགས་ཐབས་ཀྱི་མངགས་ཆ་བྱས་དོན་བཞིན་བོད་ཀྱི་ས་ཁུལ་དུ་འཛུགས་ཐབས་བྲལ་ནས་ཁོང་བཀའ་སྦུག་ཏུ་ཕེབས་རྗེས་དེ་སྔོན་བྱུས་ཉེས་ཕོག་པའི་བོད་གཞུང་གི་མི་སྣ་སྐུ་བཅར་ཐུབ་ཀུན་འཕེལ་དང་། ལྕང་ལོ་ཅན་བསོད་ནམས་རྒྱལ་པོ་དང་མཉམ་དུ་<<ནུབ་བོད་ལེགས་བཅོས་ཚོགས་པ་>>ཞེས་པ་བཙུགས། དེ་བཞིན་གོ་མིན་ཏང་གིས་དེ་སྔོན་དབྱིན་ཇིས་ཟོས་པའི་མོན་ཡུལ་ས་ཁུལ་ནང་གི་ས་ཁྱོན་ཆེ་ཆུང་དང་། མི་འབོར་ཅི་ཡོད། ཐོན་སྐྱེད་གང་ཡོད། ས་བབ་མཐོ་ཚད་དང་ཚ་གྲང་། མི་དམངས་ཀྱི་གོམས་གཤིས་དང་བསམ་ཚུལ། ལོ་རྒྱུས་བཅས་ཀྱི་སྐོར་ཞིབ་ཕྲ་ཉམས་ཞིབ་བྱ་རྒྱུའི་མངགས་བཅོལ་བྱས་འདུག་པ་ལྟར། དགེ་འདུན་ཆོས་འཕེལ་གཏོང་དགོས་དོན་དེ་ཡིན་ཞེས་ཟེར། ཕྲན་ཁོང་ཚོའི་ཚོགས་ཁོངས་སུ་བཙུག་ཐབས་བྱས་པ་དེ་ནི་ཁོང་ཚོའི་ཚོགས་མི་དགེ་འདུན་ཆོས་འཕེལ་ལྷ་སར་ཕེབས་སྐབས་ཕྲན་གྱིས་འགབ་སྲུང་བྱ་རྒྱུ་ཐབས་བྱུས་ཤིག་བཏོན་པ་མིན་ནམ་སྙམ། དེ་ནི་རང་ལོ་ན་ཆུང་བའི་རྐྱེན་གྱིས་བྱིས་པའི་རྨོངས་བསམ་ལྟ་བུས་སྐབས་འཕྲལ་ངར་སེམས་སྐྱེད་པ་ཙམ་ལས་ཉམས་མྱོང་མེད་པའི་སྐྱོན་ཆ་ལ་བརྟེན་ནས་གསལ་ལ་མི་གསལ་བའི་ལམ་དུ་ཧོལ་རྒྱུགས་བྱས་པ་ཞིག་རེད་འདུག ཅེས་བྲིས་འདུག་པ་ནི་སྐབས་དེའི་དངོས་ཡོད་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་ཧ་ཅང་ཆེ་ཞིང་། བོད་གཞུང་གི་ལམ་ལུགས་དེ་བཀས་བཀོད་རྒྱུན་འཛིན་དང་ཞིང་བྲན་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་སྐྱོང་སྟངས་ཤིག་མིན་ཚེ། ཁོང་ཚོས་<<ནུབ་བོད་ལེགས་བཅོས་ཚོགས་པ་>>ཞེས་པ་ཞིག་འཛུགས་དོན་མེད་ཅིང་། གོ་མིན་ཏང་གི་རྒྱབ་སྐྱོར་མེད་ཚེ་ཚོགས་པ་དེ་འདྲ་ཞིག་འཛུགས་ཐབས་དཀའ་ལ། དགེ་ཆོས་ལགས་ཚོགས་པ་དེ་འདྲ་ཞིག་གི་ཁོངས་སུ་ཞུགས་ཏེ་འགྲུལ་བཞུད་དེ་འདྲ་ཞིག་བྱས་མེད་ཚེ་ཁོང་གིས་སྐུ་ངལ་དེ་འདྲ་ཞིག་མྱོང་དགོས་མེད་ཀྱང་། བོད་ཀྱི་གཏམ་དཔེར། ས་མི་རུབ་ཀ་མེད་གྲིམ་མས་དེད།། ནམ་མི་ལངས་ཀ་མེད་ཉི་མས་དེད།། ཅེས་པ་ལྟར། ཕྱི་ནང་གསང་བའི་རྒྱུ་རྐྱེན་སྣ་མང་ཞིག་གིས་དགེ་ཆོས་ལ་ཆག་སྒོ་དེ་འདྲ་ཞིག་འཕྲད་པ་རེད་འདུག སྐབས་དེའི་བོད་གཞུང་གི་མཐོ་རིམ་མི་སྣ་མང་པོ་ཞིག་ལ་མཚོན་ན། ལུང་པ་ཆུས་ཁྱེར་ཤུལ་དུ་རྡོ་ལེབ་སྐམ་པོར་ལུས་པའི་རེ་བ་ཞིག་གིས། ཕྱི་ནང་གི་དུས་བསྟུན་ཤེས་ཡོན་ཅན་མང་པོ་ཞིག་རྒྱང་འཕུད་དུ་བཏང་སྟེ་འཛམ་གླིང་གི་དོན་ཆེན་དང་འབྲེལ་བ་མ་བྱས་པར་སྐུ་དྲག་གིས་ཁྲི་སྟེང་དུ་སྐྱིད་ཉལ་རྒྱག་ཆོག་ཆོག་དང་། བྲན་གཡོག་གིས་པུས་བཙུགས་ཀྱིས་ཞུ་བ་འཐེན་ཆོག་ཆོག་གི་ལམ་ལུགས་རྙིང་པ་ཞིག་ལ་ཁྱི་རྒན་རུས་བཟུང་གི་རྣམ་ཐར་སྐྱོང་འདོད་བྱུང་བའི་ཕྱིའི་འགའ་རྐྱེན་དང་། ཡོངས་འཛིན་ཁྲི་བྱང་དང་བཀའ་བློན་ཀ་ཤོད་ཆོས་རྒྱལ་ཉི་མ་གཉིས་ཀྱིས་དགེ་ཆོས་ལ་ལྷ་སར་ཡོང་དགོས་ཀྱི་འབོད་སྐུལ་བྱས་པ་དང་སྟབས་མཚུངས་དགེ་ཆོས་རང་ཉིད་ལ་ཡང་བོད་ཀྱི་མ་འོངས་པའི་སྐྱ་ཐིག་ཅིག་གི་རབ་རིབ་གྲིབ་གཟུགས་ཤིག་གིས་བསླུ་བྲིད་བྱས་པའི་ནང་གི་འགལ་རྐྱེན། བླ་བྲང་བཀྲིས་འཁྱིལ་གྱི་ཆོས་རྒྱལ་གཏོར་སྒྲུབ་སྐབས་དགེ་ཆོས་ཀྱིས་སྲུང་མའི་ཐུགས་དགོངས་དཀྲུགས་པའི་གསང་བའི་འགལ་རྐྱེན་བཅས་ཀྱི་ཞགས་པ་ནག་པོ་ཞིག་དགེ་ཆོས་ཀྱི་སྐེ་རུ་དབང་མེད་དུ་ལྷུང་ནས། བཙོན་ཁང་གི་མུན་པའི་དཀྱིལ་འཁོར་དུ་ཉམ་ཆུང་གི་ལུས་པོར་མནར་གཅོད་ཚད་མེད་ཕོག་སྟེ་སྡོད་དགོས་བྱུང་བ་རེད། དགེ་ཆོས་བཙོན་དུ་ཚུད་རྗེས་ཁྲི་བྱང་དང་ཀ་ཤོད་པ་སོགས་ཀྱིས་རོགས་རམ་ཕར་ཞོག་དགེ་ཆོས་ངོ་ཡང་མི་ཤེས་པའི་ཚུལ་བསྟན་ཅིང་། ཐ་སྙད་རིག་པའི་སློབ་བུ་རེ་ཟུང་གིས་འཚོ་ཆས་ཕྲན་ཙམ་གྱི་ཕན་ཐོགས་བྱུང་།
ཨ་ལགས་དོར་ཞི་ཚང་གིས་དགེ་ཆོས་རྒྱལ་ཚོང་བའི་གྲས་སུ་འཇོག་དགོས་དོན་ཡང་གོང་གི་གནས་ཚུལ་དེ་ལ་གཞིགས་པ་ཡིན་ཞིང་། འདིར་བརྗོད་དགོས་པ་ཞིག་ལ། དགེ་ཆོས་ཀྱིས་བོད་ཀྱི་ས་མཚམས་ཐིག་ལེན་ཞིབ་འཇུག་བྱས་པ་དེ་དངོས་ཡོད་ཡིན་ཡང་། སྤོམ་མདའ་རབ་དགའ་ལ་གོ་མིན་ཏང་གི་རྒྱབ་སྐྱོར་ཡོད་པ་དང་། སྤོམ་མདས་བོད་གཞུང་གི་བྱུས་ཉེས་ཕོག་མཁན་སྐོར་ཞིག་དང་ཤེས་རབ་ལྡན་པའི་དགེ་ཆོས་སོགས་བེད་སྤྱོད་བཏང་སྟེ་གོ་མིན་ཏང་གི་འདོད་དོན་འགྲུབ་ཐབས་བྱས་པར་མངོན་ཡང་། དགེ་ཆོས་སོགས་ཀྱིས་ལས་ཀ་དེར་གོ་མིན་ཏང་གི་རྒྱབ་སྐྱོར་ཡོད་ཚུལ་མཐའ་གཅིག་ཏུ་རྟོགས་ཁག་པོ་རེད། ཡིན་ན་ཡང་བོད་གཞུང་གི་ལམ་ལུགས་རྙིང་པ་མང་པོ་ཞིག་ལ་དགེ་ཆོས་ལགས་འདོད་མོས་མེད་པ་ནི། ཁོང་གིས་རྒྱལ་ཁམས་ཉུལ་ཏེ་དམངས་གཙོའི་འགྲོ་ལུགས་མང་པོ་ཞིག་ཁོང་དུ་ཆུད་ཡོད་པ་དང་། ཁོང་གིས། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་སྒོམ།། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།། ཞེས་གསུངས་པས་ཀྱང་རྟོགས་ཐུབ་པ་ཞིག་རེད། རང་རག་རས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་ནང་། དགེ་ཆོས་ཀྱིས་ལྷ་སའི་སྲང་ལམ་ནང་རྒྱ་ནག་གུང་ཁྲན་ཏང་གི་སོ་ཉུལ་མཐོང་སྟེ་ཞེད་སྣང་ཆེན་པོ་བྱས་ཚུལ་འདུག་པས། གཅིག་བྱས་ན་ཁོང་གིས་དེ་སྔ་གོ་མིན་ཏང་གི་གསང་བའི་ལས་ཀ་ཏོག་ཙམ་བྱེད་མྱོང་བས་རང་ཉེས་རང་ཕོག་བྱུང་བ་ཞིག་ཡིན་ཡང་སྲིད། གང་ཡིན་ཟེར་ན། ཆབ་སྲིད་ཀྱི་ཟིང་ཆ་ཆེ་བའི་ཁོར་ཡུག་ཏུ་ཕྱོགས་ཁག་གཉིས་ཀྱི་སོ་ཉུལ་ཆོས་རྟག་པར་ཕན་ཚུན་གསོད་རེས་གཏོང་རྒྱུ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད།
དེ་ལྟར་དགེ་ཆོས་ཀྱིས་སྤོམ་མདའ་རབ་དགའི་བྱུས་བཏིངས་འོག་ཏུ་བོད་དུ་གསང་བའི་ངང་ལས་ཀ་བྱེད་བཞིན་པའི་སྐབས་སུ། དབྱིན་ཇིའི་དཀྲུགས་ཤིང་དང་ཀ་ཤོད་པའི་འཁོན་འཛིན་སོགས་རྒྱུ་རྐྱེན་སྣ་མང་གིས་བསྐུལ་ཏེ་བཀའ་ཤག་གིས་ཁོང་གིས་དངུལ་ལོར་རྫུན་མ་བཟོས་པའི་ཉེས་མིང་བཏགས་ཏེ་འཛིན་བཟུང་བྱས། ཐོག་མར་འབྱོར་ལྕག་གཞུས་པ་སོགས་སྡུག་སྦྱོང་སྣ་ཚོགས་ཤིག་བཏང་ཡོད་ཀྱང་། བཙོན་ཁང་དངོས་གཞིའི་ནང་དུ་གུ་ཡངས་ལྷོད་བཞུགས་གནང་ཐུབ་པ་བྱུང་ཚུལ་རག་རས་བྲིས་པའི་དགེ་ཆོས་ཀྱི་རྣམ་ཐར་དང་། སྐབས་དེའི་དགེ་ཆོས་འཛིན་བཟུང་དོ་དམ་མགོན་པོ་བཀྲ་ཤིས་དཔལ་ར་བའི་གཏམ་བརྗོད་ལས་ཤེས་ཐུབ། ཡིན་ན་ཡང་དགེ་ཆོས་ལགས་བཙོན་ཁང་ནང་འཇིག་རྟེན་འཁོར་བའི་ངང་ཚུལ་ལ་ཡིད་སྐྱོ་སྟེ་སྙན་ངག་གྲགས་ཅན་<<བཙོན་ནས་བླངས་པའི་མགུར་>>ཞེས་པ་གསར་རྩོམ་བྱས་ནས་ཁོང་གི་ཡིད་གདུང་དྲག་པོ་དེ་མཚོན་ཐབས་མི་བྱེད་ཀ་མེད་བྱུང་བ་དང་། ཕྲག་དོག་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག། འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་དུ།། གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ།། ཤེས་རབ་ཅན་གྱིས་སྙིང་རྗེའི་ཡུལ་དུ་དགོངས།། ཞེས་པའི་སྙན་རྩོམ་འདི་བཙོན་ཁང་དུ་རྗེས་དྲན་གྱི་ཚུལ་དུ་བཞག་པ་རེད། གང་ལྟར་མཁས་པ་ཉམ་ཆུང་འདི་བཙོན་དུ་ཚུད་པ་ནས་བཟུང་སྟེ་རིག་པའི་ལྷ་མཆོགབཙོན་གྲིབ་ཀྱིས་མནན་པའམ། ཡང་ན་འཇིག་རྟེན་འཚོ་བའི་ཞེན་ཐག་ཆད་པ་གང་རུང་གིས། དགེ་ཆོས་ལགས་བཙོན་ནས་ཐོན་མེད་ཀྱི་རེག་བྱ་གསུམ་ལས་གཞན་པའི་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་ཁོང་དང་ཧ་ཅང་ཐག་རིང་དུ་གནས་པ་ཞིག་བྱུང་འདུག བཙོན་ནས་ཐར་རྗེས་ཀ་ཤོད་པའི་འགྱོད་བཤད་གི་གུས་ཕྱག་དང་ཀ་ཤོད་སྲས་ཀྱི་རྩེད་མཚར་གྱི་སྐྲག་སློང་གཉིས་ཀྱིས་དགེ་ཆོས་ཀྱི་རྣལ་དུ་མི་གནས་པའི་སེམས་ཁམས་སུ་བཟོད་ཐབས་བྲལ་བའི་མནར་གཅོད་དྲག་པོ་ཞིག་ཕོག་པ་རེད། བཙོན་ནས་གློད་རྗེས་སུ་ཟླ་བ་བཟང་པོས་རང་དོན་དཔེ་ཁྲིད་ཀྱི་ཆེད་དུ་ཨ་རག་ཚོད་མེད་ཕུལ་བའི་རྐྱེན་གྱིས་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཆགས་པ་རེད། ཡིན་ན་ཡང་། ཁོང་གིས་གསུངས་པ་ལྟར། གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་འདི་ལ་སྐབས་དེའི ཤེས་རབ་ཅན་སུ་ཞིག་གིས་ཀྱང་སྙིང་རྗེའི་ཡུལ་དུ་མདགོངས་པའམ། དགོངས་ཀྱང་སྙིང་རྗེདེ་ཚོ་ཁོར་ཡུགགཞན་ཞིག་གིས་བཀག་སྟེ་བྱམས་སེམས་ཀྱི་ལག་པ་རྐྱོང་ཕོད་མཁན་མངོན་གསལ་བ་ཞིག་བྱུང་མི་འདུག
དགེ་ཆོས་ལགས་བཙོན་ནས་ནང་ལ་ལོག་དུས་མི་ལ་རས་པ་རང་ཁྱིམ་དུ་སླེབས་པ་ལྟར་དངོས་ཆས་རྩག་རྩིག་ཅིག་ཡོད་པ་འབུས་ཟོས་ཤིང་། ཕྱག་དེབ་རྩ་ཆེན་དག་བླུགས་པའི་ལྕགས་སྒམ་ནག་པོ་གཉིས་ཡོད་པ་གར་སོང་རྗེས་མེད་དུ་གྱུར། འདིར་ཁོང་གི་ལྕགས་སྒམ་དེ་གཉིས་ཀྱི་ནང་དུ་ཅི་ཡོད་དང་དེ་འཁྱེར་མཁན་གྱི་རྐུན་མ་རྩད་གཅོད་བྱེད་པའི་གོ་སྐབས་མེད་ཀྱང་། ཚོད་དཔག་བྱས་ན་ལྕགས་སྒམ་ནག་པོ་དེ་གཉིས་ཀྱི་ནང་དུ་ཡོད་པ་ནི། ཁོང་གི་སྒྱུར་རྩོམ།
ནག་པོ་སྤྱོད་པས་མཛད་པའི་ཨེ་ཝཾ་གྱི་རྣམ་བཤད་༼འདི་ནི་འདོད་པའི་སྒྱུ་རྩལ་དྲུག་ཅུའི་འདྲ་རིས་བྲིས་ཡོད་པའི་འདོད་པའི་བསྟན་བཅོས་ཤིག་རེད་སྙམ༽རི་མོ་ཅན།
ར་མཱ་ཡ་ཎའི་རྟོགས་བརྗོད།
ལས་ཀྱི་རྣལ་འབྱོར་སོགས་དང་།
གསར་རྩོམ་གྱི་གྲས།
སེམས་ཙམ་པའི་གྲུབ་མཐའི་རྣམ་གཞག་དེབ་ཆེ་བ་གཅིག
ཤིན་ཏུ་སྨྲ་བའི་རིག་ལམ་ངོ་མཚར་ཅན་ཤོག་གྲངས་༡༥༠ཅན།
ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་རྒྱས་པ།
དེ་ལས་ཅུང་ཟད་བསྡུས་པ་ཕྱི་རོལ་པ་ནང་ཕན་ཚུན་མི་མཐུན་པའི་གནད་གསལ་བར་བསྟན་པ།
ལྷ་ས་ནས་རྡོར་གླིང་བར་གྱི་ལམ་ཡིག
འཛམ་གླིང་རྒྱས་བཤད།
འཛམ་གླིང་ཤེས་བྱ་ཉོས་པའི་དེབ།
རྒྱ་གར་གྱི་ཡུལ་ལུགས་བཟའ་བཏུང་ཆས་གོས། ཡུལ་ལྗོངས། ཕོ་བྲང་། རྡོ་རིང་སོགས་ཀྱི་འདྲ་རིས་༡༢༥རྒྱུ་མཚན་འགྲེལ་བཤད་ཅན་དང་སྨན་དང་ཟས་རིགས་ཀྱི་རོ་ཉི་ཤུ་བཅས་དེབ་ཆེ་བ་གཅིག
བོད་སྐད་ཀྱི་བསླབ་བྱ་གཉིས་པ།
བོད་སྐད་ཀྱི་བསླབ་བྱ་གསུམ་པ།
སྦ་སྦུ་མཐར་ཕྱིན་ལ་གནང་བའི་ཀ་བཤད།
ནོར་བུ་ཀེ་ཏ་ཀའི་སྐོར།
ཆུ་ཤིང་གི་སྐོར།
མེ་ཏོག་ཙམ་པ་ཀའི་སྐོར།
ལྷ་ས་དང་ར་ས་སོགས་དེང་སྐབས་ང་ཚོའི་འདྲེན་བྱེད་ཀྱི་ཡུལ་དུ་འགྱུར་རྒྱུ་ཧ་ཅང་དཀོན་པའི་ལྗགས་རྩོམ་ཁག་ཅིག་ཡིན་ངེས་ཤིང་། ཁོང་གི་བརྩམས་ཆོས་དེ་དག་ཧབ་འཐོབ་ཀྱིས་འཕྲོག་བཅོམ་བྱེད་མཁན་ནི་ང་ཚོ་ལ་ཧ་ཅང་ལྐོག་གྱུར་དུ་སོང་ན་ཡང་། རྗེས་སུ་དཔགས་ཚེ་སྐབས་དེའི་སྐུ་དྲག་སྨྱོན་པ་མཁས་པའི་བཟོ་ལྟར་དགའ་མཁན་སྐོར་ཞིག་ཡིན་ངེས་ཤིང་། དེང་སྐབས་ཀྱི་མཁས་བླུན་སྐོར་ཞིག་གིས་ཞྭ་སྒབ་པའི་<<སྲིད་དོན་རྒྱལ་རབས་>>དེའི་གཞི་རྩ་རྩོམ་པ་པོ་ནི་དགེ་ཆོས་རེད་ཟེར་གྱིན་ཡོད་ཀྱང་། སྲིད་དོན་རྒྱལ་རབས་རང་གི་ཚིག་སྦྱོར་དང་ལོ་ཚིགས་སོགས་ཀྱི་ཕྱོགས་ནས་ལུང་རིགས་ཀྱི་སྒྲུབ་བྱེད་རྣམ་དག་ནི་ཅི་ཡང་མི་འདུག་ཅིང་། <<སྲིད་དོན་རྒྱལ་རབས་>>ཀྱི་ཀྱི་ཚིག་རིས་དང་རྩོམ་ཉམས་གང་ལ་དཔྱད་ཀྱང་དགེ་ཆོས་ཀྱི་ལག་རྗེས་སུ་བ་འགའ་ཡང་ཁོ་བོ་ལྟ་བུས་རྙེད་རྒྱུ་མི་འདུག་ལ། དགེ་ཆོས་ཀྱི་རྒྱལ་རབས་གསར་མའི་རྩོམ་གདན་བོར་བརླག་ཏུ་སོང་བ་དེ་ཞྭ་སྒབ་པར་རེག་པའི་དབང་དུ་བཏང་ན་ཡང་། རྩོམ་གདན་དེ་ཟུར་བལྟའི་དཔྱད་གཞིར་བྱས་ཡོད་སྲིད་པ་མ་གཏོགས། ཞྭ་སྒབ་པ་ལྟ་བུའི་ཤེས་ཡོན་ཅན་གྱི་རིགས་སུ་སྐྱེས་ཤིང་ཆབ་སྲིད་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་གིས་<<སྲིད་དོན་རྒྱལ་རབས་>>ལྟ་བུ་ཞིག་རྩོམ་པར་དེ་ཙམ་གྱི་དཀའ་ངལ་མི་འདུག་བསམ་ཞིང་། སྣག་ཤོག་དང་ངལ་དུབ་ལ་མི་འཛེམ་མཁན་རེ་ཟུང་མཆིས་ཚེ་ད་དུང་དེའི་སྐོར་གྱི་དཔྱད་རྩོམ་རེ་འབྲི་རོགས་ཞུ།
གཞན་སོག་པོའི་དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པའི་ཚིག་མཛོད་དེའི་མཆོད་བརྗོད་ཙམ་ལ་བརྟེན་ནས་དེ་ཡང་རྩོམ་མཁན་དགེ་ཆོས་རེད་ཟེར་མཁན་གྱི་མཁས་ཚུལ་འཛིན་པ་རེ་ཟུང་ཡོད་ཀྱང་། དགེ་ཆོས་དང་སོག་དགེ་གཉིས་གྲོགས་པོ་ཡིན་པས། སོག་དགེར་མཆོད་བརྗོད་ཀྱི་ཤོ་ལོ་ཀ་རེ་ཟུང་ཞིག་རྔན་པར་སྤྲོད་མི་སྲིད་པ་མིན་ལ། སོག་པོའི་དགེ་བཤེས་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ་ཤིན་ཏུ་མང་བས། དགེ་བཤེས་ཆོས་གྲགས་ཀྱིས་ཚིག་མཛོད་ཅིག་བརྩམས་པར་དེ་འདྲའི་དམའ་འབེབས་ཤིག་བྱེད་ག་ལ་དགོས་ཏེ་མི་དགོས་སོ།།
ཡང་མཐར་ཕྱིན་བྷ་བུ་དང་དགེ་ཆོས་གཉིས་ཀྱིས་ཚིག་མཛོད་ཅིག་མཉམ་དུ་བསྒྲིགས་པའི་མཇུག་མ་རྫོགས་གོང་དགེ་ཆོས་ལགས་བོད་དུ་བྱོན་ནས། དགེ་ཆོས་ཀྱིས་ཚིག་མཛོད་ཀྱི་ཕྱི་མོ་ཁྱེར་ནས་བོད་དུ་སོང་བ་དང་། རྗེས་མར་སོག་པོའི་དག་ཡིག་མཐོང་སྟེ་མཐར་ཕྱིན་བྷ་བུས་སྐད་བརྒྱབ་ཚུལ་སོགས་ཐོས་ཀྱང་། མཐའ་གཅིག་ཏུ་བདེན་པ་ཡིན་མིན་མི་ཤེས་སོ།།
ཧོར་ཁང་བསོད་ནམས་དཔལ་འབར་ལགས་དགེ་ཆོས་ཀྱི་དངོས་སློབ་ཡིན་ཞིང་། དགེ་ཆོས་ཀྱི་རྩོམ་ཡིག་མང་པོ་ཕྱོགས་སྒྲིག་བྱེད་སྐབས་དཔེ་སྒྲིག་འགན་འཁུར་བའི་ལས་ཀ་བྱས་འདུག་ལ། ཧོར་ཁང་དང་ཆབ་སྤེལ་སོགས་ཀྱི་འབད་བརྩོན་ལས་བྱུང་བའི་དགེ་ཆོས་ཀྱི་བརྩམས་ཆོས་བོད་ལྗོངས་པར་མ་དེབ་གསུམ་ནང་རག་ར་དང་མི་རྒན་ཤེར་རྒྱམ་སོགས་ཀྱི་རྩོམ་ཡིག་ནང་མ་ཐོན་པའི་དགེ་ཆོས་ཀྱི་བརྩམས་ཆོས་མང་པོ་ཞིག་གི་ཁ་བྱང་བཀོད་འདུག་ཅིང་། དེ་ཚོ་མང་ཆེ་བ་ནི་ཧོར་ཁང་ནས་བཤད་པ་ལྟར་དགེ་ཆོས་གྲོངས་ཁར་ཁོང་ལ་བཅོལ་བདམས་བྱས་པའི་རྩོམ་ཡིག་གི་གྲས་རེད་འདུག ཡིན་ན་ཡང་ཁོ་ཚོས་དགེ་ཆོས་ཀྱི་བརྩམས་ཆོས་མང་པོ་ཞིག་གི་མིང་ཙམ་ལས་རྩོམ་ཡིག་ནི་བརླགས་ཚར་བའམ་གང་ལྟར་པར་སྐྲུན་བྱས་མི་འདུག་ལ། དེའི་སྐོར་འགྲེལ་བཤད་ཀྱང་མི་འདུག་པས་ཧ་ཅང་ཕངས་ཤིང་དོགས་པའི་གནས་སོ།།
དེ་ལྟར་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་མཁས་པ་ཉམ་ཆུང་འདིའི་ལུས་སེམས་ལ་མནར་གཅོད་ཚད་མེད་ཕོག་སྟེ་མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་༼སྤྱི་ལོ་༡༩༥༡༽ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་འཇིག་རྟེན་ལ་ཁ་མི་གྱེས་ཐབས་མེད་བྱུང་འདུག
དེའི་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་འདི་ནི་སྐུ་དྲག་གནམ་ས་མགཏོགས་ངོ་མི་ཤེས་པ་སྐོར་ཞིག་གིས་ཁ་ལོ་སྒྱུར་བཞིན་ཡོད་པས། འཇིག་རྟེན་ན་དཀོན་པའི་བེེཌཱུརྱའི་བུམ་པ་དེ་རྙིང་ཞེན་དང་མཁྲེགས་འཛིན་གྱི་རྡོ་ལ་བརྡབས་ཏེ་ཆག་གྲུམ་དུ་གྱུར་པ་རེད། ཡིན་ན་ཡང། ཆག་གྲུམ་དུ་སོང་བའི་བེེཌཱུརྱའི་བུམ་པ་དེའི་ཆ་ཤས་ཡོད་ཚད་ལས་ང་ཚོས་རླབས་ཆེ་བའི་སྐྱེས་བུ་ཞིག་གི་མི་ཚེའི་རིན་ཐང་དང་ཁོང་གིས་མི་རབས་ཕྱི་མར་བཞག་པའི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་རྙེད་ཟིན་ལ་ད་དུང་ཡང་རྙེད་རྒྱུའི་རེ་འདུན་ལྕི།
དགེ་ཆོས་ལགས་གྲོངས་ནས་ཡུན་རིང་མ་སོང་བར་བོད་ནང་དུས་ཀྱི་འགྱུར་བ་ཆེན་པོ་ཞིག་བྱུང་སྟེ་བོད་ཀྱི་རིག་གཞུང་ལ་རྡུང་རྡེག་ཚབས་ཆེན་ཞོག་ཕོག་ཀྱང་། སྤྱི་ལོ་༡༩༨༠ཙམ་ནས་བཟུང་སྲིད་ཀྱི་འགྱུར་བའི་ཤུགས་རྐྱེན་ལས། བོད་མི་དམངས་དང་བོད་ཀྱི་ཆོས་དང་རིག་གཞུང་སླར་ཡང་མཇལ་འཛོམས་བྱུང་སྟེ། རང་གི་རིག་གཞུང་གི་རིན་ཐང་དེ་ཡར་སྔར་དང་མི་འདྲ་བའི་ཆེ་རུ་ཕྱིན་ཅིང་། དེར་མཐུད་སྔོན་བྱོན་མཁས་པའི་དབང་པོ་སྐོར་ཞིག་ལ་མི་རབས་རྗེས་མ་ཚོས་དྲན་གསོ་བྱེད་པའི་མཐོ་རླབས་ཤིག་ཀྱང་གཅིག་འཇགས་གཅིག་ལངས་སུ་གྱུར།
སྤྱི་ལོ་༡༩༨༩ལོར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དགེ་འདུན་ཆོས་འཕེལ་ལགས་ཀྱི་ལྗགས་རྩོམ་ཕྱོགས་བསྒྲིགས་དེབ་གཅིག་པར་སྐྲུན་མ་བྱས་གོང་དུ་བོད་ནང་གི་སློབ་གྲྭ་པ་ཤེས་ཡོན་ཅན་ཚོས་དགེ་ཆོས་ཀྱི་སྐོར་ལ་དེ་ཙམ་ཤེས་ཀྱི་མེད་ཀྱང་། དེབ་དེ་པར་སྐྲུན་བྱས་པ་ནས་བཟུང་སྟེ་ཁོ་ཚོའི་ཁྲོད་དུ་དགེ་ཆོས་ཀྱི་སྐོར་བགྲོ་གླེང་ཤུགས་ཆེན་བྱས་ཏེ་ཁོང་གི་རྒྱལ་ཞེན་དང་མཁས་རྩལ་ལ་བསྔགས་བརྗོད་རྒྱུན་མར་སྤེལ་བ་རེད། ཡིན་ན་ཡང་ན་གཞོན་མང་པོ་ཞིག་གིས་དགེ་ཆོས་ཀྱིས་ཁོང་གི་ཤེས་རབ་ལ་བརྟེན་ནས་དེང་རབས་འཕྲུལ་ཆས་བཟོ་བསྐྲུན་བྱེད་ཐུབ་པ་རེད་ཅེས་དང་། དགེ་ཆོས་ལྟ་བ་རྙིང་པ་སྐོར་ཞིག་ལ་དགའ་བོ་མེད་པའི་སྐོར་ཁོ་ནར་དམིགས་ཏེ་ཁོང་ལ་གུས་བཀུར་ཞུ་བ་ཙམ་ཞིག་ལས། དགེ་ཆོས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པར་སློབ་སྦྱོང་གནང་སྟེ་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་ཞིག་དང་། ཁོང་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཤིག་ཡིན་པ་ཁོ་ཚོས་གསལ་པོར་རྟོགས་ཐུབ་མེད། ན་གཞོན་གསར་སློབ་པ་དེ་ཚོར་རྒྱ་ནག་གཞུང་གི་དམར་པོའི་ལྟ་བའི་ཤུགས་རྐྱེན་ཆེན་པོ་ཡོད་པས། དགེ་ཆོས་ཀྱང་བོད་གཞུང་བཀའ་ཤག་གི་བཙོན་འཇུག་སྡུག་སྦྱོང་ལ་བརྟེན་ནས་གྲོངས་པ་ཞིག་ཡིན་པས་ཁོང་གིས་ཀྱང་དམར་པོའི་ལྟ་བར་མཐོང་ཆེན་བྱས་ཡོད་ཀྱི་རེད་བསམ་གྱིན་ཡོད་པ་རེད། བདག་ལ་མཚོན་ན་དགེ་ཆོས་ཞེས་པའི་མིང་དེ་ཐོག་མར་སྤྱི་ལོ་བརྒྱད་ཅུ་གྱ་གཉིས་གྱ་གསུམ་ཙམ་ལ་བཏོན་པའི་མཚོ་སྔོན་གྱི་<<སྦྲང་ཆར་>>ཞེས་པའི་དུས་དེབ་ཅིག་གི་སྟེང་དུ་དགེ་ཆོས་ཀྱི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ལ་བསྐུར་པའི་ཀ་རྩོམ་ཞིག་བཀོད་པ་མཐོང་བའི་རྐྱེན་གྱིས་དགེ་འདུན་ཆོས་འཕེལ་ལགས་ཀྱི་སྐོར་ལ་དོ་སྣང་བྱུང་ཞིང་། རིམ་བཞིན་བདག་གི་དྲིན་ཅན་རྩ་བའི་བླ་མ་༧ལཱ་མོ་༧ཡོངས་འཛིན་རིན་པོ་ཆེ་མཆོག་གི་ཞལ་ལས་ཁོང་དང་དགེ་ཆོས་དེ་སྔ་བཀྲ་ཤིས་འཁྱིལ་དུ་འཛིན་གྲྭ་གཅིག་པ་ཡིན་པའི་སྐོར་སོགས་ཐོས་ཤིང་། འབྲེལ་ཡོད་གཞན་པའི་ངག་ལས་ཀྱང་དེ་མཚུངས་རེ་ཟུང་དང་། རྡོ་སྦིས་དགེ་བཤེས་ཤེས་རབ་ལགས་ཀྱི་བརྩམས་ཆོས་དེབ་གསུམ་པར་སྐྲུན་བྱས་པའི་ནང་ཀླུ་དགོངས་ལ་དགག་རྩོམ་ཞིག་ཡོད་པ་སོགས་ལས་དགེ་ཆོས་ཟེར་བ་དེ་མཁས་པ་ཞིག་ཡིན་པ་འདྲ་སྙམ་པ་ལས། ཁོ་བོ་རང་གིས་དབུ་ཕར་གྱི་སྐོར་ནས་ཅི་ཡང་ཤེས་ཀྱི་མེད་པས་དགེ་ཆོས་དང་དགེ་བཤེས་ཤེས་རབ་ལགས་ཀྱིས་ལྟ་བའི་གནད་འགག་ཅི་ཞིག་གི་སྐོར་ལ་རྩོད་པ་བྱེད་དགོས་བྱུང་ཚུལ་ནི་ཤེས་མ་བྱུང་། གྱ་དགུ་ལོར་དགེ་ཆོས་ཀྱི་རྩོམ་དེབ་མི་རྒན་ཤེས་རྒྱམ་པས་རྩོམ་པ་པོའི་ལོ་རྒྱུས་བྲིས་ཡོད་པ་དེ་པར་སྐྲུན་བྱས་པ་ལྟ་ཀློག་བྱས་པ་བརྒྱུད་རིམ་་བཞིན་ཁོང་རྣམ་པས་ང་ཚོའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་ཕྱི་རོལ་གྱི་བྱ་དངོས་འདི་དག་ང་ཚོའི་རྣམ་ཤེས་ཚོགས་དྲུག་ལ་སྣང་ལུགས་ཤིག་གི་སྐོར་ནས་་བགྲོ་གླེང་བྱེད་པ་དང་། དེ་ཡང་ནང་ཆོས་ཀྱི་སློབ་སྦྱོང་ཏོག་ཙམ་མེད་ཚེ་བྲོ་བ་མྱོང་མི་ཐུབ་པ་ཞིག་ཡིན་པ་གསལ་པོར་ཤེས་སོང་། དེབ་དེའི་ནང་གི་དེབ་ཐེར་དཀར་པོ་དང་རྒྱ་གར་ལམ་ཡིག ཆོས་ཀྱི་ཚིགས་སུ་བཅད་པ། ཁོང་གི་སྙན་རྩོམ་བཅས་ཀྱིས་ཡིད་དབང་འཕྲོག་དྲགས་ནས་དེབ་དེ་འབྲལ་ཐབས་མེད་པའི་་གྲོགས་པོ་ལྟ་བུ་ཞིག་ཏུ་གྱུར་ཅིང་། དགེ་འདུན་ཆོས་འཕེལ་དགྲའི་དྭངས་མ་ཞིག་ཏུ་རྩི་བའི་གྲྭ་རྒན་རེ་ཟུང་ཡང་ཡོད་པས་དེབ་དེ་ཁོར་ཡུག་དེ་འདྲའི་ནང་དུ་རིག་གསར་སྐབས་ཀྱི་ནང་ཆོས་སྐོར་གྱི་དཔེ་དེབ་བཞིན་དུ་ཧ་ཅང་གཟབ་གཟབ་བྱས་ན་ཀློག་དགོས་པ་ཞིག་ཏུ་གྱུར།
རིམ་བཞིན་དགེ་ཆོས་ཀྱི་ཡོན་ཏན་གང་ཞིག་མཐོང་བ་དང་འདྲ་བའི་སློབ་གྲྭ་ཆེན་མོ་བ་མང་པོ་ཞིག་གིས་དགེ་ཆོས་ལ་བསྔགས་རྩོམ་སྣ་ཚོགས་བྲིས་ཤིང་། དཔྱད་རྩོམ་འདྲ་མིན་ནང་དགེ་ཆོས་ཀྱི་ལེགས་བཤད་འདྲེན་སྲོལ་ཟིག་ཀྱང་དར་ཁྱབ་བྱུང་། ཡིན་ཡང་མདོ་སྨད་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་<<བསྟན་རྩིས་ཀུན་བཏུས་>>ཞེས་པའི་རྩོམ་དེབ་ནང་དགེ་ཆོས་ལགས་ཀྱི་<<དེབ་ཐེར་དཀར་པོའི་>>ནང་ནོར་འཁྲུལ་མི་ཉུང་ཞིག་ཡོད་པས། ཁོང་ནི་རྩིས་ཀྱི་སྐོར་ལ་བླུན་རྨོངས་ཤིག་རེད་ཅེས་གསུངས་པས། དགེ་ཆོས་ལ་དགའ་བའི་གསར་སློབ་ཚོའི་སེམས་ཁོངས་སུ་སླར་ཡང་དོགས་པ་སྣ་ཚོགས་ཤིག་ཟ་དགོས་བྱུང་བ་རེད། ཡིན་ཡང་དགེ་ཆོས་ཀྱི་སྙན་ངག་དང་རྒྱ་གར་ལམ་ཡིག་སོགས་ལ་དོགས་དཔྱོད་བཏང་སྟེ་སྐྱོན་བརྗོད་བྱེད་མཁན་ཧ་ལམ་མ་བྱུང་བས། ཁོ་ཚོའི་སེམས་ནང་གི་རླབས་ཆེ་བའི་མི་སྣ་འདིའི་གོ་གནས་ད་དུང་ཧ་ཅང་མཐོ། དེ་ནས་རིམ་བཞིན་དགེ་ཆོས་ཀྱི་སྐོར་མཐོང་ཐོས་མང་དུ་ཕྱིན་ཅིང་། སྤྱི་ལོ་༡༩༩༠ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་དགེ་ཆོས་ཀྱི་བརྩམས་ཆོས་དེབ་གསུམ་དེ་བོད་ཁམས་ཡོངས་སུ་ཁྱབ་རྗེས། སླར་ཡང་དགེ་ཆོས་ཀྱི་དཔྱད་བརྗོད་ཀྱི་མཐོ་རླབས་ཐེངས་གཉིས་པ་དེ་འཕྱུར་ཞིང་། གཏམ་རྒྱུད་གསེར་ཐང་ལ་བརྟེན་ནས་ན་གཞོན་མང་པོ་ཞིག་གིས་རྒྱ་གར་འཕགས་པའི་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་བློར་གང་འཚམ་ཞིག་ངེས་ཐུབ་པ་བྱུང་སྟེ། ཕ་ས་དྲོན་མོ་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་འཁྱག་པ་དང་དུ་ལེན་མཁན་ཡང་མི་ཉུང་བ་ཞིག་བྱུང་། ད་ལྟ་དགེ་ཆོས་ཀྱི་སྐོར་དཔྱད་རྩོམ་ཤོག་ལྷེ་རེ་གཉིས་དང་ཡང་ན་དེབ་མཐུག་པོ་འབྲི་མཁན་ཡང་བྱུང་དང་འབྱུང་བཞིན་པ་དང་། དགེ་ཆོས་ཀྱི་བཟའ་ཟླ་དང་བུ་མོ། སློབ་བུ། ད་དུང་ཚ་བོ་དང་ཡང་ཚ་ཡིན་ཟེར་མཁན་སྣ་ཚོགས་ཤིག་དབྱར་ཁའི་སྤང་ནས་ཤ་མོ་བརྡོལ་བ་བཞིན་སྤྱི་ཚོགས་སྟེང་ཐོན་ཡོང་བཞིན་པ་དང་། དགེ་ཆོས་སྐོར་གྱི་དཔྱད་རྩོམ་རེ་ཟུང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་སྒྲོག་སྦྱང་དང་། རྡ་རམ་ལ་ས་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་རྒྱལ་ཡོངས་ཚོགས་འདུའི་སྟེང་“དགེ་འདུན་ཆོས་འཕེལ་”ཞེས་པའི་བྱ་དགའ་ཞིག་༧གོང་ས་མཆོག་ལ་ཕུལ་བ་དང་། རྡ་རམ་ས་ལར་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་དང་བརྩམས་ཆོས་ཀྱི་སྐོར་བྲིས་པའི་རྩོམ་ཡིག་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་པ། སྤྱི་ལོ་༢༠༠༣ལོའི་སྟོན་ཁར་ཨ་རིའི་གྲོང་ཁྱེར་ཉོག་ཡོར་གྱི་ཀུན་ཕན་ཐེབས་རྩ་ཚོགས་པའི་ཡན་ལག་ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། བོད་ཕྱི་ནང་གི་དགེ་ཆོས་སྐོར་ལ་རྩོམ་ཡིག་འབྲི་མཁན་དང་ཡིག་སྒྱུར་པ། དགེ་ཆོས་ཀྱི་རིག་དངོས་བདག་ཉར་མཁན་སོགས་འབྲེལ་ཡོད་མི་སྣ་གང་མང་ཞིག་གདན་འདྲེན་ཞུས་ཏེ། དགེ་འདུན་ཆོས་འཕེལ་སྐུ་འཁྲུསང་ནས་ལོ་ངོ་བརྒྱ་འཁོར་བའི་དྲན་གསོའི་ཚོགས་འདུ་བསྐོངས་པ་སོགས། བོད་ཕྱི་ནང་གང་སར་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གཅིག་འཇགས་གཅིག་ལངས་ཀྱི་དུས་རླབས་ཤིག་འཕྱུར་བཞིན་འདུག དགེ་ཆོས་མི་ཚེའི་སྐོར་ལ་ཁོང་གི་སློབ་བུ་ཧོར་ཁང་བསོད་ནམས་དཔལ་འབར་དང་རག་ར་སྤྲུལ་སྐུ། མི་རྒན་ཤེར་རྒྱམ། ཨ་ལགས་ཀིརྟི། ཧོར་གཙང་འཇིགས་མེད། རྡོ་རྗེ་རྒྱལ། ཞོ་ར་བསྟན་དར་སོགས་ཀྱིས་དཔྱད་གཞིར་འོས་པ་མང་པོ་ཞིག་བྲིས་འདུག་པས། འདིར་སྐྱར་ཟློས་ཀྱི་ངལ་བ་མང་དུ་བསྟེན་པའི་དགོས་པ་མེད་ཅིང་། མཁས་པ་ཉམ་ཆུང་འདིས་བོད་ཁ་བ་ཅན་གྱི་རྒྱལ་ཁབ་ལ་བཅིངས་པའི་བརྩེ་དུང་ངོ་མ་དེ་ངོས་ཟིན་ནས། ཁོང་གི་མི་ཚེའི་རིན་ཐང་ལ་གདེངས་འཇོག་བྱེད་རྒྱུ་དེ་རང་རེ་སྨྱུག་ཐོགས་པ་ཡོངས་ཀྱི་འགན་འཁྲི་ཡིན་པའི་གསོལ་འདེབས་དང་བཅས་རེ་ཞིག་ངལ་གསོའོ།།
གངས་དཀར་ལྷ་མོའི་མྱོས་བུམ་ལ།།
ཆགས་པའི་སོར་རྗེས་མང་བཀོད་པ།།
དགེ་ཆོས་གཞོན་ནུའི་ལང་ཚོ་དེ།།
ད་ཀོ་དུས་ཀྱི་ཆོམ་པོས་བཅོམ།།
འཛམ་གླིང་སྤྱི་དང་ཁྱད་པར་དུ།།
ཁ་བ་རི་པའི་གཅེས་ནོར་ཏེ།།
བེེཌཱུརྱ་ཡི་བུམ་པ་ཞིག།
རྙིང་ཞེན་རྡོ་ལ་རིང་ནས་བརྡབས།།
མཁྲེགས་འཛིན་མི་སྡུག་སོ་ཡི་ཕྲེང་།
ཕྲག་དོག་ཁྲག་གིས་དམར་པ་ཡི།།
གདོལ་སྤྱོད་ནགས་ཀྱི་ཤ་ནའི་ཁྱུས།།
རིག་པའི་བུ་ཆུང་ཟས་སུ་བྱས།
ཞེས་པ་ནི་མཇུག་ཏུ་སྐྱོ་བའི་སྨྲེ་སྔགས་ཤིག་བཏོན་པ་ཙམ་མོ།།
གཉིས་པ། དགེ་ཆོས་དང་དེབ་ཐེར་དཀར་པོ།
རང་རེ་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོ་ཞིག་གི་ནང་དུ། ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ཐེབས་ཏེ། དཔེར་ན་ཆོས་བརྒྱུད་དེའི་བླ་མ་ཆེན་པོ་ཞིག་གིས་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་གྲངས་གྱ་གཉིས་ལ་བཞུགས་ཚུལ་གསུངས་ཡོད་ཚེ། ཁོང་གི་རྗེས་འབྲངས་སུ་ཡིན་གྱིས་དེའི་རྗེས་ས་འབྲངས་ནས་ལོ་རྒྱུས་ཀྱི་དེབ་གསར་པ་རེ་རྩོམ་པའི་སྐབས་སུ། རང་རེ་འཁྲུལ་ཟད་དཔལ་ལྡན་ཆེ་གེ་མོའི་ལུགས་ལ་ཞེས་བླ་མ་དང་མཁས་པ་གོང་མ་དེ་ཚོར་རྗེས་ཟློས་བྱས་ནས་ཁོང་ཚོའི་ལུགས་དེ་ཇི་བཞིན་འབྲི་བ་མ་གཏོགས། ལུང་རིགས་ཀྱིས་སྒྲོ་འདོགས་བཅད་དེ་ལོ་རྒྱུས་ཀྱི་བདེན་པའི་བཞིན་རས་ངོ་མ་དེ་སྟོན་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད། གལ་སྲིད་བླ་མ་གོང་མའི་གསུང་སྒྲོས་དང་ཅུང་ཟད་མི་མཐུན་པའི་བརྩམས་ཆོས་ཤིག་སྤེལ་ཚེ་ཆོས་སྐྱོང་གི་གནོད་པ་དང་མིའི་འཕྱ་སྨོད་ཀྱི་ཡུལ་དུ་གྱུར་ནས་སོ་སོའི་མདུན་ལམ་ལ་གནོད་སྐྱོན་ཆེན་པོ་ཞིག་ཡོང་བའི་ཞེད་སྣང་ཆེན་པོ་ཡོད་ཅིང་། དེ་ཚོའི་སྐབས་སུ་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། སྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པའི་བཀའ་སློབ་རིན་ཐང་བྲལ་བ་འདི་ཡང་མཐོང་ཞིང་ཐོས་ཀྱང་བཏང་སྙོམས་སུ་འཇོག་ཅི་ཐུབ་བྱེད་པ་ནི་རང་རེའི་ལུགས་སྲོལ་དགོད་བྲོ་བ་ཞིག་རེད། དགེ་ཆོས་ཀྱིས་སྣང་ཚུལ་དེ་རིགས་རྒྱང་དུ་དོར་ཏེ་རིག་པ་ཡང་དག་དང་ལོ་རྒྱུས་ཀྱི་བདེན་པའི་བཞིན་རས་ཤིག་རྣམ་དཔྱོད་ཀྱི་རྩལ་བརྟེན་ནས་ཕྱིར་མངོན་ཅི་ཐུབ་བྱས་ཡོད་པ་ནི་དེབ་དཀར་བཀླགས་ཚེ་ཤེས་ཡོང་ཞིང་། སྲོང་བཙན་དང་རྒྱ་བཟའི་སྐབས་སུ་ཡང་རྒྱལ་རབས་གསལ་མེའི་ནང་དུ་འཁོད་པ་ལྟར། སྐབས་དེའི་སྟོབས་འབྱོར་མངའ་ཐང་གང་གི་ཕྱོགས་ནས་ཀྱང་བླ་ནས་བླ་རུ་འཕགས་པའི་རྒྱ་ནག་གོང་མ་དང་བློན་ཆེན་ཚོར། བློན་པོ་མགར་གྱིས་བྱིས་པ་ལོ་གསུམ་པར་རྩེ་མོ་རྩེད་བ་ཇི་ལྟར་མཚེར་ཁྲག་གྲོད་པུ་གང་དང་སོལ་བའི་མདུང་རིང་། ཡོས་ཀྱི་ས་བོན་སོགས་སྒྲིག་ཏུ་བཅུག་སྟེ་མགོ་སྐོར་ཅི་འདོད་འདོད་དུ་གཏོང་ཐུབ་པ་སོགས་གནག་རྫིའི་ཁྲོད་ཀྱི་བླུན་པོ་ཚོར་མགོ་སྐོར་ཉི་སྐྱེལ་ཙམ་དུ་ཕན་པའི་རྫུན་གཏམ་གྱི་ཕྲེང་བ་རྒྱུན་མར་བསྒྲིགས་པ་དེ་དག་སུན་ཕྱུང་སྟེ། ཕྱོགས་རིས་མིག་ཅན་གྱི་མཁས་བླུན་སུས་ཀྱང་སོར་རྩེས་མ་རེག་པའི་གནའ་བོའི་ཏུན་ཧོང་ཡིག་རྙིང་དང་རྒྱའི་ཡིག་ཚང་ཁུངས་ཐུབ་སོགས་ལ་རྒྱབ་རྟེན་བཅོལ་ནས། རྒྱ་བོད་གཉིས་ཕར་ཕམ་ཚུར་ཕམ་གྱི་དམག་འཁྲུག་གི་ལོ་རྒྱུས་རིང་མོ་ཞིབ་འབྲི་བྱས་ཡོད་ཅིང་། རྒྱ་བཟའ་བོད་དུ་བསུས་པའི་སྐོར་རྒྱལ་རབས་གསལ་མེའི་ངག་རྒྱུན་རྫུན་སྒྲུང་དེ་ལས་ལྡོག་སྟེ་སྐབས་དེའི་དངོས་ཡོད་གནས་ཚུལ་འཁོད་པའི་ཡིག་རྙིང་འདི་འདྲ་ཞིག་བཀོད་འདུག
“་་་ ་་་བོད་ཀྱི་བཙན་པོའི་མཚན་ལ་སྲོང་བཙན་ཞེས་ཟེར། ལྷ་བྱ་བར་ཡང་འབོད། བཙན་པོ་དེ་མཁྱེན་རྒྱ་ཆེ་ཞིང་། སྐུ་རྩལ་ཆེ། སྐབས་འགར་རྟ་ལ་བཅིབ་སྟེ་གཡག་རྒོད་དང་རྐྱང་སོགས་ལ་རྔོན་བྱེད་དུ་ཡང་གཤེགས། རྒྱལ་ཁམས་མང་པོ་ཆབ་འོག་ཏུ་བཅུག་་་ ་་་་”ཅེས་པ་དང་། གོང་མའི་སྲས་མོ་ཞིག་གྲུ་གུའི་རྒྱལ་བོ་ལ་བག་མར་གནང་བ་སྲོང་བཙན་གྱིས་གསན་ཏེ། ཕོ་ཉ་ཞིག་སྐྱེས་དང་བཅས་བཏང་ནས། སྲས་མོ་བག་མར་བསླངས་པ་གོང་མས་མ་གནང་། དེ་ལ་སྲོང་བཙན་ཐུགས་ཁྲོས་ནས་བོད་དམག་དྲངས་ཏེ་གྲུ་གུའི་ཡུལ་བཅོམ་པར། གྲུ་གུ་རྣམས་བྲོས་ཏེ་མཚོ་སྔོན་བྱང་ཕྱོགས་སུ་ས་སྤོས། ་་་ཞེས་པ་དང་། དེ་ནས་བོད་ཀྱི་བཙན་པོས་དམག་འབུམ་ཕྲག་གཉིས་ཁྲིད་དེ་རྒྱ་ནག་ཏུ་སླེབས། རྒྱའི་ཞིང་ཆེན་ཟོང་ཅོ་བཅོམ། དེའི་འོག་ཏུ་གོང་མ་ལ་ཕོ་ཉ་ཞིག་གི་ལག་ཏུ་ཡི་གེ་བསྲིངས་ཤིང་། གསེར་གྱི་ཁྲབ་གཅིག་ཀྱང་སྐྱེས་སུ་ཕུལ་བས། གལ་ཏེ་སྲས་མོ་མི་སྟེར་ན་དམག་བྱེད་པ་ཡིན་ཟེར་ཞེས་དང་། གོང་མས་དམག་དཔོན་ནིའུ་ཅི་ད་བྱ་བ་ལ་བཀའ་ཕབ་སྟེ་དམག་ལྔ་ཁྲི་དང་བཅས་བོད་ཀྱི་སྟེང་དུ་བཏང་། རྒྱ་དམག་རྣམས་མཚན་གཅིག་ལ་བོད་ཀྱི་དམག་སྒར་སྟེང་དུ་བརྒྱུགས་ཏེ་བོད་མི་སྟོང་ཕྲག་གཅིག་ཙམ་བསད། བོད་རྣམས་འཇིགས་ནས་ཕྱིར་བྲོས། སླར་ཡང་རྒྱ་ནག་ཏུ་ཕོ་ཉ་བཏང་ནས་སྟེ་བཟོད་གསོལ་བྱས་ཤིང་སྲས་མོ་བསླངས་པར་གོང་མས་ཀྱང་གནང་། ཞེས་པའི་ལོ་རྒྱུས་ཡིག་རྙིང་འདི་ཁོང་གི་རང་ལུགས་ལྟ་བུར་བཀོད་ཅིང་། སྲོང་བཙན་དང་རྒྱ་བཟའ་སོགས་ཀྱིས་འཇིག་རྟེན་གྱི་མི་དང་མཐུན་པའི་བྱ་སྤྱོད་འབའ་ཞིག་མ་གཏོགས། ལྷ་ཀླུའི་རྫུ་འཕྲུལ་བསྟན་པའི་འཆར་ཡན་ལྷ་སྒྲུང་གི་སེང་རས་ཀྱིས་གཡོགས་མི་འདུག་པས། འཛམ་གླིང་ཡོངས་གྲགས་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་ཀྱི་རིན་ཐང་ནི་ཅི་བས་ཀྱང་ཆེ་ཞིང་། མགར་ཕ་བུ་དང་ཐོན་མིའི་བྱས་རྗེས་གླེང་བའི་སྐབས་སུ་ཡང་། མགར་ཕ་བུའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་མངའ་ཐང་ཆེར་བསྐྱེད་ཅིང་། ཐོན་མིས་བོད་ཀྱི་ཡི་གེ་གསར་བཏོད་བྱེད་སྐབས་ཀྱི་ཕྱི་མོ་ནི་གུཔྟའི་ཡི་གེ་ཡིན་ཚུལ་ཕྲ་ཞིབ་ཀྱི་དཔེ་མཚོན་བཀོད་དེ་གསུངས་པ་ལས། བླ་མ་གོང་མས་གསུངས་སོ་ཟེར་བ་ཙམ་གྱི་ལུགས་སྲོལ་དེས་ཚིམ་མེད་ཅིང་། མངའ་ཁོངས་རྒྱ་བསྐྱེད་སྐབས་སུ་ཡང་མི་སྣ་གཅིག་ལ་འུད་བསྟོད་ཀྱི་མི་དམངས་ཀྱི་བྱས་རྗེས་འགེབ་པ་ལྟ་བུའི་རིགས་ཀྱི་རྗེས་སུ་ཡང་མ་འབྲང་བར། རིག་པ་བརྒྱ་ཕྲག་གི་ལམ་ནས་ལོ་རྒྱུས་མི་སྣ་དེ་ཚོའི་སྣང་བརྙན་བསྐྲུན་ཡོད་པ་རེད།
འོ་ན་དགེ་ཆོས་ཀྱི་ཁུངས་གཏུགས་སའི་ཡིག་རྙིང་དེ་ཚོར་ནོར་འཁྲུལ་འབྱུང་མི་སྲིད་དམ་ཞེས་དྲིས་ན། ཏུན་ཧོང་གི་ལོ་རྒྱུས་དེ་ཚོ་འབྲི་སྐབས་སུ་རྒྱ་བོད་སོག་གསུམ་གྱི་ལོ་པཎ་མང་པོ་ཞིག་གིས་གོ་སྡུར་ཡང་ཡང་བྱས་ཏེ་ཡིག་ཆ་དེ་དག་བྲིས་པ་ཡིན་པས། རེ་ཟུང་མ་གཏོགས་ཡིད་ཆེས་པའི་ཡིག་ཆ་ཚད་ལྡན་ཡིན་པས་དགོས་མེད་ཀྱི་དོགས་པ་བསྐྱེད་མི་དགོས་ཤིང་། དེང་སྐབས་ཀྱི་ཕྱོགས་འདིར་ཞིབ་འཇུག་བྱེད་པའི་དཔྱོད་ལྡན་ཕལ་མོ་ཆེས་ཀྱང་ཚད་མར་འཛིན་པས་སོ།།
རིན་ཐང་བྲལ་བའི་བོད་ཀྱི་ལོ་རྒྱུས་བརྩམས་ཆོས་དེབ་དཀར་ནི་ཁོང་གིས་བཀའ་ཤག་གིས་བཙོན་འཇུག་སྐབས་བོད་ལ་ཤ་ཚས་བསླངས་ཏེ་བྲིས་པ་ཡིན་ལུགས་གསུངས་པ་ལྟར། མཁས་རློམ་སུས་ཀྱང་མ་ཐོན་པའི་ལེགས་བཤད་ཅིག་རྩོམ་བཞིན་པའི་མུར་རྐྱེན་ངན་གྱི་དབང་དུ་སོང་སྟེ་རྩོམ་འཕྲོར་ལུས་ཤིང་། བཙོན་ཁང་ནས་ཧོར་ཁང་ལ་བཀའ་གནང་སྟེ་རྒྱལ་རབས་རྩོམ་འཕྲོ་ཅན་དེ་རེ་ཞིག་རྫོགས་སོ་ཞེས་པའི་མཇུག་བྱང་མི་འབྲི་ཀ་མེད་དུ་གྱུར་པ་ནི་ཧ་ཅང་ཕངས་པའི་གནས་སུ་ཆེའང་། ཞི་བ་ལྷས། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། གསུངས་པ་ལྟར་རོ།། དེབ་དཀར་གྱི་རྩོམ་གཞུང་སྤྱིའི་རིན་ཐང་ནི་བཤད་མ་དགོས་ཤིང་། ཐ་ན་སྐབས་དེའི་ལོ་རྒྱུས་དངོས་མཚོན་གྱི་བར་སྐབས་ཚིག་བཅད།
གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས།། ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས།། གསེར་འབྲུག་སྡེར་ལྔའི་ཁྲི་ལ་འགྱིངས་པ་ཡི།། མཐུ་ལྡན་གནམ་གྱི་བུ་ཡང་འདར་བར་བྱས།། ཞེས་དང་། མི་བཟད་དགུན་གྱི་རླུང་དང་ལྷན་ཅིག་ཏུ།། མི་སྡུག་ཁ་བའི་ཡུལ་ནས་ཕྱིར་ཐོན་པའི།། མི་ཐུབ་སེང་གེ་དཀར་མོའི་དམག་དཔུང་ལ།། མི་ཡི་དབང་པོ་འཇིགས་པ་ཅིས་མ་བདེན།།
ཞེས་དང་། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གི་ནུས་པས་ཞུ་སྲི་ཅུང་ཟད་བསྒྲུབས།། ཞེས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་འདི་འདྲ་ཙམ་ཡང་དེང་དུས་ཀྱི་མཁས་རློམ་དག་གིས་མི་ཐོན་པའི་ལེགས་བཤད་ཡིན་ནོ།། གོང་སྨོས་བཞིན་དེབ་ཐེར་དཀར་པོ་ནི་བརྩམས་མ་ཚར་གོང་རྩོམ་པ་པོ་སྐུ་གཤེགས་པས། བཞེངས་མ་ཚར་བའི་ལྷ་སྐུ་བཞིན་དེའི་སྐྱོན་ཡོན་ཡོངས་སུ་རྫོགས་པ་ཞིག་སུས་ཀྱང་སྨྲ་མི་ནུས་ལ། ཕྱོགས་ཞེན་དང་ལྷ་སྒྲུང་གི་སེང་རས་ཀྱི་བར་ནས་ལོ་རྒྱུས་ཀྱི་བཞིན་རས་ངོ་མ་དེར་མཇལ་འདོད་སུ་ཡིན་ཡང་དེབ་དེ་ལན་གཅིག་ཀློག་རོགས་ཞེས་ཞུའོ།། ཨ་ལགས་ཀིརྟི་སོགས་སྐོར་ཞིག་གིས། དགེ་ཆོས་ཀྱི་མཚན་སྙན་རྒྱས་བྱེད་གཙོ་བོ་དེ་རྒྱལ་རབས་གསར་མ་དེབ་ཐེར་དཀར་པོ་ཡིན་ཚུལ་དང་། ཨ་ལགས་ཚེ་ཏན་སོགས་ཀྱིས་དགེ་ཆོས་ཀྱིས་རྒྱལ་རབས་བསྒྲིག་མི་ཤེས་ཚུལ་བརྗོད་པས། དངོས་ཡོད་བདེན་པ་སུ་ལ་ཡོད་ང་ཚོས་རྒྱལ་རབས་དང་ལོ་རྒྱུས་རང་ཉིད་ལ་སྐད་ཆ་དྲིས་ན་མ་གཏོགས། ཕྱོགས་ཞེན་མེད་པའི་གཏམ་སྲོང་བོར་སྨྲ་མཁན་གྱི་ལོ་རྒྱུས་མཁན་པོ་རྣམས་ནི་སྔ་མོ་ནས་འཇིག་རྟེན་ཕ་རོལ་ཏུ་གཤེགས་ཚར་བ་རེད།
གང་ལྟར་དགེ་ཆོས་ཀྱི་དེབ་ཐེར་དཀར་པོ་ལ་གདེངས་འཇོག་དང་དམའ་འབེབ་བྱེད་མཁན་རིགས་གཉིས་འདུག་པ་ནི་འཇིག་རྟེན་སྤྱིའི་འགྲོ་ལུགས་ཤིག་ཡིན་པས་ཡ་མཚན་སྐྱེ་དགོས་དོན་ཡེ་ནས་མེད་ལ། དེབ་ཐེར་དཀར་པོ་ཡང་དངོས་ཡོད་ལོ་རྒྱུས་རང་ཉིད་ཀྱི་ཉ་གར་གཞལ་ཚེ་ལྗིད་ཚད་ཅི་ཡོད་ལྷང་ལ་འབུད་ངེས་རེད་སྙམ།
འདིར་སྨྲས་པ།
རྒྱལ་ཁམས་རིག་པས་བསྐོར་པའི་འབྲས་རྟགས་སུ།།
རྒྱལ་རབས་རིམ་བྱོན་མཛད་རྗེས་གླེང་བའི་གཏམ།།
རྒྱལ་ཡུལ་དབྱངས་ཅན་དགའ་མའི་ཡིད་འཕྲོག་པ།།
རྒྱལ་སྲས་འདི་ཡི་སོར་མོའི་རྩེ་ནས་འཁྲུངས།།
ཚུལ་གསུམ་རྒྱན་གྱིས་སྤུད་པའི་དེབ་ཐེར་གྱི་ལུས་ཕྲ།།
གཟུང་གནས་མཁས་པའི་བུ་ཡི་སྙིང་སྡུག་ཏུ་བསུས་ཏེ།།
བྱུང་འདས་ངོ་མཚར་ལྟད་མོའི་རྩེ་དགའ་ལ་རོལ་འདི།།
དགེ་ཆོས་འཇིག་རྟེན་མེས་པོའི་སྒྱུ་འཕྲུལ་དུ་ངེས་སོ།།
ལྷག་བསམ་དཀར་པོས་ངལ་བ་ལྷུར་བླངས་ཏེ།།
ཁ་བ་དཀར་པོའི་ཡུལ་གྱི་དར་རྒུད་ཚུལ།།
ཤོག་བུ་དཀར་པོའི་ངོས་སུ་བཀྲམ་པ་འདིར།།
དེབ་ཐེར་དཀར་པོར་འབོད་པ་རྡོ་རྗེའི་ཚིག།
གསུམ་པ། དགེ་ཆོས་དང་ཀླུ་སྒྲུབ་དགོངས་རྒྱན།
བོད་སྔ་རབས་པ་དང་ཕྱི་རབས་པའི་ཁྲོད་དུ་སྟོན་པ་ཉིད་ཀྱིས་རྡོ་རྗེའི་གསུང་གིས་མཐའ་བྲལ་དབུ་མའི་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་བ་ངོ་མ་དེ་གང་ཡིན་སྐོར་ལ་བཞེད་པ་སྣ་ཚོགས་ཡོད་ཅིང་། རང་རང་ལུགས་ལ་རང་རང་དབུ་མ་པ། ཞེས་པ་ལྟར། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་མི་འདྲ་བའི་མཁས་པ་ཚོས་སོ་སོའི་ལུགས་དེ་འཕག ས་པ་ཀླུ་སྒྲུབ་ཀྱི་མཐའ་བྲལ་དབུ་མ་ཆེན་པོའི་ལུགས་བཟང་སྐྱོང་མཁན་ཡིན་པའི་བསྟན་བཅོས་མང་པོ་ཞིག་བརྩམས་ཤིང་། རྙིང་མ་བར་མཚོན་ན་རོང་ཟོམ་ཆོས་བཟང་དང་ཀློང་ཆེན་པ། འཇུ་མི་ཕམ་སོགས་ཀྱི་བསྟན་བཅོས་དང་། བཀའ་བརྒྱུད་པར་མཚོན་ན་མཉམ་མེད་དྭགས་པོ་དང་ཀུན་མཁྱེན་པད་དཀར་སོགས་ཀྱི་གསུང་རབ་དང་། ས་སྐྱར་མཚོན་ན་ས་པཎ་དང་གོ་ཤཱཀ་སྟག་གསུམ་སོགས་ཀྱི་ཡིག་ཆ། དགེ་ལུགས་པར་རྗེ་ཡབ་སྲས་གསུམ་དང་འཇམ་བཞད་སོགས་ཀྱི་གསུང་འབུམ། ཇོ་ནང་བར་ཡུ་མོ་མི་བསྐྱོད་རྡོ་རྗེ་དང་ཤེས་རབ་རྒྱལ་མཚན། ཏ་ར་ན་ཐ་སོགས་ཀྱི་ལྗགས་རྩོམ་བཅས་ལྟ་བ་དབུ་མར་བསྒྲུབས་པའི་གསུང་རབ་ཧ་ཅང་མང་པོ་ཞིག་མཇལ་དུ་ཡོད་པ་རེད།
དེ་ཡང་དབུ་མ་པས་ཐ་སྙད་ཚད་གྲུབ་་བཞེད་མིན་དང་ཐ་སྙད་ཚད་མར་གྲུབ་སྟངས་ནི་ཕྱོགས་འདིའི་གནད་འགག་ཆེན་པོ་ཞིག་རེད། སྔ་རབས་པའི་མཁས་པ་ཚོས་ཐ་སྙད་ཚད་གྲུབ་མི་འདོད་པའི་མདོ་ཁུངས་ནི། ཏིང་ངེ་འདིན་རྒྱལ་པོ་ལས།
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། ཞེས་སོ་སྐྱེས་ཀྱི་ས་རུ་ཡུལ་ཅན་དབང་ཤེས་དྲུག་པོ་དེ་དག་ཚད་མར་མི་རུང་སྟེ། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ལྟ་བའི་བདེན་འཛིན་གྱིས་བསླད་པའི་ཕྱིར། ཞེས་དང་། ཡང་ཡུལ་གཟུགས་སོགས་ཡུལ་ཅན་གྱིས་བཞག་པ་ལྟར་ཚད་མར་མ་གྲུབ་སྟེ། མེའི་ཚ་ཞིང་སྲེག་པ་དང་ཆུའི་རླན་ཞིང་གཤེར་བ་སོགས་ནམ་ཡང་འགྱུར་བ་མེད་པའི་ངོ་བོར་མི་གནས་པའི་ཕྱིར་ཏེ། ཆུ་ལ་མེ་རུ་སྣང་བ་དང་མེ་ལ་ཆུ་རུ་སྣང་བ་སོགས་སྲིད་པའི་ཕྱིར། ཞེས་འདོད་ལ། མཁས་དབང་རོང་ཟོམ་ཆོས་བཟང་གིས་ཐེན་པ་ཆེན་པོའི་ཆོས་ལ་འཇུག་པ་ལས། མི་རྣམས་དང་དུད་འགྲོ་ཕལ་ཆེར་ལ་ནི་མེ་ལ་རེག་ན་འཚིག་པར་སྣང་སྟེ།། སྡུག་བསྔལ་གྱི་གནས་སུ་སྣང་ངོ་།། དུད་འགྲོའི་རིགས་ལས་རི་དྭགས་མེའི་གཙང་མ་ཅན་ཞིག་བྱ་བ་ནི། མེ་ཡིས་ཁྲུས་བྱེད་དེ་འཚིག་མི་འགྱུར་ཞིང་། སྤུའི་ཁ་དོག་དང་གྲ་ཤིན་ཏུ་རྒྱས་པར་འགྱུར་ཏེ། ཆུའི་བྱ་བ་མེས་བྱེད་དོ།། ཞེས་པའི་ལུང་གི་རྒྱབ་རྟེན་དང་། གོ་སླ་བར་བརྗོད་ན། ཆུ་ཕོར་པ་གང་ལྟ་བུ་ཞིག་ལ་ལྷ་མི་ཡི་དྭགས་གསུམ་གྱིས་བལྟས་པའི་ཚེ། དང་པོར་བདུད་རྩི་དང་། གཉིས་པར་ཆུ། གསུམ་པར་རྣག་ཏུ་སྣང་བས། ཆུ་དེ་མིས་བཞག་པ་ལྟར་རླན་གཤེར་གྱི་ངོ་བོར་ནམ་ཡང་གནས་པ་ཞིག་ཡིན་པས་སོ།། དེ་ལ་དམིགས་ནས་དགེ་ཆོས་ཀྱིས་ཐ་སྙད་གྲུབ་མི་འདོད་པའི་སྒྲུབ་བྱེད་དུ། མིའི་མིག་ལ་མཛེས་པའི་བུ་མོ་དེ་མཐོང་བའི་གཅན་གཟན་སྟག་གི་རྒྱུད་ལ་མཛེས་མར་དམིགས་པའི་ཆགས་པ་མི་སྐྱེ་ཞིང་། སྟག་མོའི་ལང་ཚོར་དིགས་པའི་ཆགས་པ་མིའི་རྒྱུད་ལ་མི་སྐྱེ་བས། སེམས་ཅན་རང་རང་ལ་མཛེས་མར་སྣང་བ་དེ་རང་གིས་ཕར་སྒྲོ་བཏགས་པ་ཙམ་ཞིག་ཡིན་གྱི། ཡུལ་རང་ངོས་ནས་ཚད་མར་གྲུབ་པ་ཞིག་མིན་ནོ་ཞེས་གསུངས་ཤིང་། སྤྱིར་ཐལ་འགྱུར་པའི་ལུགས་ལ་སོ་སྐྱེས་ཀྱི་ས་རུ་ཤེས་པ་ཐམས་ཅད་འཁྲུལ་ཤེས་ཡིན་པས་ཚད་མར་སོང་བའི་བློ་མེད་པར་ཡང་ཁས་ལེན་དགོས་པའི་ཕྱིར་དང་། སྟག་ཚང་བའི་གྲུབ་མཐའ་ཀུན་ཤེས་ལས། ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ།། ཞེས་པའི་རྒྱབ་རྟེན་གྱི་ལུང་དེ་ཡང་དྲན་དགོས་སོ།།
ཐ་སྙད་ཚད་གྲུབ་འདོད་མཁན་ཚོས་ཏིང་ངེ་འཛིན་རྒྱལ་པོའི་ལུང་དེའི་དོན་ནི། སོ་སྐྱེས་རྒྱུད་ཀྱི་ཤེས་པ་དེ་དག་རང་ཡུལ་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་ཚུལ་ལ་ཚད་མར་སོང་མ་སོང་གི་དོན་ཡིན་ཞིང་། གལ་ཏེ་དབང་ཤེས་དེ་དག་རང་ཡུལ་ལ་ཚད་མར་སོང་ན་དེ་དག་གི་སྟེང་གི་གནས་ལུགས་ཟབ་མོར་ཚད་མར་སོང་བ་ཡིན་པས། དེ་ལྟར་ན་སེམས་ཅན་ཐམས་ཅད་ལམ་སྒོམ་མི་དགོས་པར་འབད་མེད་དུ་གྲོལ་བར་ཐལ་ལོ་ཞེས་དང་། གོང་གི་ཆུ་ཕོར་པ་གང་གི་དཔེ་དེར་འདི་སྐད་དུ། དེ་ལྟར་མཐོང་ཚུལ་གསུམ་དུ་བྱུང་བ་དེས་ཆུའི་རང་བཞིན་རླན་གཤེར་མ་ཡིན་པར་ཚད་མས་མི་འགྲུབ་སྟེ། ཆུའི་རང་བཞིན་དེ་རླན་གཤེར་ཡིན་ཡང་། འགྲོ་བ་གསུམ་པོ་དེར་སོ་སོའི་ལས་དབང་གིས་ཆུའི་ཆ་ཤས་རེ་ལ་མཐོང་ཚུལ་མི་འདྲ་བ་བྱུང་བའི་ཕྱིར་ཞེས་དང་། ལྕགས་གོང་མེས་དམར་པོར་བསྒྱུར་པ་དེས་སྐྱེ་བོ་ཀུན་ལ་ཚ་རེག་སྟེར་ལ། རིགས་སྔགས་དང་ལྡན་པའི་སྐྱེ་བོར་སྲེག་པའི་རེག་བྱ་མི་སྟེར་ཡང་། ནམ་སྐྱེ་བོ་དེ་རིགས་སྔགས་དང་བྲལ་བའི་ཚེ་ན་ཚ་རེག་སྟེར་བས། ལྕགས་གོང་སྟེང་གི་ཚ་རེག་ནི་ཚད་མར་གྲུབ་པ་ལ་ཅི་ཡང་མི་གནོད་དོ་ཞེས་རྒོལ་བར་བྱེད་དོ།།
དགེ་ཆོས་ཀྱིས་བོད་སྔ་རབས་པས་འདོད་པའི་ཐ་སྙད་ཚད་མས་མ་གྲུབ་པའི་ལུགས་དེ་ཁས་བླངས་པས། དགེ་བཤེས་ཤེས་རབ་རྒྱ་མཚོས་དགག་ལན་མི་འཇིགས་སེང་གེའི་ང་རོ་བྱ་བ་བརྩམས་ཤིང་། དེའི་ནང་དུ་དགེ་ཆོས་ལགས་བཞུགས་ཡོད་ཚེ་ཁོང་གི་བརྩམས་ཆོས་དེ་མཐོང་ནས་རང་ལུགས་དེ་རྒྱབ་ཏུ་བསྐྱུརངེས་ཡིན་ཡང་། དགེ་ཆོས་ལགས་ཀྱིས་རྩོད་ཡིག་དེ་མ་ཐོང་སྔོན་དུ་འཇིག་རྟེན་ཕྱི་མའི་གཟིགས་མོར་གཤེགས་པར་ཐུགས་ཕམ་བྱུང་ཚུལ་སོགས་བྲིས་འདུག
དགེ་ཆོས་ལགས་ཀྱིས་བཞག་པའི་ཁོང་གི་ཐ་སྙད་ཚད་གྲུབ་འདོད་པའི་ཁས་ལེན་འདི་དག་ནི་རིགས་པ་ཡང་དག་གིས་དཔྱད་པའི་གྲུབ་དོན་ཞིག་ཡིན་ཞིང་། སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་བཞེད་ཚུལ་དང་སོ་སྐྱེས་ཀྱི་རྣམ་རྟོག་བསམ་གྱིས་མི་ཁྱབ་པའི་འདོད་ཚུལ་གཉིས་ཀྱི་ནང་ནས། རང་རེ་སོ་སྐྱེ་རྣམས་ལ་སྣང་ལུགས་འཆར་ལུགས་འདི་དབང་བཙན་པར་བྱས་ཏེ། འདི་ཡང་ལས་ཡིན་དེ་ཡང་ལས་ཡིན་ཞེས་པའི་ལས་ཀྱི་ལྷན་པ་མ་བརྒྱབ་པའི་ཐ་སྙད་ཚད་གྲུབ་མི་འདོད་པའི་ལྟ་བ་གསར་པ་ཞིག་བསྟན་ཡོད་པར་འདོད་ཅིང་། ཁོ་བོ་ལྟ་བུ་སྟོང་ཉིད་ཀྱི་ལྟ་བའི་བག་ཆགས་མེད་པ་རྣམས་ལ་ནི་མཐའ་བྲལ་དབུ་མ་ཆེན་པོའི་གནས་ལུགས་མ་མཐོང་བ་དེ་སྲིད་དུ་དགེ་ཆོས་ཀྱི་བཞེད་པ་འདི་ལས་གོམ་པ་གང་ཡང་བརྒལ་བའི་ནུས་པ་མི་འདུག་གོ།།
འདིར་སྨྲས་པ།
ཡོད་མེད་བདེན་རྫུན་སྨུག་པའི་ནགས།།
ཆོས་དབྱིངས་ནམ་མཁར་རྒྱས་བཏབ་པ།།
མཐའ་བྲལ་དབུ་མའི་བྱེ་ཐང་དུ།།
སྐོམ་པས་གདུངས་རྣམས་ཀྱེ་མ་ཧུད།།
ཀྱེ་མ་གཟུང་འཛིན་འཁྲུལ་བའི་རྒྱར།།
རིག་པའི་བུ་ཆུང་ཚུད་པའི་འགྲོ།།
ཆོས་ཟད་ཆོས་སྐུའི་དགོངས་ཀློང་དུ།།
ཕྱམ་གཅིག་གྲོལ་བར་དགེ་ཆོས་སྨོན།།
ཚོགས་དྲུག་དབྱར་གྱི་དགའ་ཚལ་དུ།།
འགྲོ་དྲུག་བུང་བའི་འཕུར་ལྡིང་གཡོ།།
ཕྱིན་དྲུག་སྦྲང་རྩིའི་སྐྱེས་དང་བཅས།།
དུས་དྲུག་དགའ་བདེས་འཚོ་བར་ཤོག།
བཞི་པ། དགེ་ཆོས་དང་ཆོས་ཀྱི་ཚིགས་སུ་བཅད་པ།
མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།།
མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙཱ་པ།།
ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློག་པ་ཞིག།
ད་ལྟ་མ་ག་ངྷ་ན་མཆིས་སོ་ལོ།།
ཞེས་དགེ་ཆོས་ལགས་ཀྱིས་དངོས་ཡོད་གནས་སྟངས་ཤིག་གསུངས་པ་ལྟར། བོད་ཀྱི་ལོ་ཙཱ་པ་རྒྱ་གར་དུ་ཕེབས་མཚམས་ཆད་དེ་མི་ལོ་བརྒྱད་བརྒྱ་ཙམ་གྱི་རྗེས་སུ་ལྟེ་ཁྲག་མདོ་ཁམས་སྨད་དུ་འཐོར་ཞིང་། མཚན་སྙན་གངས་ལྗོངས་བོད་ལ་ཁྱབ་པའི་དགེ་ཆོས་ལགས་ཀྱིས་ཁུར་ཙ་རྒྱབ་ཏུ་ཁུར། དབྱུག་པ་ཕྱག་ཏུ་ཐོགས་ཏེ་ཚ་གྲང་བཀྲེས་སྐོམ་གྱི་གདུང་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་རྒྱ་གར་འཕགས་པའི་ཡུལ་དུ་སླེབས་དུས། ཁོང་གི་མིག་ལམ་དུ་ཤར་བ་ནི། མི་རིགས་དང་དབུལ་ཕྱུག་གི་ཁྱད་པར་གནམ་སའི་བར་ལས་རིང་ཞིང་། ཆ་ལུགས་དང་རིག་གཞུང་གི་ཚཽར་བ་དམྱལ་བའི་རྩིས་ལས་ཞིབ་པའི་འཇིག་རྟེན་ཞིག་ཡིན་པས། ཡུལ་སྲོག་གོམས་འདྲིས་རིག་གཞུང་སོགས་ཕྱོགས་གང་སར་རེས་འགར་དགའ་དད་སྤྲོ་གསུམ་དང་སྐབས་རེར་བློ་ཕམ་ཡི་ཆད་མི་སྐྱེ་བའི་གནས་མེད་ཅིང་། འདོད་ཆགས་ཀྱིས་དབང་ཕྱུག་མགུ་བར་བྱེད་པའི་ཕྱི་རོལ་པ་དང་ཞེ་སྡང་གིས་ཨཱ་ལ་མཉེས་པར་བརྩོན་པའི་མུ་སྟེགས་པར་བར་གྱི་མཁྲེགས་འཛིན་གྱི་ལྟ་བ་དང་། རང་བཙན་གྱི་འདོད་བློའི་མེ་ལྕེ་དགུང་དུ་འབར་བའི་རྒྱ་གར་མི་དམངས་ཀྱི་སེམས་ཤུགས་དྲག་པོ་དང་དབྱིན་ཇི་དབང་སྒྱུར་བའི་གཉའ་གནོན་ཚད་མེད་སོགས་ཆོས་སྲིད་ཕྱོགས་གཉིས་ཀྱི་འཐབ་རྩོད་སྣ་ཚོགས་རུ་འཛིང་བའི་ཁྲོད། ཁོང་གིས་དབྱིན་ཡིག་དང་ལེགས་སྦྱར་གྱི་ཡི་གེ་གཉིས་ལ་སྦྱངས་བརྩོན་ལྷོད་མེད་གནང་ནས་མཐར་མར་སྐད་ཡིག་དེ་གཉིས་པོ་ཐོགས་མེད་དུ་ཀློག་སྒྱུར་གནང་ཐུབ་པ་བྱུང་སྟེ། སྤྱོད་འཇུག་ཆེན་མོ་དང་རྣམ་འགྲེལ་རྩ་བ་དབྱིན་སྒྱུར་གནང་རོགས་དང་། རྒྱ་གར་གྱི་ནང་པ་དང་ཕྱི་པའི་བསྟན་བཅོས་རེ་ཟུང་བོད་ཡིག་ཏུ་བསྒྱུར་པ་རེད།
དེ་དག་ལས་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་དང་དཔལ་ནག་པོའི་གླུ་སོགས་རེ་ཞིག་ཟུར་དུ་བསྐྱུར་ཏེ། རང་རེའི་སྟོན་པ་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དེས་གདུལ་བྱ་སོ་སོའི་ཁམས་དང་བསམ་པ་བག་ལ་ཉལ་ཇི་ལྟ་བ་བཞིན་གཟིགས་ཏེ། རང་རང་གི་རྒྱུད་ཚོད་དང་མཐུན་པར་གསུངས་པའི་བཀའ་དྲི་མ་མེད་པ་ཇི་སྙེད་ཅིག་གསུངས་པའི་ནང་ཚན། གནས་བརྟན་སྡེ་བའི་དཔེ་ཁྲོད་དུ་བཞུགས་པའི་<<ཆོས་ཀྱི་ཚིགས་སུ་བཅད་པ་>>ཞེས་པ་ལེའུ་ཉེར་དྲུག་ཅན་དེ་སིང་ག་ལའི་དཔལ་རལ་གྲིའི་རི་བོའི་དགོན་པར་གནས་བརྟན་ཆེན་པོ་ངྷརྨཱནྡའི་ཞབས་ལ་གཏུགས་ཏེ་བོད་ཡིག་ཏུ་བསྒྱུར་པའི་ཤོ་ལོ་ཀ་རེ་ཟུང་ཞིག་ལ་དབྱེ་ཞིབ་ཕྲན་ཙམ་ཞུའོ།།
ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ། ཡིད་ནི་གཙོ་ཞིང་སྔོན་ལ་འགྲོ།། གལ་ཏེ་ཡིད་ནི་རབ་དྭངས་པས།། སྨྲས་སམ་ཡང་ན་བྱས་ཀྱང་རུང་།། དེ་ལ་དེ་ཡིས་བདེ་བ་ཐོབ། གྲིབ་མ་ཡོལ་བར་མི་འགྱུར་བཞིན།། ཞེས་དང་། སྡུག་ལ་རྗེས་སུ་ལྟ་བ་ལ་གནས་ཤིང་།། དབང་པོ་མ་བསྡམས་ཟས་ཀྱི་ཚོད་མི་རིག།། ལེ་ལོ་ལྡན་ཞིང་བརྩོན་འགྲུས་དམན་པ་དེ།། སྟོབས་མེད་ཤིང་ལ་རླུང་བཞིན་བདུད་ཀྱིས་བརྫི།། ཞེས་དང་། ལུས་འདི་ན་བུན་ལྟ་བུར་རིག་བྱས་ཤིང་།། ཆོས་ནི་སྨུག་རྒྱུ་ལྟ་བུར་མངོན་ཤེས་པ།། བདུད་ཀྱི་མེ་ཏོག་མདའ་མོ་བཅག་ནས་ཀྱང་།། འཆི་བདག་རྒྱལ་པོས་མཐོང་བ་མེད་པར་འགྲོ།། ཞེས་དང་། ཇི་ལྟར་ཕྱུགས་རྫིས་དབྱུག་པ་ཡིས།། ཕྱུགས་རྣམས་ལྷས་སུ་འདེད་བྱེད་པ།། དེ་བཞིན་སྲོག་ཆགས་རྣམས་ཀྱི་ཚེ།། རྒ་དང་འཆི་བས་འདེད་པར་འགྱུར།། ཞེས་དང་། ཤ་དང་ཁྲག་གི་འདམ་བྱུགས་པའི།། རུས་པས་གྲོང་ཁྱེར་བྱས་པ་དེར།། རྒ་བ་དང་ནི་འཆི་བ་དང་།། ང་རྒྱལ་དང་ནི་བསླུ་བྲིད་གནས།། ཞེས་དང་། ཁྱོད་ནི་ལོ་མ་སྐྱ་བོ་འདྲ།། གཤིན་རྗེའི་སྐྱེས་བུས་ཁྱོད་ལ་སྒུག། ཁྱོད་ནི་འཆི་བའི་ཁ་ན་གནས།། ཁྱོད་ལ་ལམ་རྒྱགས་དག་ཀྱང་མེད།། ཅེས་དང་། དེ་བཞིན་གཤེགས་པས་གསུངས་ཙམ་སྟེ།། ཁྱེད་ཅག་ལས་ལ་འབད་པར་མཛོད།། བསྒོམ་པས་སྙོམས་པར་ཞུགས་པ་ཡིས། བདུད་ཀྱི་འཆིང་བ་རྣམ་གྲོལ་འགྱུར།། ཞེས་དང་། ཇི་སྲིད་མི་ནི་བུད་མེད་ལ།། འདོད་པ་རྡུལ་ཙམ་མ་ཆོད་ཀྱང་།། ཕྲུ་གུ་འོ་འཐུང་མ་ལ་བཞིན།། དེ་སྲེད་དེ་ནི་ཕྱིར་ཞིང་འཆིང་།། གཅིག་བུར་བདག་ཉིད་ཐུལ་བ་རྣམས།། ནགས་ཀྱི་མཐར་ནི་དགའ་བར་འགྱུར།། ཞེས་དང་། ངོ་མི་ཚ་ལ་ངོ་ཚ་ཞིང་།། ངོ་ཚ་བ་ལ་ངོ་ཚ་མེད།། རྫུན་གྱི་ལྟ་བ་རབ་བླངས་པའི།། སེམས་ཅན་རྣམས་ནི་ངན་སོང་འགྲོ།། ཞེས་དང་། སྲེད་པས་འཁྲིད་པའི་སྐྱེ་བོ་རྣམས།། རི་བོང་རྙི་ཡིས་ཟིན་བཞིན་འཁོར།། དེས་ན་བདག་ཆགས་འབྲལ་འདོད་པའི།། དགེ་སློང་སྲེད་པ་མི་འབྱུང་ཚལ།། ཞེས་དང་། གྲུ་ཆར་གྱིས་ནི་མེ་ཏོག་གི། འདབ་མ་རྙིང་པ་ལྟུང་བར་བྱེད།། དེ་བཞིན་ཆགས་དང་སྡང་བ་ཡང་། དགེ་སློང་རྣམས་ཀྱིས་སྤོང་བར་གྱིས།། ཞེས་དང་། བླུན་པོ་རལ་པས་ཁྱོད་ལ་ཅི།། པགས་པའི་གཡང་གཞིས་ཁྱོད་ལ་ཅི།། ཁྱོད་ཀྱི་ནང་ནི་བཙོག་པས་གང་།། ཕྱི་རོལ་ཡོངས་སུ་བཀྲུ་བར་བྱེད།། ཅེས་དང་། ངུར་སྨྲིག་སྐེད་དཀྲིས་གྱུར་པ།། སྡིག་པའི་ཆོས་ཅན་མ་བསྡམས་པའི།། སྡིག་ཅན་དེ་དག་ཕལ་མོ་ཆེ།། སྡིག་པའི་ལས་ཀྱིས་དམྱལ་བར་སྐྱེ།། ཞེས་དང་། དཔེར་ན་ཀུ་ཤ་འཛིན་ཉེས་ན།། ལག་པ་རྗེས་སུ་གཅོད་པ་བཞིན།། དགེ་སྦྱོང་་ཉིད་དུ་སྤྱོད་ཉེས་ན།། དམྱལ་བ་དག་ཏུ་འདྲེན་པེ་བྱེད།། ཞེས་གསུངས་པ་སོགས་གསེར་སྲང་སྟོང་གིས་མི་ཁུགས་པའི་རྡོ་རྗེའི་གསུང་དབྱངས་ཟབ་མོ་འདི་དག་གསུང་མཁན་དེ་ཐུབ་པའི་དབང་པོ་དང་སྒྱུར་མཁན་དེ་མཁས་དབང་དགེ་ཆོས་ལྟ་བུ་ཡིན་པས། བརྗོད་བྱ་རྗོད་བྱེད་གང་ནས་ཀྱང་བསྐལ་བ་བརྒྱ་ཕྲག་ཏུ་མཇལ་དཀའ་བའི་གཅིག་ཆོག་སྨན་གྱི་ལྗོན་པ་ལྟ་བུ་ལགས་ན། དགེ་ཆོས་ལགས་ཀྱིས་དཀའ་བ་ཆེན་པོས་སྒྱུར་གནང་མཛད་པའི་ལེགས་བཤད་འདི་དག་ཚིག་ཙམ་མིན་པའི་ཉམས་ལེན་དང་། ད་ཕན་ཆོས་ཀྱི་ཚིགས་སུ་བཅད་པ་འདིའི་ནང་གི་ཤོ་ལོ་ཀ་རེ་ཟུང་བཀའ་བསྟན་གྱི་ཁྲོད་ནས་མཇལ་རྒྱུ་ཡོད་ཀྱང་། གཞུང་ཆ་ཚང་བ་ཞིག་སྔོན་གྱི་ལོ་ཙཱ་བ་སུས་ཀྱང་བསྒྱུར་མེད་པ་འདྲ་བས། དགེ་ཆོས་ཀྱི་དཀའ་སྤྱད་ལས་བྱུང་བའི་རྒྱལ་བའི་གསུང་ཟབ་འདི་དག་བཀའ་འགྱུར་གྱི་ཁྲོད་དུ་གདན་འདྲེན་ཞུ་དགོས་ནའང་། དགེ་ཆོས་ལགས་རྐྱེན་ངན་གྱིས་གྲོངས་པ་ནས་ཡུན་རིང་མལོན་པར་བོད་ལ་དུས་འགྱུར་གནམ་ས་གཡོ་བ་ལྟ་བུ་བྱུང་ཞིང་། བསྟན་པ་ཕྱི་དར་གྱི་སྐབས་འདིར་ཡང་། སྒྱུར་མཁན་གྱི་ཁ་སྟབས་ལ་གཟིགས་པ་ཡིན་ནམ་༼བོད་རྙིང་པའི་བཀའ་བློན་ཀ་ཤོད་པས། དགེ་ཆོས་ལ་ཁྱོད་ནི་མཚོ་སྣ་བ་སུར་པན་འཚོང་མཁན་འདྲ་བོ་འདུག་ཟེར་ནས་མཐོང་ཆུང་བྱས་པ་རེད།༽ གང་ལྟར་དགེ་བཤེས་ཤེར་རྒྱལ་པས་གཞུང་འདིའི་དབུ་ན་བཞུགས་པའི་རྒྱ་སྐད་ངྷརྨཔད་ཞེས་པ་ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་བསྒྱུར་པར་དོགས་སློང་ཞིག་མཛད་པ་མ་གཏོགས་སྔ་ཕྱིའི་མཀས་པའི་ཁྲོད་དུ་གསུང་ཟབ་འདིར་དོ་སྣང་བྱེད་མཁན་ཞིག་མ་བྱུང་བས།། རྒྱལ་བའི་བཀའ་ལ་གཅེས་སྤྲས་བྱེད་མཁན་རེ་མཆིས་ཚེ། དགེ་ཆོས་ཀྱིས་བསྒྱུར་པའི་<<ཆོས་ཀྱི་ཚིགས་སུ་བཅད་པ་>>འདི་བཀའ་འགྱུར་གྱི་ཁྲོད་དུ་གདན་འདྲེན་ཞུ་རོགས་ཞེས་ཉམ་ཆུང་ཁོ་བོས་ལག་གཉིས་སྤྱི་བོའི་གཙུག་ཏུ་ཐལ་མོ་སྦྱར་ཏེ་ཞུ་བ་ལགས་སོ།།
མི་ཡུལ་འགྲིམ་པའི་དཀའ་སྤྱད་རྒྱང་བསྲིང་ཏེ།།
མི་མཆོག་སྟོན་པའི་གསུང་ཟབ་བསྒྱུར་པ་འདི།།
མི་ཡི་ཕྱི་གཟུགས་ཙམ་ལ་མི་བལྟ་བར།།
མིོ་རིང་བཀའ་འགྱུར་ཁྲོད་དུ་འདྲེན་པར་རིགས།།
དགེ་ལ་འདུན་ཞིང་དམ་ཆོས་འཕེལ་བའི་སྨན།།
འཕེལ་འགྲིབ་ཆོས་ལ་དཔྱོད་འདུན་དགེ་བ་ཅན།།
ཁྱོད་ཀྱི་རྣམ་དཔྱོད་འོད་དམར་རྡུལ་རེས་ཀྱང་།།
མོས་ལྡན་ཡིད་ཀྱི་འདབ་རྒྱར་ལང་ཚོ་བསྐྲུན།།
ལྔ་པ། དགེ་ཆོས་དང་འདོད་པའི་བསྟན་བཅོས།
བོད་ནང་གི་བུད་མེད་རྩོམ་པ་པོ་ཞིག་གིས་བོད་རིགས་བུད་མེད་ཀྱི་ལས་དབང་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་བའི་ནང་དུ། འདོད་པའི་བསྟན་བཅོས་ཀྱི་ཤོ་ལོ་ཀ་རེ་ཟུང་ལུང་འདྲེན་བྱས་པ་དེས། སྤྱི་ཚོགས་ཁྲོད་མངོན་གསལ་དོད་པོ་མེད་པའི་འདོད་པའི་བསྟན་བཅོས་དེ་མངོན་མེད་དུ་ཀློག་མཁན་གྱི་ཤེས་ཡོན་ཅན་སྐོར་ཞིག་ཡོད་ཅིང་། འདོད་བསྟན་གྱི་ཚིག་སྦྱོར་དང་ནང་དོན་ཕུན་སུམ་ཚོགས་པ་དེས་ཁོ་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་གི་ཡོད་པ་ཚོད་དཔག་བྱེད་ཐུབ།
ཕལ་ཆེར་སྤྱི་ལོ་༡༩༩༠ལོའི་དབྱར་གཞུང་མིན་ནམ་དེ་དུས་ཀྱི་ཉིན་ཞིག་ཁོ་བོ་ཐར་ཤུལ་དགོན་གྱི་འདབས་སུ་ཡོད་པའི་སྤང་ལྗོངས་ཟ་འོག་ཐང་ལ་བཏིངས་འདྲ་ཞིག་ཡོད་པ་དེར་འཆམ་འཆམ་ལ་ཕྱིན་པ་ན། ཆོས་གྲོགས་སངས་རྒྱས་ཟེར་བ་ཞིག་ཡོད་པ་དེས་སྤང་ཁུག་གཅིག་ན་ལག་ཏུ་དེབ་ཅིག་བཟུང་སྟེ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཀློག་བཞིན་འདུག་ཅིང་། མཚམས་རེར་སྐེ་དཀྱོགས་ཏེ་ཁོའི་སར་མི་གཞན་པ་ཡོང་མིན་ལ་ལྟ་བཞིན་འདུག སྐབས་དེར་ངའི་སེམས་ལ་ཁོས་དེ་འདྲའི་ཉེན་ཁ་ཅན་གྱི་དེ་ཅི་ཞིག་ཀློག་གི་ཡོད་དམ་སྙམ་བཞིན་ག་ལེར་ཁོའི་འགྲམ་དུ་བཅར་བ་ཡིན། ངས་ཁོ་མཐོང་བའི་སྐབས་དེར་ཁོའི་གདོང་ཡོངས་དམར་པོར་གྱུར་ཅིང་། དཔྲལ་བར་ཁྲག་རྩ་སྦོམཔོ་འགའ་མངོན་ཏེ་དེབ་དེའི་ནང་གི་བྲོ་བ་གང་མང་ཞིག་མྱོང་བཞིན་འདུག ངས་ཁོ་ལ། ཝེ། ཁྱོད་ཀྱིས་ནམ་རྒྱུན་དཔེ་དེབ་ལག་ཏུ་མི་ལེན་པར་དེ་རིང་ངོ་མཚར་བའི་དེབ་ཅི་ཞིག་ཀློག་གི་ཡོད་ཅེས་བཤད་པ་ན། ཁོ་གད་མོ་ཞིག་བགད་དེ། དེབ་དེའི་རྒྱབ་ཤ་ང་ལ་སྟོན་ཙམ་བྱས་བྱུང་བས། ངས་གཟབ་གཟབ་ཀྱིས་ཐེངས་ཤིག་བལྟས་པ་ན། དེབ་དེ་ནི་རྒྱལ་ཁབ་ཀྱི་པར་ཁང་ནས་པར་སྐྲུན་བྱས་པ་ཞིག་མིན་པར་མི་སྒེར་པས་ལྕགས་པར་བརྒྱབ་པ་ཞིག་རེད་འདུག་ཅིང་། དེབ་བྱང་ལ་<<འདོད་པའི་བསྟན་བཅོས་>>ཞེས་པའི་ཡིག་འབྲུ་འགའ་འདུག ངས་ཁོ་ལ་དེབ་དེ་ག་རེའི་སྐོར་ལ་རེད་ཅེས་དྲིས་པ་ན། ཁོས་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་འདོད་ཆགས་ཀྱི་སྐོར་དེ་འདྲ་རེད། ངས་ནི་དགོན་པའི་ནང་ཀློག་མ་ནུས་པར་འདིར་ཡོང་ནས་ཀློག་བཞིན་ཡོད་ཟེར། ངས་ཁོ་ལ། ངས་ལྟ་ཙམ་བྱས་ན་འགྲིག་གི་རེད་དམ་ཞེས་དྲིས་པ་ན། ཁོས་འགྲིག་གི་མ་རེད། ངས་བཀླགས་ཚར་རྗེས་གྲྭ་པ་གཞན་སུ་ཞིག་ལ་ཡང་མ་བསྟན་པར་མེ་ལ་བསྲེག་གི་ཡིན་ཟེར་བས། ང་ཡང་བསྐྱར་ཁོ་ལ་ཨུ་ཚུགས་རྒྱག་མ་ཤེས་པར་བཞག་པ་ཡིན།
དེ་ནས་ལོ་གཅིག་གི་རྗེས་སུ་བླ་བྲང་བཀྲིས་འཁྱིལ་ལ་དོན་དག་ཅིག་གི་ཆེད་དུ་སོང་སྐབས། དེབ་ཚོང་ཁང་ཞིག་གི་ནང་དུ་སྣུམ་པར་བརྒྱབ་པའི་འདོད་པའི་བསྟན་བཅོས་ཤིག་བཙོང་གི་ཡོད་པ་མཐོང་ཞིང་། དེར་ལྟ་འདོ་ཆེན་པོ་ཞིག་བྱུང་ཡང་སེམས་སུ་སྡོམ་པ་མེད་པར་ལུས་ལ་གྲྭ་ཆས་ཤིག་གྱོན་ཡོད་པས་མངོན་གསལ་དོད་པོར་དེབ་དེ་ཉོ་བའི་སྤོབས་པ་མ་སྐྱེས་པར་རྒྱབ་ངོས་ཀྱི་དེབ་བྱང་ལ་རྒྱང་ལྟ་རེ་བྱས་ནས་མི་འཇོག་ཐབས་མེད་དུ་གྱུར། ཡིན་ཡང་རྗེས་ཀྱི་ཉིན་ཞིག་ཁོ་བོའི་ལག་ཏུ་སྣུམ་པར་འདོད་བསྟན་དེའི་ཤོག་ངོས་གཉིས་ཙམ་ཞིག་སུས་ཁྱེར་ཡོང་བ་མི་དྲན་པར་རེག་བྱུང་བས། དོ་སྣང་ཆེན་པོས་ཀློག་སྐབས་དེ་ལ་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་འདོད་པ་ཁོང་ནས་སློང་བར་བྱེད་པའི་སྒྱུ་རྩལ་གྱི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ལྡན་པས། ཁོ་བོ་ལྟ་བུ་ཉོན་མོངས་དུག་གསུམ་གྱི་བྲན་གཡོག་ཅིག་ནི། འདོད་བསྟན་གྱི་ཡིག་ཕྲེང་རེ་རེ་དང་མཉམ་དུ་འདོད་ཆགས་ཀྱི་མེ་ལྕེ་གྱེན་དུ་འབར་ཞིང་། ལིང་གའི་མེ་ཏོག་གི་རྩེ་རུ་གཡའ་ཆུའི་ཟེའུ་འབྲུ་དབང་མེད་དུ་ལྡེམ་པ་ཞིག་ཏུ་གྱུར་སོང་བས། གལ་སྲིད་དེབ་དེའི་ཧྲིལ་བོ་ཞིག་བཀླགས་པ་ཡིན་ན་འདོད་ཆགས་ཀྱི་མགོ་མནོན་མ་ཐུབ་པར་སེར་གཟུགས་འདི་ཉི་མ་གཅིག་དང་ཐ་ན་ཆུ་ཚོད་གཅིག་གི་ཡུན་ལ་ཡང་ཚོད་འཛིན་མི་ཐུབ་པར་ཚངས་སྤྱོད་ཀྱི་སྡོམ་པའི་མེ་ཏོག་དེ་སིམ་བདེའི་འདམ་རྫབ་ཁྲོད་དུ་འདོར་ངེས་རེད་བསམས་པ་ཞིག་བྱུང་།
གང་ལྟར་དེ་དུས་འདོད་པའི་བསྟན་བཅོས་ཀློག་སྐབས་སུ་དེང་དུས་སྒྲུང་རྩོམ་འབྲི་མཁན་ཚོར་རྗོད་བཞིན་པའི་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་ཕྱིར་མངོན་ཞེས་པའི་ནང་གི་ཆགས་པའི་རྣམ་པ་ཕྱིར་མངོན་བྱེད་ཅིག་བྱུང་སོང་བ་མ་གཏོགས། དེའི་ནང་དུ་བརྗོད་པའི་བུད་མེད་ཀྱི་ལས་དབང་དང་འབྲེལ་བའི་ལེགས་བཤད་རྨད་དུ་བྱུང་བ་དེ་ཚོར་མཉམ་འཇོག་ཆེར་མ་བྱས།
རྗེས་སུ་རྒྱ་གར་དུ་སླེབས་ནས་བོད་གཞུང་ཤེས་རིག་པར་མའི་འདོད་པའི་བསྟན་བཅོས་ཤིག་རེག་སྟེ་བཀླགས་པ་ན། འདོད་པའི་ཁམས་ཀྱི་འདོད་ཡོན་སྣ་ལྔའི་རོ་བཅུད་གཅིག་ཏུ་བསྡུས་པའི་ཉིང་ཁུ། མཐོ་རྒྱལ་པོ་ནས་དམའ་སྤྲང་པོ་བར་གྱི་མཆོག་དམན་དུ་མས་ཉམས་སུ་མྱོང་ཐུབ་པའི་རིས་མེད་ཁྱབ་བརྡལ་གྱི་བདེ་ཆེན་ཉག་གཅིག ཡར་སངས་རྒྱས་དང་མར་ངན་སོང་གཉིས་ཀྱི་ས་རུ་བགྲོད་པའི་ཁ་ལོ་སྒྱུར་ཆོག་པའི་བགྲོད་བྱེད་དམ་པ། སྲིད་པ་དུག་སྦྲུལ་གྱི་ཚང་ཚིང་འཁྲིགས་པའི་དཀྱིལ་དུ་ཡང་དགའ་བདེའི་སིམ་པ་ཞིམ་པོ་སྟེར་བའི་བརྩེ་ལྡན་མ་མ། འདོད་ཡོན་ཕལ་གྱིས་འགྲན་པར་མི་ནུས་པའི་དབང་པོ་གཉིས་སྦྱོར་གྱི་བདེ་དགའ་རྒྱ་མཚོའི་གཏེར་ཆེན། སྒྱུ་རྩལ་དྲུག་ཅུའི་རང་མདངས་གསལ་བར་སྟོན་པའི་དྭངས་ཤེས་འཕྲུལ་གྱི་མེ་ལོང་། ཕོ་མོའི་འཇིག་རྟེན་ཆེན་པོ་གཉིས་དམ་དུ་སྦྲེལ་བར་བྱེད་པའི་མཛའ་བརྩེའི་གསེར་ཞགས་རིང་མོ། འཇིག་རྟེན་གྱི་སྒྲ་སྙན་འབུམ་གྱིས་བསྒྲུན་དུ་མི་བཟོད་པའི་རྩེ་དགའི་མགྲིན་དབྱངས་སྟོང་གི་ཕ་ས་སྨུག་པོ། དེ་དང་དེ་ལ་སོགས་པའི་རྨད་བྱུང་བསྔག་འོས་ཡོན་ཏན་འབྱམས་སུ་ཀླས་པའི་གཏེར་མཛོད་ཆེན་པོ་སྟེ། འདོད་པའི་བསྟན་བཅོས་དྲི་ཞིོམ་མེ་ཏོག་དཀྲིགས་པའི་སྐྱེད་ཚལ་ཡངས་པོར། ཚུལ་འཆོས་དང་ཟོག་རྫུའི་ཕྱི་གོས་གང་ཡིན་དཔག་ཚད་སྟོང་གི་ས་འོག་ཏུ་སྦས་ཏེ། བདེ་ཆེན་ལིང་གའི་འཁྲི་ཤིང་དམར་པོ་ཟིལ་ཆུའི་མེ་ཏོག་སྦྲང་རྩིའི་བཅུད་ཀྱིས་སྦགས་པ་དེ་ཉིད། སྟོང་གཟུགས་བྷ་གའི་དཀྱིལ་འཁོར་ཟབ་མོ་ཤུགས་འབྱུང་རྩེ་དགའི་དྲོད་དང་ལྡན་པའི་ནང་དུ་ཞུགས་ཏེ། འཇིག་རྟེན་མ་དག་པའི་འདོད་ཆགས་ཟ་ཟི་དང་རབ་རིབ་ཀྱི་སྨུག་པའི་སེང་རས་དུམ་བུར་གཏུབས་ནས། དགའ་བའི་དགའ་བ་ནས་ལྷན་ཅིག་སྐྱེས་དགའི་དགའ་བའི་བར་གྱི་བརྒྱད་གཉིས་ལང་ཚོའི་ཁོ་ལག་ཡོངས་སུ་རྫོགས་པའི། མཐའ་བྲལ་དོན་གྱི་དབུ་མ་ཆེན་པོ་ཆོས་ཉིད་དོན་གྱི་སྙིང་སྡུག་གང་ཡིན་དེར་བདེ་བླག་ཏུ་འཕྲད་པའི་འཇུག་ངོགས་དེ་རུ་ཐེངས་གཅིག་མིན་པར་སླེབས་ན་ཡང་། འོད་གསལ་སེམས་ཀྱི་གཤིས་ལུགས་དྭངས་མའི་རྦ་རླབས་གྲངས་མེད་ཅིག་ཅར་ངར་འཛིན་ཁྲག་གི་རྒྱ་མཚོར་ནུབ་སྟེ་ལྷན་སྐྱེས་ཡེ་ཤེས་ཀྱི་ཉི་ཟླའི་ལང་ཚོ་དར་བའི་སྐལ་བ་ནི་ད་དུང་མ་བྱུང་ངོ་།།
དགེ་ཆོས་ཀྱིས་འདོད་པའི་བསྟན་བཅོས་ཀྱི་ནང་དུ་བསྟན་པའི་མིའི་རིགས་ཀྱི་རླབས་ཆེ་བའི་མ་ཡུམ་ཚོའི་ལས་དབང་སྟེ། ཆོས་ལུགས་དང་ཡུལ་སྲོལ་གྱིས་བརྩིགས་པའི་འཇིགས་རུང་ཁྲིམས་ཀྱི་ལྕགས་མཁར་སྒོ་མེད་ཅིག་ཏུ། སྐྱིད་དུས་རྩེ་དགའི་གྲོགས་མོ་དང་སྡུག་དུས་མེ་རུ་གསོན་སྲེག་བྱེད་པའི་མི་ཡུལ་གྱི་གདོན་འདྲེའི་ཁྲོད་ན། ལང་ཚོའི་མྱོས་བུམ་དང་འདོད་པའི་བྷ་གའི་མཆོད་སྤྲིན་འགོ་བའི་ལྷ་དང་འདྲིས་པའི་མི་ལ་ཕངས་མེད་དུ་ཕུལ་ཀྱང་། ལྷ་གཉན་པོའི་མདུན་དུ་འགྲོ་ས་མེད་ཅིང་། མི་ཆེན་པོའི་མདུན་དུ་ཐོབ་ཐང་བྲལ་བའི་འཇིག་རྟེན་ཞིག་སྐྱོང་བཞིན། བྱང་ཐང་གི་ཡུ་མོའི་སྐྱོ་གཞས་ཀྱི་ཟབ་ཚད་འཇལ་གྱིན་ཡོད་པའི་སྣང་བརྙན་ཞིག་ང་ཚོའི་ཆུ་བུར་མིག་གི་ལྟད་མོ་རུ་བཤམས་འདུག་ཀྱང་། དེ་ལ་ཐུགས་ཁུར་གནང་མཁན་གྱི་གྲོགས་པོ་ཞིག་བདག་གིས་ད་དུང་རྙེད་མ་བྱུང་། དཔེར་ན། འདི་ལོའི་དཔྱིད་ཀར་བདག་རྒྱ་གར་བྱང་ཕྱོགས་ཀྱི་སྡེ་ར་སྡུན་ར་ཇུ་པུར་བདེ་སྐྱིད་གླིང་གཞིས་ཆགས་སུ་ཡོད་སྐབས། ངེད་ཀྱི་གྲོགས་པོ་ཞིག་གིས་ཁོའི་ཚེ་གཅིག་ལས་ཀྱི་བཟའ་ཟླར་༼ཁོ་གཉིས་ལ་གཅེས་སུ་འོས་པའི་བུ་ཆུང་ཞིག་ཀྱང་སྐྱེས་ཡོད༽གདུག་རྩུབ་ཆེན་པོས་གཙར་རྡུང་བྱས་ཏེ་ཡན་ལག་སྟེང་དུ་ཁྲག་མདོག་སྐྲང་འབུར་ཐོན་འདུག་ཅིང་།
ཉིན་ཞིག་གི་དགོང་མོར་གྲོགས་པོ་གང་དེའི་ཁོག་པར་འཇིགས་སུ་རུང་བའི་གདོན་འདྲེ་ཞིག་འཛུལ་བ་ལྟར་ལག་གུ་ཤ་གཙབ་བྱེད་ཀྱི་གྲོ་རྣོན་པོ་ཞིག་ཐོགས་ཏེ། ཁ་ནས། རྒྱལ་བ་བསྟན་འཛིན་རྒྱ་མཚོ། ངས་དེ་རིོང་མོ་གསོད་མ་ཐུབ་ན། ཞེས་པའི་ངར་སྐད་འབྱིན་བཞིན་ཕ་གསོད་ཀྱི་ལག་དམར་མཐོང་བ་ལྟར་ང་ཚོས་བཀག་ཀྱང་མི་ཉན་པར་བཟའ་ཟླ་ཉམ་ཆུང་དེ་འཇིགས་སྣང་གིས་སྒོའི་ཕྱིར་བྲོས་པའི་རྗེས་བསྙེགས་པའི་ཟློས་གར་སྐྱུག་བྲོ་ལ་ཡི་ཆད་པ་ཞིག་འཁྲབས་ཤིང་། གཞིས་ཆགས་དེའི་ཁོངས་ཀྱི་རྒན་དར་གཞོན་གསུམ་མང་པོ་ཞིག་གིས་ལག་ཁྱེར་ཉོ་མི་དགོས་པའི་རིན་མེད་ཀྱི་ལྟད་མོ་དེར་ལྟ་བཞིན་མཐོང་ཆུང་གི་ཁྲེལ་དགོད་བྱས་པའི་ངང་ཚུལ་དེ། ཉིན་འགའི་རྗེས་སུ་རྡ་སར་སླེབས་ནས་གྲོགས་པོ་ཞིག་ལ་བརྗོད་པ་ན། ནམ་རྒྱུན་འགྲོ་བ་མིའི་སྐྱོ་གདུང་སྙན་ངག་ཏུ་བྲིས་ཏེ་བོད་ནང་སྐད་གྲགས་གང་འཚམ་ཡོད་པའི་གྲོགས་པོ་ཆེ་གེ་མོ་དེས་ཀྱང་ཡིད་ཚིམ་པའི་རྣམ་འགྱུར་དང་བཅས། དེ་འགྲིག་གི་རེད། བུད་མེད་དེ་ཚོར་རྡུང་རྡེག་མ་བཏང་ན་ལང་ལ་ཤོར་གྱི་རེད། ཨ་མདོའི་ཕོ་གསར་གྱི་ཁྲོད་དུ་ཡང་བུད་མེད་ཀྱི་མགོ་གནོན་མ་ཐུབ་པར་ལང་ཤོར་དུ་བཏང་བའི་མི་རེ་ཟུང་ཡོད། ཟེར་བས། ང་ནི་མིག་མདུན་གྱི་སྙན་ངག་པ་སྐྲ་རིང་པོ་ཅན་འདིར་ལྟ་བཞིན་སེམས་ཕམ་པ་ལ་ཚད་མེད་པ་ཞིག་བྱུང་སྟེ། ང་ཚོའི་སྤྱི་ཚོགས་འདི་ཕོ་མོ་འདྲ་མཉམ་གྱི་དམངས་གཙོའི་ལམ་ཁ་ཞིག་ཏུ་སྐྱོད་ཀྱི་ཡོད་པ་མ་རེད་དམ། དེ་འདྲ་བཤད་ན་འགྲིག་གི་ཨེ་ཡོད། ཅེས་བཤད་པས། ཁོས། སྐྱག་པའི་དམངས་གཙོ། བུད་མེད་ལ་དམངས་གཙོ་སྤྲོད་དང་ཉི་མ་གཅིག་ཁྱོད་ཀྱི་ཁ་ནང་ལ་གཅིན་པ་གཏོང་གི་རེད། བུད་མེད་ཚོ་ལང་ལ་ཤོར་དུ་འཇུག་ག་ལ་ཉན། ཚོད་དཔག་བྱས་ན་རྗེས་མ་ཁྱོད་ཀྱིས་གསང་ཡུམ་ཞིག་བཞེས་ཚེ་ཁྱོད་རང་གསང་ཡུམ་ལ་སྐྲག་མཁན་ཞིག་ཏུ་འགྱུར་བ་ཐག་གིས་ཆོད། ཟེར་བས། ངས་ལན་དུ། ང་ཚོ་དེབ་མང་པོ་ཀློག་མྱོང་མཁན་ཡོན་ཏན་ཅུང་ཟད་ཡོད་མཁན་ཚོས་ཀྱང་ཕོ་མོ་འདྲ་མཉམ་ཀྱི་ལྟ་བ་ལག་ལེན་མ་བྱས་ཚེ། འཇིག་རྟེན་འདི་ག་འདྲ་ཞིག་ཏུ་འགྱུར་གྱི་རེད་ཅེས་བཤད་རྗེས་ངེད་གཉིས་ཀྱི་རྩོད་པ་དེ་མཚམས་བཞག་ཀྱང་། ཉིན་དེར་ངའི་སེམས་ཁོང་ཧྲིལ་བོ་སྐྱོ་གདུང་གི་སྨུག་ཞགས་ཤིག་གིས་དཀྲིས་ཏེ་ཤེས་པ་རྣལ་དུ་མི་གནས་པ་ལྟ་བུར་གྱུར།
དེང་སྐབས་མུ་སྟེགས་པའི་ཕ་ས་དང་ཀླ་ཀློའི་བསྟི་གནས་སུ་གྱུར་བའི་རྒྱ་གར་དང་བལ་ཡུལ་དུ། གནའ་ནས་བཟུང་སྟེ་དམན་ཆུང་བུ་མོའི་ལུས་རྟེན་དེ་ནི་འདོད་པའི་རྩེ་དགའ་ལ་ལོངས་སུ་སྤྱོད་སྐབས་བདུད་རྩིའི་གོང་བུ་ཞིག་ཏུ་ངོས་འཛིན་གྱིས་ལག་པས་བྱུག་ཅིང་ལྕེ་ཡིས་ལྡག་པ་སོགས་ཕྱི་ཚུལ་བཅོས་མའི་རྣམ་འགྱུར་བླ་ནམེད་པ་ཞིག་སྟོན་པ་དང་། ནམ་ཞིག་ཁྱོ་བྲལ་གདུང་བའི་ནགས་ཀླུང་སྟུག་པོའི་གསེབ་ཏུ་སྐྱོ་བའི་འདྲེན་བྱེད་རིག་རིག་ཏུ་བགྲད་དེ་སྡོད་སྐབས། དེ་སྔའི་བདུད་རྩིའི་བུམ་པ་དེ་རྒུད་པའི་གོང་བུ་ཞིག་ཏུ་བལྟས་ནས་གཤིན་པོའི་རོ་དང་ལྷན་ཅིག་འཇིགས་སུ་རུང་བའི་མེ་ལྕེའི་ཀློང་དུ་གསོན་སྲེག་བྱེད་སྐབས་སུ་དགའ་བའི་གད་མོ་དང་སྐྱིད་པའི་ཞབས་བྲོ་རྡུང་བའི་ལུགས་སྲོལ་དེ་དེང་དུས་ཕལ་ཆེར་མི་སྣང་ཞིང་། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་སྐབས་ཀྱི་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་བལ་བོའི་དམག་གིས་འཇུས་ཏེ་རྒྱལ་ས་ཀ་ཐ་མན་ཀྲུ་རུ་ཡོད་སྐབས། ཁོང་གིས་མཐོང་བའི་བུད་མེད་གསོན་སྲེག་གི་སྐོར་ཅུང་ཟད་ཁོང་གི་རང་རྣམ་ནང་བྲིས་པ་འདི་ལྟར།
“དེ་དུས་ཕར་ཚུར་འགྲོ་འདུག་བྱེད་དུས་ཡམ་བུའི་ཡུལ་གྲོང་གི་ཕྱོགས་ཕན་ཚུན་དུ་བུད་མེད་གསོན་བསྲེགས་བྱེད་པ་ཁ་ཤས་མཐོང་བྱུང་བ་ནི། ཀུན་མཁྱེན་ལྔ་བ་ཆེན་པོའི་གསུང་ལས། པདྨའི་འདབ་འདྲའི་གོས་ཀྱི་རེག་བྱས་ཀྱང་།། ལུས་ལ་རྩུབ་སྙམ་བྱེད་པའི་སྨིན་ལེགས་མ།། བདག་པོའི་ར་དང་ལྷན་ཅིག་བསྲེག་ཁང་དུ།། རབ་འབར་མེ་ཡིས་གདུངས་པ་སུ་ཡིས་བཟོད།། ཅེས་གསུངས་པ་ལྟར། གོར་ཥ་ཆོས་ལུགས་འདི་ནི་ཕྱི་རོལ་པ་བྱིངས་ལས་ཀྱང་ལྟ་སྤྱོད་ངན་པའི་བབ་ཀྱིས། གོར་ཥ་རང་གི་བློན་པོ་གཙོ་དྲག་གྲས་ཨ་མན་ཤིང་ཟེར་བ་མོན་འཛུམ་ལང་གི་གཡུལ་སར་ཕྱིན་དུས་མེ་མདའ་ཕོག་ནས་བལ་ཡུལ་རང་ཁྱིམ་དུ་འབྱོར་བསྟུན་ཤི་སོང་སྐབས་ཀྱང་ཨ་མན་ཤིང་གི་མཛའ་མོ་བུད་མེད་གཞོན་ཤ་ཆགས་པ་གསུམ་དང་། གཡོག་མོ་ལྔ་བཅས་བདག་པོའི་རོ་དང་ལྷན་ཅིག་བསྲེག་ཟ་འབར་བའི་མེ་ནང་དུ་ཚ་དམྱལ་གྱི་གདུང་བ་མངོན་སུམ་ལྟར་གསོན་བསྲེག་བྱས་སོང་བ་སོགས་མི་རྟག་རྒྱུད་བསྐུལ་གྱི་དམ་ཆོས་སྟོན་པའི་བླ་མ་ནི་མང་དུ་མཐོང་ཞིང་།” ཞེས་པའི་དཔེར་མཚོན་དུ་འགྲོ་བ་ཡང་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་མེད་མི་སྲིད་ན། རྩེ་དགའི་མ་མར་གྱུར་པའི་བུད་མེད་དག་ལ་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་ཀྱང་གཅེས་སྐྱོང་བྱེད་རིགས་སོ།།
དགེ་ཆོས་ཀྱིས་འདོད་པའི་བསྟན་བཅོས་ནང་བུད་མེད་ལ་གདེངས་འཇོག་ཚད་མེད་དང་འབྲེལ། རྩོམ་ཡིག་གཞན་གྱི་ནང་རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུ་འདུལ་བ་འཛིན་པའི་གཙུག་རྒྱན་ཞིག་གིས་བུད་མེད་ལ་ཆེད་དུ་དམིགས་ཏེ་དམའ་འབེབ་བྱས་མེད་ཀྱང་། བུ་སྟོན་ལྟ་བུ་མདོ་སྔགས་གཉིས་ལ་མཀས་ཚུལ་འགྲན་ཟླ་བྲལ་བ་ཞིག་གིས་བུད་མེད་ལ་དམའ་འབེབ་བྱེད་པའི་བརྩམས་ཆོས་བདུད་མོ་ལ་སྨོད་པ་མཚོན་ཆའི་འཁོར་ལྟ་བུ་བྲིས་པ་ནི། གལ་སྲིད་བུད་མེད་ལ་ཚིག་བཅད་ཀྱིས་སྨད་ན་ཉེས་པ་མི་པ་མི་འབྱུང་ན་མ་གཏོགས། རྩ་ལྟུང་བཅུ་བཞིའི་ཉེས་དམིགས་མ་མཐོང་བ་འདྲ་བོ་ཞིག་འདུག་ཅེས་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཏུ་མཐོང་།
བུ་སྟོན་གྱི་རྩོམ་ཡིག་དེའི་ནང་རབ་ཏུ་བྱུང་བས་བུད་མེད་རྨི་ལམ་དུ་རྨིས་ན་ཡང་དམྱལ་བར་སྐྱེ་ཚུལ་བྲིས་འདུག་པས། སེམས་ལ་བརྟན་པ་མ་ཐོབ་པའི་རབ་ཏུ་བྱུང་བ་ཐམས་ཅད་བུད་མེད་ཀྱིས་བསྐལ་པའི་སྐྱེས་པ་ཕོའི་འཇིག་རྟེན་ཞིག་ཏུ་ཕྱིན་ན་མ་གཏོགས་དམྱལ་བར་སྐྱེ་བའི་སྒོ་དེ་ཁེག་མི་ཐུབ་པའི་ཚོད་ཙམ་དུ་སྣང་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པ་ཁོང་རང་ཉིད་ཀྱང་ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་ཅན་གྱི་བུད་མེད་ཅིག་གི་མི་གཙང་བའི་མངལ་སྒོ་འགྲིམས་མྱོང་མཁན་ཞིག་ཡིན་པ་ཁོང་གིས་བརྗེད་ག་ལ་སྲིད། ཡིན་ཡང་བསྟན་རྩ་འདུལ་བའི་ལུགས་སྲོལ་ལ་གཅེས་སྤྲས་ཀྱིས་རྩོམ་ཡིག་དེ་འདྲ་ཞིག་བྲིས་པ་ཡིན་པས་བུ་སྟོན་ལ་རྩ་ལྟུང་བྱུང་ཡོད་པར་ཁས་ལེན་མི་ནུས་སོ།།
འདོད་པའི་བསྟན་བཅོས་ཀྱི་ནང་དུ་གཉིས་སྦྱོར་རྩེ་དགའི་སྤྲིན་ཕུང་ཕང་ཕུང་དུ་བརྩེགས་ཏེ། སྒྱུ་རྩལ་དྲུག་ཅུའི་གློག་དམར་དང་འགྲོག་པའི་འདོད་བདེའི་སིམ་ཆར་ཤག་ཤག་ཏུ་འཇོ་བའི་རྨད་བྱུང་དབྱར་གྱི་དུས་སྟོན་ཞིག་མགྲོན་དུ་བོས་ཡོད་ཅིང་། རིགས་ཀྱི་བུ་དང་བུ་མོའི་ཁྱད་ཆོས་དང་། རྩེ་དགའི་སྔོན་འགྲོར་གྱུར་པའི་མལ་སྟན་བཤམ་ལུགས་དང་སོ་དང་སེན་མོ་འདེབས་ཚུལ། ལག་པས་ཕུར་ཕུར་གཏོང་ཚུལ་བཅས་རིམ་བརྗོད་དང་། དངོས་གཞིའི་སྐབས་སུ། རིགས་བཞིའི་བུ་མོ་སོ་སོ་རེག་བྱའི་ཁྱད་པར་གང་གིས་ཚིམ་ལུགས། སིམ་སྦྱོར་བདེ་དགའི་དུས་ཡུན་རིང་དུ་གནས་ཐབས། རིགས་ཀྱི་མྱུ་གུའི་མེ་ཏོག་འདེབས་ཚུལ་སོགས་འོ་མ་དང་སྦྲང་རྩིའི་བཅུད་ཀྱིས་སྦགས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ལམ་ནས་བརྗོད་དེ། གསང་ཆེན་རྡོ་རྗེ་ཐེག་པའི་ཉེ་ལམ་བགྲོད་པ་ལ་མེད་དུ་མི་རུང་བའི་མངལ་སྐྱེས་ཁམས་དྲུག་ལྡན་པའི་སྐྱེ་བོ་དག་གི་ཡིད་ཀྱི་ས་འཛིན་ཕྱུར་བུར་དཀྲིགས་པའི་ཐོག་མེད་སྲིད་པའི་ཚང་ཚིང་སྟུག་པོའི་དཀྱིལ་འཁོར་དུ། བདེ་སྟོང་གསང་བ་ཆེན་པོའི་མེ་ཆེན་སྦར་ཏེ་ཕྲ་རགས་བདེན་འཛིན་གྱི་འཁྲི་ཤིང་མཐའ་དག་དམིགས་མེད་ཆོས་ཀྱི་དབྱིངས་སུ་ཕྱག་རྒྱས་འདེབས་པའི་ངོ་མཚར་འབྱམས་སུ་ཀླས་པའི་ལམ་བཟང་ཞིག་བསྟན་ཡོད་ཀྱང་། ཁོང་གིས།
ངོ་མཚར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་།།
ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།།
མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།
ཅེས་གསུངས་པ་ལྟར། བསྟན་བཅོས་འདིའི་ཁྱད་ཆོས་རྟོགས་ཐུབ་མཁན་ནི་རྙིང་མའི་བདུད་འཇོམས་སྤྲུལ་སྐུ་དང་ས་སྐྱའི་གདོང་ཐོག་སྤྲུལ་སྐུ་ལྟ་བུ་རེ་ཟུང་མ་གཏོགས་མེད་ཅིང་། གསེར་སྲང་སྟོང་གིས་མི་ཁུགས་པའི་བསྟན་བཅོས་འདི་ཕྲག་དོག་དམོད་ཚིག་གི་འདམ་དུ་འཕེན་མཁན་ནི་གྲྭ་སའི་དགེ་བཤེས་ནས་ལ་ཁའི་ལུག་རྫིའི་བར་དུ་གནའ་ནས་ད་བར་ཁྱབ་ཡོད་པ་རེད། དེ་ནི་དགེ་ཆོས་ཀྱིས། ཀུན་གྱིས་ཁ ནས་སྨོད་པ་འདི་ཡིན་ཡང་། ཀུན་གྱི་སེམས་ན་ཡོད་པ་འདི་ཉིད་ཡིན།། ཞེས་པ་ལྟར། ཕྲ་རགས་ཉོན་མོངས་ཀྱི་བྲན་གཡོག་སུ་ཞིག་ཡིན་ཡང་འཕྲལ་གྱི་ཟོག་རྫུའི་ངོ་འབག་གྱོན་པ་མ་གཏོགས། རང་སེམས་ཀྱི་གདོང་རིས་དངོས་མ་དེ་མཐོང་དུས་འདོད་པའི་བསྟན་བཅོས་ཀྱི་རིན་པོ་ཆེ་ལྟ་བུའི་གདུལ་བྱར་མི་འགྱུར་བ་སུ་ཡང་མེད་པའི་ཚོད་དུ་སྣང་ངོ་།།
བདེ་སྟོང་ལང་ཚོའི་གར་མཛད་པའི།།
ཆོས་དབྱིངས་ཀུན་ཁྱབ་ཧེ་རུ་ཀ།
དམར་སྣུམ་བྱུ་རུའི་ལིང་ག་ཡིས།།
དྲོད་འཇམ་བྷ་གར་བསྣུན་ལས་བྱུང་།།
ཞེས་ཟབ་གསང་བརྡ་ཚིག་ཤོ་ལོ་ཀ་གཅིག་ངལ་གསོའི་རྟེན་དུ་སྤྲོའོ།།
དྲུག་པ། དགེ་ཆོས་དང་གཏམ་རྒྱུད་གསེར་ཕྲེང་།
བོད་ཁ་བ་ཅན་གྱི་ལྗོངས་ནས་རྒྱལ་ཁམས་གཞན་ལ་བགྲོད་སྐབས་རང་གི་མཐོང་ཐོས་མྱོང་གསུམ་ཟིན་ཐོར་འགོད་མཁན་གྱི་སྐྱེ་བོ་ཁག་ཅིག་བྱུང་བའི་ཁྲོད་དུ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལྷ་ས་ནས་བལ་ཡུལ་དང་རྒྱ་གར་རྡོ་རྗེ་གདན། དེ་ནས་རིམ་བགྲོད་ཀྱིས་རྒྱ་ནག་རི་བོ་རྩེ་ལྔའི་བར་དུ་བྱོན་པའི་<<གསང་རྣམ་ལྷ་ཡི་ཏསྦུ་རའི་རྒྱུད་ཀྱོ་སྒྲ་དབྱངས>>་ལྷ་བཙུན་ངག་དབང་ལྷུན་གྲུབ་ཀྱིས་མཛད་པ་དང་། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་བྱོན་པའི་བོད་གཞུང་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལྷ་ས་ནས་བལ་ཡུལ་དང་། དེ་ནས་རིམ་བགྲོད་ཀྱིས་རྒྱ་ནག་པེ་ཅིང་བར་དུ་ཕྱིན་པའི་ལོ་རྒྱུས་ཟིན་ཐོ་<<དགའ་བཞི་པའི་མི་རབས་ཀྱི་བྱུང་བ་བརྗོད་པའི་གཏམ་ཟོལ་མེད་གཏམ་གྱི་རོལ་མོ་>>ཞེས་པ་གཉིས་ནི་སྐབས་དེའི་སྤྱི་ཚོགས་ཡོ་འཁྱོམ་དང་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་དངོས་སུ་སྟོན་པའི་མེ་ལོང་ལྟ་བུར་གྱུར་ཅིང་། ཁོང་རྣམ་པ་གཉིས་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་སྟེང་དུ་རིམ་པ་ཧ་ཅང་མཐོ་བའི་བླ་མ་དང་དཔོན་པོ་གཉིས་ཡིན་པས། རྐྱེན་ངན་གོད་ཆག་དང་མ་ཉེས་ཁ་གཡོག་བྱུང་བ་ལ་བརྟེན་ནས། བཤུལ་རིང་ལམ་གྱི་ངལ་དུབ་ཁུར་དུ་མི་ལེན་ཀ་མེད་བྱུང་བ་ཞིག་ལས། སྣང་བ་སྐྱིད་པའི་ལྗོངས་རྒྱུ་བ་བཞིན་དུ་མཛེས་སྡུག་རི་ཆུའི་དཔལ་ཡོན་ཉམས་སུ་མྱོང་མཁན་ནི་མིན་མོད། སྟེས་དབང་གིས་ཁོང་རྣམ་པ་གཉིས་རང་ཡུལ་བཞག་ནས་མི་ཡུལ་འགྲིམ་པའི་སྐབས་སུ། སྐབས་དེའི་མི་དམངས་ཀྱི་བདེ་སྡུག་གི་འཚོ་བ་དངོས་ལ་ཟབ་འཇུག་བྱ་རྒྱུའི་གོ་སྐབས་ཡག་ཤོས་ཤིག་བྱུང་ཡོད་ཅིང་། དེའི་དཔེ་མཚོན་ནི། རྒྱལ་བ་ཚངས་དབྱངས་པས་ནད་ཡམས་ཀྱིས་གྲོང་ཁྱིམ་སྟོངས་ཤུལ་དུ་ལུས་པའི་ཕྲུ་གུ་གཉིས་དང་གཉན་སྐེ་ཕྲང་གིས་མགོ་བོ་ཆད་ཀྱང་མ་ཤི་བའི་མི་ཞིག་ལ་འཕྲད་དེ་འགྲོ་ལ་བརྩེ་བའི་ཐུགས་རྗེ་ལྷག་པར་གཡོས་པ་དང་། རྡོ་རིང་པས་རང་གི་འཁོར་གཡོག་དམར་གསོད་དུ་བཏང་བ་དང་གྲོ་མཚོན་གྱིས་རྨས་ཏེ་སྡུག་བསྔལ་གྱིས་དྲག་ཏུ་མནར་བ་དང་། བལ་ཡུལ་དུ་བུད་མེད་གསོན་སྲེག་བྱེད་པ་དངོས་སུ་མཐོང་བ་སོགས་ཀྱིས་སྲིད་པའི་ཆོས་ཉིད་ལ་མི་ཟློག་པའི་ངེས་པ་རྙེད་པ་སོགས་བྱུང་ཡོད་ཅིང་། ཁོང་རྣམ་གཉིས་ཀྱི་རྗེས་ནས་ཀྱང་བོད་མི་ཡུལ་སྐོར་ཟིན་དེབ་འབྲི་མཁན་ཁག་ཅིག་བྱུང་ཡོད་ངེས་ཀྱང་། ཁོ་བོ་རྒྱ་མཐོང་རྒྱ་ཆུང་བའི་དབང་གིས་རེ་ཟུང་ལས་མ་མཇལ་ཞིང་དེ་ནས་ལོ་བརྒྱ་ཙམ་གྱི་རྗེས་སུ་བྱུང་བའི་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཡུལ་སྐོར་ཟིན་ཐོ་<<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་>>ཞེས་པ་འདི་ནི། མདོ་སྔགས་རིག་གནས་དང་བཅས་པར་མཁས་གྲགས་རྒྱས་ཤིང་སྐད་གསུམ་སྨྲ་བ་ལ་རང་དབང་ཐོབ་པ། རྒྱལ་ཁམས་ཉུལ་བ་ལ་ངལ་བ་མེད་པའི་རླབས་ཆེན་གྱི་ཡུལ་སྐོར་བ་ཞིག་གི་ཟིན་ཐོ་ཡིན་པས། དེབ་ཐེར་འདིར་བློ་རབ་འབྲིང་ཐ་མ་གསུམ་གྱི་ཀློག་མཁན་ལ་སྨན་པའི་རིན་ཐང་ཆེན་པོ་ཞིག་ལྡན་ཡོད། དེ་ཡང་རྩོམ་པ་པོ་ཉིད་རྒྱ་གར་གྱི་མཁས་པ་རཱཧུལ་གྱི་གྲོགས་དང་བཅས་ཏེ་ལྷ་ས་ནས་ར་སྒྲེང་སོགས་བཀའ་གདམས་པའི་གདན་ས་ཁག་ཅིག་ཏུ་གནས་གཟིགས་ལ་ཕེབས་ཤིང་། ཞ་ལུར་ཀུན་མཁྱེན་བུ་སྟོན་གྱི་གསུང་རབ་རྡུལ་ཁྲོད་དུ་ལུས་པ་གཟིགས་ནས་སྐྱོ་སྣང་སྐྱེས་པ་དང་། དེ་ནས་བལ་ཡུལ་དུ་ཕེབས་ཏེ་བལ་རྒྱལ་གྱི་དབུ་བླ་བྲམ་ཟེའི་མཁས་པ་གསེར་རྒྱལ་ལ་ཚད་མ་རྣམ་འགྲེལ་གྱི་སྐོར་བགྲོ་གླེང་བྱས་པས། ཁོང་རཱ་ཧུལ་གྱི་གཡག་པོར་འཁྲུལ་ནས་བོད་ཀྱི་གཡོག་པོའི་ཁ་ན་ཡང་རྣམ་འགྲེལ་འདུག་ཅེས་བསྔགས་བརྗོད་བྱས། དེ་ནས་རིམ་གྱིས་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱོད་དེ་དགུང་ལོ་སོ་གཉིས་པའི་སྐབས་ཆུ་ཌོ་གངྒཱ་བརྒལ་ཅིང་རྒྱུས་མེད་ཡུལ་དུ་སླེབས་མཁན་སུ་ལ་ཡང་ཡོད་པའི་སྐྱོ་སྣང་དང་བཅས་ལུས་ཤིང་། སྐབས་དེའི་རྒྱ་གར་གྱི་ཡུལ་ལྗོངས་དང་གནམ་གཤིས། ཡུལ་སྲོལ་དང་ཆོས་ལུགས། བསམ་བློ་དང་རིག་གཞུང་སོགས་ཞིབ་འབྲི་བྱས་ཡོད་ལ། ཁོང་གིས་བལ་ཡུལ་གྱི་རི་མཐོ་ས་ནས་རྒྱ་གར་ཕྱོགས་སུ་རྒྱང་ལྟ་བྱས་ཏེ་བྲིས་པའི་ཟིན་ཐོའི་ནང་དུ།
“ཧི་ལ་ལ་ཡའི་ལྷོ་འདབས་ཀྱི་རི་ལྡིངས་འོག་མ་དག་ནས་བལྟས་པས།། ཕ་མཐའ་མེད་པའི་ཐང་ཆེན་པོ། རྒྱང་གི་ཕྱོགས་རྣམས་ནམ་མཁའི་འོད་དམར་སྐྱ་དང་འདྲེས་ཏེ་ཡལ་བ་སྙམ་བྱེད་པ། ཕྱོགས་འགའ་ཞིག་ན་ནི་ཆུ་ཆེན་པོའི་ཁུག་པ་དང་ཁྲ་ལམ་མེ་བ། ཕྱོགས་འགའ་ཞིག་ན་ནི་ཆར་བའི་རྒྱུན་སྐྱ་དུང་ངེ་བ། ཕྱོགས་འགའ་ཞིག་ན་ནི་ཉི་མའི་འོད་ཟེར་སེར་ཐེང་ངེ་བ། ལྗང་ལ་སྐྱ་སེང་ངེ་བ། ནག་ལ་སྔོ་འཐོམ་མེ་བ། ཕྱལ་ལེ་ཕྱོལ་ལེ། ཁྲལ་ལེ་ཁྲོལ་ལེ། སྲིད་པ་བར་མ་དོའི་ཁམས་ཆེན་པོ་ཀློང་དུ་སླེབས་པ་འདྲ་བ་དག་མཐོང་སྟེ། དེ་དག་ནི་ཡུལ་ཨངྒངྷ་དང་། མགྷངྷ་ལ་སོགས་པའི་ཕྱོགས་ཆ་རྣམས་སུ་སྣང་ཞེས་དང་། ཤིན་ཏུ་མཐོ་ཞིང་རྩེ་མོ་ནམ་མཁར་སྙེག་པའི་རི་བོ། ཀུན་ནས་དམའ་ཞིག་མེ་ལོང་གི་ངོས་ལྟར་མཉམ་པའི་ཐང་། པདྨའི་མདངས་དང་ལྡན་ཞིང་མཛེས་ལ་སྐྱིད་པའི་རྗེ་རིགས། སྲོག་ཆགས་གྲོག་སྦུར་ཙམ་ལ་ཡང་འཚེ་བ་སྤངས་པའི་སྙིང་རྗེ་ཅན་གྱི་བསྟན་པ། མི་རྟ་གླང་གསུམ་བསད་པའི་ཁྲག་གི་མཆོད་སྦྱིན་ལས་ཐར་པ་འཚོལ་བའི་ཆོས་ལུགས། རྔ་མོང་གི་རྒྱབ་དང་འདྲ་བའི་མྱ་ངམ་གྱི་རི་ཐང་། རྨ་བྱའི་མགྲིན་པ་ལྟ་བུའི་ཆུ་གླིང་སྐྱེད་ཚལ་ཞེས་སོགས་དང་། གངས་རི་བརྒལ་བ་ན་ཤུག་པའི་ནགས་ཚལ་ཅན་གྱི་རི་ཀླུང་དུ་མ་དང་། དེ་ནས་ཕར་ལ་ཐང་ཤིང་གི་ཚལ་སྤྲིན་ནག་འཁྲིགས་པ་ལྟ་བུ། དེ་ནས་མར་སྨྱུག་མའི་ནགས་ཚཀ་ལྗང་ཐིང་ངེ་བ། དེ་ནས་ཞོལ་དུ་ཕེབས་ཏེ། ས་ལཱ་དང་ནྱགྲོངྷ། ཨཤྭཐ། ཆུ་ཤིང་ལ་སོགས་པའི་ནགས་ཚལ་མེ་ཏོག་ཁྲ་ཆེམ་མེ་བ་དག་གིས་རི་ཀླུང་མེད་པར་གང་བ། གདུགས་དང་སྡེར་མ་འདྲ་བའི་ལོ་མ་ལྷེབ་ཆེན་ཟིལ་བ་ཁྲོམ་མེ་བ་དག་ལམ་གྱི་ཕྱོགས་གཡས་གཡོན་གཉིས་ན་འཛིང་ཞིང་སྐྱེས་པ། ཐོས་མ་མྱོང་བའི་བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྒྲོག་པ། སྨུག་སྤྲིན་དཀར་པོའི་གསེབ་ན་རྩེ་མོ་ཡར་འཕགས་པའི་རི་མཐོངས་ནགས་ཚོམ་བུས་བརྒྱན་པ་དག་གྲོང་ཁྱིམ་གཉིས་གསུམ་སྦྲེལ་བ། རྩྭའི་ཐོག་ཕུབ་དང་སྨྱུག་མའི་ཀ་བས་ལྷང་ངེར་བཏེགས་པའི་ལྡིང་ཁང་མེ་ཏོག་གི་འཁྲི་ཤིང་སྣ་ཚོགས་ཀྱིས་གཡོགས་པ་ཅན་དང་། ནམ་ལངས་པ་ན་དེ་ནས་བལྟས་པས། གངས་རི་མཐོ་བོ་དག་གི་རྩེ་ལ་འཆར་ཀའི་འོད་ཕོག་པས་གསེར་བཙོ་མ་བཞིན་དུ་འཚེར་ཞིང་། སྤྲིན་དཀར་པོའི་རླབས་བརྩེགས་པ་དཔག་ཚད་དུ་མའི་མཐའ་ལ་བརྐྱངས་པའི་བར་བར་དག་ཏུ། ནགས་ཚོམ་བུ་དང་རི་ཆེན་པོ་དག་གི་རྩེ་མོ་གླིང་ཕྲན་བཞིན་དུ་མངོན་ཏེ། དེ་ལ་ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོ་ཞེས་ཕྱོགས་ཀུན་ཏུ་གྲགས་ཤིང་། སྐྱེ་བོ་དག་ཆེད་དུ་གཉེར་ནས་བལྟར་འོང་བར་ཡང་བྱེད་དོ།”། ཞེས་དང་། “ལུང་མཐིལ་རྣམས་ན་ཆུ་བོ་ཆེན་པོ་དག་ངུར་སྒྲ་སྒྲོག་ཅིང་གྱ་མ་གྱུར་འགྲོ། འཇུག་ངོགས་རྣམས་སུ་འབྲས་དང་གྲོ་སྲན་ལ་སོགས་པའི་ལོ་ཏོག་སྣ་ཚོགས་ཀྱི་ཞིང་ཁ་དང་ས་ཁོད་ཡངས་པའི་ཕྱོགས་རྣམས་ན་ནི་ཚོང་བརྡལ་དང་བཅས་པའི་གྲོང་ཆེ་ཆུང་དུ་མས་བརྒྱན་ཅིང་། ཤས་ཆེར་བསིལ་དྲོད་སྙོམས་པའི་ཡུལ་གྱི་མི་རིགས་དཀར་ལ་དམར་བའི་མདངས་ཆགས་པ་དག་གིས་བཟུང། ཉི་མ་གཅིག་ལ་འབབ་འཛེག་བྱས་པ་ཙམ་གྱིས་བསིལ་འདོད་ན་ནི་རི་རྩེར་གྲང་བའི་ཡུལ་དུ་སླེབས། དྲོ་འདོད་ན་ནི་ལུང་མཐིལ་ཚ་བའི་ཡུལ་དུ་སླེབས། རྒྱ་གར་ཕྱོགས་ཀྱི་རི་དག་འདི་དག་ནི་རི་རྩེ་ཤིན་ཏུ་བསུལ་བ་དགུན་ཁ་བ་ཡང་བག་རེ་འབབ་ས་ཞིག་ནས་མར་ལ་ཚ་ལམ་གཅིག་ཙམ་སོང་དྲོ་གྲང་དེ་ཙམ་དུ་བརྗེས། དེ་ནས་སྐྱེས་པའི་ཤིང་རིགས་དང་མེ་ཏོག་ཐམས་ཅད་ཀྱང་རི་རྩེ་ན་ཡེ་མེད། བྱ་བྱེའུ་ཐམས་ཅད་ཀྱང་བརྗེས། དེ་ནམམར་ལ་ཇ་ཡུན་ཙམ་སོང་བས་སྔར་གྱི་དེ་ཐམས་ཅད་བརྗེས་པ་སོགས་ཉིན་གཅིག་པོ་དེ་ལ་རྨི་ལམ་གྱིས་སྣང་བ་འཆར་བ་ཞིག་འོངས། ཞེས་དང་། ལར་བསྐལ་པའི་ཆགས་སྟངས་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་འདི་ནི། ངེས་པར་ལྷའི་ཡུལ་དང་རྨི་ལམ་གྱི་ཞིང་ལྟ་བུ་ཞིག་ཏུ་འགྲུབ་འདུག་སྟེ། འདི་ལྟ་བུའི་ཡུལ་ལྗོངས་མཛེས་ལ་ཉམས་དགའ་ཕྱོགས་གང་ན་ཡང་མི་སྣང་ངོ་ཞེས་གྲགས་ཏེ་དོན་ཡང་གནས་པའོ།། དཔྱིད་ཀྱི་ཟླ་བ་རྣམས་ལ་ནི་བསིལ་དྲོད་སྙོམས། ནམ་མཁའི་བེེཌྰུརྱའི་མདོག་ལྟར་དྭངས། རླུང་དྲི་བཟང་ཅན་གྱིས་ནགས་ཚལ་ཀུན་ཁྱབ་ཅིང་གནས། ཧོར་ཟླ་བཞི་པ་ཙམ་ནས་ཨ་ར་བྷའི་རྒྱ་མཚོ་ལས་ཆུ་སྤྲིན་ལངས་ཏེ་བྱང་ཕྱོགས་སུ་འགྲི་ཞིང་། བྱང་ནས་གངས་ཀྱི་རི་བོ་ནམ་མཁའི་ཀ་བ་དང་འདྲ་བ་དག་ལ་ཐོགས་ཏེ་བོད་ཀྱི་ཡུལ་དུ་ཆེར་མི་འགྲོ་བར་ལྷོའི་ནགས་ལྗོངས་རྣམས་སུ་ཆར་བའི་རྒྱུན་ཆེན་པོ་བདུན་ཕྲག་དུ་མའི་བར་དུ་སྦྲེལ་བ་འབབ། རི་རྩེ་རྣམས་སྨུག་པས་དཀྲིས་ནས་ཁྱིམ་ཕན་ཚུན་ཡང་མི་མཐོང་བར་སྡོད། དེ་ནས་དབྱར་གྱི་མཇུག་ལ་སླེབས་པ་ན། ཇི་སྐད་དུ་སློབ་དཔོན་ནག་མོའི་ཁོལ་གྱིས། ཆུ་སྟོད་ཟླ་བ་རྫོགས་པའི་ཚེས་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི།། མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་མིན་ནམ་སྙམ་དུ་ཡིད་འདི་འཕྱུངང་མོ་ཉུག། གསུངས་པ་ལྟར་སྤྲིན་སིལ་བུར་ཆད་པའི་དུམ་བུ་དག་ཆུ་འགྲམ་དང་རི་ཤོད་རྣམས་ན་ཉལ་ཅིང་ལྡང་། དལ་བུ་དལ་བུས་གྱེན་དུ་འཛེགས་ཏེ་གཡུ་དང་འདྲ་བའི་རི་རྩེ་དག་ན་ལང་མ་ལིང་དུ་གནས། ཉིན་མོའི་ཐུན་གསུམ་ལ་བྱེའུ་དག་གིས་སྐད་རིམ་པ་དུ་མ་བརྗེས་ཤིང་སྒྲོག་སྲིན་བུ་རིགས་འགའ་ཞིག་དྲིལ་བུ་ལྟ་བུའི་སྒྲ་འབྱིན། དགུང་མཚམས་སུ་ནུབ་ཀྱི་རི་བར་སེང་གེའི་ཁ་དང་རྔ་མོང་གི་རྒྱབ་འདྲ་བ་དག་ནས་ཉི་མའི་མདངས་སྣ་ཚོགས་པ་སྟོན་ཅིང་འགྲོ། དེ་ནས་སྲོད་ཀྱི་བདུན་པ་བབས་པའི་ཐང་སྟོང་ལྗང་ནག་གི་གསེབ་ན་ཡར་ལ། ལིའི་རྔ་བོ་ཆེ་དང་འདྲ་བའི་ཟླ་བ་ཁམས་པ་དག་འབྱིན། འོད་དཀར་པོས་ཁྱབ་པའི་རི་ཀླུང་སྐྱ་སེངས་སེ་བ་དག་ནས་ཆུ་ཀླུང་མུ་ཏིག་འདྲ་བ་དག་འབབ་པ་སོགས་ངོ་མཚར་བརྗོད་ལས་འདས་པ་མཆིས། དགུན་རི་རྩེ་མཐོ་ས་རྣམས་ལ་ཁ་བ་ཡང་བག་རེ་འབབ། རླུང་ཤུགས་ཆེན་མེད་ཀྱང་གྲང་ངད་བཟི་ལོང་བ་སློག་པའི་གོས་ཀྱང་གྱོན་ན་དགའ་སྙམ་པ་ཙམ་འོངས། རི་ཞོལ་རྣམས་ན་ནི་ལྗོན་ཤིང་རྣམས་ཀྱི་ལོ་འདབ་བརྗེས་པ་ཙམ་ལས་དགུན་གྱི་སྣང་བ་ཐལ་སྐྱ་འཚུབ་མེ་བ་དེ་འདྲ་ནམ་ཡང་མེད།” ཅེས་པ་སོགས། རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་དང་ཀ་ལི་སྦུག་(བདུད་འཇོམས་རིན་པོ་ཆེས་ས་ཆའི་དབྱིབས་ཀ་པ་ལི་དང་འདྲ་བའི་ཆ་ནས་ཀ་ལི་སྦུག་ཟེར་གསུངས་པ་དོན་གནས་སྙམ། རྩོམ་པ་པོའི་མཆན།) སོགས་ཀྱི་དུས་བཞིའི་ཡུལ་ལྗོངས་ཀྱི་བཀོད་པ་སྣ་ཚོགས་ཞིབ་འབྲི་བྱས་ཏེ་ཀློག་མཁན་གྱི་མིག་ལམ་དུ་འདྲ་པར་བཤམས་པ་དང་གློག་བརྙན་་བསྟན་པ་ལྟ་བུའི་སྣང་བ་འགོག་མེད་དུ་སྟེར་ཞིང་། ཡུལ་ལྗོངས་དེ་དག་གི་སྒྲ་སྙན་དང་དྲི་བཟང་དག་ནི་རྣ་བས་ཉན་ཐུབ་པ་དང་སྣ་ཡིས་སྣོམ་ནུས་པ། དྲོ་གྲང་གི་རེག་བྱ་ནི་ལུས་ཀྱིས་མྱོང་ཐུབ་པའི་ཚོར་བ་སྐྱེ་བར་བྱེད་པའི་ཚིག་སྦྱོར་རྨད་དུ་བྱུང་བའི་ཕྲེང་བ་འདི་དག་གིས། མཚོ་བྱུང་སྒེག་མོའི་པ་ཝང་གི་རྒྱུད་སྐུད་ཀྱང་རེ་ཞིག་ལྷོད་པར་བྱེད་ཅིང་། ནག་མོའི་ཁོལ་གྱི་གདོང་བ་ཡང་སྐབས་ཤིག་དམར་བར་བྱེད་དོ།།
དེ་ནས་སྐབས་དེའི་རྒྱ་གར་བ་ཚོའི་སྤྱོད་པའི་སྐོར་གསུངས་པ་ལས་རགས་ཙམ་དྲངས་ན། ནངས་སྔ་བར་ལངས་ནས་ཚངས་སྐུད་རྣ་བ་གཡས་ལ་དཀྲིས་ཏེ། སོ་ཤིང་ཟ་ཞིང་ལྕེ་གཞར། (ཁོ་བོ་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་དགོན་དུ་ཡོད་སྐབས། སོ་ཤིང་ནི་ལྗོན་ཤིང་ཞིག་གི་ཡལ་ཕྲ་མོ་སོས་བལྡད་པའི་ཁུ་བས་སོ་དྲེག་འདག་པར་བྱེད་ཅིང་། ལྕགས་སྐུད་ལེབ་མོ་ཞིག་གི་སྣེ་གཉིས་ལག་པས་བཟུང་སྟེ་ལྕེའི་སྟེང་གི་དྲེག་པ་བཞར་གྱིན་འདུག རྩོམ་པ་པོའི་མཆན།) ཡུན་རིང་པོའི་བར་དུ་ཁ་ལ་བཀྲུ་བཤལ་བྱེད། དེ་ནས་ལག་གཡོན་པས་ཆུ་བུམ་བཟུང་ནས་ལག་པ་ཡ་གཅིག་གིས་གདོང་བཀྲུས་ཤིང་ཆུའི་ལྷག་མས་རྐང་བ་བཤལ་ཏེ། ཞེས་དང་། ཉིན་དགུང་གི་ལྟོ་ཟ་བའི་སྔོན་དུ་ཅི་ནས་ཀྱང་ལུས་ཡོངས་རྫོགས་བཀྲུ་དགོས། ཞེས་དང་། ཟས་ཟ་བའི་སྔོན་དུ་བ་ལང་གི་ལྕི་བ་ཆུ་དང་བཅས་པ་ཐང་ལ་བྱུགས་ནས་དེའི་དཀྱིལ་དུ་ཤིང་ལེབ་ཆུང་ངུ་ཞིག་གི་སྟེང་དུ་ཙོག་བུར་སྡོད། ལི་སྡེར་ཆེན་པོ་ཞིག་གི་ནང་དུ་ངོས་གཅིག་ལ་འབྲས་ཆན་དང་། ངོས་གཅིག་ལ་ཚོད་མ་ཚོམ་བུ་དུ་མ་བཀོད། ཅེས་དང་། གཡོ་སྐོལ་བྱེད་སྐབས་ཆུ་དང་མེ་ལ་ཡང་རིགས་གཞན་གྱིས་རེག་ཏུ་མི་རུང་ཞིང་། ལྟོ་གཡོ་མཁན་གྱི་ཇ་མའི་ལུས་ལ་ཡང་རེག་རྒྱུ་མེད། གྲིབ་མ་ཡང་ཕོག་མི་རུང་། ཇ་མས་ཀྱང་འདོམ་དཀྲིས་ཙམ་ལས་གོས་གཞན་མི་གྱོན། ཞེས་དང་། བཤང་བ་བྱེད་སྐབས་ས་དང་ཆུ་འཁྱེར་ཏེ་མཉམ་དུ་འགྲོ་ཞིང་། ཟིན་པ་དང་ལག་པ་གཡོན་པས་འཕོངས་བཀྲུས། དེ་ནས་ས་དང་བཅས་ལག་གཡོན་པ་བཀྲུས། དེ་ནས་ཆུ་བུམ་བཀྲུས། ཞེས་སོགས་རྒྱ་གར་བའི་སྤྱོད་ལམ་མང་པོ་ཞིག་ཞིབ་འབྲི་བྱས་ཡོད་ཅིང་། རྩོམ་པ་པོ་ཁོ་བོ་རྒྱ་གར་དུ་སླེབས་སྐབས་ཀྱང་ཁོང་གིས་བྲིས་པའི་སྤྱོད་ལམ་གྱི་སྐོར་ནས་མང་པོ་ཞིག་ད་དུང་ཡང་ལག་ལེན་བྱེད་ཅིང་། དེང་སྐབས་མི་རིགས་སྣ་ཚོགས་ཤིག་འབྲེལ་འདྲིས་ཀྱི་དབང་གིས་སྔོན་ཆད་ལྟ་བུའི་རིགས་བཞིའི་མཚམས་གུ་དོག་པོ་དེ་འདྲ་ནི་ལག་ལེན་དུ་ཐེབས་མཁན་ཧ་ཅང་དཀོན་པར་སྣང་།
ཡང་ཁོང་གིས། ད་ལྟ་རྒྱ་གར་བ་རྣམས་ཀྱི་སྐྱབས་གནས་གཙོ་བོ་ནི་རཱམ་དང་སིཏཱ་ཡིན། རང་རེ་མ་ཎི་བགྲང་བའི་ཚོད་ལ་འདི་གཉིས་ཀྱི་མིང་རྟག་ཏུ་འདྲེན། གྲོགས་གཅིག་གསར་དུ་འཕྲད་ན་ཡང་རཱམ་རཱམ་ཟེར། རྐང་སྣེ་རྡོ་ལ་ཐོགས་ན་ཡང་རཱམ་ཟེར། ཞེས་དང་། གཏོར་མ་ནི་འབྲས་དང་ཁུར་བ་སོགས་མིའི་ཟ་ལུགས་དེ་ལྟར་བྱས་ཏེ་ཕུལ་བ་ལས། རང་རེ་བཞིན་རྩེ་མོ་རིང་པོ་སོགས་དབྱིབས་སྣ་ཚོགས་པར་བྱེད་པ་མེད། ཅེས་དང་། དབང་ཕྱུག་ནི་ཕྱག་བཞི་པ་ཁ་ཊཾ་ཀ་དང་རྔམ་རིང་འཛིན་པ་དང་། ཁྱབ་འཇུག་ཞི་བའི་ཞལ་ཅན་བཞེངས་པ་ཕྱག་བཞིའི་དང་པོ་གཉིས་ཀྱིས་འཁོར་ལོ་དང་ལྷག་མ་གཉིས་ཀྱིས་པདྨ་དང་དབྱུག་ཏོ་འཛིན་པ་སྤྱན་རས་གཟིགས་དང་འདྲ་བ་ཞིག་ཡོད་པས་ད་ལྟ་ཡང་རྒྱ་མཚམས་ཀྱི་བོད་རྣམས་ཀྱིས་ཁྱབ་འཇུག་གི་གཟུགས་མང་པོ་ཁྱེར་ནས་སྤྱན་རས་གཟིགས་ཡིན་ཞེས་མཆོད་ཀྱིན་ཡོད། ཅེས་སོགས་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུད་བགྲོད་པ་ལ་ལམ་ཐག་ཅི་ཙམ་ཡོད་མེད་དང་། དུད་ཚང་ལྔ་བརྒྱ་ལྷག་ཡོད་པའི་ངྷུམཐལི་གྲོང་བརྡལ་སོགས་རང་རེ་མ་དག་པའི་སྐྱེ་བོ་ཚོའི་སྣང་ངོར་མཇལ་རྒྱུ་ཡོད་པའི་ཞིང་ཁམས་དེའི་སྣོད་བཅུད་དང་། སིང་ག་ལའི་གླིང་གི་རབ་བྱུང་བའི་སྤྱོད་ལམ་དང་ཆ་ལུགས། ཆོ་ག་དང་ཆོས་སྤྱོད། སྐྱེས་པ་དང་བུད་མེད་ཀྱི་ཆ་ལུགས་དང་བཟའ་བཏུང་སྤྱོད་ལུགས། ཡུལ་གྱི་ཆགས་དབྱིབས། དུས་ཆེན་སྲུང་རྩི་བྱེད་སྟངས། རྒྱལ་རབས་ཀྱི་དར་རྒུད་སོགས་ཞིབ་པར་བརྗོད་ཡོད་ལ། འཛམ་གླིང་ན་མཆིས་པི་མི་རྣམས་ལུས་དང་བྱད་དབྱིབས་ཀྱི་སྒོ་ནས་རིགས་གཉིས་ཁོ་ནའི་ནང་དུ་བསྡུ་ཐུབ་པ་ཡིན་ཏེ། དེ་ཡང་གདོང་ཆུང་ཞིང་དཔྲལ་ཞེང་ཕྲ་བ། སྣ་མཐོ་ཞིང་མིག་ཀོང་བ། གཟུགས་ཆེ་ཞིང་ལུས་ལ་སྤུ་མང་སྐྱེས་པའི་རིགས་ཨཱརྱཎ་བྱ་བ་ཞིག་དང་། གདོང་ཆེ་ཞིང་མིག་ཕོར་ཤ་ཡིས་གང་བ། སྣ་གཤོག་ལེབ་ཅིང་ཤ་འཇམ་ལ་སྤུ་ཉུང་བའི་རིགས་མོོགལ་བྱ་བ་ཞིག་སྟེ། ཞེས་མིའི་རིགས་ལ་ཞིབ་འཇུག་གནད་དུ་སྨིན་པ་གནང་ཡོད་ཅིང་། རྩྭ་དང་རྩི་ཤིང་དང་། འབུ་དང་གྲོག་མ་སོགས་སྲོག་ཆགས་ཀྱི་རིགས་ལ་ཡང་ཐུགས་སྣང་ཆེན་པོས་དེ་དག་གི་འཕེལ་རིམ་ལ་ཞིབ་དཔྱད་ཀྱིས་ཁོང་གི་དགོངས་ཚུལ་བྲིས་ཡོད་ལ། མྱ་ངནམེད་སོགས་རྒྱལ་རབས་རིམ་བྱོན་གྱི་དུས་ཚིགས་ལ་རྣམ་དཔྱོད་ཉི་མའི་འོད་རྣོན་སྤྲོས་ཏེ་ལོག་བཤད་ཀྱི་མུན་པའི་ཚང་ཚིང་རྨེག་མེད་དུ་བསྲེགས་ཤིང་། ད་ལྟའི་ཡིག་རིགས་འདི་དག་གི་ཕྱི་མོ་དང་འཕེལ་རིམ་གྱི་སྐོར་ལ་ཡང་གནད་དུ་བསྣུན་པའི་དགོངས་ཚུལ་བྲིས་ཡོད། གསེར་ཐང་དུ་རྒྱ་གར་བའི་ལྷའི་གཙོ་བོ་དང་ཆ་ལུགས། ལྷ་མཆོད་སྟངས་སོགས་ཞིབ་རྒྱས་བྲིས་ཡོད་པ་ནི། དེང་སྐབས་བོད་མི་ཧ་ཅང་མང་པོ་ཞིག་རྒྱ་གར་དང་བལ་ཡུལ་དུ་སླེབས་དང་སླེབ་བཞིན་པའི་དུས་འདིར། ཕྱི་ནང་གི་ལྷའི་སྐུ་བརྙན་མི་ནོར་བར་ཤེས་པ་ལ་མེད་དུ་མི་རུང་བའི་ལེགས་བཤད་དུ་སྣང་བས། རང་རེ་བོད་ཡིག་ལས་གཞན་པའི་སྐད་རིགས་མི་ཤེས་པ་ཚོས་རྒྱ་གར་འཕགས་པའི་ཡུལ་གྱི་ཁྱད་ཆོས་སྣ་ཚོགས་ཤེས་པ་ལ་གཏམ་རྒྱུད་གསེར་ཐང་ཆ་ཚང་བ་ཞིག་ཐེངས་འགར་མ་བཀླགས་ཐབས་མེད་ལྟ་བུར་འདུག་གོ། དེས་ན་གོང་གི་ལུང་འདྲེན་ཉུང་ཙམ་དེ་དག་གིས་གཏམ་རྒྱུད་གསེར་ཐང་གི་ཟུར་ཙམ་ཞིག་ངོ་སྤྲོད་བྱས་ཤིང་། གསེར་གྱི་ཐང་མའི་རིན་ཐང་གཞལ་བ་ལ་རང་ཉིད་གསེར་གྱི་སྦྲུམ་བུ་ཐང་མར་བརྡལ་བའི་ཁྲོད་དུ་ཉུལ་དགོས་ཀྱི། བདག་ལྟ་བུས་ཁ་ཟིན་སྣ་ཟིན་ཞིག་བརྗོད་པས་ཅི་ཕན། ཡིན་ཡང་། འདིར་ཁོ་བོས་ལྷག་བསམ་རྣམ་དག་གིས་དགེ་འདུན་ཆོས་འཕེལ་ལགས་ཀྱི་ལྕགས་སྒམ་ནག་པོའི་གྲུ་ཟུར་ཞིག་ནས་རྙེད་པའི་གསེར་གྱི་སྦྲུམ་བུའི་ཁུག་མ་ཆུང་ཆུང་དེ་ངོ་སྤྲོད་ཧ་ཅང་ཉུང་ངུ་ཞིག་ལས་བྱེད་མ་ཐུབ་ཀྱང་། ལེགས་བཤད་འཚོལ་བ་ལ་སྤྲོ་བ་ལྷུར་ལེན་པ་རྣམས་ཀྱིས་སོ་སོའི་རྣམ་དཔྱོད་ཀྱི་མདུན་ཅོག་ཡངས་པོའི་སྟེང་དུ། དགེ་ཆོས་ཀྱི་ལེགས་བཤད་གསེར་སྦྲམ་འདི་དག་ཐང་མར་བརྡལ་ཏེ། གསེར་ས་རུ་ཡོིད་ཀྱང་འོད་ནམ་མཁར་འཕྲོ་བ་ཞིག་གནང་རྒྱུའི་རེ་སྐུལ་དང་བཅས་ངལ་གསོའོ།།
གསེར་གྱི་དུམ་བུ་ས་ཡི་འོག་གནས་ཀྱང་།།
གསེར་འོད་ནམ་མཁར་འཕྲོ་བའི་གནས་ལུགས་ལྟར།།
གསར་སྦྲམ་ཐང་མར་བརྡལ་བའི་ལེགས་བཤད་ཀྱིས།།
གསེར་གྱི་རིན་ཐང་ཤེས་རྣམས་སྤྲོ་བ་བསྐྱེད།།
རེ་ཞིག་དགེ་ཆོས་ཉི་མ་ནུབ་པ་ན།།
རེ་རེ་ཙམ་མིན་གདོལ་སྤྱོད་མུན་པ་འཕྱུར།།
རེ་རེ་འབྲས་ལྡན་ཤུལ་བཞག་བརྩམས་ཆོས་ཀྱིས།།
རེ་ཞིག་མགོན་ཁྱོད་དྲན་པའི་གདུང་བ་ཞི།།
བདུན་པ། དགེ་ཆོས་དང་གངས་སེང་ལ་དཔྱད་པ།
བོད་ཀྱི་གངས་སེང་དཀར་མོ་དང་རྒྱ་ནག་གི་གཡུ་འབྲུག་སྔོན་མོ་གཉིས་འཛམ་གླིང་འདིའི་སྟེང་དུ་ཡོད་པར་ཐག་བཅད་དེ། སྲོག་ཆགས་དེ་གཉིས་ཀྱི་གཟུགས་རིས་མང་པོ་ཞིག་ཁང་པ་འདྲ་མིན་དང་ཡོ་བྱད་སྣ་ཚོགས་ཀྱི་སྟེང་དུ་བརྐོས་བྲིས་འབུར་བཏགས་སོགས་བགྲང་ལས་འདས་པ་ཞིག་མཐོང་རྒྱུ་ཡོད་ཅིང་། སྲོག་ཆགས་འདི་གཉིས་ཀྱི་སྐོར་ལ་སྒྲུང་དང་གཏམ་རྒྱུད་ཡིད་དབང་འཕྲོག་པ་མང་པོ་ཞིག་ཀྱང་གནའ་རབས་གདོང་མའི་སྤྱི་ཚོགས་ནས་བརྒྱ་ཕྲག་ཉི་ཤུ་བ་རྡུལ་ཕྲན་གྱི་དུས་རབས་འདིའི་བར་དུ་ཁྱབ་བརྡལ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་རེད། འོ་ན་སྲོག་ཆགས་འདི་གཉིས་རང་ཅག་གནས་ཡུལ་འཛམ་གླིང་གི་ས་སྒང་རིལ་བོ་འདིའི་སྟེང་དུ་ཡོད་དམ་མེད་ཅིས་འདྲི་ན། དེ་ལ་ལན་རྒྱག་རྒྱུ་ནི་ཧོབ་སྟེ་བལྟས་ན་ལས་སླ་བོ་ཞིག་རེད། གང་ཡིན་ཟེར་ན། བོད་དང་རྒྱ་ནག་གི་ལྷ་གཉན་པོ་དང་མི་མཐོན་པོ་ཧ་ཅང་མང་པོ་ཞིག་གིས་གངས་སེང་དཀར་མོའི་འོ་མ་འཇོ་བ་དང་གཡུ་འབྲུག་སྔོན་མོའི་རྒྱབ་ལ་ཞོན་པ་སོགས་ཀྱི་ལོ་རྒྱུས་དང་དཔེ་རིས་སྣ་ཚོགས་མཐོང་རྒྱུ་ཡོད་ཅིང་། གངས་སེང་དང་གཡུ་འབྲུག་མཐོང་མཁན་གྱི་གང་ཟག་ཀྱང་ལོ་རྒྱུས་ནང་བྱུང་མྱོང་བའི་ངག་རྒྱུན་མང་པོ་དྲོད་མ་ཡལ་བར་ཡོད་པས་སོ།།
དཔེར་ན། གནའ་རབས་ཀྱི་རྒྱལ་བ་ཚངས་དབྱངས་པས་གངས་སེང་གཟིགས་ཤིང་། བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་གངས་སེང་དང་གཡུ་འབྲུག་གཉིས་ཀ་གཟིགས་ཚུལ་དང་། ཉེ་རབས་ཀྱི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་བརྗོད་པ་ལྟར་ན། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཁོང་དང་འབྲེལ་ཡོད་མི་ཞིག་གིས་དབྱར་ཁའི་ཉིན་ཞིག་འབྲུག་ཆུང་ཆུང་ཞིག་མི་དེའི་ཁྱིམ་གྱི་འཁར་ཟངས་ནང་བསྡད་ཡོད་པ་མཐོང་ཞིང་། ཕྱི་དྲོར་དེ་ཆེ་རུ་གྱུར་ནས་འུར་སྒྲ་ཆེན་པོ་དང་བཅས་ནམ་མཁར་འཕུར་བའི་སྐོར་བྲིས་ཡོད་པ་སོགས། སྲོག་ཆགས་དེ་གཉིས་ཡོད་པའི་རྒྱབ་རྟེན་གྱི་དངོས་ཡོད་མི་སྣའི་ལོ་རྒྱུས་ཡིག་རིགས་ཁག་གཅིག་ཡོད་པ་ནི་བསྙོན་དུ་མེད། ཡིན་ན་ཡང་དེ་ཙམ་གྱིས་སྲོག་ཆགས་དེ་གཉིས་དེང་སྐབས་ཀྱང་འཇིག་རྟེན་འདིའི་སྟེང་དུ་ཡོད་པར་བསྒྲུབ་རགྱུ་ནི་དཀའ་བར་སེམས། གང་ཡིན་ཟེར་ན། ལོ་ངོ་ས་ཡ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་སའི་གོ་ལ་འདིའི་སྟེང་དུ་བྱུང་བའི་སྲོག་ཆགས་མང་པོ་ཞིག་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རིགས་རྒྱུད་རྩ་སྟོང་དུ་ཕྱིན་ཏེ། དེང་སྐབས་སྲོག་ཆགས་དེ་ཚོའི་འགྱུར་རྡོ་ཙམ་ལས་ཅི་ཡང་ལྷག་མེད་པ་རེད། གངས་སེང་དང་གཡུ་འབྲུག་གཉིས་ཀྱང་ལོ་ངོ་ཧ་ཅང་མང་པོ་ཞིག་གི་སྔོན་དུ་ས་སྟེང་འདིར་བྱུང་ཡོད་པར་ཁས་ལེན་ཆོག་ལ། དེ་ནས་སྲོག་ཆགས་དེ་གཉིས་ཀྱི་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པར་ཡང་ཁས་མི་ལེན་ཀ་མེད་ཡིན་ཏེ། དེང་རབས་སྲོག་ཆགས་རིག་པ་བ་སུས་ཀྱང་སྲོག་ཆགས་འདི་གཉིས་དེང་སྐབས་འཛམ་གླིང་སྟེང་དུ་གནས་ཡོད་པར་ཁས་མི་ལེན་པའི་ཕྱིར།
གནས་ཚུལ་འདི་དག་གི་རྐྱེན་གྱི་དགེ་ཆོས་ལགས་ནས་ཧི་མ་ལ་ཡའི་བསྟན་བཅོས་བརྩམས་ཏེ་གངས་སེང་ཟེར་བ་ཞིག་རང་རེའི་མ་དག་པའི་སྣང་ངོར་མ་དག་པའི་འཇིག་རྟེན་འདིའི་སྟེང་དུ་མེད་པར་བསྒྲུབས་དགོས་བྱུང་བ་རེད་སྙམ། དེ་ཡང་ཁོང་གིས། “སེང་གེ་དཀར་མོ་གཡུའི་རལ་བ་ཅན། གངས་རི་དཀར་སེང་ངེའི་སྟེང་དུ་ཡོད་པར་བྱས་པ་ནི། དཔང་ལོ་ཆེན་པོས་གསུངས་པ་ལྟར་བོད་ཀྱི་བློ་བཟོ་ཁོ་ན་ཡིན་ཏེ། རྒྱ་གཞུང་ཐམས་ཅད་ན་འདི་ནགས་ཀྱི་སྲོག་ཆགས་སུ་བཤད་པ།”
དཔེར་ན། ཟླ་བའི་བཞི་འགྲེལ་ལས། རྒྱལ་པོས་སྐྱེ་དགུ་སྲུང་ལ། སྐྱེ་དགུས་ཀྱང་རྒྱལ་པོ་སྲུང་བ་ཡིན་ཏེ། དཔེར་ན་སེང་གེས་ནགས་སྲུང་ལ། ནགས་ཀྱིས་སེང་གི་སྲུང་བ་བཞིན་ནོ་ཞེས་དང་། ཚིག་གསལ་གྱི་དེ་བཞིན་གཤེགས་པ་བརྟག་པར་ཡང་། དེ་བཞིན་གཤེགས་པ་ནགས་ཁྲོད་ན་སེང་གེ་ལྟར། ཞེས་དང་། ཤཝ་རིའི་དོ་ཧར་ཡང་། ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡི།། ཞེས་དང་། རྟོགས་བརྗོད་རིན་པོ་ཆེའི་ནང་མྱ་ངན་མེད་ཀྱི་སྤྲིང་ཡིག་བཀོད་པར་ཡང་། མཚུངས་པ་མེད་པའི་ནགས་ཀྱི་གདོང་ལྔ་ཞེས་བཤད་དེ། གལ་ཏེ་གངས་སེང་དེ་ལྟར་མཐུ་ཆེ་བ་ཞིག་ཡོད་ན། རྒྱལ་པོ་ཡང་དེ་ཁོ་ནའི་མིང་གི་ཆེ་བ་ཐོབ་པར་གྱུར་པས་ཚིག་ཀྱང་དེ་ལྟར་སྦྱོར་བར་འགྱུར་རོ།། ཞེས་གསཡངས་ཏེ། རྒྱ་གཞུང་གི་ལུང་དེ་དག་གིས་གངས་སེང་མེད་པར་བསྒྲུབས་འདུག་པས། གངས་སེང་ཡོད་པར་འདོད་མཁན་ཚོས། རྒྱ་གཞུང་མཁན་པོ་ཚོ་ནི་རྒྱ་གར་མི་རིགས་ཡིན་པས། ཁོ་ཚོས་བོད་ཀྱི་གངས་སེང་སྐོར་ནས་ཅི་ཡང་ཤེས་ཀྱི་མ་རེད། དཔེར་ན། རྒྱ་གཞུང་མཁན་པོ་ཚོ་བོད་ཀྱི་གཡག་ལ་ཆ་རྒྱུས་མེད་པས། ཁོ་ཚོས་གཡག་གི་སྐོར་ནས་བསྟན་བཅོས་བརྩམས་ཡོད་པ་མ་རེད། ཅེས་ཟེར་མདོག་ཁ་པོ་རེད་དེ། དགེ་ཆོས་ཀྱིས་གསུངས་པ་ལྟར། སེང་གི་ཞེས་པའི་སྲོག་ཆགས་ཀྱི་མིང་འདིའི་འབྱུང་ཁུངས་ཀྱང་རྒྱ་གར་ཡིན་ལ། འདམ་སེང་དང་ནགས་སེང་སོགས་མཐོང་རྒྱུ་ཡོད་པའི་གྲས་དེ་བོད་ཀྱི་ཡུལ་དུ་གཅིག་ཀྱང་མ་བྱུང་བར། རྟོག་པས་བཏགས་ཙམ་གྱི་གངས་སེང་ཞིག་ཐོལ་གྱིས་བྱུང་བ་ནི། ཤེས་ལྡན་གྱི་སྐྱེ་བོ་དག་གི་དཔྱད་གཞི་གལ་ཆེན་ཞིག་རེད་སྙམ།
དེ་མཚུངས་བོད་ཀྱི་རྒྱལ་དར་ཞེས་པའི་དེང་སྐབས་བོད་ཕྱི་ལོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་བེད་སྤྱོད་བྱེད་པའི་དར་ཆ་དེའི་ངོས་སུ། དགེ་ཆོས་ཀྱིས་གསུངས་པ་ལྟར་རྒྱ་ཁྱི་མགོ་ཟེང་གཉིས་བྲིས་ཏེ་གངས་སེང་དཀར་མོའི་གཟུགས་རིས་ཡིན་ཞེས་སྒྲོག་བཞིན་འདུག་པར། ལོ་ཤས་སྔོན་ཁོ་བོས་རྟོག་བཏགས་ཀྱི་སེང་གཟུགས་དེའི་ཚབ་ཏུ་བོད་ཀྱི་གཡག་རྒོད་གཉིས་ཀྱི་གཟུགས་རིས་བྲིས་ན་ལེགས་པའི་སྐོར་གྱི་ཆེད་རྩོམ་ཞིག་སྤེལ་བར། སྤྱི་ཚོགས་སྟེང་ཁོ་བའི་འདོད་ཚུལ་དེར་དགག་པ་ལྟར་སྣང་རྒྱག་མཁན་མང་པོ་ཞིག་བྱུང་སོང་། ཁོ་བོའི་བསམ་པར། རྒྱ་ཁྱི་མགོ་ཟེང་གི་གཟུགས་རིས་དེ་གངས་སེང་གི་གཟུགས་བརྙན་ཡིན་ཞེས་བོད་ཆེན་པོའི་རྒྱལ་དར་གྱི་ངོས་སུ་བྲིས་ཏེ་མཐོ་ལྷ་ཁང་ནས་དམའ་གསང་སྤྱོད་བར་དུ་སྔོན་ནས་ད་ལྟའི་བར་དུ་འཕྱར་བཞིན་ཡོད་པ་འདི་ནི། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ་ཞེས་སློབ་དཔོན་ཆེན་པོས་གསུངས་པ་དེ་ནམ་མཇུག་མི་རྫོགས་པའི་རྟན་འབྲེལ་ངན་པ་བོད་མི་རང་གིས་བསྒྲིགས་པ་ཞིག་རེད་སྙམ། མཇུག་ཏུ་ཞུ་རྒྱུ་ལ། ཀློག་མཁན་ཁྱེད་རང་དགེ་ཆོས་ཀྱི་ཧི་ལ་མ་ཡའི་བསྟན་བཅོས་དང་ཚངས་དབྱངས་པའི་གསང་རྣམ་གང་གི་རྗེས་སུ་འབྲང་མིན་དེ་གལ་ཆེན་མིན་པར། ང་ཚོས་དངུལ་དངོས་ཀྱི་འགྲོ་སོང་བཏང་སྟེ་ཧི་མ་ལ་ཡའི་རི་རྒྱུད་དུ་གངས་སེང་དཀར་མོ་གཡུ་ཡི་རལ་བ་ཅན་ཁྱུ་ཞིག་གམ། ཡང་ན་རྒྱ་ཁྱི་མགོ་ཟེང་སྐོར་ཞིག་དངོས་སུ་ཡོད་མེད་རྩད་གཅོད་བྱེད་མཁན་གྱི་མི་སྣའི་དཔུང་ཁག་ཅིག་གྲ་སྒྲིག་བྱས་ན་མི་ལེགས་སམ། དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ལ་རྒྱ་མི་ཞིག་གིས། བོད་མིས་རྨོངས་དད་ཀྱིས་གངས་སེང་ཟེར་བ་ཞིག་ཡོད་ཚུལ་བརྗོད་པ་རེད་ཅེས་བཤད་པར། ཁོང་གིས་ལན་དུ། དེ་ནི་རྒྱ་མིས་རྩ་བ་ནས་མེད་པའི་གཡུ་འབྲུག་སྔོན་མོ་ཞིག་གི་གཏམ་རྒྱུད་བཟོས་པ་དང་གཅིག་མཚུངས་རེད་ཅེས་ལན་བསྐྱོན་པ་དེ་ཡང་ང་ཚོས་དྲན་དགོས་པ་ཞིག་རེད།
གཞན་ཁམས་སྤྲུལ་སྙན་འགྲེལ་དུ་བཀོད་པའི་གངས་སེང་གི་སྐོར་མཁས་པའི་བཞེད་ཚུལ་ཁག་ཅིག་ནི་འདི་ལྟར། དཔང་ལོ་ཆེན་པོས། རྗེ་བཙུན་སྤྱན་རས་གཟིགས་དབང་གི་བསྟོད་པར། ཞད་སྐྱེས་རལ་བའི་ནགས་ཉལ་འཇིག་རྟེན་དབང་ཕྱུག་ཞབས་སེན་སེངྒེ་དེས་ཁྱེད་སྲུངས། ཞེས་དང་། སྐྱེས་རབས་སུ། ནགས་ཕུག་སེང་གེས་བསྲུངས་པའི་རི་དྭངས་བཞིན། ཞེས་གསུངས་པ་ལྟར། སེངྒེ་ནགས་ན་གནས་པ་ལ། གངས་ལ་ཡོད་པར་འཆད་པ་ཡང་རི་དང་རི་དང་འགལ་བའོ།། ཞེས་གསུངས་པ་ལ། རྗེ་བོད་མཁས་པས། སེངྒེ་ལ་རིགས་དུ་མ་ཡོད་དེ། གངས་ལ་གནས་པ་དང་། ནགས་ལ་གནས་པ་དང་། འདམ་སེང་དུ་གྲགས་པ་དང་། སེངྒེ་རྐང་པ་བརྒྱད་པ་ཤར་བྷར་གྲགས་པ་ཡང་ཡོད་དེ། བྷ་ར་ཏས། རྐང་པ་བརྒྱད་པ་གྱེནམིག་ཅན། ཤ་ར་བྷ་ནི་ནགས་ལ་བསྐྱོད། སེང་གེ་འཇོམས་པ་ཡང་དག་འགྲོ། ཐུབ་པ་དེར་ནི་ངེས་པར་ཞུགས། ཞེས་པ་དང་། སྤྲིན་ཆེན་པོའི་མདོ་ལས། སེངྒེའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཞེས་དང་། རྒྱ་ཆེ་རོལ་བའི་མདོར། གངས་ཀྱི་རི་བོའི་ངོས་ལས་སེངྒེའི་ཕྲུ་གུ་དག་འོངས་ཏེ་ཞེས་སོགས་ཀྱང་ཡུལ་དང་འགལ་ལོ་མི་གསུང་གྲང་། ཞེས་དགག་པ་མཛད་མོད་ཀྱང་། དོན་དུ་རི་བོ་གངས་ཅན་སོགས་རིའི་རྩེ་མོར་གངས་ཡོད་པས་མིང་དེ་སྐད་དུ་གྲགས་ཀྱང་། མཐའ་ནགས་ཚལ་སྟུག་པོས་གང་བའི་ནགས་ལ་སེངྒེ་གནས་པ་ཡིན་པས། གངས་ཀྱི་རི་ལ་གནས་པའི་སེངྒེ་དང་། གངས་ཀྱི་རི་བོའི་ངོས་ལས་སེངྒེའི་ཕྲུ་གུ་འོངས་ཞེས་མདོ་ལས་འབྱུང་བའང་དེ་ཡིན་ཏེ། དཔེར་ན་བོད་ཁ་བ་ཅན་ཞེས་དང་། བོད་གངས་ཅན་གྱི་མི་རྣམས་ཞེས་འབྱུང་ཡང་། བོད་ཀྱི་མི་རྣམས་གངས་ཀྱི་ནང་ན་གནས་པ་མ་ཡིན་པ་ལྟ་བུའོ།། གཞན་དུ་ན་སྨན་པ་འཚོ་བྱེད་གཞོན་ནུ་བཅོམ་ལྡན་འདསཀྱིས་རི་གངས་ཅན་དུ་ཁྲིད་ནས་སྨན་བསྟན་པའི་ལོ་རྒྱུས་འབྱུང་བས། གངས་ཀྱི་ནང་ན་སྨན་གྱི་བྱེ་བྲག་མང་པོ་སྐྱེས་པ་དངོས་སུ་འགལ་ཞིང་། བོད་ཡུལ་འདིར་བྱོན་པའི་མཁས་གྲུབ་ཚད་མ་རྣམས་གཙོ་བོར་གྱུར་པའི་གནག་རྫི་བླུན་པོའི་བར་ཀུན་ལ་གངས་ཀྱི་སེངྒེ་ཞེས་གྲགས་པ་བདེན་མོད་ཀྱང་། དེ་ནི་ཡུལ་དེ་དག་གི་རྒྱུས་ཆུང་བའི་བོད་ཡུལ་གྱི་རྒན་པོ་རྣམས་ལ་སྔར་ནས་གྲགས་ཟིན་པའི་རྗེས་སུ་འབྲངས་ནས་མ་དཔྱད་པར་གསུངས་པ་ཡིན་པའི་ཕྱིར། གངས་ལ་སེངྒེ་ཡོད་པའིི་ལུང་གི་སྒྲུབ་བྱེད་དུ་མི་འགྱུར་ལ། རྒྱ་གར་བའི་བསྟན་བཅོས་རྣམས་ནས་ཧ་རི་ན་བ་སྟེ་མགོན་འཕྲོག་ཏུ་གྲགས་པའི་རི་དྭགས་ཀྱི་ཁྱད་པར་བྱང་ཐང་དུ་གནས་པ་ཞིག་ཡོད་པར་གྲགས་པ་ལས། གཞན་འདམ་སེང་དུ་གྲགས་པ་ཞིག་ཀྱང་ཡོད་པའི་ཁུངས་མ་མཐོང་བས་བརྟག་པར་བྱ་བའི་གནས་སུ་སྣང་ཞེས་གསུངས་སོ།། ཞེས་པ་སོགས་བོད་ཀྱི་ཡུལ་འདིར་སྔོན་ཆད་ཀྱང་གངས་སེང་ཡོད་མེད་ཀྱི་རྩོམ་ཡིག་འབྲི་མཁན་བྱུང་ཡོད་པས། དགེ་ཆོས་ཀྱི་གངས་སེང་གི་བསྟན་བཅོས་འདི་གཅིག་པུར་ཁོང་ཁྲོ་ཟ་དགོས་དོན་མི་འདུག་གོ།།
མཐའ་མར་དོ་སྣང་བྱེད་དགོས་པ་ཞིག་ནི། དགེ་ཆོས་ཀྱིས་ཐུན་མོང་སྣང་ཚོད་དུ་རི་བོང་རྭ་མེད་པའི་སྤྱི་འགྲོས་དེ་དབང་བཙན་པར་བྱས་ནས་གངས་སེང་མེད་པར་བསྒྲུབས་པ་ལས། འཕགས་པའི་གང་ཟག་ལ་སྣང་བའི་སྟོང་གཟུགས་ཀྱིས་ནམ་མཁའ་གང་བའི་རྣམ་གཞག་དེ་ཚོར་དགག་པ་བརྒྱབ་མེད་པ་དེ་བ་མི་བརྗེད་པར་ཞུ།
གངས་ཅན་སྐྱེ་བོས་བཙལ་ན་མི་རྙེད་པའི།།
གངས་ཀྱི་སེང་གེར་བརྫུས་པའི་རྒྱ་ཁྱི་གཉིས།།
གངས་རིའི་རྒྱལ་དར་ངོས་སུ་གནས་བཅས་ཚེ།།
གངས་ལྗོངས་ཤེས་ལྡན་སྐྱེ་བོས་བཟོད་དམ་ཅི།།
བརྒྱད་པ། དགེ་ཆོས་དང་ཁོང་གི་སྙན་རྩོམ་ཁག་ཅིག
བོད་ཀྱི་རིག་གཞུང་ཁྱབ་ཁོངས་སུ་སྙན་ངག་མེ་ལོང་སྔ་རྗེས་སུ་བསྒྱུར་པ་དེས། བོད་རང་གི་ས་དར་རྡོ་དར་གྱི་གདོད་མའི་སྙན་ངག་གི་ཁྱིམ་གཞིས་ཤིག་ཉམས་རྒུད་དུ་འགྲོ་མགོ་ཚུགས་པ་རེད་ཅེས་བརྗོད་ཆོག་པ་སྟེ། མེ་ལོང་མའི་ཤུགས་རྐྱེན་བོད་ཁམས་སུ་ཁྱབ་རྗེས། བོད་རང་གི་གནའ་སྔོ་མོའི་སྙན་ཚིག་རྩོམ་སྟངས་བཞིན་བྲིས་པའི་ཚོག་སྦྱོར་དེ་ཚོར་གྲོང་ཚིག་ཅེས་དམའ་འབེབ་བྱེད་པ་དེས་གནས་ཚུལ་དངོས་ལ་བདེན་དཔང་བྱེད་ཀྱིན་འདུག ཡིན་ན་ཡང་། རྒྱུན་ཆད་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། མེ་ལོང་མ་ནི་བོད་རང་གི་ཚིག་རྒྱན་རིག་པའི་མཛེས་མ་དེའི་ལང་ཚོའི་སྣང་བརྙན་གསལ་པོར་འཆར་བའི་ཤེལ་དཀར་གྱི་མེ་ལོང་ཞིག་ཏུ་གྱུར་པ་ནི་བསྙོན་མེད་དུ་ཁས་མི་ལེན་ཀ་མེད་རེད། དེ་དང་དེའི་རྐྱེན་གྱིས་དགེ་འདུན་ཆོས་འཕེལ་ལགས་དགུང་ལོ་དགུར་ཕེབས་དུས་སྙན་ངག་འཁྲིད་གཞིའི་དེབ་དེ་ཡང་མེ་ལོང་མ་ཡིན་ཞིང་། ཁོང་གིས་ཐོག་མའི་དཔེར་བརྗོད་འབྲི་སྐབས། བོད་ཀྱི་གནའ་བོའི་ཚིག་རྒྱན་ཏེ། རྨ་རྒྱལ་ནི་སྦོམ་ར་བཞིན།། རྨ་ཆུ་ནི་སྔོན་མོ་ལྟར།། རྒན་གྱའི་ནི་རྩྭ་ཐང་འདྲ།། ཞེས་བྲིས་མེད་པར། རི་བོ་འབིག་བྱེད་དང་ཆུ་མོ་གངྒཱ་སོགས་དཔེན་ལེན་དགོས་བྱུང་འདུག གང་ལྟར་ཁོང་གིས་སྙན་ངག་འབྲི་སྐབས་མེ་ལོང་མའི་ཤུལ་འཛིན་འཁྲུལ་མེད་ཅིག་བྱས་ཡོད་ན་ཡང་། མཁས་པ་གཞན་གྱི་སྙན་ངག་བཞིན་རྒྱ་གར་ཤར་ནུབ་ནས་ཡུལ་དབུས་དང་དེ་ནས་སྟོད་དབུས་གཙང་། དེ་ནས་མདོ་ཁམས་སུ་ཁྱབ་བརྡལ་བྱུང་བའི་རིག་བྱེད་གཏམ་རྒྱུ་ཁྲོད་ཁྱི་མིང་ཚིག་གི་མངོན་བརྗོད་དེ་ཚོ་བཀོལ་སྤྱོད་ཧ་ཅང་ཉུང་ཉུང་ཞིག་ལས་མ་བྱས་པར། རྩོམ་པ་པོ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་སྙན་ངག་ཁག་ཅིག་བྲིས་ཡོད་པ་རེད། དེ་ཡང་ཁོང་གིས་མི་རྟག་པ་དྲན་པའི་གསུང་མགུར་ནང་། རྒྱ་ཆེན་དོན་གཉིས་གྲུབ་པའི་དགའ་སྟོན་ལ་རོལ་བའི།། མ་འདྲིས་འགྲོ་བའི་རྩ་ལག་ཟས་གཙང་གི་སྲས་པོ།། མཐའ་དང་ཟད་དུ་མེད་པའི་བྱིན་རླབས་ཀྱི་གྲུ་ཆར།། ཐུགས་རྗེ་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས་ཕོབས་ཤིག། ཐང་ཆེན་ཕ་མཐའ་མེད་པའི་དུད་སྤྲིོན་གྱི་སྤྲིས་མ།། རྐ་གླིང་སྐད་བརྡ་སྒྱུར་བའི་རྒྱུས་མེད་ཀྱི་མགྲོན་པོ།། ཁ་དོག་སྣ་སྔ་ཤར་བའི་ཞིང་ཆེན་གྱི་རེའུ་མིག། སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ།། ཞེས་པ་དེ་ཀློག་སྐབས། ང་ཚོའི་མིག་སྔར་ཕ་མཐའ་མཐོང་ཐབས་བྲལ་བའི་རྒྱ་གར་གྱི་ཐང་ཆེན་པོ་ཞིག་གི་ཟུར་ན། ཧིནྔྷུའི་ཆོས་པ་དམར་ཧྲེང་ལག་ཏུ་རྐང་གླིང་དང་ཌཱ་མ་རུ་ཐོགས་པ་ཞིག་གི་འགྲམ་དུ། ཁ་དོག་སྣ་ཚོགས་ལྡན་པའི་རྒྱ་གར་གྱི་ས་ཁྲ་ཞིག་ལག་ཏུ་བཟུང་སྟེ་རང་ཉིད་གར་འགྲོའི་ཕྱོགས་སུ་མགོ་བོ་འཐོམ་སྟེ་སྐྱོ་བའི་དབུགས་རིང་འབྱིན་པའི་དགེ་འདུན་ཆོས་འཕེལ་གྱི་གཟུགས་བརྙན་རབ་རིབ་ཅིག་འཆར་ཡོང་ཞིང་། ཉེ་འབྲེལ་འཁོར་གཡོག་འཛོམས་པ་ཚོང་འདུས་ཀྱི་མགྲོན་པོ།། སྟོབས་འབྱོར་ཁེངས་དྲེགས་དར་བ་རྨི་ལམ་གྱི་ལོངས་སྤྱོད།། སྐྱིད་སྡུག་སྤེལ་མའི་ཉམས་མྱོང་དབྱར་དགུན་གྱི་འགྱུར་ལྡོག། བསམ་བཞིན་མ་བཅོས་ཤུགས་པའི་གླུ་དབྱངས་ཤིག་ཤོར་བྱུང་།། ཞེས་དང་། ཟིན་མེད་དབྱར་དགུན་དུས་བཞིའི་སོ་ཚིས་ལ་འབད་ནས།། དོན་མེད་གཡེང་བས་མི་ཚེ་སྟོང་ཟད་དུ་ཕྱིན་ཀྱང་།། ད་དུང་སྣང་མེད་གཡེང་བའི་འཕྱོར་ཉམས་དེ་ཆེ་བ།། ལུས་རྒས་སེམས་མ་རྒས་པའི་སྣ་ཚུལ་དེ་སྐྱོ་བ།། ཞེས་དང་། བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།། ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས།། འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས།། ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ།། རེ་དོགས་འོག་འགྱུའི་རྣམ་རྟོག་སྡུག་བསྔལ་གྱི་སྐྱུར་རྩི།། ཤུགས་འབྱུང་དགའ་བདེའི་ཉམས་ཀྱི་འོ་མ་དང་འདྲེས་ཚེ།། བཟའ་བཏུང་ལོངས་སྤྱོད་ཕྱི་ཡི་སྐྱིད་ཆས་ཙམ་འགྲིག་ཀྱང་། བློ་བདེ་གུ་ཡངས་ནང་གི་སྐྱིད་ཉམས་དེ་མི་འདུག། ཅེས་པ་སོགས་བཀླགས་པའི་ཚེ། ཁོང་གི་མཐའ་སྐོར་དུ་གནས་པའི་ཕྱུག་བདག་དང་བྲན་གཡོག་ཚོའི་བར་གྱི་བཟློག་ཏུ་མེད་པའི་གནམ་བསྐོས་ལས་དབང་དང་འཇིགས་སུ་རུང་བའི་འཆི་བདག་རི་ངོ་གདོང་དམར་པོ་ཞིག་གསལ་རྗེན་དུ་མཐོང་ཐུབ་ཅིང་། ཁོང་གི་སྙན་ངག་གྲགས་ཅན་“ཆུང་གྲོགས་རྗེས་དྲན་”ཞེས་པའི་ནང་གི སྲིད་པའི་འབྱོར་བ་ལ་ཁའི་ན་བུན།། འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོན་པོ།། མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།། བསམ་ཞིང་བསམ་ན་སྙིང་པོ་མི་འདུག། ཞེས་དང་། རྒྱུས་མེད་གཤིན་རྗེའི་ཕོ་ཉས་ཁྲིད་ནས།། ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་ལ།། སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡིས།། ཐུགས་རྗེ་ཅན་གྱི་སྐྱེལ་མ་མཛོད་ཅིག། སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད།། བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས།། མི་བཟློག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག། ཉམས་ཆུང་གྲོགས་ཀྱི་སྟེང་དུ་སླེབས་སོང་།། སྔོན་སྨོན་ལས་ཀྱི་ཆར་ཟིམ་བབས་ཚེ།། ཡོད་ཡོད་འདྲ་བའི་དགུང་གི་འཇའ་ཚོན།། དུང་སེམས་ཉི་མས་གསལ་དུ་སོང་ཚེ།། མི་མཐོང་ནམ་མཁའི་མཐོངས་སུ་ཡལ་སོང་།། ཞེས་ཁོང་གི་སྙིང་ཉེ་བའི་གྲོགས་པོའམ་གྲོགས་མོ་དེ་འཇིག་རྟེན་ཕྱི་མའི་མགྲོན་དུ་ཆས་པས་སྐྱོ་གདུང་ཆེན་པོས་གསོལ་འདེབས་དང་། ན་གཞོན་ལང་ཚོའི་མེ་ཏོག་རྒྱས་དུས།། ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི།། འདྲིས་འདྲིས་ཆུང་གྲོགས་སེམས་ཀྱི་འཚེར་ཡང་།། ད་ལྟ་རིགས་དྲུག་གང་ན་ཡོད་དམ།། ཞེས་མཆི་མས་ཁེངས་པའི་འདྲེན་བྱེད་རིག་རིག་ཏུ་བགྲད་དེ་སྙིང་གྲོགས་དམ་པ་དེའི་རྣམ་ཤེས་བཙལ་ཅིང་། ལུས་ཟུངས་ཟད་ལ་ཀེང་རུས་གཟུགས་བརྙན།། གསོན་དུ་རེ་བའི་ཁོ་ཐག་ཆད་དེ།། འཆི་བའི་མིག་གིས་ཅེར་རེ་ལྟ་བའི།། གཏམ་དེ་བདེན་ན་སྙིང་ལ་གཟན་པ།། ཞེས་སྙིང་གྲོགས་དེའི་འཆི་ཁའི་སྣང་བརྙན་གསོན་པོ་ཞིག་སྙན་ངག་གི་ལམ་ནས་མཚོན་པར་བྱས་ཤིང་། མ་བརྟགས་སེམས་ཀྱི་འཆར་ཚུལ་ཞིག་ལ།། ད་དུང་དྲུང་ན་ཡོད་ཡོད་འདྲ་བ།། དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ།། སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག། ཅེས་ཤ་འཇམ་ལུས་པོ་འདྲེས་པའམ་དུང་སེམས་འོ་ཆུ་གཅིག་ཏུ་འདྲེས་པའི་སྙིང་གྲོགས་དེའི་གཟུགས་བརྙན་ནམ་ཡང་སེམས་ཀྱི་དཀྱིལ་ནས་བརྗེད་ཐབས་མེད་པར་རང་གི་རྣམ་ཤེས་དང་མཉམ་དུ་གནས་ཡོད་པའི་འཆར་སྣང་དེ་ལྷུག་པོར་བརྗོད་པ་སོགས། སྙན་ངག་ཐུང་ངུ་འདི་ནི་རྒྱ་གར་གྱི་ནག་མོ་ཁོལ་དང་རྒྱ་ནག་གི་ལིས་པེའི་སྙན་ངག་དང་འདྲ་བར་སེམས་རྩ་གཉོམ་པའི་ཀློག་མཁན་དག་གི་མཆི་མའི་མེ་ཏོག་དབང་མེད་དུ་འཛུམ་པར་བྱེད་པའི་སྒྱུ་རྩལ་གྱི་རྣམ་འགྱུར་ཚད་མཐོས་ཕྱུག་ཅིང་། ཉེ་ཆར་བོད་ནང་དུ་སྙན་ངག་འདི་སྒྲ་སྙན་རྡུང་ལེན་གྱི་རྟ་དྲངས་ནས་གྱེར་འདོན་དང་སྙན་ངག་གི་ནང་དོན་དང་མཐུན་པའི་འཁྲབ་སྟོན་ཡང་བྱས་པར་སྤྱི་ཚོགས་སྟེང་དགའ་བསུ་ཚད་མེད་ཐོབ་ཅིང་། སྙན་ངག་པའི་གཟུགས་བརྙན་དེ་ཡང་མཐོ་རིམ་ཤེས་ཡོན་ཅན་ནས་དམའ་རིམ་ར་རྫི་ལུག་རྫིའི་བར་དུ་ཁྱབ་བརྡལ་ཆེན་པོ་འགྲོ་བཞིན་འདུག ཡང་ཁོང་གིས་བཙོན་ཁང་ནས་བྲིས་པའི་སྙན་ངག་བཙོན་ནས་བླངས་པའི་མགུར་ཞེས་པ་དེའི་ནང་། འདི་ན་སུ་དང་གང་གིས་མི་ཤེས་པའི། གཡུང་དྲུང་ལྷ་དམུ་ཐག་རིང་མོ་འདིས།། མཐའ་མེད་ཆོས་དབྱིངས་རིག་པའི་དབྱིངས་སུ་བཏགས།། རིག་པའི་བུ་ཆུང་ལུས་ཀྱི་ནང་དུ་བཏགས།། ཞེས་སོགས་ཀྱིས་འོད་གསལ་སེམས་ཀྱི་རང་བཞིན་དེ་གློ་བུར་དྲི་མས་བསྒྲིབས་པས། མི་འདོད་བཞིན་དུ་མྱོང་དགོས་པའི་ལས་ཀྱི་འབྲས་བུ་སྣ་ཚོགས་ཀྱིས་མནར་བའི་འགྲོ་བ་འདི་དག་གིས། སོ་སོའི་ལས་དབང་དེའི་གསང་བ་ནམ་ཡང་རྟོགས་ཐབས་བྲལ་ཅིང་། རེ་ཟུང་གིས་གནས་ལུགས་ཀྱི་གསང་བ་ཕྲ་མོ་རེ་རྟོགས་ན་ཡང་འདི་སྣང་གི་སྒྲོག་ཏུ་ཚུད་དེ་མཐའ་བྲལ་ཆོས་དབྱིངས་ཀྱི་གྲོང་ཁྱེར་དུ་བགྲོད་མཁན་ནི་ཉིན་མོའི་སྐར་མ་བཞིན་དུ་སྣང་བའི་ཚུལ་ལ་སེམས་འཚབ་དྲག་པོ་ཞིག་སྐྱེས་ན་ཡང་། ལུས་སེམས་གཉིས་ཀ་བཙོན་དུ་ཚུད་པའི་ཁོང་ནི་ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་བཞིན་དུ་རེ་ཞིག་སྐྱོ་བའི་དབུགས་རིང་འདོན་བཞིན་སྡོད་པ་ལས་ཐབས་གཞན་ཅི་ཡང་མེད་པའི་ཚུལ་བསྟན་འདུག སྙན་ངག་འདིར་བོད་ཕྱི་ནང་གཉིས་སུ་གསར་འགྲེལ་རྩོམ་མཁན་རེ་ཟུང་བྱུང་ཡོད་ཅིང་། གསར་འགྲེལ་མཁན་པོ་གཉིས་ལས་ལྷག་པ་ཞིག་ཁོ་བོར་བརྗོད་རྒྱུ་མེད་པས་དེ་རང་གིས་འགྲིག་པར་སྙན་མོ།།
སྙན་ངག་མཁན་པོ་སྟོང་གི་རིག་རྩལ་དང་།།
སྙན་ངག་མཁན་ཁྱོད་རྨི་ལམ་ཐུན་གཅིག་གཉིས།།
སྙན་རྒུའི་དཔལ་མོས་སྲང་ལ་བཅལ་བ་ན།།
སྙན་རྒུའི་འཁོར་སྒྱུར་རྟགས་མ་ཁྱོད་ལ་ཐོབ།།
འཇིག་རྟེན་ཆགས་ནས་དེང་ལ་ཐུག་གི་བར།།
འཇིག་རྟེན་འདི་ཡི་དགའ་སྐྱོ་ཆགས་སྡང་སོགས།།
འཇིག་རྟེན་ཞིག་གི་ལོ་རྒྱུས་འབྲི་བའི་དབང་།།
འཇིག་རྟེན་མཁན་པོས་ཁྱོད་ཉིད་གཅིག་པུར་བསྐུར།།
ཞེས་པ་ནི་གཟུར་གནས་སྐྱེ་བོའི་མཆོད་སྤྲིན་དུ་དམིགས་པའི་དངོས་ཡོད་སྲོང་པོར་བརྗོད་པའི་དྲང་གཏམ་ཡིན་པའི་ཁུལ་ལོ།།
དགུ་པ། དགེ་ཆོས་ཀྱི་རི་མོ།
ང་ཚོ་མང་པོ་ཞིག་གིས་ཤེས་པ་བཞིན་དགེ་འདུན་ཆོས་འཕེལ་འཁྲུངས་སའི་རེབ་ཀོང་ནི་བོད་ཀྱི་ལོ་རྒྱུས་སྟེང་ཐང་ཀ་དང་འབག་བཟོ་གཉིས་ཀྱི་ཕྱོགས་སུ་ཡུལ་གྲུ་གཞན་གྱིས་འགྲན་ཟླ་བྲལ་བའི་གོ་གནས་ཆེན་པོ་ཞིག་བཟུང་ཡོད་པའི་ཡུལ་ལྗོངས་ཁྱད་པར་བ་ཞིག་ཡིན་ཞིང་། ཡུལ་གྲུ་འདིར་ཆེས་གནའ་བོའི་དུས་ནས་རེབ་ཀོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འབོད། ས་ཆ་འདིར་སྐྱེས་པ་ཞིག་ཡིན་ཕྱིན་ཆད་རབ་སྔགས་སྐྱ་གསུམ་མང་པོ་ཞིག་གིས་ལྷ་བྲིས་དང་འབག་བཟོ་སྦྱོང་བའི་ལུགས་སྲོལ་བཟང་པོ་ཞིག་མི་རབས་ནས་མི་རབས་བར་དུ་ཡོད། འདས་པོ་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གྲགས་ཅན་ཤ་དང་རུས་པའི་བརྩེ་དུང་ཞེས་པ་དེ་ཡང་ས་ཆ་འདིའི་ལྷ་བྲིས་པ་ཕ་བུ་གཉིས་ཀྱིས་བར་དུ་བྱུང་བའི་དགའ་སྐྱོའི་བརྩེ་དུང་གི་གཏམ་རྒྱུད་གསོན་པོ་ཞིག་རེད།
སྐབས་སུ་བབ་པའི་དགེ་འདུན་ཆོས་འཕེལ་ལ་མཚོན་ན་སྐྱེས་ཡུལ་དང་ཁོར་ཡུག་རིག་གནས་ཀྱི་ཤུགས་རྐྱེན་འོག་གཞོན་དུས་ནས་རང་ཤུགས་ཀྱིས་ལྷ་བྲིས་སྒྱུ་རྩལ་གྱི་མཐོང་ཐོས་མྱོང་གསུམ་གང་དུ་བསགས་པ་དང་། ཁོང་རང་བཞིན་ལྷན་སྐྱེས་ཀྱིས་རིག་པའི་གནས་གང་ཞིག་ཡིན་ཡང་བརྡ་སྤྲད་པ་ཙམ་ཞིག་གིས་སྦྱང་པ་ཀློང་བརྡོལ་འགྲོ་བ་ཞིག་རེད། ལོ་རབས་ཉི་ཤུ་བ་དང་སུམ་ཅུ་པ་ནི་བོད་ལ་རྒྱ་ནག་དང་རྒྱ་གར་བརྒྱུད་ནས་དེང་རབས་རིག་གནས་ཁག་ཅིག་བསླེབས་པའི་དུས་རབས་སམ་དཀྱོགས་མཚམས་ཆེན་པོ་ཞིག་ཡིན་པས། དགེ་འདུན་ཆོས་འཕེལ་གྱིས་རང་གི་ཕ་ཡུལ་དང་ལྷ་ས། བལ་ཡུལ་དང་རྒྱ་གར་བཞིའི་མི་ཚེའི་འགྲུལ་བཞུད་བརྒྱུད་དེ་རི་མོའི་སྒྱུ་རྩལ་གྱི་སློབ་སྦྱོང་གཏིང་ཟབ་ཅིག་བྱས་ཡོད། པཎ་ཌི་ཏ་ར་ཧུལ་གྱིས་བོད་སྐྱོད་དེབ་ནང་ཁོང་ལྷ་སར་དགེ་འདུན་ཆོས་འཕེལ་ལ་འཕྲད་པའི་སྐབས་དེར་དགེ་ཆོས་ཀྱིས་ལྷ་ས་བ་ཚོར་དེང་རབས་རི་མོ་སྣ་ཚོགས་འབྲི་བཞིན་དངུལ་གྱི་ཡོང་འབབ་འཚོལ་བཞིན་ཡོད་ལུགས་བྲིས་ཡོད་ལ། དེ་རྗེས་དགེ་འདུན་ཆོས་འཕེལ་དང་ཁོང་གཉིས་རྒྱ་གར་དུ་འབྱོར་རྗེས་དགེ་ཆོས་ཀྱིས་འཕགས་པའི་ཡུལ་དུ་གྲགས་པའི་རྒྱལ་ཁབ་དེའི་རི་མོ་དང་འབག་བརྐོས་ཀྱི་སྒྱུ་རྩལ་འཛམ་གླིང་ན་འགྲན་ཟླ་བྲལ་བ་དེ་ཚོར་དངོས་སུ་མྱོང་རོལ་དང་རང་གི་རི་མོའི་སློབ་སྦྱོང་གི་ཆུ་ཚད་ལ་ཁ་གསབས་བྱེད་པའི་གོ་སྐབས་ཆེན་པོ་ཞིག་ཐོབ་པ་རེད། ཁོང་གིས་གཏམ་རྒྱུད་གསེར་ཐང་དུ་བྲིས་པའི་ཡུལ་མིའི་ཆས་གོས་དང་ས་ཆ་གང་འཚམ་ཞིག་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་རི་མོའི་འབྲི་རྩལ་ལམ་ནས་མངོན་པར་བྱས་ཡོད། སྤྱིར་ན་དགེ་འདུན་ཆོས་འཕེལ་ལྷ་སར་འབྱོར་དུས་དང་ཁྱད་པར་དུ་རྒྱ་གར་དུ་སྡོད་པའི་སྐབས་དེར་པར་ཆས་ཀྱི་རིགས་འདི་སྤྱི་ཚོགས་སྟེང་དུ་ཅུང་ཟད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་མོད། དགེ་འདུན་ཆོས་འཕེལ་ལ་མཚོན་ན་སྐབས་དེར་དངུལ་གྱི་དཀའ་ངལ་ཆེན་པོ་ཞིག་ཡོད་པས་པར་ཆས་ཤིག་ཉོ་རྒྱུ་ནི་ཧ་ཅང་མི་སྲིད་པའི་ཚོད་དུ་ཡོད་ཅིང་། རི་མོ་ནི་པར་ཆས་ལྟ་བུ་མ་ཡིན་པར་ས་གནས་གང་ཞིག་ཡིན་ཡང་ཐད་ཀ་ཐད་ཀར་འབྲི་ཆོག་པ་དང་བཙོངས་ཆོག་པ་ཞིག་ཡིན་ལ། གང་འདོད་དུ་འབྲི་བ་དང་གང་འདོད་དུ་གཞན་ལ་སྟེར་བ་སོགས་བྱེད་སྟབས་བདེ་བོ་ཡོད་པའི་རྐྱེན་གྱིས། སྐབས་དེའི་ཡུལ་སྐོར་བ་ཞིག་ལ་མཚོན་ན་ཡུལ་སྐོར་ཟིན་ཐོ་འབྲི་བ་དང་ཡུལ་དེའི་སྣོད་བཅུད་གཉིས་རི་མོའི་ལམ་ནས་འབྲི་རྒྱུ་དེ་ནི་སྤྲོས་མེད་གཏིང་ཟབ་ཀྱིས་བྱེད་ཐབས་ཤིག་རེད།
རྒྱུ་མཚན་དེ་དང་དེའི་རྐྱེན་གྱིས་དགེ་ཆོས་ཀྱིས་སྐབས་དེར་བྲིས་པའི་རི་མོ་གང་འཚམ་ཞིག་དེང་སྐབས་ད་དུང་ང་ཚོའི་བསོད་ནམས་ཀྱི་ལོངས་སྤྱོད་དུ་བཞག་ཡོད། ཁོང་གི་རི་མོའི་ཁྲོད་ཀྱི་དྭངས་མ་ལྟ་བུ་རྒྱ་གར་བུ་མོ་ཞིག་གིས་མིག་སྨན་འབྲི་བཞིན་པ་དང་འབར་མའི་དགེ་སློང་། ཀུན་ཏུ་རྒྱུ་དང་དཀའ་ཐུབ་གོག་བགྲོད་པ། མི་ལ་རས་པ་དང་སྒྲོལ་མ། གནས་ཆེན་ཁག་ཅིག་གི་ས་ཁྲ། གཞན་རྒྱ་གར་ལྷ་ཁང་ཁག་ཅིག་སོགས་ནག་བྲིས་དང་ཚོན་བྲིས་གང་ཡིན་ཡང་ས་གནས་དང་མི་རིགས་དེ་དག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དང་། བཤད་སྲོལ་ལ་དགེ་ཆོས་ཀྱིས་བྲིས་པའི་ཙི་གུའི་རི་མོ་ཞིག་གི་སྟེང་དུ་བྱི་ལ་ཞིག་མཆོངས་པ་དང་། ཁོང་གིས་བྲིས་པའི་རྒྱ་གར་གྱི་རྩི་ཤིང་དང་དེ་ཚོའི་རི་མོ་སོགས་སྒམ་གང་བླ་བྲང་དུ་བསྐུར་ཡོད་ལུགས་ལོ་རྒྱུས་ནང་གསལ་བ་ལགས། ང་རང་གིས་འདས་པའི་ལོ་ཤས་ནང་རི་མོ་བྲིས་པའི་ཉམས་མྱོང་ལ་གཞིགས་ན། རི་མོ་འབྲི་རྒྱུ་དེ་ནི་སེམས་ནང་གི་དཀའ་ངལ་ཞི་བར་བྱེད་པའི་ཐབས་མཆོག་ཅིག་དང་། དེ་ནི་རང་སེམས་ནང་འཁོར་བའི་སྐྱོ་གདུང་མང་པོ་ཞིག་རི་མོའི་སྟེང་དུ་འཕོ་རུ་བཅུག་པ་ཡིན་ན་དེས་སེམས་གཅོང་ཞི་བར་ཕན་རླབས་ཤིན་ཏུ་ཆེ། གཞན་ཚོན་སྣ་རེ་རེར་དེ་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པས། ཁ་དོག་མི་འདྲ་བ་རེ་རེས་སྒྱུ་རྩལ་པའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བའི་རྦ་རླབས་སྣ་ཚོགས་ཤིག་བཞེང་འབྲི་བྱེད་ཐུབ་ཅིང་། ས་མཐར་འཁྱམས་པའི་སྐྱོ་གདུང་གིས་དུས་རྒྱུན་སེམས་པ་གཟིར་བའི་དགེ་ཆོས་ལ་མཚོན་ན་རི་མོ་འབྲི་བྱེད་ཀྱི་པུར་དང་ཤོག་ལྷ་དེ་ཚོ་ནི་ཁོང་གི་སྐྱོ་གྲོགས་ཆེས་ཡིད་དུ་འོང་བ་ཁག་ཅིག་ཅི་ལ་མིན།།
དགེ་ཆོས་ལ་བཞག་པའི་མཐའ་མའི་སྡོམ་ཚིག
དགེ་ཆོས་ལགས་སྟེང་ཕྱོགས་ལྷ་ཡུལ་དང་འོག་ཕྱོགས་དམྱལ་ཁམས། འཇིག་རྟེན་མི་ཡུལ་གང་རུང་ཞིག་ཏུ་གཤེགས་ནས་དུས་རབས་ཕྱེད་ཀ་ཙམ་འགྲོ་ཡི་ཡོད་ཅིང་། ལོ་ཟླ་འདི་དག་གི་ནང་དུ་ཁོང་གི་རིག་པའི་རྩལ་ལས་གྲུབ་པའི་བརྩམས་ཆོས་ཀྱིས་ཡིད་དབང་འཕྲོགས་ཏེ་ཁོང་ལ་གདེངས་འཇོག་བྱེད་མཁན་སྐོར་ཞིག་དང་། ཁོང་གི་ཀླུ་སྒྲུབ་དགོངས་རྒྱན་དང་འདོད་པའི་བསྟན་བཅོས། བླ་བྲང་ལ་བསྐུར་པའི་ཀ་རྩོམ་གསུམ་གྱིས་ཡིད་ལ་ཟུག་རྔུ་སྐྱེས་ཏེ། ཁོང་ལ་དམའ་འབེབ་དང་འཁོན་འཛིན་བྱེད་མཁན་རིགས་ཤིག་སྟེ། ཕྱོགས་གཉིས་ནས་ཁོང་ལ་དགའ་ཁྲོའི་རྣམ་འགྱུར་སྟོན་མཁན་གཉིས་བྱུང་འདུག་པས། སྤྱིར་འཇིག་རྟེན་གྱི་སྐྱེ་བོ་སུ་ཞིག་ཡིན་ཡང་། ཉོན་མོངས་དུག་གསུམ་མངོན་དུ་འགྱུར་ལུགས་ཆེ་རུང་གི་དབང་གིས། ཕྱི་རོལ་གྱི་སྤྱི་ཚོགས་ནང་བཟང་ཞན་གྱི་སྐད་གྲགས་འཇོག་ལུགས་མི་འདྲ་བ་ཡོད་པ་བཞིན། དགེ་ཆོས་ལགས་ཀྱང་རིག་པའི་རྩལ་ལས་ཐོན་པའི་བརྩམས་ཆོས་ཁག་ཅིག་གིས་བསྟོད་བསྔགས་ཀྱི་དབྱིངས་སུ་བཏེགས་ཤིང་། ཉོན་མོངས་ཀྱི་འབྲས་བུར་གྱུར་པའི་བརྩམས་ཆོས་ཁག་ཅིག་གིས་དམའ་འབེབ་ཀྱི་དོང་དུ་བསྐྱུར་པ་ཞིག་ཡིན་པ་ནི་དངོས་ཡོད་གནས་ཚུལ་རེད། བདག་ལྟ་བུས་ནི་དགེ་ཆོས་ལགས་ཀྱིས་གཙོས་འཇིག་རྟེན་འདིའི་སྐྱེ་བོ་སུ་ཞིག་ལ་ཡང་བཟང་ཞན་གྱི་སྡོམ་ཚིག་འབྲི་དཀའ་ན་ཡང་། ཚུར་མཐོང་སྐྱེ་བོ་སྤྱིའི་མཐོང་སྣང་དང་བསྟུན་ཏེ་རང་གིས་དགེ་ཆོས་ལ་འཛིན་པའི་རྣམ་འགྱུར་ཙམ་ཞིག་བརྗོད་ན། དགེ་ཆོས་ལགས་ནི་དང་པོར་ཤེས་རབ་མྱུར་བའི་སྔགས་འཆང་གི་ཕྲུ་གུ་སྤྱོད་པ་རྩུབ་པོ་ཞིག དེ་ནས་གྲྭ་རྐྱང་གི་འཚོ་བར་རོལ་བའི་རྟོག་གེ་བ་མགོ་མཁྲེགས་ཤིག དེ་རྗེས་ཡུལ་ཞེན་གྱིས་བྲང་ཁོག་གཏམས་པའི་རྒྱལ་ཁམས་པ་ལྡོམ་པོ་ཞིག དེ་རྗེས་སྐུ་དྲག་གི་རྩེད་ཆས་སུ་གྱུར་པའི་བཙོན་པ་ཉམ་ཆུང་ཞིག དེ་རྗེས་ཉིན་མཚན་ཆང་རག་གིས་སྐྱེལ་བའི་ར་བཟི་དྭངས་མེད་ཅིག དེ་རྗེས་མཚན་སྙན་འཛམ་གླིང་དུ་ཁྱབ་པའི་རིག་པའི་དཔའ་བོ་ཞིག་ཏུ་འཕོས་པ་བཅས། སོ་སོ་སྐྱེ་བོ་ཞིག་ལ་ཡོད་དགོས་པའི་དུག་གསུམ་གྱི་རང་མདངས་ཕྱིར་མངོན་པའི་སྤྱོད་ལོག་གི་ཕྱོགས་གཅིག་དང་། ས་ཐོབ་བྱང་སེམས་ཤིག་ལ་ཡོད་དགོས་པའི་འགྲོ་དྲུག་གི་བདེ་སྡུག་མཁྱེན་པའི་གོ་རྟོགས་ཀྱི་ཕྱོགས་གཅིག་བཅས། ཁོང་ནི་སྐྱེ་འཕགས་ཀྱི་ས་མཚམས་སུ་བསླངས་པའི་རྡོ་རིང་ངོ་མཚར་བ་ཞིག་དང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་མཁྲེགས་འཛིན་གྱི་སྔོ་དྲེགས་ཆགས་པའི་རྨོངས་ཞེན་གྱི་བྲག་རྡོར་བརྡབས་པའི་འཛམ་གླིང་ན་ཆེས་དཀོན་པའི་བེེཌཱུརྱའི་བུམ་པ་ཞིག་རེད་ཅེས་བརྗོད་ཆོག་པར་སེམས་སོ།།
སྲིད་པའི་འབྱོར་བ་ལ་ཁའི་ན་བུན་ཞེས།།
སྲིད་འདིར་སྐྱེ་བོ་མང་ཞིག་སྒྲོག་ན་ཡང་།།
སྲིད་ལས་ངེས་འབྱུང་དོན་དུ་གཉེར་བ་ཞིག།
སྲིད་གསུམ་གར་ཡོད་དགེ་འདུན་ཆོས་འཕེལ་ཀྱེ།།
མ་བརྟག་འཆར་སྒོའི་མེ་ལོང་ངོས།།
མ་བྲིས་ཁྱོད་ཀྱི་གཟུགས་བརྙན་གསལ།།
མ་དག་སྒྱུ་མའི་གྲོང་ཁྱེར་དུ།།
མ་ཕམ་མགོན་ཁྱོད་བཞུགས་སམ་ཅི།།
འདི་རུ་འོད་གསལ་སེམས་ཀྱི་ནགས།།
འདི་སྣང་མུན་པས་གཏིབས་པ་ཡི།།
འདི་ཕྱིའི་སྐྱབས་མེད་རིག་པའི་བུ།།
འདི་དག་ཁྱོད་ཀྱིས་བསླུ་འམ་ཅི།།
རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་ཞེས།།
རིག་བྱེད་མཁན་པོ་ཀུན་གྱིས་གླེང་བ་འདིའི།།
རིག་པའི་བུ་ཆུང་དགའ་བའི་མེ་ཏོག་ཅིག།
རིག་འཛིན་དཔའ་བོའི་གདུང་འཛིན་ཁོ་བོས་བྱས།།
ཞེས་མཁས་མཆོག་དགེ་འདུན་ཆོས་འཕེལ་ལགས་ཀྱི་མི་ཚེ་དང་བརྩམས་ཆོས་ལ་ཕྱི་མིག་བལྟས་པའི་དེབ་ཆུང་། རྡོ་ལ་བརྡབས་པའི་བེེཌཱུརྱའི་བུམ་པ་ཞེས་པ་འདི་ནི། སྔོན་ཆད་ཁོ་བོ་བལ་ཡུལ་དུ་ཡོད་སྐབས་འབྲི་འདུན་ཤར་ཏེ་བསམ་བློའི་ནང་བརྩམས་ཆོས་འདིའི་ཐོག་མའི་བློས་བསླངས་བཀོད་སྒྲིག་ཏོག་ཙམ་བྱས་ཤིང་། དེ་ནས་ས་སྟེང་གི་ནུབ་ཕྱོགས་བདེ་བ་ཅན་དུ་གྲགས་པའི་རྒྱལ་ཁབ་ཨ་མེ་རི་ཀར་ཐེངས་གཉིས་པར་སླེབས་ཏེ། གྲོང་ཁྱེར་སེ་ཨ་ཁྲེལ་གྱི་ཉེ་འདབས་སུ་ཡོད་པའི་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཆོས་ཚོགས་བརྩེ་ཆེན་ཀུན་ཁྱབ་གླིང་དུ་སྡོད་སྐབས་ཡོངས་སུ་གྲུབ་པར་བྱས་པ་འདིར་ནོར་བ་གང་ཡོད་ལ་བཟོད་གསོལ་དང་། བདེན་པའི་ཆ་རེ་མཆིས་ན་མཁས་མཆོག་དེ་ཉིད་ཀྱི་ཐུགས་དགོངས་རྫོགས་པའི་རྒྱུ་རུ་འགྱུར་བར་སྨོན་ནོ།། །།
མཇུག་གི་སྨོན་ཚིག
མཁས་པར་མཁས་པའི་འབྲི་སྲོལ་ཁྱད་འཕགས་དང་།།
བླུན་པོར་བླུན་པོའི་ཚིག་སྦྱོར་ཐབས་ཆག་ཅིག།
སྐྱེས་སྦྱངས་གོམས་པའི་དབང་གིས་མཆིས་པ་ཡིས།།
རབ་བྱེད་འདི་ཡང་བསྟོད་དམ་སྨད་ཀྱང་རུང་།།
བདག་ལ་བཟང་ངན་ལས་ཀྱིས་འབྲེལ་ཐོགས་པའི།།
སྐྱེ་འཆིའི་བཙོན་རར་ཚུད་པའི་ཉམ་ཐག་འགྲོ།
ཚེ་རབས་ལྷ་མཆོག་བདེ་ལྡན་ཞིང་མགོན་གྱིས།།
དུས་ཀུན་ཐུགས་རྗེའི་སྤྱན་གྱིས་སྐྱོང་གྱུར་ཅིག།
འཛམ་གླིང་འདིས་མཚོན་འཇིག་རྟེན་མཐའ་དག་ནི།།
ཞི་བདེའི་སྣང་བ་དམ་པས་ཁྱབ་གྱུར་ཅིང་།།
མ་རྒན་རྣམས་ཀྱིས་གདོད་མའི་གཞི་དབྱིངས་ཆེ།།
གཞོན་ནུ་བུམ་སྐུའི་རྒྱལ་སྲིད་ཐོབ་པར་ཤོག། །།
—–
<><ཞེས་པ་འདི་>ཡིན་ནམ་སྙམ། གཞན་རོམ་རོམ་པར་གཞུང་དེ་འདྲ་ཞིག་མེད། ཀླུ་སྨྱོན་ལགས།
格曲的思想很超前,超出时代理解的范围,看来他的思想最少超出了三代人。虽然他的一生充满曲折,但在曲折中绽放出了神奇与伟大!我们永远怀念西藏这位圣者先贤!
ཀླུ་སྨྱོན་ལགས་། ད་རེ་དགེ་ཆོས་ལགས་ཀྱི་མི་ཚེ་དང་བརྩམས་ཆོས་སྐོར་གྱི་གསར་པ་དེར་བཀའ་དྲིན་ཆེ་
བདེ་སྦྱིན་ལགས། དེབ་ཆུང་འདི་ནི་ཁོ་བོས་ལོ་བཅོ་ལྔའི་སྔོན་བརྩམས་ཟིན་པ་དང་། དེའི་རྗེས་སུ་དགེ་ཆོས་སྐོར་ལ་ལོ་རྒྱུས་རྒྱུ་ཆ་གསར་པ་གང་འཚམ་ཞིག་མཐོང་ཤིང་ཐོས། ཁྱད་པར་དུ་ཉེ་ཆར་ཐོན་པའི་ཨ་རི་བ་བླ་མ་དཀར་པོའི་བོད་ནང་གི་འགྲུལ་བཞུད་དང་། དགེ་ཆོས་ཨ་རིར་གདན་འདྲེན་ཞུས་པའི་སྐོར་སོགས་ཧ་ཅང་གལ་ཆེ་བ་མང་པོ་ཞིག་མཐོང་།
ང་སློབ་ཆུང་ལོ་རིམ་ལྔ་པ་ཡིན་དུས། ངའི་དགེ་རྒན་གྱི་ཞལ་ནས། འཛམ་གླིང་ན་ཆེས་དཀོན་པའི་བེཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་ཟེར་བའི་སྐད་ཆ་ཞིག་གོ་མྱོང་། དེ་རིང་ཀླུ་སྨྱོན་ལགས་ཀྱི་རྩོམ་ཡིག་འདི་མགོ་ནས་མཇུག་བར་ཞིབ་ཏུ་བཀླགས་ཡིན། ཞེ་གི་ཞིབ་ཅིང་ཕྲ་བ་དཔེ་མེད་ཅིག་བྲིས་ཡོད་གི་ གང་ལྟར་ རྩོམ་གྱི་འགོ་བརྗོད་དང་འབྲེལ་བའི་དྲི་བ་ཞིག་ནི། བེཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་ཟེར་བ་དེ་ཐོག་མར་གསུང་མཁན་སུ་ཡིན་ནམ།
གཉིས་པ། རྩོམ་པ་པོས་གངས་སེང་ཡོད་མེད་ཀྱི་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་གང་གསུངས་པ་དེ་ལུང་གཅིག་པུར་བརྟེན་པ་མ་ཡིན་པར། རིགས་པས་སྒྲུབ་ལུགས་དེ་དེང་རབས་ནུབ་ཕྱོགས་ཀྱི་ཞིབ་འཇུག་རྩོམ་ཡིག་འབྲི་ལུགས་དང་ཆ་འདྲ་བས་ཡིད་ལ་འཐད་པོ་བྱུང་། རང་ཉིད་ཀྱི་འདོད་ཚུལ་གང་ཡིན་པ་དེ་བརྗོད་པ་ཙམ་མ་ཡིན་པར། འདོད་ཚུལ་དེ་སྒྲུབ་བྱེད་ཀྱི་རྒྱུ་མཚན་འདྲེན་པའི་ཆ་དེར་བསྔགས་པར་འོས།
གཅན་སྣང་བ་ཚེ་བཀྲ་ལགས། ཐུབ་བསྟན་ཤེས་རབ་རྒྱ་མཚོའམ་གོ་འཇོ་ཨ་ཕོ་བླ་ཆུང་ཞེས་པ་དེས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་ཐུང་ངུ་ཞིག་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས། སྤྱི་ལོ་ ༡༩༨༨ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་ཅེས་པ་ཞིག་དཔར་པ་དེའི་གླེང་བརྗོད་དུ་བཅུག་འདུག་པ་དེའི་ཤོག་ངོས་ ༢༣་་་༢༤ བར་དུ། “ཉིན་གཅིག་ཁོ་བོ་ལ། ཁྱོད་ང་ལ་ཞེ་ལོག་གི་མི་འདུག་གམ་གསུངས། ཞེ་ལོག་གི་མི་འདུག འོན་ཀྱང་མཛད་སྤྱོད་འདི་ཅུང་ཟད་གཟབ་ན་མི་དགའ་འམ་ཞུས་པས། འོ་ཡ། ཞེ་མ་ལོག་ཨ། འཛམ་གླིང་ན་དཀོན་པའི་བཻཌྰུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་། ད་གང་དགའ་གྱིས། ད་ནི་འདི་འདྲ་རང་བྱེད་ཀྱི་ཡིན་གསུངས། དེ་མཚམས་སྐྲ་རིང་པོ་བཅད། ་་་་་་”ཅེས་སོགས་འདུག
རྩོམ་ཡིག་དེ་སྟེགས་བུ་གཞན་སྟེང་དུ་བསྐུར་ན་འགྲིག་གམ་
རྩོམ་ཡིག་གི་ཡོངས་ཁུངས་བོད་རིག་པ་ཡིན་ལུགས་གསལ་བཤད་དང་སྦྲགས་བསྐུར་ན་ལོས་འགྲིག