འགྲོ་བ་བཤད་པ་ལ། མདོར་བསྟན་དང་རྒྱས་བཤད་དོ། ། དང་བོ་ལ། འགྲོ་བའི་དོན་བཤད་པ་དང་། ཁུངས་བསྟན་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ། སྒྲ་པ་ཎི་བར་འབྱུང་བའི་མདོ་དེ་དག་གི་དོན་བཤད་པ་དང་། རྣམ་འགྲེལ་ལས་བཤད་ཚུལ། དགོས་པ་བཤད་དེ་མཇུག་བསྡུ་བ་གསུམ་མོ། །
1 དང་བོ་མདོར་བསྟན་ལ།
1.1 འགྲོ་བའི་དོན་ནི། ཇི་སྐད་དུ། སྒྲ་པ་ཎི་བ་ལས། “(उपदेशेऽजनुनासिक इत्[1]) ‘ཨུཔདེཤ྅ཛནུནཱསིཀ ཨིཏ྄་’མན་ངག་ལ་རྗེས་སུ་སྣ་ལྡན་གྱི་དབྱངས་ནི་འགྲོ་བའོ། །”ཞེས་ལ་སོགས་པ་འོག་ཏུ་འཆད་འགྱུར་ལྟར་གྱི་མདོ་རྣམས་ཀྱིས་ཨིཏ྄་འགྲོ་བའི་རྣམ་གཞག་སྟོན་ནོ། ། ཙནྡྲ་བར། ཇི་སྐད་དུ། “(अनंशचिह्नमित्[2])” ‘ཨནཾཤཙིཧྣམིཏ྄’ཆ་ཤས་མ་ཡིན་པའི་མཚན་མ་ནི་ཨིཏ྄འོ། །ཞེས་དང་། དེ་ཡང་ཇི་སྐད་དུ། སྒྲ་དབྱངས་ཅན་མ་ལས། “(कार्ययेत्[3])‘ཀཱརྱཡེཏ྄’ཨིཏ྄་བྱ་བའི་ཆེད་དུའོ། །”ཞེས་དང་ཡང་། “(यस्येतसंज्ञा तस्य लोपः[4]) ‘ཡསྱེཏསཾཛྙཱ ཏསྱ ལོཔཿ’ གང་ཞིག་ཨིཏ྄འི་མིང་ཅན་དེ་ནི་དབྱིའོ། །”ཞེས་པའི་མདོ་གཉིས་ཀྱིས་ཨིཏསཾཛྙཱ་ཨིཏ྄འི་མིང་ཅན་གྱི་རྣམ་གཞག་མདོར་བསྟན་མོད། དེར་འགྲོ་བའི་དགོས་པ་དང་། དེ་དབྱི་ཚུལ་ཙམ་ལས་མ་གསུངས་པས་དེའི་ཚུལ་མ་རྟོགས་པ་དང་ལོག་པར་རྟོག་པ་དག་ལ་ཕན་པའི་སླད་དུ་སྒྲ་པ་ཎི་བའི་ལུགས་གཙོ་བོར་བཟུང་སྟེ་འགྲོ་བའི་རྣམ་གཞག་བཤད་པར་བྱའོ། །
1.2 ཁུངས་སྟོན་པ་ནི།
སྒྲ་པ་ཎི་བ་སྐབས་བརྒྱད་མའི་སྐབས་དང་བོའི་རྐང་བ་གསུམ་པའི་མདོ་རིམ་གཉིས་པ་ནས་བརྒྱད་པའི་བར་གྱི་མདོ་(༡་༣་༢ནས་༡་༣་༨)དག་ནི་འགྲོ་བའི་མིང་ཅན་གྱི་མདོ་དག་གོ ། འདི་དག་གིས་འགྲོ་བའི་རྣམ་གཞག་སྟོན་པ་ཡིན་ལ། ༡་༣་༩ “(तस्य लोपः[5]) ‘ཏསྱ ལོཔཿ ’དེ་དབྱིའོ་”ཞེས་པའི་མདོ་འདིས་དེ་དག་དབྱི་བའི་ཆོ་ག་འབྱུང་བའི་ཚུལ་སྟོན་ནོ། །མདོ་འདི་དག་རྗེས་འབྲང་[6]དང་བཅས་ཏེ་རེའུ་མིག་ཏུ་བཀོད་ན། འདི་ལྟ་སྟེ།
མདོ་རིམ། | མདོ་དངོས། | ཚིག་ཕྲལ་བ། | རྗེས་འབྲང་། |
༡་༣་༢ | ཨུཔདེཤེཉཛནུནཱསིཀཨིཏ྄ | ཨུཔདེཤེ + ཨཙ྄ + ཨནུནཱསིཀཿ + ཨིཏ྄ | ་ ་ ་ |
༡་༣་༣ | ཧལནྟྱམ྄ | ཧལ྄ + ཨནྟྱམ྄ | ཨུཔདེཤེ, ཨིཏ྄ |
༡་༣་༤ | ན བིབྷཀྟཽ ཏུསྨཱཿ | ན + བིབྷཀྟཽ + ཏུསྨཱཿ | ཨུཔདེཤེ, ཨིཏ྄ |
༡་༣་༥ | ཨཱདིརྙིཊུཌབཿ | ཨཱདིཿ + ཉིཊུཌབཿ | ཨུཔདེཤེ, ཨིཏ྄ |
༡་༣་༦ | ཥཿ པྲཏྱཡསྱ | ཥཿ + པྲཏྱཡསྱ | ཨུཔདེཤེ, ཨིཏ྄,ཨཱདིཿ |
༡་༣་༧ | ཙུཊུ | ཙུཊཱུ | ཨུཔདེཤེ, ཨིཏ྄,ཨཱདིཿ , པྲཏྱཡསྱ |
༡་༣་༨ | ལཤཀྭཏདྡྷིཏེ | ལཤཀུ + ཨཏདྡྷིཏེ | ཨུཔདེཤེ, ཨིཏ྄,ཨཱདི, པྲཏྱཡསྱ |
གོང་གི་མདོ་ཐམས་ཅད་རྗེས་འབྲང་དང་བཅས་ཏེ་བྲིས་ན་འདི་ལྟར།
མདོ་རིམ། | རྗེས་འབྲང་དང་བཅས་པའི་མདོ། |
༡་༣་༢ | ཨུཔདེཤེ ཨནུནཱསིཀཿ ཨཙ྄ ཨིཏ྄[7] |
༡་༣་༣ | ཨུཔདེཤེ ཨནྟྱམ྄ ཧལ྄ ཨིཏ྄[8] |
༡་༣་༤ | ཨུཔདེཤེ བིབྷཀྟཽ ཏུསྨཱཿ ན ཨིཏཿ [9] |
༡་༣་༥ | ཨུཔདེཤེ [དྷཱཏོཿ ] ཨཱདི ཉིཊུཌབཿ ཨིཏཿ [10] |
༡་༣་༦ | ཨུཔདེཤེ པྲཏྱཡསྱ ཨཱདི ཥཿ ཨིཏ྄[11] |
༡་༣་༧ | ཨུཔདེཤེ པྲཏྱཡསྱ ཨཱདཡཿ ཙུཊཱུ ཨིཏཿ [12] |
༡་༣་༨ | ཨུཔདེཤེ ཨཏདྷིཏ པྲཏྱཡསྱ ཨཱདཡཿ ལཤཀུ ཨིཏཿ [13] |
2 གཉིས་པ་རྒྱས་པར་བཤད་པ་ལ།
2.1 དང་བོ་མདོ་རེ་རེའི་དོན་བསྟན་པའོ། །
༡་༣་༢ ཨུཔདེཤེ྅ཛནུནཱསིཀ ཨིཏ྄
“ཨུཔདེཤེ྅ནུནཱསིཀོ྅ཛ྄ ཨིཏྶཾཛྙཿ སྱཱཏ྄།[14]”ཞེས་པ་སྟེ། མན་ངག་ལ་ཡོད་པའི་རྗེས་སུ་སྣ་ལྡན་གྱི་ཨཙ྄་སྟེ་དབྱངས་ནི་འགྲོ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། །
དེ་ལ་ཨུཔདེཤ་བྱ་བ་གང་ཞེ་ན། ཇི་སྐད་དུ། གཟུགས་ཀྱི་འཇུག་པ་ལས།“དྷཱཏུསཱུཏྲགཎོཎཱདི བཱཀྱལིངྒཱནུཤཱསནམ྄། ཨཱགམཔྲཏྱཡཱདེཤཱ ཨུཔདེཤཱཿ པྲཀྲཱིརྟིཏཱཿ །།[15]”ཞེས་གསུངས་པ་ལྟར། བྱིངས་དང་། མདོ་དང་། ཚོགས་དང་། ཨུཎ྄་ལ་སོགས་པ་དང་། ངག་དང་རྟགས་ཀྱི་རྗེས་སུ་བསྟན་པ་དང་། ལུང་དང་། རྐྱེན་དང་། ཀུན་ནས་སྒྱུར་བ་རྣམས་ལ་ཨུ་པ་དེ་ཤ་མན་ངག་གམ་ཉེ་བར་གདམས་པ་ཞེས་རབ་ཏུ་གྲགས་པའོ། ། “ཨུཔདེཤ ཨཱདྱོཙྩཱརཎམ྄[16]”ཞེས་པ་སྟེ། དོན་ནི། སྔོན་གྱི་དྲང་སྲོང་(པཱ་ཎི་ནི་དང་ཀཱ་ཏྱཱ་ཡ་ན་དང་པཏཉྫལི་སོགས་)རྣམས་ཀྱིས་ཐོག་མར་གསུངས་པ་ལ་མན་ངག་ཅེས་བྱའོ། ། འོ་ན། ཐོག་མའི་དྲང་སྲོང་རྣམས་ཀྱིས་ཐོག་མར་གསུངས་པ་གང་གང་ཡོད་ཅེ་ན། ཡི་གེའི་བསྡུ་བ་དང་། རྐྱེན་དང་། ཀུན་ནས་སྒྱུར་བ་དང་། གློ་བུར་བ་དང་། བྱིངས་རྣམས་སོ། ། དེ་བས་ན།འདི་དག་ཐོག་མའི་དྲང་སྲོང་རྣམས་ཀྱིས་རྩ་བར་གསུངས་པས་ན། དེ་དག་ལ་ཨུ་པ་དེ་ཤ་མན་ངག་ཅེས་བརྗོད་དོ། །
༡། ཡི་གེའི་བསྡུ་བ་ནི། དཔེར་ན། ཨཙ྄་དང་། ཨཀ྄་དང་། ཧལ྄་སོགས་པ་མན་ངག་གོ།
༢། བྱིངས་རྣམས་ནི། དཔེར་ན། བྱིངས་ཀྱི་ཚོགས་སུ་འབྱུང་བ་དེ་དག་ལ་མན་ངག་ཅེས་བྱའོ། །དེའི་དོན་ཅི་ཞེ་ན། བྱིངས་བནྡ྄་ལྟ་བུར་མཚོན་ན། བྱིངས་ཀྱི་ཚོགས་སུ། “བདིྃཨབྷིབཱདནསྟུཏྱོཿ”ཞེས་འབྱུང་ལ། དེ་བས་བྱིངས་བནྡ྄་ཡི་ “བདིྃ”ནི་ཨུ་པ་དེ་ཤ་སྟེ་མན་ངག་ཡིན་གྱི། བནྡ྄་ཞེས་པ་མ་ཡིན་ནོ། ། དེ་བཞིན་དུ། བྱིངས་ཀྲྀ་ “ཌུཀྲྀཉ྄ ཀརཎེ” ཞེས་འབྱུང་ལ། དེ་བས། “ཌུཀྲྀཉ྄”ཞེས་པ་བྱིངས་ཀྲྀ་ཡི་མན་ངག་གི་རྣམ་པ་ཡིན་གྱི། ཀྲྀ་ཞེས་པ་མིན་ནོ། །
དེ་བཞིན་དུ་གཞན་འགའི་དཔེ་ཡང་བརྗོད་ན།
- “ཎཱིཉ྄པྲཱཔཎེ།” བྱིངས་ནཱི་ཡི་མན་ངག་གི་རྣམ་པ་ནི་ཎཱིཉ྄་ཞེས་པའོ། །
- “གམླཱྀྃགམནེ།” བྱིངས་གམ྄་ཡི་མན་ངག་གི་རྣམ་པ་ནི་གམླྲྀྃ་ཞེས་པའོ། །
- “ཌུཔཙྃཥ྄པཱཀེ།” བྱིངས་པཙ྄་ཡི་མན་ངག་གི་རྣམ་པ་ནི་ཌུཔཙྃཥ྄་ཞེས་པའོ། །
- “བྷཱུ སཏྟཱཡཱམ྄།” བྱིངས་བྷཱུ་ཡི་མན་ངག་གི་རྣམ་པ་ནི་བྷཱུ་ཞེས་པའོ། །
༣། རྐྱེན་རྣམས་ནི། དཔེར་ན། རྐྱེན་གྱི་ལེའུར་གསུངས་པ་རྣམས་ཏེ། དེ་དག་ཏུ་འབྱུང་བ་རྣམས་ནི་རྐྱེན་ཡིན་ནོ། །དཔེར་བཞག་ན། སུྃ་དང་ཀྟྭཱ་དང་ཏུམུན྄་དང་ལཊ྄་ལ་སོགས་པ་རྣམས་སོ། ། རྐྱེན་ཀྟྭ་སྦྱོར་བའི་ཚེ་ཏྭཱ་ཞེས་པའི་གཟུགས་འབྱུང་མོད། དེ་ནི་མན་ངག་མ་ཡིན་པར། ཀྟྭཱ་ཞེས་པ་འདི་ནི་མན་ངག་གོ། །དེ་བཞིན་དུ། གཞན་རྣམས་ལའང་རིགས་བསྒྲེ་བར་བྱའོ། །
༤། ཀུན་ནས་སྒྱུར་བ་རྣམས་ནི། དཔེར་ན། མདོའི་གླེགས་བམ་དུ་འབྱུང་བ་རྣམས་ཏེ། དེ་དག་ཏུ་འབྱུང་བ་རྣམས་ལ་མན་ངག་ཅེས་བྱའོ། །དཔེར་ན། ཤཔ྄་དང་། ནུམ྄་དང་། ཨཊ྄་དང་། ཤི་ལ་སོགས་པའོ། ། རྐྱེན་ཤཔ྄་སྦྱོར་བའི་ཚེ་ཨ་ཞེས་པ་གཟུང་བར་བྱ་བ་ཡིན་མོད།དེ་ནི་མན་ངག་མ་ཡིན་པར། ཤཔ྄་ཞེས་པ་ནི་མན་ངག་གོ། །དེ་བཞིན་དུ་གཞན་རྣམས་ལའང་རིགས་བསྒྲེ་བར་བྱའོ། །
དེ་བས་ད་ནི་ཨུ་པ་དེ་ཤ་མན་ངག་ཅེས་པ་སླ་སྟེ། མདོའི་“ཨུཔདེཤེ྅ཛནུནཱསིཀ ཨིཏ྄་”ཞེས་པའི་དོན་ཅི་ཞེ་ན། མན་ངག་རྣམས་ལ་འབྱུང་བའི་དབྱངས་རྗེས་སུ་སྣ་ལྡན་གང་ཡིན་པ་དེ་ནི་ཨིཏྶཾཉྫཀ་སྟེ་འགྲོ་བའི་མིང་ཅན་ནོ་ཞེས་པའོ། ། དཔེར་ན།
- ༡། སུྃ་ཞེས་པའི་རྐྱེན་འདིའི་ས་ཡིག་གི་ཕ་རོལ་དུ་རྗེས་སུ་སྣ་ལྡན་ཨུ་ཡིག་ཡོད་པས།ཨུ་ཡིག་འདི་ལ་འགྲོ་བའི་མིང་ཅན་ཞེས་འབྱུང་ངོ་། །
- ༢། གམླྲྀྃ་ཞེས་པའི་བྱིངས་འདིའི་ལྲྀ་ཡིག་ནི་རྗེས་སུ་སྣ་ལྡན་ཅན་ཡིན་པས། དེ་ཉིད་འགྲོ་བའི་མིང་ཅན་དུ་འགྱུར་རོ། །
- ༣། ཌུཔཙྃཥ྄་ཞེས་པ་འདི་ཙ་ཡིག་གི་ཕ་རོལ་དུ་ཨ་ཡིག་ཡོད་པ་དེ་ཉིད་རྗེས་སུ་སྣ་ལྡན་ཡིན་པས། དེ་ཉིད་འགྲོ་བའི་མིང་ཅན་དུ་འགྱུར་རོ། །
- ༤། བྷཱུ་ཞེས་པ་འདིར་རྗེས་སུ་སྣ་ལྡན་གྱི་དབྱངས་གང་ཡང་མེད་པས། འདིར་གང་ཡང་འགྲོ་བའི་མིང་ཅན་དུ་མི་འགྱུར་རོ། །
- ༥། ཨོྃཔྱཱཡཱིྃ་ཞེས་པའི་བྱིངས་འདིའི་ཨོ་ཡིག་རྗེས་སུ་སྣ་ལྡན་ཡིན་པར་མ་ཟད། ཨཱི་ཡིག་ཀྱང་རྗེས་སུ་སྣ་ལྡན་ཡིན་པས་དེ་གཉི་ག་ཡང་རྗེས་སུ་སྣ་ལྡན་དུ་འགྱུར་བའོ། །
- ༦། ལྃཎ྄་ཞེས་པའི་ཡི་གེའི་བསྡུ་བའི་ཨ་ཡིག་རྗེས་སུ་སྣ་ལྡན་ཡིན་པས། དེ་ཉིད་འགྲོ་བའི་མིང་ཅན་དུ་འགྱུར་བའོ། །
- གསལ་བྱེད། མན་ངག་རྣམས་ལ་དབྱངས་གང་ཞིག་རྗེས་སུ་སྣ་ལྡན་ཡིན་མིན་བཤད་པ་ཉིད་ལས་ཤེས་པར་བྱ་བའོ། །
༡་༣་༣། ཧལནྟྱམ྄།
“ཨུཔདེཤེ྅ནྟྱཾ ཧལིཏྶྱཱཏ྄།[17]” ཞེས་པ་སྟེ། མན་ངག་གི་མཐའ་མའི་གསལ་བྱེད་འགྲོ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། །
དཔེར་ན། ༡། ཤཔ྄་ཡི་མཐའ་མའི་པ་ཡིག་འགྲོ་བའི་མིང་ཅན་ནོ། །
- ༢། ཎིཙ྄་ཞེས་པ་འདིའི་མཐའ་མའི་ཙ་ཡིག་འགྲོ་བའི་མིང་ཅན་ནོ། །
- ༣། ནུམ྄་ཞེས་པ་འདིའི་མཐའ་མའི་མ་ཡིག་འགྲོ་བའི་མིང་ཅན་ནོ། །
གསལ་བྱེད། སྒྲ་གང་ཞིག་ལ་མན་ངག་གི་དོན་མེད་ན། དེའི་མཐའ་མའི་གསལ་བྱེད་འགྲོ་བའི་མིང་ཅན་དུ་མི་འགྱུར་ཏེ། དཔེར་ན། གམ྄་ཞེས་པའི་མ་ཡིག་འགྲོ་བའི་མིང་ཅན་མ་ཡིན་པས། གམ྄་ཞེས་པ་མན་ངག་མ་ཡིན་ནོ། ། འདིའི་མན་ངག་ནི་གོང་དུ་བཤད་པ་བཞིན་གམླྲྀྃ་ཞེས་པའོ། །
༡་༣་༤། ན བིབྷཀྟཽ ཏུསྨཱཿ
“བིབྷཀྟིསྠཱསྟབརྒསམཱ ནེཏཿ །[18]”ཞེས་པ་སྟེ། རྣམ་དབྱེ་ལ་གནས་པའི་ཏ་སྡེ་དང་ས་ཡིག་དང་མ་ཡིག་རྣམས་ནི་འགྲོ་བའི་མིང་ཅན་དུ་མི་འགྱུར་རོ་ཞེས་པའི་དོན་ནོ། །
དེ་ལ་ཐོག་མར་རྣམ་དབྱེ་ཤེས་དགོས་ཏེ། དེ་བསྟན་པའི་ཕྱིར། ༡་༤་༡༠༣། བིབྷཀྟིཤྩ།སུཔྟིངཽ བིབྷཀྟིསཾཛྙཽ སྟཿ། ཞེས་པ་སྟེ། དོན་ནི། སུཔ྄་རྐྱེན་ཐམས་ཅད་དང་། ཏིང྄་རྐྱེན་ཐམས་ཅད་ལ་རྣམ་དབྱེ་ཞེས་པའི་མིང་འབྱུང་ངོ་། །
༥་༣་༡། པྲཱགྡིཤོ བིབྷཀྟིཿ ཞེས་པ་སྟེ། ལེའུ་འདིར་བསྟན་པའི་རྐྱེན་ཐམས་ཅད་རྣམ་དབྱེའི་མིང་ཅན་དུ་འགྱུར་བ་སྟེ། དཔེར་ན། ཏསིལ྄་དང་། ཏྲལ྄་དང་། ཧ་ལ་སོགས་པ་རྣམས་སོ། །རྐྱེན་འདི་དག་ལའང་མན་ངག་ཅེས་བྱ་བ་ཡིན་ནོ། །
དཔེར་ན། ཛས྄་དང་ཨམ྄་དང་། ཤས྄་དང་། བྷྱཱམ྄་དང་། ཏིཔ྄་དང་། ཏས྄་དང་། ཛྙི་སོགས་པའི་རྐྱེན་རྣམས་ནི་རྣམ་དབྱེའི་མིང་ཅན་ནོ། ། རྐྱེན་འདི་དག་ཐམས་ཅད་ཀྱང་མན་ངག་གི་མིང་ཅན་ཡང་ཡིན་པས་དེ་དག་ཏུ་དྲན་དགོས་སོ། །
གོང་གི་མདོས་མན་ངག་གི་མཐའི་གསལ་བྱེད་ནི་འགྲོ་བའི་མིང་ཅན་ནོ་ཞེས་པའི་དོན་རྟོགས་པར་བྱ་སྟེ། མདོ་དེའི་དགག་པ་ནི་མདོ་འདིས་བྱེད་པ་ཡིན་ཏེ། རྣམ་དབྱེ་རྣམས་ལ་གསལ་བྱེད་མཐའ་མ་ཏའི་སྡེ་བ་ཡིན་པ་དང་། ས་ཡིག་དང་མ་ཡིག་ཡིན་ན། དེ་དག་འགྲོ་བའི་མིང་ཅན་དུ་མི་འགྱུར་ཏོ། །
དཔེར་ན།
- ༡། རྣམ་དབྱེ་གཉིས་པའི་གཅིག་ཚིག་གི་རྐྱེན་ཨམ྄་ཞེས་པ་དོན་དུ་མན་ངག་ཡིན་ལ།དེ་བས་ “ཧལནྟྱམ྄”ཞེས་པའི་མདོས་མ་ཡིག་དེ་འགྲོ་བའི་མིང་ཅན་དུ་འགྱུར་བ་ཡིན་ཡང་། འདི་རྣམ་དབྱེའི་རྐྱེན་ཡིན་པའི་དབང་གིས་ “ན བིབྷཀྟཽ ཏུསྨཱཿ ” ཞེས་པའི་མདོ་འདིས་མ་ཡིག་འགྲོ་བའི་མིང་ཅན་དུ་འགྱུར་བ་འགོག་པ་ཡིན་ནོ། ། དེ་བས་ཨམ྄་ཞེས་པའི་མ་ཡིག་འདི་འགྲོ་བའི་མིང་ཅན་དུ་མི་འགྱུར་རོ། །
- ༢། དེ་བཞིན་དུ་ལྔ་བའི་གཅིག་ཚིག་ངསི་ཞེས་པའི་རྐྱེན་འདི་ཨ་ཡིག་ཕ་རོལ་ཏུ་ཨཱཏ྄་ཀུན་ནས་སྒྱུར་བ་འབྱུང་བ་ཡིན་ནོ། འདི་ཡང་མན་ངག་ཡིན་མོད། འདིར་ཏ་ཡིག་འགྲོ་བའི་མིང་ཅན་དུ་མི་འགྱུར་ཏེ། རྒྱུ་མཚན་ནི། “ན བིབྷཀྟཽ ཏུསྨཱཿ ”ཞེས་པའི་མདོས་ཏ་སྡེའི་ཡི་གེ་རྣམས་འགྲོ་བའི་མིང་ཅན་དུ་འགྱུར་བ་འགོག་པ་ཡིན་ནོ། །
- ༣། ཡང་དང་བོའི་མང་ཚིག་ཛས྄་ཞེས་པའི་རྐྱེན་མཐའི་ས་ཡིག་“ན བིབྷཀྟཽ ཏུསྨཱཿ ”ཞེས་པའི་མདོས་འགྲོ་བའི་མིང་ཅན་དུ་མི་འགྱུར་བའོ། །
- ༤། དཱནཱིམ྄་ཞེས་པའི་དེ་ཕན་གྱི་རྐྱེན་འགའ་རྣམ་དབྱེའི་ལེའུར་བཞག་ཡོད་པ་ལ།འདིའི་མ་ཡིག་ཡང་མདོ་འདིས་འགྲོ་བའི་མིང་ཅན་དུ་འགྱུར་བ་འགོག་པ་ཡིན་ཏེ།དེ་བས་ཨིདཱནཱིམ྄་ཞེས་པའི་མ་ཡིག་མཐའ་ཅན་དུ་གྲུབ་པའོ། །
གསལ་བྱེད། ད་སྡེ་དང་ས་ཡིག་དང་མ་ཡིག་རྣམས་འགྲོ་བའི་མིང་ཅན་དུ་འགྱུར་བར་འགོག་པ་ནི་རྣམ་དབྱེ་ཁོ་ནར་ཡིན་པ་ལས་གཞན་དུ་མིན་ཏེ། དཔེར་ན།
- ༡། ཏུམུན྄་ཞེས་པ་འདི་ཀྲྀདནྟའི་རྐྱེན་ཡིན་ལ། མདོ་འདིའི་ན་ཡིག་ནི་ “ཧལནྟྱམ྄་”ཞེས་པས་འགྲོ་བའི་མིང་ཅན་དུ་འགྱུར་ཏེ། །རྒྱུ་མཚན་ནི་རྣམ་དབྱེའི་རྐྱེན་མིན་པས་སོ། །
- ༢། ཤྣམ྄་ཞེས་པ་འདི་བི་ཀ་ར་ཎའི་རྐྱེན་ཡིན་ལ། མདོ་འདིའི་མ་ཡིག་“ཧལནྟྱམ྄་”ཞེས་པས་འགྲོ་བའི་མིང་ཅན་དུ་འགྱུར་ཏེ། རྣམ་དབྱེའི་རྐྱེན་མིན་པས་སོ། །
- ༣། “ཏཱས྄”ཞེས་པ་འདི་ལ་ཡིག་གི་བི་ཀ་ར་ཎའི་རྐྱེན་ཡིན་ལ། མདོ་འདིའི་ས་ཡིག་ནི་“ཧལནྟྱམ྄”ཞེས་པས་འགྲོ་བའི་མིང་ཅན་དུ་འགྱུར་ཏེ། འདི་རྣམ་དབྱེའི་རྐྱེན་མིན་པས་སོ། །
- ༤། “ཨིཡསུན྄”ཞེས་པ་འདི་དེ་ཕན་གྱི་རྐྱེན་ཡིན་ལ། མདོ་འདིའི་ན་ཡིག་ནི་“ཧལནྟྱམ྄”ཞེས་པས་འགྲོ་བའི་མིང་ཅན་དུ་འགྱུར་ཏེ། འདི་རྣམ་དབྱེའི་རྐྱེན་མིན་པས་སོ། །
༡་༣་༥། ཨཱདིརྙིཊུཌབཿ །
“ཨུཔདེཤེ དྷཱཏོརཱདྱཱ ཨེཏེ ཨིཏཿ སྱཿ །[19]”ཞེས་པ་སྟེ། མན་ངག་ལ་བྱིངས་ཀྱི་ཐོག་མ་འདི་རྣམས་འགྲོ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། །
མན་ངག་གི་ཐོག་མའི་ཡི་གེར་གལ་ཏེ་“ཉི་”དང་“ཊུ་”དང་“ཌུ་”འབྱུང་ན། དེ་དག་དབྱི་བར་བྱའོ་ཞེས་པའོ། །འདིར་མན་ངག་ཅེས་སྤྱིར་སྨྲས་ཡོད་ཀྱང་། ཡི་གེ་འདུ་གསུམ་བྱིངས་ཁོ་ནའི་ཐོག་མར་འབྱུང་བ་ཡིན་ནོ། །དེ་བས་འདི་སྐད་སྨྲས་ཀྱང་རུང་བ་སྟེ། བྱིངས་ཀྱི་ཐོག་མའི་ཡི་གེར་“ཉི་”དང་“ཊུ་”དང་“ཌུ་”འབྱུང་ན། དེ་དབྱིའི་ཞེས་སོ། །
དཔེར་ན།
- འགྲོ་བའི་མིང་ཅན་“ཉི” = “ཉིམིདཱྃ”དང་། “ཉིཀྵྭིདཱྃ”དང་། “ཉིཏྭརཱྃ”ལྟ་བུའི་བྱིངས་རྣམས་ལ་འབྱུང་བ་ལྟར་རོ།།
- འགྲོ་བའི་མིང་ཅན་“ཊུ”= “ཊུཀྵུ”དང་། “ཊུནདཱིྃ”དང་། “ཊུདུ”ལྟ་བུའི་བྱིངས་རྣམས་ལ་འབྱུང་བ་ལྟར་རོ། །
- འགྲོ་བའི་མིང་ཅན་“ཌུ” = “ཌུཀྲྀཉ྄”དང་། “ཌུཔཙྃཥ྄”དང་། “ཌུལབྷྃཥ྄”ལྟ་བུའི་བྱིངས་རྣམས་ལ་འབྱུང་བ་ལྟར་རོ། །
གསལ་བྱེད། སྐབས་འདིར་“ཉི/ཊུ/ཌུ”རྣམས་ཡི་གེའི་ཚོགས་པ་ཉིད་ལ་འགྲོ་བའི་མིང་ཅན་ཞེས་བྱ་བ་ཡིན་གྱི། “ཉ྄”དང་“ཊ྄”དང་“ཌ྄”རྣམས་ལ་མ་ཡིན་ནོ། །
༡་༣་༦། ཥཿ པྲཏྱཡསྱ།
“པྲཏྱཡཡསྱཱ྅྅དིཿ ཥ ཨིཏྶཾཛྙཿ སྱཱ།[20]”ཞེས་པ་སྟེ། རྐྱེན་གྱི་ཐོག་མའི་ཥ་འགྲོ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། ། མན་ངག་ལ་གནས་པའི་རྐྱེན་གྱི་ཐོག་མའི་ཡི་གེ་“ཥ་”ཡིན་ན། དེ་ཉིད་མདོ་འདིས་འགྲོ་བའི་མིང་ཅན་དུ་འགྱུར་བར་བྱེད་དོ། །
དཔེར་ན། “ཥྱང྄”དང་། “ཥྭུན྄”དང་། “ཥྥཀ྄”ལྟ་བུའི་རྐྱེན་འདི་རྣམས་ཀྱི་ཥ་ཡིག་ནི་འགྲོ་བའི་མིང་ཅན་དུ་འགྱུར་བའོ། །
༡་༣་༧། ཙུཊཱུ།
“པྲཏྱཡཱདྱཽ ཙུཊཱུ ཨཏཽ སྟཿ [21]”ཞེས་པ་སྟེ། རྐྱེན་གྱི་ཐོག་མའི་ཙུ་དང་ཊུ་དག་འགྲོ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། །རྐྱེན་གྱི་མན་ངག་གི་རྣམ་གཞག་གི་ཐོག་མའི་ཡི་གེ་ཙ་སྡེ་དང་ཊ་སྡེ་ཡིན་ན། དེ་དག་མདོ་འདིས་འགྲོ་བའི་མིང་ཅན་དུ་བྱེད་དོ་ཞེས་པའོ། །
ཙ་སྡེའི་དཔེར་བརྗོད་ནི། “ཛས྄”(ཛ྄་ཡིག་འགྲོ་བའི་མིང་ཅན་ནོ) “ཙྥ”(ཙ྄་ཡིག་འགྲོ་བའི་མིང་ཅན་ནོ) “ཉྱ”(ཉ྄་ཡིག་འགྲོ་བའི་མིང་ཅན་ནོ)
ཊ་སྡེའི་དཔེར་བརྗོད་ནི། “ཊཱ”(ཊ྄་ཡིག་འགྲོ་བའི་མིང་ཅན་ནོ) “ཎྭུལ྄”(ཎ྄་ཡིག་འགྲོ་བའི་མིང་ཅན་ནོ) “ཌ”(ཌ྄་ཡིག་ནི་འགྲོ་བའི་མིང་ཅན་ནོ)
༡་༣་༨། ལཤཀྭཏདྷིཏེ།
“ཏདྡྷིཏབརྫཔྲཏྱཡཱདྱཱ ལཤཀབརྒཱ ཨིཏཿ སྱུཿ [22]”ཞེས་པ་སྟེ། དེ་ཕན་མ་ཡིན་པའི་རྐྱེན་གྱི་ཐོག་མའི་ལ་ཤ་ཀ་སྡེ་རྣམས་ནི་འགྲོ་བའི་མིང་ཅན་དུ་འགྱུར་རོ་ཞེས་པའི་དོན་ནོ། །
རྐྱེན་གང་ཞིག་དེ་ཕན་མ་ཡིན་ལ། དེའི་མན་ངག་གི་ཐོག་མའི་ཡི་གེ་ལ྄་དང་ཤ྄་དང་ཀ་སྡེ་ཡིན་ན། དེ་ནི་འགྲོ་བའི་མིང་ཅན་དུ་འགྱུར་རོ། །
དཔེར་ན།
- ༡། “ལྱུཊ྄”ཞེས་འི་ཀྲྀཏ྄འི་རྐྱེན་ཡིན་པས་འདི་ཐོག་མའི་ཡི་གེ་ལ྄་ཡིག་ནི་འགྲོ་བའི་མིང་ཅན་ནོ། །
- ༢། “ཤཔ྄”ཞེས་པ་འདི་བི་ཀ་ར་ཎའི་རྐྱེན་ཡིན་པས་འདིའི་ཐོག་མའི་ཡི་གེ་ཤ྄་ནི་འགྲོ་བའི་མིང་ཅན་ནོ།་།
- ༣། “ཀྟྭཱ”ཞེས་པ་འདི་ཀྲྀཏ྄འི་རྐྱེན་ཡིན་པས་འདིའི་ཐོག་མའི་ཡི་གེ་ཀ྄་ནི་འགྲོ་བའི་མིང་ཅན་ནོ། །
- ༤། “ངཱིཥ྄”ཞེས་པ་འདི་བུད་མེད་ཀྱི་རྐྱེན་ཡིན་པས་འདིའི་ཐོག་མའི་ཡི་གེ་ང྄་ནི་འགྲོ་བའི་མིང་ཅན་ནོ། །
- ༥། “ལཙྪ྄”ཞེས་པ་འདི་དེ་ཕན་གྱི་རྐྱེན་ཡིན་པས་འདིའི་ཐོག་མའི་ཡི་གེ་ལ྄་ནི་འགྲོ་བའི་མིང་ཅན་དུ་མི་འགྱུར་རོ། །
- ༦། “ཀན྄”ཞེས་པ་འདི་ཡང་དེ་ཕན་གྱི་རྐྱེན་ཡིན་པས། འདིའི་ཐོག་མའི་ཡི་གེ་ཀ྄་ཡིག་འགྲོ་བའི་མིང་ཅན་དུ་མི་འགྱུར་རོ། །
གོང་གི་མདོ་བདུན་པོ་འདིས་འགྲོ་བའི་མིང་ཅན་བསྟན་ནོ། །
2.2 བཱརྟིཀ་རྣམ་འགྲེལ་དུ་འབྱུང་བའི་འགྲོ་བ་བཤད་པ།
དེ་ལས་གཞན་བཱརྟིཀ་རྣལ་འགྲེལ་གྱིས་ཀྱང་འགྲོ་བའི་མིང་ཅན་སྟོན་ཏེ། “ཨིར འགྲོ་བའི་མིང་ཅན་དུ་བརྗོད་པར་བྱའོ། །” [རྣམ་འགྲེལ]
མན་ངག་ལ་གནས་པའི་“ཨིར྄”ཞེས་པའི་སྒྲའི་ཚོགས་ཀྱང་འགྲོ་བའི་མིང་ཅན་དུ་འགྱུར་རོ། །
བྱིངས་རྣམས་ལ་མན་ངག་གི་གནས་སྐབས་སུ་“ཨིར྄”ཞེས་པའི་སྒྲའི་ཚོགས་འབྱུང་ན།ཚོགས་པ་དེ་གཅིག་ཉིད་དུ་འགྲོ་བའི་མིང་ཅན་དུ་འགྱུར་རོ། །
དཔེར་ན། བྱིངས་“དྲྀཤ྄”ཞེས་པའི་མན་ངག་གི་རྣམ་པ་ནི་“དྲྀཤིྃར྄”ཞེས་པ་ཡིན་ལ། སྤྱིར་འདིར་ར་ཡིག་ནི་“ཧལནྟྱམ྄”ཞེས་དང་། དེ་བཞིན་དུ་“ཨིྃ”ཡིག་ནི་“ཨུཔདེཤེ྅ཛནུནཱསིཀཨིཏ྄”ཞེས་པའི་མདོས་གཉི་ག་འགྲོ་བའི་མིང་ཅན་དུ་འགྱུར་བ་ཡིན་མོད། འདིར་དེ་ལྟར་མིན་པར། “ཨིར྄”ཞེས་པའི་སྒྲའི་ཚོགས་པ་འདི་གཅིག་ཉིད་ཀྱིས་འགྲོ་བའི་མིང་ཅན་དུ་འགྱུར་བའོ། །དེ་བཞིན་དུ་འདི་དང་འདྲ་བའི་བྱིངས་གཞན་ཡང་ཡོད་པ་སྟེ། དཔེར་ན།“བྷིདིྃར྄”ལྟ་བུ་དང་། “ཚིདིྃར྄”ལྟ་བུ་དང་། “རུདྷིྃར྄”ལྟ་བུ་སོགས་སོ། །
གསལ་བྱེད། “ཨིར྄”ཞེས་པའི་སྒྲའི་ཚོགས་པ་འདི་འགྲོ་བའི་མིང་ཅན་གཅིག་ཏུ་བྱས་པ་ཅིའི་ཕྱིར་ཞེ་ན། “ཨིར྄”ཞེས་པ་འདི་ལ་བྱ་བ་དམིགས་བསལ་ཡོད་དེ། དཔེར་ན། སྐབས་གསུམ་པའི་རྐང་བ་དང་བོའི་མདོ་རིམ་ང་བདུན་པ་“༣་༡་༥༧ཨིརིཏོ བཱ”ཞེས་པ་ལྟ་བུའི་མདོ་ལ་“ཨིར྄”ཨིཏ྄་འགྲོ་བའི་མིང་ཅན་ནོ་ཞེས་ངེས་པར་བསྟན་པ་ལྟར་བྱ་བ་ཡོད་པས་སོ། ། གལ་ཏེ་ར་ཡིག་དང་ཨི་ཡིག་གཉིས་ཀ་ཐ་དད་དུ་འགྲོ་བའི་མིང་ཅན་དུ་བྱས་ན། བྱ་བ་འདི་བྱེད་ནུས་པར་མི་འགྱུར་རོ། ། དེ་བས་འདིར་“ཨིར྄”ཞེས་པའི་སྒྲ་ཉིས་ཚོགས་ཉིད་ཀྱིས་འགྲོ་བའི་མིང་ཅན་དུ་བྱས་པ་ལས། ཡི་གེ་གཉི་ག་ཐ་དད་དུ་བྱས་པ་མ་ཡིན་ནོ། །
ཨིཏ྄་འགྲོ་བ་ཞེས་པའི་ཡི་གེར་གཞིར་བྱས་ཏེ་འགྲོ་བའི་སྒྲའི་ཚོགས་ཀྱང་བྲི་བར་བྱ་སྟེ།
ཨིཏ྄་འགྲོ་བའི་ཡི་གེར་གཞིར་བྱས་ཏེ་མན་ངག་གི་དཔེ་འགའ་བརྗོད་པ་ལ། འདི་ལྟར།
“ཀིཏ྄” (ཀ་འགྲོ་བ) = ཀ + ཨིཏ྄ = གང་དུ་ཀ་ཡིག་འགྲོ་བའི་མིང་ཅན་ཡོད་པ་དེ་ནི་ཀིཏ྄་ཀ་འགྲོ་བའོ། ། དཔེར་ན། “ཀྟྭཱ”ལྟ་བུ་དང་། “ཀྱཙ྄”ལྟ་བུ་དང་། “ཀཱམྱཙ྄”ལྟ་བུ་ལ་སོགས་པ་ཐམས་ཅད་ཀ་འགྲོ་བ་ཡིན་ནོ། །
“ཊིཏ྄” (ཊ་འགྲོ་བ) = ཊ྄ + ཨིཏ྄ = གང་དུ་ཊ་ཡིག་འགྲོ་བའི་མིང་ཅན་ཡིན་པ་དེ་ཊིཏ྄་ཊ་འགྲོ་བའོ། ། དཔེར་ན། “ཨཊ྄”ལྟ་བུ་དང་། “ལཊ྄”ལྟ་བུ་དང་། “ཊཱ”ལྟ་བུ་ལ་སོགས་པ་རྣམས་ཊ་འགྲོ་བའོ། །
“ཉིཏ྄” (ཉ་འགྲོ་བ) = ཉ྄ + ཨིཏ྄ = གང་དུ་ཉ་ཡིག་འགྲོ་བའི་མིང་ཅན་ཡིན་པ་དེ་ནི་ཉིཏ྄་ཉ་འགྲོ་བའོ། ། དཔེར་ན། “ཉིམིདཱྃ”ལྟ་བུ་དང་། “གྷཉ྄”ལྟ་བུ་ལ་སོགས་པ་རྣམས་སོ། །
དེ་བཞིན་དུ་ཡང་། ཨིརིཏ྄ (ཨིར྄་འགྲོ་བ) = ཨིར྄ + ཨིཏ྄ = གང་དུ་“ཨིར྄”ཞེས་པའི་འགྲོ་བའི་མིང་ཅན་ཡོད་པ་དེ་ཨིར྄་འགྲོ་བའོ། །དཔེར་ན། “དྲྀཤིྃར྄”ལྟ་བུ་དང་། “བྷིདིྃར྄”ལྟ་བུ་ལ་སོགས་པ་རྣམས་ཀྱང་ངོ། །
འདི་བཞིན་དུ། “ཎིཏ྄”ཎ་འགྲོ་བ་དང་། “པིཏ྄”པ་འགྲོ་བ་དང་། “ཤིཏ྄”ཤ་འགྲོ་བ་དང་།“གིཏ྄”ག་འགྲོ་བ་དང་། “ངིཏ྄”ང་འགྲོ་བ་ལ་སོགས་པའི་དོན་ཡང་ཤེས་པར་བྱའོ། །
སྦྱོར་བ་ལ་འགྲོ་བའི་ཡི་གེ་དབྱི་བ་ཡིན་ཏེ། སྐབས་དང་བོའི་རྐང་བ་གསུམ་པའི་མདོ་རིམ་དགུ་བར།
༡་༣་༩། དེ་དབྱིའོ།།
“ཏསྱེཏོ ལོཔཿ སྱཱཏ྄།[23]” ཞེས་པ་སྟེ། རབ་ཏུ་བྱ་བའི་ཆོ་ག་འབྱུང་བའི་དུས་སུ་ཐོག་མ་ཉིད་དུ་འགྲོ་བའི་མིང་ཅན་གྱི་ཡི་གེ་རྣམས་རྟག་ཏུ་དབྱི་བ་འབྱུང་ངོ་། །
དབྱི་བའི་དོན་ཅི་ཞེས་ན། དེ་ནི་སྐབས་དང་བོའི་རྐང་བ་དང་བོའི་མདོ་རིམ་དྲུག་ཅུ་བར་“༡་༡་༦༠མི་མཐོང་བ་དབྱིའོ།།”ཞེས་པས། མི་མཐོང་བ་དབྱི་བའི་ཆོ་ག་འབྱུང་བ་ཡིན་ནོ།།དེ་བས་ལོ་པ་དབྱིའོ་ཞེས་པ་ན་འགྲོ་བའི་མིང་ཅན་གྱི་ཡི་གེ་མི་མཐོང་བ་སྟོན་པའོ། །རབ་ཏུ་བྱ་བའི་དུས་སུ་ཕྱིས་པ་དེ་མ་ཐག་ཏུ་དེ་དག་གི་སྦྱོར་བ་འབྱུང་བ་མ་ཡིན་ལ། འགྲོ་བའི་མིང་ཅན་ཕྱིས་པའི་ཕ་རོལ་གྱི་ཡི་གེ་རྣམས་ལྷག་པར་འགྱུར་བ་དེ་དག་ཁོ་ན་སྦྱོར་བ་ཡིན་ནོ། །
དཔེར་ན། “ཀྟྭཱ”ཞེས་པའི་རྐྱེན་གྱི་ཀ་ཡིག་“ལཤཀྭཏདྷིཏེ”ཞེས་པའི་མདོས་འགྲོ་བའི་མིང་ཅན་དུ་བྱེད་དོ། །“ཏསྱ ལོཔཿ”ཞེས་པའི་མདོས་དབྱི་བའི་ཆོ་ག་འབྱུང་བའོ། ། དེ་བས་“ཏྭཱ”ཉིད་ཀྱི་སྦྱོར་བ་འབྱུང་བ་ཡིན་ནོ། བྷཱུ + ཀྟྭཱ = བྷཱུཏྭཱ། འདིར་ཀ་ཡིག་ཐོས་པར་མི་འགྱུར་རོ། །
དཔེར་བརྗོད་གཞན་ནི།
- ༡།ཤཔ྄ – ཤ་ཡིག་དང་པ་ཡིག་གཉི་ག་འགྲོ་བའི་མིང་ཅན་ཡིན་ལ། དེ་དག་ཕྱིས་པས། “ཨ”ལྷག་པར་འགྱུར་རོ། །
- ༢།ནུམ྄ – ཨུ་ཡིག་དང་མ་ཡིག་གཉི་ག་འགྲོ་བའི་མིང་ཅན་ཡིན་ལ། ཕྱིས་པས། “ན྄”ལྷག་པར་འགྱུར་རོ། །
- ༣།དྲྀཤིར྄ – “ཨིར྄” ཚོགས་པ་འགྲོ་བའི་མིང་ཅན་ཡིན་ལ། ཕྱིས་པས། “དྲྀཤ྄”ལྷག་པར་འགྱུར་རོ། །
- ༤། ཎྭུལ྄- ཎ་ཡིག་དང་ལ་ཡིག་གཉི་ག་འགྲོ་བའི་མིང་ཅན་ཡིན་ལ། ཕྱིས་པས།“བུ”ལྷག་པར་འགྱུར་རོ། །
2.3 འགྲོ་བའི་མིང་ཅན་གྱི་དགོས་པ་བཤད་དེ་མཇུག་བསྡུ་བ།
འགྲོ་བའི་ཡི་གེ་ནི་དབྱི་བར་འགྱུར་བ་ཉིད་ཡིན་ན། དེ་དག་གི་དགོས་པ་ཅིའི་ཕྱིར་བཟོས་ཤེ་ན། དེ་དག་དབྱི་བར་འགྱུར་བ་ཉིད་དུ་ཟད་ཀྱང་། འགྲོ་བའི་ཡི་གེ་རྣམས་ལ་དགོས་པ་དུ་མ་ཞིག་ཡོད་པ་སྟེ། མདོ་ཐ་དད་པ་རྣམས་ཀྱི་དགོས་པ་ཐ་དད་པ་དག་སྟོན་པའི་སླད་དུ། འགྲོ་བའི་ཡི་གེ་རྣམས་སོ་སོར་བཟོས་པ་ཡིན་ནོ། ། འགྲོ་བའི་ཡི་གེ་དབྱི་བར་འགྱུར་ན་ཡང་། ཡི་གེ་དེ་དག་མི་མཐོང་བའི་ཚུལ་གྱིས་དེ་ཉིད་དུ་ཡོད་པ་ཡིན་ནོ། །དེ་བས་དེ་དག་གིས་རྒྱུ་མཚན་ཅན་གྱི་བྱ་བ་འབྱུང་བ་ཉིད་ཡིན་ཏེ། དཔེར་བརྗོད་འགའ་བཞག་ན།
༡། ཀྲྀཏ྄འི་རྐྱེན་“ཉིཏ྄”དང་དེ་བཞིན་དུ་“ཎིཏ྄”སོགས་ཡོད་པས། ཡག་ལག་གི་མཐའི་ཡི་གེའི་འཕེལ་བ་འབྱུང་བ་ཡིན་ཏེ། དཔེར་ན།
༡) ནཱི + ཎིཙ྄ = ནཻ + ཎིཙ྄ = ནཱཡི། [རྗེས་སུ་ནཱཡཡཏི་ཞེས་པའི་གཟུགས་འགྲུབ་པ་ཡིན] འདིར་རྐྱེན་ལ་ཎིཏ྄་ཎ་འགྲོ་བ་ཡོད་པས་ཨི་ཡིག་འཕེལ་བར་(ཨཻ་ཡིག་)འགྱུར། ཎ་ཡིག་དང་ཙ་ཡིག་གཉིས་ “ཏསྱ ལོཔཿ”ཞེས་པའི་མདོས་དབྱི་བར་བྱ་ཞིག་སྦྱོར་བའི་ཚེ་“ཨི་”ཡིག་ལྷག་པར་འགྱུར་བ་དེ་ཉིད་སྦྱོར་བར་འགྱུར་བའོ། ། དེ་བས་ནཻ + ཨི = “ནཱཡི”ཞེས་འབྱུང་ངོ་། །
༢) བྷཱུ + གྷཉ྄ = བྷཽ + གྷཉ྄ = བྷཱབཿ ། འདི་རྐྱེན་ལ་ཉིཏ྄་ཉ་འགྲོ་བ་ཡོད་པས་ཨཱུ་ཡིག་འཕེལ་བར་(ཨཽ་ཡིག་)འགྱུར་རོ། ། རྐྱེན་“གྷཉ྄་”ལ་གྷ་ཡིག་དང་ཉ་ཡིག་འགྲོ་བ་ཡིན་པས་འགྲོ་བའི་མིང་ཅན་དུ་འགྱུར་རོ། །དེ་བས་ཨ་ཡིག་ཁོ་ན་ལྷག་པར་འགྱུར། དེ་ཉིད་སྦྱོར་བར་བྱ་བ་ཡིན་པས། བྷཽ + ཨ = བྷཱབཿ། ཞེས་གྲུབ་པའོ། །
༢། བྱིངས་ལ་སྦྱོར་བའི་རྐྱེན་ལ་པ་ཡིག་འགྲོ་བ་ཡོད་ན། དེའི་ཡན་ལག་གི་མཐའི་ཡི་གེ་ཡོན་ཏན་དུ་འགྱུར་རོ། །
དཔེར་ན།
- ༡) ཤཀ྄ + ནུ + ཏིཔ྄ = ཀཀྣོཏི། [ཏིཔ྄་ཞེས་པའི་རྐྱེན་འདི་པིཏ྄་པ་འགྲོ་བ་ཡིན་པས།ཨུ་ཡིག་ཡོན་ཏན་ཨོར་འགྱུར་བའོ]
- ༢) ཤཀ྄ + ནུ + ཏས྄ = ཀཀྣུཏཿ ། [ཏས྄་ཞེས་པའི་རྐྱེན་པ་འགྲོ་བ་མིན་པས། ཨུ་ཡིག་ཡོན་ཏན་ཨོ་རུ་མི་འགྱུར་བའོ]
༣། བྱིངས་ལ་ཨི་ཡིག་འགྲོ་བ་ཡོད་ན། དེར་ན་ཡིག་གློ་བུར་བ་འབྱུང་བ་ཡིན་ཏེ། དཔེར་ན།
- ༡) བདིྃ བནྡ྄
- ༢) ནདིྃ ནནྡ྄
ཞེས་པ་ལྟར་ཨིཏ྄་འགྲོ་བའི་དགོས་པ་འདི་ལ་སོགས་པ་ཡིན་ནོ། །འགྲོ་བའི་རབ་ཏུ་བྱེད་པ་རེ་ཞིག་རྫོགས་སོ། །སྒྲ་པ་ཎི་བར་སྦྱང་བ་ཅུང་ཟད་སོང་བ་ཟླ་བ་གཞོན་ནུས་སྦྱར་བ་འདིས་ཀྱང་སྒྲ་རིག་འཕེལ་བའི་རྒྱུར་གྱུར་ཅིག
ཤྲཱིརསྟུ།
དཔྱད་གཞིའི་ཡིག་ཆ།
- དབྱིག་གི་ལྷས་ཞུས་པའི་གྲུབ་མཐའ་ཟླ་ཟེར་དེ་ཉིད་རྟོགས་བྱེད་པའི་འགྲེལ་བ་དང་བཅས་པ། वासुदेवशर्मणा संशोधिता, (१९०८) तत्वबोधिनीव्याख्यासंवलिता सिद्धान्तकौमुदी। मुम्बयी: निर्णयसागर।
- ས་དབང་ཟླ་བས་ཞུས་པའི་སྒྲ་ཙནྡྲ་བ། क्षितीशचन्द्र चट्टोपध्याय संपादित्, (१९५३) चान्द्रव्याकरणम्। पुणे।
- ཉི་མས་སྦྱིན་གྱིས་ཞུས་པའི་སྒྲ་དབྱངས་ཅན་མ། सूर्यदत्त संपादित, (१९०७) अनुभूतिस्वरूपाचार्यप्रणीतं सारस्वतनामव्याकरणं। ज्ञानसागर।
- གླང་སྐྱོང་སྦྱིན་པས་ཞུས་པའི་སྒྲ་པ་ཎི་བ་སྐབས་བརྒྱད་མ། श्रीगोपालदत्तपाण्डेयः सम्प०. (२०११) पाणिनिविरचिता अष्टाध्यायी। वाराणसी: चौखम्ब सुरभारती प्रकाशल।
- མཆོག་སྦྱིན་རྒྱལ་བས་མཛད་པའི་གཞུང་ཆུང་ཟླ་ཟེར། श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास।
- རངྒཱ་ཙཱ་རྱས་ཞུས་པའི་སློབ་དཔོན་ཆོས་གྲགས་ཀྱི་གཟུགས་ཀྱི་འཇུག་པ། म. रङ्गाचार्येण संशोध्य परिष्कृत्य च प्रकाशितः, धर्मकीर्तिविरचितः रूपावतारः प्रथमो भागः।
- ཟླ་བ་གཞོན་ནུས་ཞུས་པ། ༢༠༢༠ སྒྲ་མདོ་ཆེན་པོ་བཞིའི་སཾ་བོད་ཤན་སྦྱར་ཆེན་མོ། གསལ་ལྡན: ཁྀས་ཀ་དཔེ་སྐྲུན་ཁང་།
ཞབས་མཆན།
[1] वासुदेवशर्मणा संशोधिता, (१९०८) तत्वबोधिनीव्याख्यासंवलिता सिद्धान्तकौमुदी। मुम्बयी: निर्णयसागर। पृ. ३; श्रीगोपालदत्तपाण्डेयः सम्प०. (२०११) पाणिनिविरचिता अष्टाध्यायी। वाराणसी: चौखम्ब सुरभारती प्रकाशल। पृ. ७. “ཨུཔདེཤེ ཨཱདྱའོཙྩཱརཎམ྄”ཞེས་འབྱུང་བ་བཞིན། མན་ངག་ནི་ཐོག་མར་བརྗོད་པའོ་ཞེས་པའི་དོན་ཡིན་ལ། དེ་མ་ནོར་བར་རྟོགས་པ་གཙོ་བོར་པ་ཎི་བར་བརྟེན་པ་ཡིན་ལ། ཐུབ་པ་གཞན་གཉིས་ལའང་བརྟེན་པ་ཡིན་ནོ། །
[2] क्षितिशचन्द्र चट्टोपध्याय संपादित्, (१९५३) चान्द्रव्याकरणम्। पुणे. पृ. १०; ཟླ་བ་གཞོན་ནུ། ཞུས་པ། ༢༠༢༠ སྒྲ་མདོ་ཆེན་པོ་བཞིའི་སཾ་བོད་ཤན་སྦྱར་ཆེན་མོ། གསལ་ལྡན: ཁྀས་ཀ་དཔེ་སྐྲུན་ཁང་། ཤ༣༥༦
[3] सूर्यदत्त संपादित, (१९०७) अनुभूतिस्वरूपाचार्यप्रणीतं सारस्वतनामव्याकरणं। ज्ञानसागर, पृ. ३.
[4] सूर्यदत्त संपादित्, (१९०७) अनुभूतिस्वरूपाचार्यप्रणीतं सारस्वतनामव्याकरणं। ज्ञानसागर, पृ. ४.
[5] श्रीगोपालदत्तपाण्डेयः सम्प०. (२०११) पाणिनिविरचिता अष्टाध्यायी। वाराणसी: चौखम्ब सुरभारती प्रकाशल। पृ. ६.
[6] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ७. “सूत्रेष्वदृष्टं पदं सूत्रान्तरादनुवर्त्तनीयं सर्वत्र” ཞེས་འབྱུང་བ་བཞིན་དོན་ནི་“མདོ་ལ་མི་མཐོང་བའི་ཚིག་མདོ་གཞན་ལས་ཐམས་ཅད་དུ་བླང་བར་བྱའོ་”ཞེས་པའི་དོན་ནོ། །འདི་ནི་སོར་བསྡུ་དང་འདྲ་བར་སྒྲ་པ་ཎི་བའི་གཞུང་ཉུང་བར་བྱེད་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ཏེ། དཔེར་ན། འཇིག་རྟེན་ལ་ཡང་། བཀྲ་ཤིས་ལ་ཆུ་བླུད་ཅིག། དོན་གྲུབ་ལའང་། ཞེས་པའི་ངག་གཉིས་ལས་ཕྱི་མར་ཆུ་བླུད་ཅིག་ཅེས་པ་དངོས་སུ་མི་གསལ་ཡང་གོང་གི་ངག་དེའི་ཤུགས་ལས་རྟོགས་ནུས་པ་བཞིན་ནོ། །ཞིབ་པ་མདོའི་མཚམས་སྦྱོར་ལས་མཁྱེན་པར་བྱའོ། །
[7] མན་ངག་ལ་དབྱངས་རྗེས་སུ་སྣ་ལྡན་འགྲོ་བའོ། །
[8] མན་ངག་ལ་མཐའི་གསལ་བྱེད་འགྲོ་བའོ། །
[9] མན་ངག་གི་རྣམ་དབྱེ་ལ་ཏུསྨ་རྣམས་འགྲོ་བ་མ་ཡིན་ནོ། །
[10] མན་ངག་ལ་[བྱིངས་ཀྱི]ཐོག་མའི་ཉི་ཊུ་ཌུ་རྣམས་འགྲོ་བའོ། །
[11] མན་ངག་ལ་རྐྱེན་གྱི་ཐོག་མའི་ཥ་འགྲོ་བའོ། །
[12] མན་ངག་ལ་རྐྱེན་གྱི་ཐོག་མའི་ཙུ་ཊུ་རྣམས་འགྲོ་བའོ། །
[13] མན་ངག་ལ་དེ་ཕན་མ་ཡིན་པའི་རྐྱེན་གྱི་ལ་ཤ་ཀུ་ཐོག་མ་རྣམས་འགྲོ་བའོ། །
[14] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ३७.
[15] म. रङ्गाचार्येण संशोध्य परिष्कृत्य च प्रकाशितः, धर्मकीर्तिविरचितः रूपावतारः प्रथमो भागः पृ.१.
[16] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ७.
[17] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ७.
[18] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. १२५.
[19] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ४३२.
[20] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ७७१.
[21] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. १२४.
[22] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. १२८.
[23] श्री वरदराजविरचिता, (२०१२) लघुसिद्धान्तकौमुदी, वाराणसी: मोतीलाल बनारसीदास. पृ. ८.
– – – – –