ལི་ཡུལ་ངོས་འཛིན་ཚུལ་ལ་དཔྱད་པ།

0
1477

ཀ ལི་ཡུལ་ལུང་བསྟན་ཚུལ་དང་། མིང་གི་རྣམ་གྲངས།

དེ་ཡང་། བཀའ་འགྱུར་དུ་བཞུགས་པའི་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་[1]ལས[2]། ལྷ་རྣམས་མྱ་ངན་ང་འདས་ན། །ལོ་བརྒྱ་ལོན་པ་དེ་ཡི་ཚེ། །མིང་ནི་ལི་ཡུལ་ཞེས་བྱ་བ། །རབ་ཏུ་འབྱོར་པ་འབྱུང་བར་འགྱུར། །བསྐལ་པ་བཟང་པོའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་ཀྱི། །འདུལ་བའི་ཕྱིར་ནི་ཆད་ཀྱུ་སྟེ། །རྟོག་གེ་བ་དང་བྲལ་བ་ཡིན། །བསྐལ་པ་བཟང་པོའི་རྒྱལ་སྲས་རྣམས། །ལི་ཡུལ་འཁོར་གྱི་གྲོང་ཁྱེར་དེར། །སྐྱེ་བ་དག་ཀྱང་ལེན་འགྱུར་ཞིང་། །མིག་དང་འདྲ་བར་སྣང་བར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས[3]། ཨུ་རྒྱན་བདག་པོ་དབང་ཕྱུག་པོ། །རྒྱལ་པོ་སྟན་ལས་ལངས་ནས་ཀྱང་། །པུས་མོ་གཉིས་ནི་ས་ལ་བཙུགས། །བཅོམ་ལྡན་འདས་ལ་གསོལ་བ་ནི། །གང་གི་ཚེ་ན་ལི་ཡུལ་ཞེས། །བྱ་བ་དེ་ནི་འབྱུང་གྱུར་ཞིང་། །ཡོངས་སུ་རྒྱས་ཤིང་སྐྱེ་བོ་གང་། །དེ་ཚེ་སྐར་རྡོའི་ཡུལ་དག་ཏུ། །སྟོབས་ཆེན་རྒྱལ་པོ་བདག་གྱུར་ནས། །དེ་ནི་ལི་ཡི་བདག་པོ་དང་། །རྟག་ཏུ་གཉེན་ནི་བགྱིད་པ་དང་། །བདག་གི་ཡུལ་དེ་སྲུང་བའི་ཕྱིར། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །ཞེས་ལུང་གིས་བསྟན་པའི་ལི་ཡུལ་ཞེས་པ་ནི། བཀའ་བསྟན་གཉིས་ཀར་གསལ་བའི་མིང་ཧ་ཅང་རྙིང་པ་ཞིག་དང་། དེ་ལ་བོད་པས་ལི་ཡུལ་ཞེས་བཏགས་པ་དང་། རྒྱ་མིས་དེང་སྐབས་ཤིན་ཅང་དུ་འབོད་པ་དེ་ཡིན་པར་ངོས་འཛིན་ཀྱང་། གོང་གསལ་བཀའ་འགྱུར་ལས་སྐར་རྡོའི་ཡུལ་དག་ཏུ་སྟོབས་ཆེན་རྒྱལ་པོར་གྱུར་ནས་ལི་ཡི་བདག་པོ་དང་གཉེན་སོགས་བྱེད་པར་འགྱུར་བར་གསུངས་པས། སྐར་རྡོའི་ཡུལ་ནི་དེང་གི་པ་ཀི་སི་ཐན་ནང་ཡོད་པ་ཡོངས་གྲགས་ཡིན།

མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་རབས་དེབ་ཐེར་དཀར་པོ་ལས[4]། རྒྱ་གར་སྐད་དུ་ཀཾ་ས་དེ་ཤ །ཡུལ་གཞན་དུ་ཏུར་ཀི་སྠཱན་དང་། རྒྱ་ནག་པས་སིན་ཇང་ (ཤིན་ཅང་) དུ་འབོད་པ་འདི་ཡིན་པར་གསུངས་ལ། དེ་དང་ཕྱོགས་མཚུངས་སུ་བོད་ཀྱི་སྲིད་དོན་རྒྱལ་རབས་ལས་[5]ཀྱང་། ཡུ་གུར་དང་ཤིན་ཅང་དོན་གཅིག་ཏུ་བཤད། དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀཾ་ས་དེ་ཤ །ཡུལ་གཞན་དུ་ཏུར་ཀིསྠཱན་ (Turkistan) དང་། རྒྱ་ནག་པས་ཤིན་ཅང་དུ་འབོད་པ་འདི་ཡིན་པ་དང་། འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་ལ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་ཞེས་བྱ་བ་དེ་ཡིན་པར་གསུངས་ཤིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[6]ཀྱང་། ལི་ཡུལ། འདི་དེང་སང་ཤིན་ཅང་དུ་འབོད་པ་དེ་ཡིན་ཅིང་། སྔར་བཙན་པོའི་དུས་སྐབས་ནས་ལི་ཡུལ་ཞེས་འབོད། ཅེས་གསལ་བ་ལྟར་དེ་དག་མིང་གི་རྣམ་གྲངས་ཡིན་པར་གསལ་ལོ།།

དེ་ཡང་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་ལས[7]། རྒྱ་གར་ལི་ཡུལ་ནི་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཡུལ་དྲུག་གི་ནང་ཚན་བོད་རྒྱའི་མཚམས་སུ་ཡོད་པ་སྟེ། དེར་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོ་ལ་སྲས་ས་ནུར་གྲགས་པ་བྱུང་བ་དེས་ཡུལ་དེ་བཟུང་ནས་ཡུན་རིང་ལོན་པ་རྒྱལ་པོ་བི་ཛ་ཡ་སམྦྷ་ཝའི་རིང་ལ། དགེ་སློང་བཻ་རོ་ཙ་ན་སོགས་ཀྱིས་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་། མཆོད་རྟེན་བཞེངས་པའང་མང་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་པི་ཛ་ཡ་བཱིརླའི་ཚེ་འཕགས་ཡུལ་ནས་དགྲ་བཅོམ་པ་བཞི་ཕེབས། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དགྲ་བཅོམ་རྣམས་ཀྱིས་ངོ་སྤྲད། གླེའུ་དོ་ཤན་གྱི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་མང་པོ་ཕེབས་ཏེ་ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་སྤེལ་བར་མཛད་དེ། གཙུག་ལག་ཁང་དགེ་འདུན་གྱི་སྡེས་ཁྱབ་པར་གྱུར་མོད། ད་ལྟ་ནི་གཟུགས་བརྙན་ཙམ་ལས་མི་མཐོང་བའི་ཚད་དུ་ཡོད་པ་རྒྱ་གར་ཆོས་འབྱུང་དུ་གསུངས་སོ། །ཞེས་གསལ་ལོ།།

ཁ། ལི་ཡུལ་གྱི་ཆགས་དབྱིབས་དང་། ངོས་འཛིན་གནང་ཚུལ།

དེ་ཡང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་བསྟོད་པ་ལས[8]

རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ། །
མཁས་གྲུབ་དུ་མའི་ལེགས་བཤད་བདུད་རྩིའི་རྒྱུན། །
རྣམ་དཔྱོད་བློ་ཡིས་བུམ་པར་ལེགས་བསྡུས་ནས། །
བོད་ཡུལ་རྨོངས་པའི་དྲི་མ་སེལ་མཛད་པ། །
བློ་ལྡན་ཤེས་རབ་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ལི་ཡུལ་གྱི་ཆགས་དབྱིབས་དང་། ངོས་འཛིན་ཚུལ་མང་དུ་ཡོད་པ་ནི། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[9]། བྷ་ཏ་ཀ་ཅན་ནས་བྱང་ཤར་དང་། ཁོ་ཁཱན་གྱི་ཤར་དུ་རི་བོ་གངས་ཅན་གྱི་རི་བརྒྱུད་གངས་རི་ཆེན་པོ་ཡོད་པ་བརྒལ་བ་ན། མཱ་ལ་ཡ་ཕོ་ཁར་རམ་ཕོ་ཁར་ཆུང་ངུ་སྟེ་ལི་ཡུལ་ཡོད། དེང་སང་ཕལ་ཆེར་ལ་ལི་ཡུལ་འདི་རླུང་ལྟར་གྲགས་ན་ཡང་ངོས་འཛིན་མི་འདྲ་བ་སྣ་ཚོགས་བྱེད་པ་ལས་མཛུབ་མོ་འཛུགས་ས་མི་འདུག །བོད་སྔ་ཕྱི་དུ་མས་བལ་ཡུལ་དང་། བོད་རང་གི་ཆ་ཤས་ཤིག་དང་། རྒྱ་ནག་གི་ཡུལ་ཕྲན་ཞིག་དང་། ཧོར་ཡུལ་སོགས་ལི་ཡུལ་ངོས་བཟུང་འདུག་ཀྱང་། དང་པོ་ལྟར་ན། དུས་ཀྱི་འཁོར་ལོའི་རྒྱུད་ལས། ལི་ཡུལ་བོད་ཀྱི་བྱང་ན་ཡོད་པར་གསུངས་པ་དང་འགལ། གཉིས་པ་ལྟར་ན་བོད་ཀྱི་ཁོངས་ན་ཡོད་པའི་ལི་ཡུལ་ངོས་འཛིན་རྒྱུ་ནི་མེད། གསུམ་པ་དང་བཞི་པ་ལྟར་བྱས་ན་ཡང་གླང་རི་ལུང་བསྟན་དང་མི་མཐུན་པས། ཐོ་དཀར་ཆུང་བ་འདི་ནི་བོད་ཀྱི་བྱང་ན་ཡོད་པ་དང་། རྒྱ་དཀར་ནག་དང་། ཏུ་རུཥྐ་དང་། ཧོར་དང་བོད་སོགས་ཀྱིས་ལན་མང་པོར་བཅོམ་པ་དང་། ཐང་ཟིང་གི་ལམ་ཡིག་དང་། ཙནྡན་ཇོ་བོའི་ལོ་རྒྱུས་སོགས་ལས་བཤད་པའི་ལི་ཡུལ་འདི་ཡིན་པར་ངེས་པས་ཡུལ་འདི་ཉིད་ལི་ཡུལ་ལ་ངོས་བཟུང་ན་རུང་བ་ཡིན། ཡུལ་དེ་ལ་ནང་གསེས་ཀྱིས་དབྱེ་ན། ཀ་སི་ཀཱ་ར་སྟེ་བསྒོས་བྱེད་དམ་དེང་སང་ཧ་ཤི་ཧར་ཟེར་བ་སོགས་ཡུལ་ཐ་དད་པ་བརྒྱད་དམ་དགུ་ཙམ་དང་། ཡམ་ཀ་ཤ་ར་སོགས་གྲོང་ཁྱེར་མང་པོ་དང་། ཡུལ་དེའི་ཆར་གཏོགས་པའི་ཧོར་དང་། རྒྱ་ནག་པོའི་ཡུལ་མང་ཙམ་ཡོད། ཅེས་སོགས་གསལ་ལོ།།

སི་ཏུ་ཆོས་ཀྱི་འབྱུང་གནས་ (1699/1700-1774) ཀྱིས་མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[10]། ལི་ཡུལ་ནི་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཡུལ་དྲུག་གི་ནང་ཚན་བོད་རྒྱའི་མཚམས་སུ་ཡོད་པ་སྟེ། དེར་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོ་ལ་སྲས་བྱུང་བ་ས་ནུར་གྲགས། དེས་ཡུལ་དེ་བཟུང་ནས་ཡུན་རིང་ལོན་པ་རྒྱལ་པོ་བི་ཛ་ཡ་སམྦྷ་ཝའི་རིང་ལ། དགེ་སློང་བཻ་རོ་ཙ་ན་སོགས་ཀྱིས་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་། མཆོད་རྟེན་བཞེངས་པའང་མང་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་པི་ཛ་ཡ་བཱི་རྱའི་ཚེ་འཕགས་ཡུལ་ནས་དགྲ་བཅོམ་པ་བཞི་ཕེབས། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དགྲ་བཅོམ་རྣམས་ཀྱིས་ངོ་སྤྲད། གྷེའུ་དོ་ཤན་གྱི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་མང་པོ་གཤེགས་ཏེ་ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་སྤེལ་བར་མཛད་དེ། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་གྱུར་མོད། ད་ལྟ་ནི་གཟུགས་བརྙན་ཙམ་ལས་བསྟན་པ་རྣལ་མ་ཡོད་པར་མི་གདའོ། །ཞེས་ཀྱང་བྱུང་ངོ་།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[11]། སོག་པོ་ལི་ཡུལ་ཤིང་རྟའི་དབྱིབས་འདྲ་སྟེ། །སྣ་ཚོགས་འདོད་དགུ་དགོས་འདོད་འབྱུང་བའི་གླིང༌། །ཧོར་དང་རྒྱ་ནག་མེ་ཏོག་པདྨ་ནི། །ཁ་བྱེ་འདྲ་སྟེ་ངོ་མཚར་ཆེ་བའི་གླིང༌། །ཞེས་གསུངས་པ་ལྟར་ལི་ཡུལ་གྱི་ས་དབྱིབས་ནི་ཤིང་རྟའི་དབྱིབས་དང་འདྲ་བར་གསུངས་ལ། དབྱིབས་དེ་ལྡན་གྱི་ལི་ཡུལ་ལ་ངོས་འཛིན་ལུགས་སྣ་ཚོགས་ཤིག་དང་། ལི་ཡུལ་ལ་འདོད་ཚུལ་མང་དུ་སྣང་སྟེ། ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་པའི་འདོད་ཚུལ་གཅིག་དང་། ཡང་བལ་ཡུལ་ཉིད་ལི་ཡུལ་དུ་འདོད་པ་གཅིག །ཡང་བལ་ཡུལ་ཉིད་ན་ཆུ་བོའི་ཕར་འགྲམ་གྱི་ངོས་ལ་བལ་ཡུལ་དང་། ཚུར་ཕྱོགས་ལ་ལི་ཡུལ་ཞེས་པའི་འདོད་པའི་ཚུལ་གཅིག་སོགས་ཡོད་པར་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[12]གསུངས་ལ། དེང་གི་ཆར་ལི་ཡུལ་ནི་བལ་ཡུལ་ལ་ངོས་འཛིན་པའི་ལུགས་གཅིག་དང་། འཇང་ཡུལ་ངོས་འཛིན་པའི་ལུགས་གཅིག །ཤིན་ཅང་ལ་ངོས་འཛིན་པའི་ལུགས་གཅིག །སྦལ་ཏི་ལ་ངོས་འཛིན་པའི་ལུགས་གཅིག་བཅས་ལུགས་ཆེ་ཁག་བཞི་བྱུང་བ་ལས།

༡ ལི་ཡུལ་བལ་ཡུལ་ལ་ངོས་འཛིན་ཚུལ།

དེ་ཡང་སུ་ན་ཤྲཱི་བྷ་དྲས་[13]བརྩམས་པའི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྟེན་འཕགས་པ་ཤིང་ཀུན་གྱི་དཀར་ཆག་ལས[14]། དེ་ལ་འདི་ལྟར། སྔོན་སངས་རྒྱས་ཡུལ་འཁོར་སྐྱོང་བཞུགས་པའི་དུས། ལི་ཡུལ་འདི་མཚོ་རུ་ཡོད་ཅིང་། དེའི་མིང་ནི་གྷོ་མ་ཞེས་བྱའོ། །དེའི་དུས་འོད་གསལ་ལྷ་ལས་བབས་པའི་ཆོས་སྐྱོང་བའི་རྒྱལ་པོ་གྱམ་རིང་པོ་བྱ་བ་ལ། བུ་སྟོང་ཙམ་བྱུང་། བུ་གཞན་རྣམས་ཀྱིས་འཛམ་བུའི་གླིང་དུ་ཡུལ་ཆེན་པོ་སྟོང་བཟུང་། ཆུང་བས་བལ་ཡུལ་བཟུང་སྟེ། མིང་རྒྱལ་པོ་ལི་ཞེས་བྱའོ། །ཡུལ་འདི་ཡང་ལི་ཡུལ་ཞེས་བྱའོ། །ཡུལ་མི་རྣམས་དགེ་བ་བཅུ་སྤྱོད་པས་ན། གྲོང་ཁྱེར་དེ་ཡང་དགེ་བཅུ་བ་ཞེས་བྱའོ། །ཞེས་བལ་ཡུལ་ཐོག་མར་ཇི་ལྟར་ཆགས་པ་དང་། རྒྱལ་པོ་ཇི་ལྟར་བྱུང་བ། བལ་ཡུལ་ལའང་ལི་ཡུལ་ཞེས་བརྗོད་རབས་གསལ་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས[15]། དེ་ལ་ཡང་སྣུབས་རྗེ་སྲིད་པ་ལ་སོགས་རྗེ་དགུ། ལོ་ངམ་རྟ་རྫི་སོགས་རྫི་བདུན། ག་རོད་སྒ་མཁན་སོགས་མཁན་དྲུག །རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ། གདགས་སྤྲ་འཛིན་སོགས་འཛིན་གསུམ་སྟེ་འདི་རྣམས་ཁེང་དང་ཡང་ཁེང་དང་ཉིང་ཁེང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ་ལ། ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིས་དཔྱ་བསྡུས་ནས་འབུལ་བས་འབངས་ལ་གཏོགས་སོ། །སྟོད་ན་འབྲོ། སྨད་ན་མཆིམས། བར་ན་སྣ་ནམ། བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་དོ། །ཞེས་གསལ་བ་ལྟར་བལ་པོ་ལི་རྒྱལ་ནི་ཕྱོགས་བཞིའི་རྒྱལ་པོ་བཞི་ལས་གཅིག་ཏུ་ངོས་འཛིན་མཛད་པ་གཞིར་བཟུང་ན་ལི་ཡུལ་ནི་བལ་པོར་ངོས་འཛིན་པ་ལྟར་སྣང་ལ། གཡས་རུ་སྟག་ཚང་པ་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཆོས་འབྱུང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་ལས[16]། འཕགས་ཡུལ་བལ་པོའི་རྒྱལ་རབས་བཞུགས། ལིའི་ཡུལ་བལ་པོར་གྲགས་པ་འདིར། སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་གང་ཟག་རྒྱལ་བློན་ཇི་ལྟར་བྱོན་ན། སྟོན་པ་ཤཱཀྱ་ཐུབ་པ་འགྲོ་བའི་དོན་ལ་སངས་རྒྱས་ནས་བཞུགས་པའི་ཕོ་བྲང་ཉི་ཤུ་རྩ་གཅིག་ཡོད་པའི་རྟིང་མ་དེ་ལི་ཡུལ་འདི་ཡིན་པས། གཞན་ལས་ཀྱང་ཡོན་ཏན་ལྷག་པར་ཆེའོ། །དེའང་སྔོན་དང་པོ་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་དུས་ལི་ཡུལ་འདི་ལ་ཙནྡན་གྱི་ཡུལ་ཟེར། དམ་ཆོས་ཤིན་ཏུ་དར་རོ། །འོད་སྲུང་མྱ་ངན་ལས་འདས་ནས་དེའི་སྐུ་གདུང་བཞུགས་པའི་མཆོད་རྟེན་གོ་མ་ས་ལ་གན་དྷ་ (ད་ལྟ་འཕགས་པ་ཤིན་ཀུན་གྱི་མཆོད་རྟེན་ཟེར་རོ།།) ཕྱི་རྟེན་དུ་བཞེངས་ཤིང་། དྲང་སྲོང་ཁ་ར་ཤ་ལ་སོགས་པས་ཡུན་རིང་མོ་ཞིག་ལི་ཡུལ་གྱི་རི་ལ་གནས་ནས། མཆོད་པའི་གནས་བྱེད་པ་ལ་མ་དད་པའི་མི་ངན་གྱིས་གཙེས་པས། དྲང་སྲོང་རྣམས་ནམ་མཁའ་ལ་ལྡིངས་ནས་ཡུལ་གཞན་དུ་སོང་། དེ་རྟིང་བསྟན་པ་ནུབ་པས་ལི་ཡུལ་མཚོར་གྱུར་རོ། །ཞེས་སོགས་གསུངས་པ་ལྟར་ལི་ཡུལ་ཞེས་པ་བལ་ཡུལ་ཡིན་པར་བཞེད་དོ།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[17]ཀྱང་། ལི་ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་ཤམྦྷ་ལ་པས་ཁོང་རང་གིས་ཕྱིན་ཅིང་བོད་དུ་ཡུལ་འདི་ངོ་ཤེས་པ་རེད་མདའ་བ་དང་ང་ལས་མ་བྱུང་ཞེས་འཆད་པར་སྣང་ལ། རོང་སྟོན་ཤེས་བྱ་ཀུན་རིག་གིས་བལ་པོ་ཉིད་ལི་ཡུལ་ཡིན་པ་ལ་གྲོ་ལུང་པས། རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ། ། ཞེས་བྲིས་པ་ནོར་ཞེས་འཆད་པར་སྣང་ལ། སྤྱིར་ལི་ཡུལ་ལུང་བསྟན་གྱི་མདོར་མ་འོངས་པ་ན་འདིར་བོད་དང་སུམ་པ་དང་རྒྱ་རྣམས་ཀྱང་འབྱུང་ཞེས་བཤད་པ་སོགས་དང་སྦྱར་ན་བལ་ཡུལ་བ་རྣམས་རྣམ་སྲས་དང་མཽངྒལ་གྱི་བུས་ཆུ་དྲལ་བའི་ས་བལ་པོ་ཕམ་ཐིང་ཡིན་པ་དང་། གོ་མ་ལ་སཱ་ལའི་མཆོད་རྟེན་འཕགས་པ་ཤིང་ཀུན་ཡིན་པར་འདོད་ཅིང་། བོད་ཐང་དུ་བྱམས་པ་བཞེངས་པ་ཡང་བལ་པོའི་རྒྱལ་པོ་དེ་ཝ་ལྷའམ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་བོད་དུ་བྱོན་པའི་སྐལ་བར་ཐང་ཆེན་པོ་ཞིག་ཞིང་དུ་བྱས་ཏེ་བྱིན་པ་ད་ལྟ་བོད་ཐང་དུ་གྲགས་ཤིང་། དེར་རྒྱལ་པོས་གཙུག་ཁང་བརྩིགས་པ་དེང་སང་ཞིག་ནས་མགོན་པོའི་རྡོ་སྐུ་ཞིག་ད་དུང་ཡོད་པ་ལ་བོད་ཐང་མགོན་པོ་ཞེས་མཆོད་པ་བྱེད་པ་ཡོད་ལ། སྤྱིར་བལ་ཡུལ་ཉིད་ན་ཆུ་བོའི་ཕར་འགྲམ་གྱི་ངོས་ལ་བལ་ཡུལ་དང་ཚུར་ཕྱོགས་ལ་ལི་ཡུལ་ཞེས་འབོད་པར་བྱེད་དོ།།

ཕལ་སྐད་ཀྱི་སྡེ་ཚན་བདུན་པ་བྱེད་པོས་བལ་ཡུལ་གྱི་སྐབས་སུ་ཡུལ་འདི་ཁ་ཅིག་ལི་ཡུལ་དུ་འདོད། ཁ་ཅིག་གླང་རུ་ལུང་བསྟན་པའི་ཡུལ་དེར་འདོད་ཀྱང་ཕྱི་མ་དཔྱད་པར་བྱ་ཞིང་། འདི་ལི་ཡུལ་ནི་མ་ཡིན་ཏེ་གོ་མ་ལ་སཱ་ལ་གནྡྷའི་མཆོད་རྟེན་མེད་པའི་ཕྱིར། ཞེས་བྲིས་ཀྱང་དེ་ནི་ཤིང་ཀུན་གྱི་མཆོད་རྟེན་ཉིད་ཀྱི་མིང་དུ་བལ་པོ་རྣམས་འདོད་ལ། རི་བོ་གླང་རུ་ཡང་འོད་སྲུང་མཆོད་རྟེན་གྱི་རྨང་གཞིའི་ཚུལ་དུ་རི་ཆུང་རྩེ་ཕྲ་བ་གླང་རུ་ཕྲེད་ལ་བཞག་པ་འདྲ་བ་ཞིག་ཡོད་པ་དེ་ཡིན་པར་བལ་པོ་རྣམས་འདོད་ཅིང་། ཤིང་ཀུན་གྱི་མཆོད་རྟེན་འདི་སྔོན་དང་ཕྱི་མར་རི་གཡོགས་པ་ཡང་དེང་སང་བུམ་པ་མན་ལ་སེང་ལྡེང་གི་ནགས་ཚལ་སྐྱེས་པ་སོགས་གསལ་པོར་ཡོད་པ་ཡུལ་དེར་བགྲོད་པའི་མི་ལ་མངོན་སུམ་དུ་ཡོད་པའི་ཕྱིར་གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་ནས་བཤད་པའི་ཆ་མཐུན་ནི་བལ་པོ་ལ་སྣང་བས། སྐབས་དེའི་ལི་ཡུལ་བལ་པོར་བྱས་ཀྱང་རུང་བར་སྣང་མོད། ཕྱི་ནང་གི་ཡུལ་བདུན་ཡུལ་དྲུག་གི་དུས་སྦྱོར་གྱི་ལི་ཡུལ་ནི་[18]བལ་པོར་མི་རུང་སྟེ་དེ་བོད་ཀྱི་བྱང་དུ་དགོས་ལ། བལ་པོ་ནི་ལ་སྟོད་དང་མངའ་རིས་ཀྱི་བར་གྱི་ལྷོ་ན་ཡོད་པའི་ཕྱིར་རོ། །བཅོམ་རལ་བས་ཀྱང༌། ས་ནུས་བཟུང་བའི་ལི་ཡུལ་ནི། །རྒྱ་བོད་མཚམས་ཀྱི་བལ་པོ་མིན། ། ཞེས་འཆད་པར་སྣང་ལ། སྤྱིར་གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་དུ་གྲགས་པ་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ནི་རི་ལུང་བསྟན་པ་དང་། ཡུལ་དུ་གང་ཟག་ལུང་བསྟན་པའི་ཁྱད་པར་མ་གཏོགས་མཚན་གཞི་གཅིག་པར་སྣང་ངོ༌། །ལི་ཡུལ་གྱི་སྐབས་བཤད་ཟིན་ཏོ། །ཞེས་གསལ་བ་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་མཁས་པའི་དགའ་སྟོན་ནང་ལི་ཡུལ་གྱི་ལོ་རྒྱུས་གསུངས་སྐབས་རྒྱལ་པོ་མྱ་ངན་མེད་ཀྱི་བུ་ས་ནུས་བཟུང་བའི་ལི་ཡུལ་དང་། གླང་རུ་ལུང་བསྟན་གྱི་མདོ་དང་། ལི་ཡུལ་ལུང་བསྟན་པའི་མདོ་གཉིས་ནས་རི་དང་མཆོད་རྟེན་སོགས་ནི་བལ་ཡུལ་ན་ཡོད་པའི་དེའི་སྐབས་ཀྱི་ལི་ཡུལ་ནི་བལ་ཡུལ་ཡིན་པའི་ཕྱོགས་དེ་འཐད་པ་དང་། དུས་འཁོར་གྱི་ནང་དུ་གསུངས་པའི་ཕྱི་ནང་གི་ཡུལ་བདུན་དང་། ཡུལ་དྲུག་གི་དུས་སྦྱོར་འཆད་པའི་སྐབས་ཀྱི་ལི་ཡུལ་ནི་བོད་ཀྱི་བྱང་དུ་ཡོད་པའི་ལི་ཡུལ་ལ་གོ་དགོས་པར་གསུངས[19]། དེ་ལྟར་དཔའ་བོ་གཙུག་ལག་ཕྲེང་བ་དང་། རོང་སྟོན་ཤེས་བྱ་ཀུན་རིག་སོགས་སྔོན་བྱོན་མཁས་པ་ཕལ་མོ་ཆེས་ལི་ཡུལ་ཞེས་པ་བལ་ཡུལ་ལ་ངོས་འཛིན་པར་སྣང་ངོ་།།

འོན་ཀྱང་རྒྱགས་བརྔན་ལྷ་བསང་ལས[20]། གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ༔ ལི་ཡུལ་བལ་ཡུལ་ལ་སོགས་པའི༔ ས་བདག་གཉན་པོ་ཐམས་ཅད་བརྔན༔ ཞེས་དང་། ཡང་དེ་ཉིད་ལས། རི་བོ་གནྡྷ་ལ་སོགས་པའི༔ ལི་ཡི་ས་བདག་གཉན་རྣམས་བརྔན༔ ཞེས་དང་། རྒྱ་གར་རྒྱ་ནག་ཧོར་དང་ལྗངས༔ བལ་ཡུལ་བོད་ཡུལ་ལི་ཡུལ་སོགས༔ གཞི་བདག་གཉན་པོ་ཐམས་ཅད་བརྔན༔ ཞེས་སོགས་གསུངས་པ་ལྟར་ལི་ཡུལ་ནི་བལ་ཡུལ་མིན་པར་དེ་ལས་ཐ་དད་པ་ཞིག་ཡིན་པ་ཤིན་ཏུ་གསལ་ལོ།།

༢ ལི་ཡུལ་འཇང་ཡུལ་ལ་ངོས་འཛིན་ཚུལ།

དེ་ཡང་སློབ་དཔོན་པདྨས་མཛད་ཅིང་། རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་དྲངས་པའི་བརྒྱགས་བརྔན་ཆེན་མོ་ལས[21]། ལྗང་རི་སྨུག་པོ་ལ་སོགས་པའི༔ ལྗང་ཡུལ་གཞི་བདག་གཉན་པོ་བརྔན༔ ཞེས་གསུངས་པ་ལྟར་ལི་ཡུལ་ནི་ལྗང་ཡུལ་ཡིན་པར་བཞེད་མཁན་འདི་ལྟར་མཆིས་ཏེ། སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ (དུས་རབས་18པ།) ཀྱིས་མཛད་པའི་གུ་བཀྲའི་ཆོས་འབྱུང་ལས[22]། ལི་ཡུལ་ཞེས་པའང་རྒྱ་ནག་སྐད་དུ་ལི་ཀྱང་ཧུ་ཞེས་པ་བསྒྱུར་བ་ལི་ཡུལ་ཏེ་ད་ལྟ་འཇང་ཡུལ་ཡིན་ལ། ལྕང་ར་སྨུག་པོའང་འཇང་རི་སྨུག་པོ་ཡིན་ཏེ། ཡུལ་དེ་སྔོན་རྒྱ་གར་གྱི་རྒྱལ་པོས་བདག་བྱས་པའི་ལོ་རྒྱུས་ཏའི་ལའི་ཕྱོགས་སུ་རྒྱ་གར་གྱི་རྡོ་རིང་ལ་ཡི་གེ་གསལ་བར་ཡོད་ཅེས་ཀུན་མཁྱེན་བསྟན་པའི་ཉིན་འབྱེད་གསུང་ལས་ཐོས་སོ། །ཙཱི་ནའི་སྐད་དུ་ལི་ཀྱང་ཧུ་ཞེས་པ་འཇང་གི་ཡུལ་དུ་སྔོན་ཆོས་མི་དར་བ་ལ། ཆོས་ཀྱི་རྗེ་ཀརྨ་པ་དམར་མཐིང་ཅོད་པན་འཛིན་པ་རྣམས་དེར་བྱོན་པས་དམ་ཆོས་ཀྱི་སྲོལ་བཏོད་པར་གྱུར་ཏེ། ཡུལ་འདི་རྒྱ་འོག་ཏུ་གཏོགས་པས་མཐའ་དམག་གིས་བརྫི་བར་མི་ནུས་ཤིང་། ཕྱིས་སུ་འཇམ་མགོན་སི་ཏུ་བསྟན་པའི་ཉིན་བྱེད་ཉིན་ལན་དུ་མར་ཕེབས་པས་སྔ་ཕྱིར་ས་ཐམ་འོག་མིན་གླིང་དང་། འཇང་རི་སྨུག་པོ། ཀུན་རྡོས་དར་རྒྱས་གླིང་། ལ་གཤིས་སོགས་དང་། ཁྲ་འབུར་ཕུན་ཚོགས་བསྟན་འཕེལ་གླིང་སྟེ་ཆོས་སྡེ་ཆེ་ཕྲ་མང་པོ་ཚུགས། ཞེས་གསུངས་པ་ལྟར་ན་ལི་ཡུལ་ཞེས་པ་འཇང་ཡུལ་ལ་ངོས་འཛིན་མཛད་པར་སྣང་ལ། ལི་ཡུལ་ཞེས་པ་རྒྱ་ནག་སྐད་དུ་ལི་ཀྱང་ཧུ་ཞེས་པར་བསྒྱུར་བ་ལྟར་ན། ལི་ཡུལ་ཞེས་པ་བོད་སྐད་གཙང་མ་ཞིག་གམ། ཡང་ན་ལི་ཡུལ་ཞེས་པ་བོད་སྐད་མིན་པར་སྒྲ་རང་སོར་བཞག་པ་སྟེ། ལི་ཡུལ་ཞེས་པ་བོད་པས་འཇང་ཡུལ་དུ་བསྒྱུར་བ་གང་ཞིག་ཡིན་དང་། གཞན་ཡང་ལི་ཡུལ་དང་། འཇང་ཡུལ། ལྕང་ར་སྨུག་པོ། འཇང་རི་སྨུག་པོ་རྣམས་མིང་གི་རྣམ་གྲངས་དང་། ཡུལ་སྤྱི་བྱེའི་ཁྱད་པར་གང་ཡིན་སོགས་ལའང་བསམ་གཞིག་བྱེད་དགོས་པར་སྣང་ངོ་།།

དེ་བཞིན་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[23]། རྒྱལ་པོ་བཞི་པའི་དུས་ནུབ་ཀྱི་ཁམས་རྒྱལ་ལི་ཡྭན་ཏའུ་ཞེས་པ་ངོ་ལོག་ནས་རང་ཚུགས་བཟུང་བ་ལ་ཥི་ཡ་སྟེ་བོད་ཀྱིས་ལི་རྒྱལ་ལམ་འཇང་ས་ཐམ་རྒྱལ་པོ་ཟེར་བ་དེ་ཡིན་ཟེར་ཞིང་། དེའི་མི་རབས་བཅུ་གཉིས་དང་ལོ་ཉིས་བརྒྱ་ཞེ་གཉིས་སོང་དུས་ཇིར་གིར་གྱིས་བླངས། ཞེས་ཀྱང་གསལ་ལོ།།

གཞན་ཡང་སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[24]། རྒྱལ་རབས་བཞི་པའི་སྐབས་ན་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡྭན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པར་བྱས། རྩ་བ་ཡུ་གུར་རྒྱལ་པོའི་རིགས་ལས་མཆེད་པས་ཧུ་ཝང་དྷཱིའི་གདུང་བརྒྱུད་ཡིན་པ་ལས། སྔོན་མེས་པོ་ཐོ་བྲག་ཧུ་ཝའི་ཀུའང་ཆེན་པོ་ཐང་གི་ཞབས་འདེགས་བྱས་པས་ནུབ་མཐའ་སྐྱོང་བར་དབང་བསྐུར་ཞིང་། ཐང་རང་གི་རིགས་སུ་གཏོགས་པར་མཛད་དེ་ལི་རིགས་གནང་བ་ལ་བརྟེན་ནས་ཕྱིས་ལི་རྒྱལ་དུ་འབོད་ཅིང་། ཡུལ་ལའང་ལི་ཡུལ་ཟེར་ཡང་ངོ་མ་འཇང་ཡུལ་ལོ། །རྒྱལ་སྲིད་ཀྱི་མིང་ནི་ཥི་ཡ་ཡིན་ལ། བོད་རྣམས་འཇང་ས་ཏམ་རྒྱལ་པོ་ཟེར་རོ། །ཞེས་གསུངས་པ་ལྟར་གུ་རུ་བཀྲ་ཤིས་དང་། སུམ་པ་མཁན་ཆེན། གུང་མགོན་པོ་སྐྱབས་བཅས་ནས་ལི་ཡུལ་ཞེས་པ་འཇང་ཡུལ་ཡིན་པར་གསུངས་ལ། ལི་རྒྱལ་དང་། ལི་ཡུལ་ཞེས་པའི་མིང་གང་ལ་བརྟེན་ནས་ཐོགས་པ་ཡང་གསལ་བར་གསུངས་སོ།།

གཅིག འཇང་ཡུལ་གྱི་ལོ་རྒྱུས་སྙིང་བསྡུས།

དེ་ཡང་སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཞེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ལོ་རྒྱུས་དེབ་ཐེར་དང་། ཏུང་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་། གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད་པ་ལས། འདིར་གླེང་བའི་འཇང་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་འཁོད་པའི་བཙན་པོ་ཁྲི་འདུས་སྲོང་སྲིད་ཀྱི་དོན་དུ་འཇང་ཡུལ་དུ་གཤེགས་ནས་སྐུ་འདས་ཞེས་པའི་འཇང་ཡུལ་ཏེ། རྒྱ་ནག་སྐད་དུ་ནན་ཀྲའོ་ཞེས་འབོད་པ་དང་། ཏུན་ཧོང་གཏེར་ཡིག་ཏུ་འཇང་ཡུལ་ལམ་མྱྭ་དཀར་ནག་ཅེས་འཁོད་ཡོད་པ་དེ་ཡིན་ལ། བོད་སྐད་ཀྱི་མྱྭ་ཞེས་པ་ནི་རྒྱས་སྔོན་ཆད་ཡུལ་དེའི་མི་རིགས་ལ་ཝུའུ་མན་ཏེ་མན་ནག་པོ་དང་། པེ་མན་ཏེ་མན་དཀར་པོ་ཞེས་བཏགས་པའི་སྒྲ་ལས་བྱུང་བ་ཡིན་ནམ་སྙམ། དེའང་འཇང་མམ་ནན་ཀྲའོ་ནི་དུས་རབས་བདུན་བརྒྱད་ཡས་མས་སུ་རྒྱ་ནག་གི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་ཆགས་པའི་བོད་དང་འབྲེལ་ཆེ་བའི་རྒྱལ་ཁབ་ཅིག་ཡིན། རྒྱའི་ཐང་རྒྱལ་རབས་སྐབས་སུ་མྱྭ་ནག་པོ་སྟེ་དབྱི་རིགས་ཀྱི་མེས་པོ་གཙོ་བྱས་པ་དང་། མྱྭ་དཀར་པོ་སྟེ་ད་ལྟའི་པེ་རིགས་བཅས་འདུས་པའི་གྲངས་ཉུང་མི་རིགས་ཀྱིས་ད་ལྟའི་ཡུན་ནན་ཞིང་ཆེན་ཁོངས་སུ་བཙུགས་པའི་རྒྱལ་ཁབ་ཅིག་སྟེ། ཕྱི་ལོ་ ༦༤༩ ལོར་མོང་ཧྲི་ཀྲའོ་ཚོ་བའི་ཞིས་ལའོ་བྱ་བས་ཝེ་ཧྲན་ཏེ་དེང་གི་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་ལྟེ་གནས་བྱས་ཏེ་མོང་ཆེན་པོའི་སྲིད་དབང་ཐོག་མར་བཙུགས་ཤིང་། དུས་རབས་བརྒྱད་པའི་འགོ་ཙམ་ལ་འཇང་ངམ་མྱྭའི་རྒྱལ་པོ་ཕེ་ལའོ་ཀེ་བྱ་བས་ལོའུ་ཀྲའོ་སྟེ་ཚོ་ཁག་དྲུག་གམ་རྒྱལ་ཕྲན་དྲུག་ཏུ་གྲགས་པའི་ཡུལ་སྡེ་རྣམས་གཅིག་གྱུར་བྱས་ནས་རྒྱལ་ས་དེང་གི་ཏཱ་ལིས་མཁར་གྱི་ནུབ་འདབས་སུ་སྤར་ནས་སྲིད་དབང་བསྐྱངས་ཏེ་རྒྱལ་རྒྱུད་རིམ་པར་སྤེལ་བས། ད་ལྟའི་ཡུན་ནན་ཞིང་ཆེན་ཡོངས་དང་། སི་ཁྲོན་ལྷོ་རྒྱུད་ནས་ཀོས་ཀྲུའུ་ནུབ་ཕྱོགས་ལ་སོགས་པའི་ཡུལ་གྲུ་ཐམས་ཅད་ཀྱང་དབང་དུ་བསྡུས་པས་མངའ་ཐང་ཤིན་ཏུ་དར་རྒྱས་བྱུང་བར་གྲགས། སྔ་གཞུག་ཏུ་རྒྱལ་རབས་བཅུ་གསུམ་ཙམ་བྱོན་ནས་དབང་བསྒྱུར་ཏེ་བོད་ཐང་གཉིས་བར་གྱི་འབྲེལ་གཏུག་ཇེ་ལེགས་སུ་སོང་བ་དང་། ཁྱད་པར་དུ་ཕྱི་ལོ་ ༧༠༤ ལ་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་སྐུ་དངོས་ཀྱིས་ཡུལ་དེར་དཔུང་དྲངས་ནས་འཇང་དང་མྱྭ་དཀར་ནག་བཅས་དབང་དུ་བསྡུས་རྗེས་ལོ་ངོ་མང་པོར་བོད་ཆེན་པོའི་ཆབ་འོག་ཏུ་གྱུར་ནས་དཔྱ་ཁྲལ་སོགས་ཕུལ་བ་ཡིན་ཏེ། ཏུན་ཧོང་གཏེར་ཡིག་ལས[25]། ཡོས་བུའི་ལོ་ལ། དགུན་བཙན་པོ་ཁྲི་འདུས་སྲོང་། འཇང་ཡུལ་དུ་གཤེག་སྟེ། འཇང་ཕབ་པར་ལོ་གཅིག །ཅེས་དང་། ཡང་། འུང་གི་འོག་ཏུ་འཇང་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ། མྱྭ་ནག་པོ་འབངས་སུ་བཀུག་པ་ལ་སྩོག་སྟེ། ཞེས་འཁོད་པ་ལྟར་དང་། ཡང་འཇང་ནི་བོད་ཐང་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་པས་ན་ཕྱོགས་གཉིས་ཀས་དབང་དུ་བསྡུ་ཐབས་ཀྱི་འཁྲུག་རྩོད་ཀྱང་བྱས་ལ། མྱྭའི་རྒྱལ་པོ་ཀག་ལ་བོང་བྱ་བའི་སྐབས་སུ་བོད་ཀྱི་བཙན་པོའི་ངོར་བལྟས་ནས་རྒྱ་ནག་ཐང་དང་རྒྱབ་འགལ་བྱས་པ་ཡིན་ཏེ། ཏུན་ཧོང་གཏེར་ཡིག་དེ་ཉིད་དུ། ལྷོ་ཕྱོགས་ཀྱི་སྨད་ན་འཇང་དུ་མྱྭ་དཀར་པོ་ཞེས་བྱ་བའི་རྒྱལ་པོ་སྡེ་མི་ཅུང་བ་ཞིག་འདུག་པ། རྒྱལ་པོ་ཐུགས་སྒམ་པོའི་རླབས་དང་ཐབས་ཀྱིས་དཀའ་སྩལ་ཏེ། མྱྭའི་རྒྱལ་པོ་ཀག་ལ་བོང་ཞེས་བྱ་བ། འབངས་སུ་པྱག་(ཕྱག)འཚལ་ནས། ཐབས་གཅུང་སྩལ་ཏེ། མྱི་མང་གི་སྣོན་བཏག ཡུལ་ཆེའི་ནི་འདབ་བསྐྱེད་དོ། །(འ)ཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་པས། རྒྱའི་ཆབ་སྲིད་ལའང་ཤིན་ཏུ་དམའ་ཞིང་། མྱི་བདེ་བར་བྱས་སོའ། །འཇང་མྱྭའི་རྒྱལ་པོ་ལྟ་ཞིག་རྒྱ་ལ་ལྟ་ལྟ་བ་ལས། རྒྱ་རྗེས་དགྲར་བླང་སྟེ། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར་གློ་བ་ཉེ་ནས། །རྒྱལ་ཡུལ་ཕབ་ཀྱིས་ནི་ཡུལ་དང་། །མཁར་དུ་བཆས་(བཅས་)ཏེ་ཕུལ། །གཡུས་སྤྲད་ཀྱིས་ནི། །རྒྱ་བཙོན་ལུག་ལྟར་བསྐྱངས་སོའ། །[26]ཞེས་སོགས་གསལ་པོར་བཀོད་པ་བཞིན་དང་། འདི་དག་ནི་སྐབས་དེར་བོད་ཀྱི་དབང་སྒྱུར་བ་ལ་མཚོན་ན་ཐང་རྒྱལ་རབས་དང་འཕྲོག་རྩོད་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ། འཇང་བོད་མི་རིགས་བར་ལ་མཚོན་ན་ཕན་ཚུན་འབྲེལ་གཏུག་བྱས་ཏེ་སྤུན་ཟླ་ལྟར་གྱུར་པར་ཆ་རྐྱེན་བཟང་པོ་ཞིག་འཛོམས་པ་གདོན་མི་ཟའོ། །

ཕྱིས་ཕྱི་ལོ་ ༩༠༢ ལ་རང་གི་འཁོར་གྱི་རུས་རྒྱུད་ཀྲིན་ཅན་གྱི་སྐུ་དྲག་ཅིག་གིས་འཇང་རྒྱལ་ཁབ་འཇིག་པར་བྱས་ཤིང་། དེ་རྗེས་ཕྱི་ལོ་ ༩༣༧ ལ་རུས་རྒྱུད་ཏུན་ཅན་གྱི་བློན་པོས་ཏཱ་ལིས་རྒྱལ་ཁབ་བཙུགས་ཏེ་བོད་སིལ་བུའི་སྐབས་སུ་སྔར་གྱི་འཇང་གི་མངའ་རིས་ལས་ཡུལ་གྲུ་མང་ཙམ་བཟུང་སྟེ་ཞིང་ཕྱུགས་ལས་དང་ལག་ཤེས་བཟོ་ལས་སོགས་དར་རྒྱས་བྱུང་ལ། རྒྱའི་སུང་རྒྱལ་རབས་དང་འབྲེལ་གཏུག་ཟབ་ཅིང་། ཆོས་དང་རིག་གནས་བཅས་ཀྱང་དར་རྒྱས་བྱུང་ཚུལ་སོགས་རྒྱས་པ་གཞན་ལས་ཤེས་པར་བྱ་ཞིང་། ཕྱི་ལོ་ ༡༢༥༣ ལ་ཧོར་ཇིན་གིར་རྒྱལ་པོའི་དཔུང་དམག་གིས་རྩ་བ་ནས་བསྣུབས་པར་གྱུར་ཏོ།།

གཞན་ཡང་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་ནང་གི་འཇང་དང་། བོད་མིས་ད་ལྟ་འཇང་དུ་འབོད་པའི་རིགས་དང་ཡུལ་ནི་དེང་གི་ལིས་ཅང་ས་ཁུལ་དང་དེ་གའི་ན་ཞིས་སུ་གྲགས་པའི་རིགས་ལ་གོ་དགོས་ཏེ། སྤྱིར་བོད་དང་ན་ཞིས་གཉིས་རིགས་རྒྱུད་འབྱུང་ཁུངས་ཐད་འབྲེལ་བ་ཡོད་པས་སྐད་དང་གོམས་གཤིས་སོགས་འདྲ་ས་མང་བར་མ་ཟད། ཆོས་དང་རིག་གནས་ཐད་ཀྱང་འབྲེལ་བ་ཟབ་པ་སྟེ་དཔེར་ན་གནའ་སྔ་མོའི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱི་རིང་ལུགས་ཡུལ་དེར་དར་བས་ཕྱིས་ཡུལ་དེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་པ་དེང་སང་སྟོན་པ་རིག་གནས་ཞེས་སྐད་གྲགས་ཆེ་བ་དང་། དེའི་ཕྱིས་བོད་བརྒྱུད་ནང་བསྟན་ལས་བྱེ་བྲག་བཀའ་བརྒྱུད་པའི་གྲུབ་མཐའ་དར་བས་དེང་སང་ཡང་ལྷ་ཁང་རྣམས་སུ་མར་མི་དྭགས་གསུམ་གཙོས་པའི་བླ་རྒྱུད་ཀྱི་ལྡེབས་རིས་དང་། གཞན་ལྷ་རྟེན་མང་པོ་མངོན་སུམ་མཇལ་རྒྱུ་ཡོད་པ་[27]ལྟ་བུས་མཚོན། ཡང་གེ་སར་སྒྲུང་ནང་གི་འཇང་ས་དམ་རྒྱལ་པོ་བྱ་བ་ནི་དེ་གའི་སྔ་མའི་རྒྱལ་པོ་སྟེ་རྒྱ་སྐད་ལ་མའོ་ཐེན་ཝང་ཞེས་འབོད་པ་དེ་ཡིན་པར་བཤད་ཅིང་། དེས་ཁམས་ཕྱོགས་ལ་དམག་དྲངས་ཏེ་བཙན་རྫོང་བརྩིགས་པ་ད་ལྟའང་བདེ་ཆེན་རྒྱུད་ན་མཐོང་རྒྱུ་ཡོད་ཅིང་། འཇང་གླིང་འཁྲུག་པའི་སྒྲུང་ཡང་དེ་ནས་བྱུང་བར་མངོན་ལ། ཡུལ་དེར་དེང་སང་ཡང་བདེ་ཆེན་སོགས་ཁམས་མིས་ས་དམ་མམ་ས་ཏང་ཞེས་རྒྱལ་ཐང་དང་ས་ཐང་ཡངས་ཐང་བཅས་ཀྱི་ཐང་གི་བརྡ་དེ་སྒྲ་དྲག་པོར་ཏང་ཞེས་བཀླགས་སོ། །དེ་མིན་དེང་སང་སི་ཁྲོན་ས་ཆའི་ཆཱང་རིགས་ལ་ཡང་བོད་ལ་ལས་བློ་བཟོའི་མིང་འཇང་ཞེས་འདོགས་པར་འདོད་ཀྱང་དེ་འོས་པར་མ་མཐོང་སྟེ། ཆཱང་ཞེས་པའི་མི་རིགས་གྲངས་ཉུང་འདི་གལ་སྲིད་རྒྱས་སྔོན་ཆད་བརྗོད་པའི་ཆཱང་བྱ་བའི་རྒྱུད་ཡིན་ནའང་དེ་ལ་བོད་མིས་འཇམ་མི་ཟེར་བར་མིང་གཞན་འབོད་ལ། འདིའི་སྐོར་ཆཱང་བོད་བར་གྱི་འབྲེལ་བ་ཞེས་པའི་ཚན་པ་ལས་ཤེས་པར་བྱའོ[28]།།

གཉིས། ལི་ཡུལ་ཤིན་ཅང་ལ་ངོས་འཛིན་ཚུལ།

དེ་ཡང་ཀུན་མཁྱེན་ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[29]། བྱང་ཕྱོགས་ཁ་བ་ཅན་དང༌། ལི་ཡུལ་གྱི་རྒྱབ་ཀྱི་གངས་དང༌། ཤར་ལྷོ་ནུབ་གསུམ་རྒྱ་མཚོ་ལ་ཐུག་པའི་འཛམ་བུའི་གླིང་གི་ས་གཞི་དང་། གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་བསྒྱུར་བར་གྱུར་ཏོ། །ཞེས་དང་། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་དང༌། རྡོ་རྗེའི་གདན་གྱི་བར་སྐོར་དང༌། གཞན་ཡང་བྱང་ཕྱོགས་སུ་ལི་ཡུལ་ཚུན་ཆད་ཀྱི་འཛམ་བུའི་གླིང་གི་ཡུལ་ཐམས་ཅད་དུ་ཐུབ་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བརྩིགས་པས། ཉིན་མཚན་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་བོ། །ཞེས་གསུངས།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1894) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[30]། ལི་ཡུལ་དགྲ་བཅོམ་བྱང་སེམས་མང་པོས་བཏུལ། །ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་དར། །འགྲོ་ལྡིང་སློབ་དཔོན་པདྨས་བཏུལ་བ་ནས། །རྡོར་འཛིན་མང་བྱོན་སྔགས་བསྟན་རྣལ་མ་རྒྱས། །སིངྒ་ལ་དང་དྷ་ན་ལ་ཡི་གུ། །ཟངས་ནས་གླིང་སོགས་ཐེག་ཆེན་ཅུང་ཟད་དང་། །ཐེག་དམན་ཆེར་དར་ད་ལྟའང་མ་ནུབ་བཞུགས། །ཞེས་དང་། དེའི་འགྲེལ་པ་ལས་[31]ཀྱང་། ལི་ཡུལ་ནི་ཡུལ་དྲུག་[32]ནང་ཚན་བོད་དང་རྒྱའི་མཚམས་སུ་ཡོད་པ་སྟེ། དེར་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོ་ལ་སྲས་བྱུང་བ་ས་ནུར་གྲགས། དེས་ཡུལ་དེ་བཟུང་ནས་ཡུན་རིང་ལོན་པ་རྒྱལ་པོ་བི་ཛ་ཡ་སམྦྷ་ཝའི་རིང་ལ། དགེ་སློང་བཻ་རོ་ཙ་ན་སོགས་ཀྱིས་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པ་མང་དུ་བྱུང་། དེའི་རྗེས་སུ་རྒྱལ་པོ་བི་ཛ་ཡ་བཱིརྱའི་ཚེ་འཕགས་ཡུལ་ནས་དགྲ་བཅོམ་པ་བཞི་ཕེབས། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དགྲ་བཅོམ་པ་རྣམས་ཀྱིས་ངོ་སྤྲད། གྷེའུ་དོ་ཧན་གྱི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་མང་པོ་གཤེགས་ཏེ་གདུལ་བྱ་བཏུལ་ནས་ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་སྤེལ་བར་མཛད་དེ། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་གྱུར་མོད། ད་ལྟ་ནི་གཟུགས་བརྙན་ཙམ་ལས་བསྟན་པ་རྣལ་མ་མི་བཞུགས་པར་བཤད་ལ། ཡུལ་འདི་འཇང་ཡུལ་མིན་པར་ཡང་བཞེད་དོ། །ཞེས་གསལ་ལོ།།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་རབས་དེབ་ཐེར་དཀར་པོ་ལས་[33]ཀྱང་། ལི་ཡུལ་བོད་ཀྱི་འབངས་སུ་ཚུད་དོ་བྱ་བའི་ལི་ཡུལ་དེ་ཕྱོགས་གར་ཡོད་སོགས་ཀྱང་བར་སྐབས་སུ་ཐམས་ཅད་ཀྱིས་བརྗེད་པ་ལྟར་གྱུར་ཏེ། ལོ་ངོ་བརྒྱ་ཕྲག་དུ་མ་སོང་ཞིང་། དེའི་བར་ལ་འགའ་ཞིག་གིས་འོལ་ཚོད་བྱས་ཏེ། བལ་ཡུལ་དང་ལི་ཡུལ་དོན་གཅིག་པར་བྱས་ནས། གླང་རུ་ལུང་བསྟན་གྱི་གནས་ཐམས་ཅད་ཀྱང་དེ་ (བལ་ཡུལ་) ཕྱོགས་སུ་ཡོད་པར་ངོས་འཛིན་པ་སོགས་བྱས་སོ། །དེས་ན་ལོ་ཙཱ་བ་ཤམ་བྷ་ལ་པའི་ཞལ་ནས། དེང་སང་བོད་ན་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མེད་ཅེས་གསུངས་པར་གྲགས་པ་ཡང་ཕལ་ཆེར་དོན་ལ་གནས་པ་ཡིན་ལ། བལ་ཡུལ་དང་ལི་ཡུལ་མི་གཅིག་པ་ནི་གྲོ་ལུང་པས[34]། རྒྱ་གར་ཤཪ་ནུབ་ལི་དང་བལ་པོའི་ཡུལ། །ཞེས་དེ་གཉིས་ཡུལ་སོ་སོར་གསུངས་པས་ཀྱང་ཤེས་ལ། བཅོམ་ལྡན་རིག་རལ་གྱིས་ཀྱང་། ས་ནུས་བཟུང་བའི་ལི་ཡུལ་དེ། །རྒྱ་བོད་མཚམས་ཀྱི་བལ་པོ་མིན། །ཞེས་ཤིན་ཏུ་གསལ་བར་གསུངས་ཤིང་། ༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ་ལས་[35]ཀྱང་།

རྒྱ་གར་ལི་བལ་རྒྱ་ནག་ཧོར་གྱི་ཡུལ། །
མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་། །
མདོ་སྟོད་མདོ་སྨད་ལ་སོགས་འཛམ་གླིང་གི །
ཡུལ་གྲུ་ཀུན་གྱི་གཞི་བདག་སྲུང་མ་བསངས། །

ཞེས་ལི་བལ་ཐ་དད་ཡིན་པར་གསུངས་སོ། །དེས་ན་ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་སྐད་དུ་ཀཾ་ས་དེ་ཤ །ཡུལ་གཞན་དུ་ཏུར་ཀི་སྠཱན་དང་། རྒྱ་ནག་པས་སིན་ཇང་ (ཤིན་ཅང་) དུ་འབོད་པ་འདི་ཡིན་ཏེ། འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་ལ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ། སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དར་བ་ལས། སྲོང་བཙན་སྒམ་པོའི་སྐུ་དུས་ཙམ་ན་ནང་ཆོས་བསྣུབས་ཏེ། དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཡོད་ཅིང་། ད་དུང་ཡང་གོ་ཤྲངྒོ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་པོ་དང་སྔོན་གྱི་དགོན་རོ་ཤིན་ཏུ་མང་བ་ཡོད་འདུག

ཡུལ་འདིའི་མི་རིགས་རྣམས་སོག་རྒྱུད་ཡིན་པས། ཀུན་མཁྱེན་ཀློང་ཆེན་པས། ལྕང་རྭ་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས་པ་ཡིན། ཡུལ་འདི་མདོ་སྨད་པ་རྣམས་ཀྱིས་ཡུལ་ལི་ཞེས་འབོད་པ་ཡང་། དོན་ལ་ལི་ཡུལ་བྱ་བའི་ཚིག་མགོ་མཇུག་ལྡོག་པའམ། ཡང་ན་རྒྱ་གར་ཡུལ་བྱ་བ་ལ་སྐབས་འགར་ཡུལ་རྒྱ་གར་ཞེས་བརྗོད་པ་དང་འདྲ། ཡུལ་འདི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས། སྔར་བོད་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་ཙམ་ཡིན་མོད། དགྲ་བཅོམ་དགེ་འདུན་འཕེལ་གྱི་ལི་ཡུལ་ལུང་བསྟན་དུ་ཡང་གསུངས་ཏེ། དེ་ལ་མང་པོ་ཞིག་ནི་བོད་རྒྱལ་པོས་ས་འཛིན་པར་འགྱུར་རོ། །ཞེས་དང་། གླང་རུ་ལུང་བསྟན་གྱི་མདོ་ལས་ཀྱང་། མ་འོངས་པ་ན་ལས་ཀྱི་དབང་གིས་ཡུལ་འདིར་བོད་དང་སུམ་བྷའི་དམག་རྣམས་འོང་བར་འགྱུར་ཏེ། །ཞེས་སོགས་གསུངས་སོ།།

མདོར་ན་ལི་ཡུལ་ཞེས་པ་ནི་དེང་གི་ཤིང་ཅང་ཡིན་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[36]། ཡུ་གུར་གྱི་ཡུལ། འདི་ནི་དེང་སང་ཤིང་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ལ་ཟེར་ཞིང་། སྔར་གྱི་བོད་ཡིག་ལོ་རྒྱུས་ཐོག་ལ་ལི་ཡུལ་ཞེས་གསལ་བ་དེ་ཡིན། སྔར་སངས་རྒྱས་ཆོས་ལུགས་དར་ཡང་རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་བའི་དུས་ནས་སངས་རྒྱས་ཆོས་ལུགས་ཉམས་ཏེ་དེར་ཡོད་པའི་གྲྭ་པ་རྣམས་བོད་དང་རྒྱ་གར་དུ་བྲོས་པ་ཡིན་ཞེས། ལི་ཡུལ་གྱི་ལོ་རྒྱུས་འགའ་ཞིག་ནང་གསལ། ཞེས་འཁོད་ལ། དུང་དཀར་ཚིག་མཛོད་ཆེན་མོ་ལས་[37]ཀྱང་། བོད་ཕྱི་རབས་ཀྱི་མཁས་པ་མང་ཆེ་བས་ལི་ཡུལ་ནི་ཤིན་ཅང་དུ་འབོད་པ་དེ་ཡིན་པར་བཞེད་པ་མཐུན་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོ་ལས། བོད་བྱང་མཐར་ཡོད་པའི་ཤིན་ཅང་ནི་ལི་ཡུལ་ངོ་མ་ཡིན་པའི་མཚོན་རྟགས་སུ་ཡུལ་འདིའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས་སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་མང་པོ། དམག་དཔོན་སོགས་ཀྱིས་དཔོན་རིགས་རྣམས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཧ་ཅང་མང་པོ་ཐོན་ནས་རྒྱལ་ཁབ་མང་པོར་བགོས་ནས་ཁྱེར་ཏེ། ཁོང་ཚོའི་དངོས་མང་བཤམས་སྟོན་ཁང་དུ་ཡོད་པར་གསུངས་འདུག་ཅེས་གསལ་ལོ།།

དེ་བཞིན་མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་ལས[38]། རྒྱ་གར་དུ་བྱུང་བའི་ཆོས་རྒྱལ་ཀ་ནི་ཀ་ (ཕྱི་ལོ་ལས་ལོ་ ༡༢༥ རྗེས་ཙམ།) འདི་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་རྒྱལ་པོ་ཆེན་པོ་གཅིག་ཡིན། འདི་ཡི་རྒྱལ་སྲིད་ཀྱི་ཁོངས་སུ་རྒྱ་གར་བྱང་ངོས་ཧྲིལ་པོ་དང་། ཨཕ་གཱ་ནིས་ཏཱན་དང་། སིང་ཀང་བཅས་ཡོད་དོ། །སིང་ཀང་ནི་བོད་སྐད་ལས་བྱུང་བའི་ལི་ཡུལ་ཡིན། ལི་ཡུལ་ལྕང་ར་སྨུག་པོ་ནི་ཁོ་ཏཱན་[39]ཟེར་བའི་གྲོང་ཁྱེར་ཡིན།

སྔོན་ལི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཁྱབ་བྱུང་བ་ཡིན་ཅིང་། ཁོ་ཏཱན་དུ་དེང་སང་ཡང་སྔོན་གྱི་གཙུག་ལག་ཁང་གི་ཤུལ་དང་ལྡེབས་རིས་བཅས་ཡོད། ཀ་ནི་ཀའི་སྐུ་རིང་ལ་ལ་དྭགས་དང་སྦལ་ཏི་ཡུལ་བཅས་ཁོང་གི་རྒྱལ་སྲིད་ནང་ཡོད་དེ། མུལ་འབིགས་ཀྱི་བྱམས་པའི་འདྲ་སྐུ་བྲག་ལ་བརྐོས་ཡོད་པ་དང་། སྦལ་ཏི་ཡུལ་དུའང་བྲག་ལ་བརྐོས་པའི་འདྲ་སྐུ་མང་པོ་ཡོད་ཅིང་། འདི་སྐབས་སུ་རྒྱ་གར་བྱང་ངོས་སུ་གན་དྷ་རའི་བཟོ་དར་ཁྱབ་ཆེན་པོ་བྱུང་བ་ཡིན་ནོ། །ཞེས་གསལ་བ་ལྟར་ལི་ཡུལ་ལྕང་ར་སྨུག་པོ་ནི་ལི་ཡུལ་ ༼དེང་གི་ཤིན་ཅང་༽ གྱི་ནང་ཚན་ཁོ་ཏཱན་ཟེར་བའི་གྲོང་ཁྱེར་ ༼ས་ཁུལ་༽ ཡིན་པ་དང་། ལི་ཡུལ་ཞེས་པ་བོད་སྐད་ཡིན་པར་གསུངས་སོ།།

སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[40]། གོང་གསལ་དེབ་ཐེར་ཁག་ཏུ་གསལ་བ་ལྟར་དཔྱད་པར་བྱ་བ་འདི་ལྟར་ཡོད་དེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཤིན་ཅང་དང་ཏུར་ཀིསྠཱན་གཉིས་དོན་གཅིག་ལྟ་བུར་གསུངས་འདུག་ཀྱང་། ད་དུང་ཡང་དཔྱད་པར་འོས་པ་ཞིག་སྟེ། ཏུར་ཀིསྠཱན་ལ་དེང་སང་ཆ་གསུམ་ཡོད་དེ། ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ནུབ་ཏུར་ཀིསྠཱན་དང་། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཤར་ཏུར་ཀིསྠཱན་དང་། ཨཕ་གྷ་ནིསྠཱན་ (Afghanistan) གྱི་ཁོངས་སུ་ཡོད་པའི་ཏུར་ཀིསྠཱན་གྱི་མིང་དུ་རྒྱ་མིས་བཏགས་པ་ཞིག་ཡིན་ལ། ཏུར་ཀིསྠཱན་གྱི་གཉུག་མའི་སྐད་ནི་ཨི་རན་གྱི་སྐད་ཡིན་པར་བཤད་ལ། ཕྱི་ལོའི་གོང་གི་དུས་རབས་བཞི་པའི་ནང་ (4th century B.C.) གྷི་རིག་ (Greek) གིས་དབང་སྒྱུར་བྱས། ཡང་ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་ (2th century B.C.) རྒྱ་མིས་དབང་སྒྱུར་བྱས་ཀྱང་། ཕྱི་ལོའི་དུས་རབས་གཉིས་པ་ (220 A.D.) ཧན་ (Han) རྒྱལ་རབས་མགོ་རྟིང་ལོག་ནས། ཨི་རན་དང་རྒྱལ་ཁབ་གཞན་གྱི་མངའ་ཁོངས་སུ་གནས། ཕྱི་ལོ་ ༡༨༨༡ ལོར་སླར་ཡང་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ནས་ཤིན་ཅང་ཞིང་ཆེན་ཞེས་[41]བཏགས་པ་བཅས་སོ། །ལི་ཞེས་པ་རྒྱའི་སྐད་མིན་ནམ་སྙམ་ཡང་ད་དུང་དེའི་སྒྲ་བཤད་ལ་དཔྱད་དགོས་པ་འདུག་གོ །ཞེས་གསལ་ནའང་ལི་ཞེས་པ་རྒྱ་སྐད་མིན་པར་གུ་བཀྲ་ཆོས་འབྱུང་དུ་གསུངས་པ་ལས་རྟོགས་ཐུབ་སྙམ་མོ།།

དུང་དཀར་ཚིག་མཛོད་ཆེན་མོ་ལས[42]། ལི་ཡུལ། འདི་དེང་སང་ཤིན་ཅང་དུ་འབོད་པ་དེ་ཡིན་ཅིང་། སྔར་བཙན་པོའི་དུས་སྐབས་ནས་ལི་ཡུལ་ཞེས་འབོད། བོད་ཀྱི་མཁས་པ་འགའ་ཞིག་གིས་བལ་ཡུལ་ལ་ངོས་འཛིན་མཛད་ཀྱང་། ཀུན་མཁྱེན་གྲོ་ལུང་པ་དང་། ས་སྐྱ་པཎ་ཆེན། བཅོམ་ལྡན་རིག་རལ། རྗེ་བཙུན་རེད་མདའ་བ་སོགས་མཁས་པ་མང་ཆེ་བས་བལ་ཡུལ་དང་ལི་ཡུལ་གཅིག་པ་མིན་པར་གསུངས་པར་མ་ཟད། ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་བལ་ཡུལ་དང་ལི་ཡུལ་མི་གཅིག་པའི་རྒྱུ་མཚན་དངོས་ཡོད་མང་པོ་དྲངས་ནས་གསུངས་ཡོད་པ་དེའི་གསུང་རྩོམ་[43]དུ་གསལ་ཞེས་གསུངས་པ་ལྟར། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་དོན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[44]ཀྱང་། གཞན་ཡང་། རྒྱ་གར་དང་། ཁ་ཆེ་དང་། བལ་ཡུལ་དང་། ལི་དང་། རྒྱ་ནག་དང་། རྒྱ་ནག་ཆེན་པོ་དང་། པར་སིག་དང་། ཙམ་པ་ཀ་དང་། སྤྲེའུ་དང་། གསེར་མིག་དང་། རུག་མ་དང་། རམ་མ་དང་། ཟངས་གླིང་དང་། སིཾ་ག་ལའི་གླིང་དང་། པྲི་ཡང་ཀུའི་གླིང་དང་། ཡ་མུ་ནའི་གླིང་དང་། གསེར་གླིང་དང་། ཟླ་བའི་གླིང་དང་། མ་ཁ་དང་། ཁ་ཤ་དང་། གྱི་ལྗང་དང་། ཞང་ཞུང་དང་། བྲུ་ཤ་དང་། འ་ཞ་དང་། སུམ་པ་དང་། ཟ་ཧོར་དང་། མི་ཉག་དང་། འཇང་ཡུལ་དང་། ཡོ་གུར་དང་། ཐོ་གར་དང་། ཨུ་རྒྱན་དང་། འགྲོ་ལྡིང་བའི་ཡུལ་དང་། ལོང་བའི་ཡུལ་དང་། ཙོ་ལ་དང་། ཀ་ལིང་ག་ལ་སོགས་པའི་ཡུལ་ཆེན་པོ་རྣམས་དང་། བོད་ཡུལ་རྣམས་ན་བསྟན་པ་དར་བ་དང་ནུབ་པ་དང་མགོ་ཟུག་པའི་ཚུལ་གྱིས། ཐེག་པ་གསུམ་ཚང་བ་དང་མ་ཚང་བ་ཅི་རིགས་སུ་གནས་སོ། །ཞེས་བལ་ཡུལ་དང་ལི་ཡུལ་ཐ་དད་ཡིན་པར་གསུངས་སོ།།

བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས[45]། ལི་ཡུལ་ནི་ཤིན་ཅང་ལྷོ་རྒྱུད་རི་བོ་ཁུ་ནུའི་བྱང་ཕྱོགས་དང༌། ཐག་ལ་མ་གན་ཞེས་པའི་བྱེ་ཐང་ཆེན་པོའི་ལྷོ་ཕྱོགས་བར་མཚམས་ཀྱི་ཧོ་ཐེན་དང༌། ཆེ་མོ། རྨིན་ཧྥེང་ནས་རུའོ་ཆང་གཏུགས་པའི་བར་བཅས་ཀྱི་ས་ཆ་སྤྱི་དང༌། སྒོས་སུ་དེའི་ནང་གསེས་ཀྱི་ཧོ་ཐེན་དང་། ཡུས་ཐེན་ཡུལ་གྲུ་གཉིས་ཀྱི་མིང་རྙིང༌། སྔར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་མྱོང་བའི་ཡུལ་འཁོར་ཞིག་ཅེས་གསལ་བ་བཅས་སོ།།

གསུམ། ལི་ཡུལ་མངའ་རིས་སྐོར་གསུམ་ལ་ངོས་འཛིན།

སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་ལས[46]། གཉིས་པ་སྟོད་སྨད་བར་གསུམ་དུ་ཕྱེས་ནས་འཇོག་ཚུལ་ནི། སྟོད་ཀྱི་སྐོར་གསུམ། བར་གྱི་རུ་བཞི། སྨད་ཀྱི་ཁམས་གསུམ་མམ་སྒང་གསུམ་དུ་འཇོག་པ་སྟེ། དང་པོ་ནི། སྤུ་རངས། མང་ཡུལ། ཟངས་དཀར་གསུམ་ལ་སྐོར་གཅིག །ལི་དང༌། བྲུ་ཤ་དང༌། སྦལ་ཏེ་གསུམ་ལ་སྐོར་གཅིག །ཞང་ཞུང་དང༌། ཁྲི་ཏེ་དང༌། སྟོད་སྨད་གསུམ་ལ་སྐོར་གཅིག་སྟེ་གསུམ་མོ།།

འདིའི་སྐོར་དང་པོ་གསུམ་དེང་སང་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་ལ། ལི་ནི་ལི་ཡུལ་ལྕང་ར་སྨུག་པོ་དང༌། བྲུ་ཤ་ནི་དེང་སང་ཏཱ་ཇི་སི་ཐཱན་ཞེས་པའི་རྒྱལ་ཁབ་ཆུང་ངུ་དེ་དང༌། སྦལ་ཏེ་ནི་དེང་སང་པ་ཁུ་ (ཀི་) སི་ཐན་གྱི་མངའ་ཁོངས་སུ་གནས་ཤིང༌། མི་འབོར་གྱི་གྲངས་འབུམ་བཞི་ཡོད་པ་དང་། ནང་ཆོས་ལ་མོས་ཀྱང་ནང་ཆོས་བྱེད་པའི་རང་དབང་མེད་པས་དཀའ་སྡུག་གི་འོག་ནས་ཁ་ཆེའི་ཆོས་བྱེད་དགོས་པར་ཐོས་སོ། །འདིའི་མི་རིགས་ཀྱི་ངོ་བོ་ནི་བོད་རྣམ་དག་ཡིན་པར་མ་ཟད། མགོ་ལ་ལན་བུ་འཇོག་པ་དང་ཁྲུས་མི་བྱེད་པ་སོགས་ཀྱི་ཆ་ལུགས་དང་སྤྱོད་ཚུལ་ཨ་མདོའི་ཡུལ་གྱི་གནའ་བོའི་འབྲོག་པ་དང་འདྲ་བར་བཤད། ལི་དང་བྲུ་ཤའི་མི་རིགས་ཀྱི་ངོ་བོ་བོད་ཡིན་མིན་སོགས་ཀྱི་སྒོ་ནས་དཔྱད་ན་དཔྱད་གཞི་ཆེ་ཞིང༌། དེས་མཚོན་པའི་ཨུ་རྒྱན་གྱི་ཡུལ་དང༌། ཐེ་ལན་ཀྲི་དང༌། འབར་མ་ལ་སོགས་པའི་རྒྱལ་ཁབ་དུ་མའི་ནང་བོད་ཀྱི་མི་རིགས་ཁ་འཐོར་དུ་སོང་བ་ཡོད་པ་ནི་གདོན་མི་ཟ་བས་ཕྱི་རབས་པའི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་གནང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད་སྙམ།

སྟོད་ཀྱི་སྐོར་གསུམ་གྱི་སྐོར་ཕྱི་མ་འདི་ནི་སྐོར་བཞི་ལས་གྲུབ་སྟེ། ཞང་ཞུང་དང༌། ཁྲི་ཏེ་དང་ཞེས་སོ་སོར་བགྲང་ཞིང་། སྟོད་སྨད་གཉིས་སྐོར་གཅིག་ཏུ་བྱས་པས་སོ། །ཁ་ཅིག་ཁྲི་ཏེ་ཟེར་བ་དོར་ནས། ཁྲི་སྡེ་སྟོད། ཁྲི་སྡེ་སྨད། ཅེས་སྦྱར་བ་སྣང་མོད། ཁྲི་ཏེ་བྱ་བ་འདི་སྟོད་ཀྱི་ཆ་གང་ཡིན་ངོས་བཟུང་བ་ཡི་གེར་བཀོད་པ་མ་མཐོང་ཡང་། དཔེ་རྙིང་རྣམས་སུ་མིང་འདི་ལྟར་འབྱུང་བས་རང་འགར་བཅོས་པ་དང་དོར་དུ་མི་རུང་སྙམ་མོ། །འདིའི་སྟོད་ཀྱི་སྐོར་གསུམ་དང༌། སྟོད་མངའ་རིས་སྐོར་གསུམ་གཉིས་མི་འདྲ་བ་དང༌། སྤུ་རངས་དང་སྤུ་ཧྲེང་གཉིས་མི་འདྲ་བ་དང༌། སྦལ་ཏེ་དང་སྤུས་ཏི་གཉིས་མི་འདྲ་བ་སོགས་ཀྱི་ཁྱད་པར་མ་ཤེས་ན་ལོ་རྒྱུས་རྣམས་འཁྲུགས་པར་འགྱུར་བས་ཁྱད་པར་རྣམས་མ་འདྲེས་པར་འབྱེད་ཤེས་པར་བྱའོ། །ཞེས་འབྱུང་བ་ཡང་གལ་གནད་ཤིན་ཏུ་ཆེའོ།།

གཞན་ཡང་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ཏུ་ལི་ཡུལ་ལྗང་ར་ (ལྗང་རའམ་ལྕང་ར།) སྨུག་པོ་རུ། །ལི་བོན་སྤུང་སྒྱུང་མཐུ་ཆེན་ཞེས། །ཞེས་དང་། གཞན་ཡང་། ཡུལ་ནི་ལི་ཡུལ་ལི་སྟོད་ན། །མཁར་ནི་ལྕང་ར་སྨུག་པོའི་ནང་། །ཡབ་ནི་ལི་རྗེ་གསེར་གྱི་ཅོད་པན་ཅན། །ཞེས་བོན་གྱི་ལོ་རྒྱུས་ནང་མང་དག་ཅིག་འཁོད་ཡོད། ཡུལ་དེར་སྔོན་བོན་བསྟན་དར་ཁྱབ་ཆེན་པོ་བྱུང་བར་མ་ཟད། ཞང་ཞུང་ཕུག་པའི་ཁོངས་སུ་བཞག་འདུག་གོ།

རྒྱའི་བཙུན་པ་ཧྥ་ཤཱན་ (ce.374-462) ལམ་ཡིག་ལས[47]། ཧྥ་ཤཱན་ལི་ཡུལ་བརྒྱུད་ནས་རྒྱ་གར་དུ་འདུལ་བའི་དཔེ་ཆ་འཚོལ་དུ་ཕེབས་དུས་ཞང་ཞུང་དུ་ཟླ་བ་གཅིག་དང་། ལི་ཡུལ་དུ་ཟླ་བ་གསུམ་ཙམ་བཞུགས་རིང་ལི་ཡུལ་ནི་སྤྲོ་སྐྱིད་ལྡན་ལ་ལོངས་སྤྱོད་དར་བ་དང་། མི་འབོར་མང་བའི་རྒྱལ་ཁབ་ཅིག་དང་། དགོན་ཆུང་རྣམས་མ་བགྲང་བར་དགོན་པ་ཆེ་བ་ ༡༤ དང་། གྲྭ་གྲངས་ཁྲི་ཕྲག་འགའ་ཞིག་ཡོད་པ་ཕལ་མོ་ཆེ་ཐེག་ཆེན་པ་དང་། གྲྭ་དམངས་ཀྱི་འཚོ་བའང་སྤྱི་ཐབ་ཡིན་པར་མ་ཟད། དགོན་པའི་ནང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་རྣམས་ལ་བཞུགས་གནས་འགྲུལ་ཤག་དང་། དགོན་པར་བཞུགས་རིང་འཚོ་བའི་མཐུན་རྐྱེན་ཡང་སྦྱོར་འབུལ་ཞུ་བཞིན་ཡོད་འདུག་པ་བཅས་སོ།།

བཞི། ལི་ཡུལ་སྦལ་ཏི་ལ་ངོས་འཛིན་ཚུལ[48]

དེ་ལྟར་ལི་ཡུལ་འདི་ཉིད་གང་དུ་ངོས་འཛིན་དགོས་མིན་སྔོན་བྱོན་མཁས་པ་ཁག་དང་། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་བཞེད་ལུགས་མི་མཐུན་པ་མང་ཡང་། ཡུལ་གྱི་ས་བབ་ཆགས་སྟངས། ལོ་རྒྱུས་ཀྱི་དཔང་རྟགས། མཁས་པ་རྣམས་ཀྱི་བཞེད་ཕྱོགས་གཙོ་ཆེ་བའི་དབང་དུ་བཏང་ན་ལི་ཡུལ་ཞེས་པ་ནི། ད་ལྟའི་རྒྱ་ནག་གིས་ཤིན་ཅང་དུ་འབོད་པའི་ཡུལ་དེ་ཡིན་པར་གསུངས་ཡོད། འོན་ཀྱང་ད་ལྟའི་ཆར་ས་གནས་ས་ཐོག་གི་མིས་ཁོ་ཚོ་ལི་ཡུལ་གྱི་མི་ཡིན་པ་དང་། ཡུལ་གྱི་མིང་རྙིང་ལ་ལྕང་ར་ཞེས་འབོད་བཞིན་ཡོད་ཚུལ་བཤད་བཞིན་པའི་ཡུལ་ནི། དེང་གི་ཆར་པ་ཀི་སི་ཐན་གྱི་བྱང་ཕྱོགས་ཀྱི་མངའ་ཁོངས་སུ་ཚུད་པའི་ལ་དྭགས་ཀྱི་ཉེ་འཁྲིས་སུ་ཆགས་པའི་སྦལ་ཏིའི་ཡུལ་ (Baltistan) (དེང་གྷིལ་གྷིཏ་སྦལ་ཏི་སི་ཏན།( Gilgit Baltistan) ཞེས་འབོད་བཞིན་པ་འདི་ཉིད་ལ་ངོས་འཛིན་བཞིན་ཡོད། ད་ལྟའི་ཆར་ཡུལ་དེར་རོབ་རྩིས་ལྟར་ན་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༠༡༡༨ དང༌། མི་འབོར་བཞི་འབུམ་ ༤༠༠༠༠༠ ལྷག་ཙམ་ཡོད་ལ། སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[49]། བོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ༔ ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད༔ཅེས་གསུངས་པ་ལྟར། ཡུལ་དེར་ལྕང་ར་ཞེས་འབོད་བཞིན་པར་མ་ཟད། བོད་ཀྱི་ཡིག་ཚང་རྙིང་པ་རྣམས་སུ་ལི་ཡུལ་ལྕང་ར་སྨུག་པོ་ཞེས་གསལ་བ་ནི་ཡུལ་དེའི་ཐ་སྙད་ངོ་མ་དེ་ཡིན་པར་འདོད། ལྕང་རའི་ཡུལ་མི་རྣམས་ཀྱིས་ད་ལྟའི་ཆར་ཁོ་ཚོའི་ཕ་སྐད་ངོ་མ་དེ་བོད་སྐད་ཡིན་པ་དང་། རྒན་རབས་རྣམས་ཀྱི་ཁྲོད་དུ་བོད་སྐད་བཀོལ་སྤྱོད་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་པར་བཤད། ལྷག་པར་ལུང་པའི་ནང་དུ་ཕ་སྐད་ལ་དམ་འཛིན་གནང་མཁན་ཚོས་སློབ་གྲྭའི་སློབ་ཚན་ནང་དུ་བོད་ཡིག་སློབ་ཁྲིད་དགོས་པའི་གཞུང་ལ་སྙན་ཞུ་འབུལ་བ་དང་། ལས་འགུལ་ཡང་སྤེལ་བཞིན་ཡོད།

དེ་ཡང་སྦལ་ཏིའི་རིག་གཞུང་ཐེབས་རྩ་ཁང་དུ་ཕྱག་ལས་གནང་ཞིང་། གེ་སར་སྒྲུང་སྦལ་ཏིའི་ཡུལ་སྐད་དུ་ཞིབ་འབྲི་གནང་མཁན་སྐུ་ཞབས་ཁ་ཛི་མཱི་ (Kazmi) ལགས་ཀྱིས། ང་ཚོ་ནི་ཡུལ་འདིར་དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་འབྲི་རྒྱུན་ཡོད་པའི་མི་རིགས་ཁོ་ན་དེ་ཡིན། ཞེས་བརྗོད་པར་བརྟགས་ཚེ་དུས་རབས་དྲུག་པ་ཙམ་ནས་ལྕང་རའི་ཡུལ་དུ་བོད་ཡིག་གི་འབྲི་རྒྱུན་ཡོད་པ་རྟོགས་ནུས། པ་ཀི་སི་ཐན་གྱི་ཨ་གྷ་ཁན་རིག་གཞུང་ཞབས་ཞུ་ཁང་དང་། ལོན་ཌོན་བོད་ཀྱི་ཐེབས་རྩ་ཁང་གི་མཉམ་རོགས་འོག་ཁ་ཛ་མཱི་ལགས་ཀྱིས་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་པ་ཀི་སི་ཐན་གྱི་སྦལ་ཏི་ཡུལ་དུ་བོད་ཡིག་སླར་གསོའི་ཕྱག་ལས་གནང་འགོ་བཙུགས་ཏེ། བོད་ཡིག་ནང་གཞི་རིམ་གྱི་སློབ་དེབ་པར་སྐྲུན་བྱས་པར་མ་ཟད། སྐར་རྡོ་ (Skardu) གྲོང་ཁྱེར་ནང་གི་ཚོང་ཁང་གི་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་རོགས་གནང་ཡོད།

དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[50]། སྐོར་ཁང་རི་མོ་ནང་དུ་གཟིགས་པ་ལ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དང་། །རྒྱ་ནག་ཡུལ་དང་བལ་པོའི་ཡུལ་དང་ནི། །ལི་ཡུལ་ཟངས་ཡུལ་གསེར་གླིང་བེ་ཏའི་གླིང་། །ཨུ་རྒྱན་གེ་སར་བོད་ཀྱི་ཡུལ་དང་ནི། །རྒྱལ་ཁམས་བདེ་སྐྱིད་ཕུན་ཚོགས་མཐའ་དག་བྲིས། །ཞེས་རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་པའི་སྐབས་བསམ་ཡས་སུ་ཡུལ་གྲུ་དེ་དག་གི་བཀོད་པ་འབྲི་སྐབས་སུའང་བལ་ཡུལ་ལས་ལི་ཡུལ་ལོགས་སུ་བྲིས་པར་གསལ་ལོ།།

གོང་གི་གྷིལ་གྷིཏ་སྦལ་ཏི་སི་ཏན་ཞེས་འབོད་སྐབས་བྲུ་ཤ་དང་ལི་ཡུལ་སོ་སོར་མ་ཕྱེས་པའི་དབང་དུ་བྱས་ཤིང་། དེང་སྐབས་དེ་དག་རྒྱལ་ཁབ་གཅིག་གིས་དབང་སྒྱུར་འོག་ཚུད་ཡོད་པ་སྟེ། ཁ་ཆེའི་རྒྱལ་ཁབ་ཆེ་གྲས་ཀྱི་ཡ་གྱལ་པ་ཀི་སི་ཐན་ (Pakistan) གྱི་མངའ་འོག་ཏུ་གནས་པའི་རང་སྐྱོང་མངའ་སྡེ་ཞིག་ཡིན། འོན་ཀྱང་སྔོན་གྱི་བྱུང་རབས་ལོ་རྒྱུས་ཁག་ཏུ་བོད་བཙན་པོའི་སྐབས་བྲུ་ཤ་དང་ལི་ཡུལ་སོ་སོར་བོད་ཀྱིས་མངའ་འོག་བསྡུས་པར་བཤད་པ་ལས། ཁྲི་སྲོང་སྐབས་སུ་བོད་བློན་དམག་དཔོན་འབྲོ་ཁྲི་ཟུར་རམ་ཤགས་ཀྱིས་ལི་ཡུལ་དབང་དུ་བསྡུས་པ་དང་། བློན་སྐྱེས་བཟང་ལྡོང་ཙབ་ཀྱིས་བྲུ་ཤ་དབང་དུ་བསྡུས་པར་བཤད་པས་ན། སྔོན་བྲུ་ཤ་དང་ལི་ཡུལ་ཐ་དད་ཡིན་པར་མ་ཟད། ཞང་ཞུང་གི་སྒོ་ཕུག་བར་གསུམ་གྱི་ནང་ཚན་བར་པའི་ཁོངས་སུ་གཏོགས་ཡོད་པར་སྙམ།

དེ་ལྟར་དེང་སྐབས་ལི་ཡུལ་ལྕང་ར་ཞེས་པ་ནི་པ་ཀི་སི་ཐན་གྱི་མངའ་ཞབས་སུ་ཚུད་པའི་སྦལ་ཏིའི་ཁུལ་དུ་རྡོ་བརྐོས་བོད་ཡིག་དང་། ནང་པའི་དགོན་སྡེ་ཁག་གི་གནའ་ཤུལ་མང་པོ་ཞིག་མཐོང་རྒྱུ་ཡོད་པར་མ་ཟད། ཕྱི་ལོ་ ༡༩༥༩ ལོར་བོད་ཤོར་སྐབས་འཛམ་གླིང་ཐོག་པ་ཀི་སི་ཐན་གཅིག་པུས་རྒྱལ་དར་ཕབ་སྟེ་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་མྱ་ངན་ཞུས་ཡོད་ལ། ལྷག་པར་བོད་མི་རྣམས་པ་ཀི་སི་ཐན་ནང་སྐྱབས་བཅོལ་ཞུ་འདོད་ཡོད་ཚེ་སྐྱབས་བཅོལ་ལེན་རྒྱུའི་ཁས་ལེན་ཡང་བྱས་ཚུལ་བརྗོད་རྒྱུ་ཡོད་ཅིང་། ད་ལྟའི་ཆར་ཡུལ་དེའི་ཆོས་ལུགས་ཁ་ཆེ་ཡིན་ནའང་རིག་གཞུང་དང་མིའི་ཀུན་སྤྱོད་སོགས་བོད་ཀྱི་མི་རིགས་དང་ཆེས་འདྲ་ས་མང་པོ་ཞིག་མ་ཉམས་པར་གནས་ཡོད་ཅིང་། ཡུལ་ལུང་གི་མིང་རྙིང་མ་ཉམས་པར་ད་ལྟའང་ལྕང་ར་ཞེས་འབོད་བཞིན་པར་མ་ཟད། ལྕང་རའི་ཡུལ་མི་རྣམས་ཀྱི་དྲ་རྒྱའི་ཁ་བྱང་དང་། ཐ་ན་ངོ་དེབ་ཀྱི་མིང་ལའང་ལྕང་ར་ཞེས་དབྱིན་བོད་གཉིས་ཀའི་ཐོག་ཏུ་འབྲི་བཞིན་འདུག །མདོར་ན་ལྕང་རའི་ཡུལ་ལུང་དེ་སྔར་མངའ་རིས་སྐོར་གསུམ་གྱི་ཁྱབ་ཁོངས་དང་། ཡུལ་མི་རྣམས་ཀྱང་བོད་རིགས་ཀྱི་རྒྱུད་པ་ཡིན་པ་སོམ་ཉི་མ་མཆིས་སོ།།

དེ་ཡང་སྦལ་ཏི་ (Baltistan) ནི། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་དབྱེ་སྲོལ་ཡོད་པ་ལྟར། སྦལ་ཏིའི་ཡུལ་ནི་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་མངའ་རིས་སྐོར་གསུམ་སྟེ། སྤུ་ཧྲེང་དང་། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །ཞང་ཞུང་དང༌། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག །འཆིམ་མམ་ལི་དང༌། བྲུ་ཤ །སྦལ་ཏི་གསུམ་སྐོར་གཅིག་བཅས་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ས་ཁུལ་སྦལ་ཏི་ཞེས་སུ་གྲགས་པ་དེ་ཡིན་ཞིང༌། དུས་རབས་བཅུ་དྲུག་པ་ནས་བཟུང་ཏ་ཟིག་གམ་ཁ་ཆེའི་དབང་བསྒྱུར་འོག་ཤོར་ཏེ་ད་བར་མི་ལོ་ ༥༠༠ ཕྱིན་ཡོད་འདུག་ལ། ཕྱི་ལོ་ ༡༩༤༧ ལོ་ནས་བཟུང་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་དབང་བསྒྱུར་མངའ་ཁོངས་སུ་ཚུད་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་དེའི་བྱང་ཕྱོགས་མཐའ་མཚམས་ཁུལ་དུ་ཡོད་པའི་གྷིལ་གྷིཌ་དང་། སྦལ་ཏི་ཡུལ་ (Gilgit-Baltistan) དུ་འབོད་པའི་མངའ་སྡེའི་ཁོངས་སུ་བཅུག་ཡོད་ལ། ནུབ་ཏུ་པ་ཀི་སི་ཐན་གྱི་གྷལ་གྷི་ཌི་ས་ཁུལ་དང་། བྱང་དུ་ཤར་ཏུར་ཀི་སི་ཐན་ (Turksatan) ཏེ་ད་ལྟའི་རྒྱ་ནག་ཁོངས་སུ་ཡོད་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ཤར་དུ་ད་ལྟའི་རྒྱ་གར་ཁོངས་གཏོགས་ལ་དྭགས། ལྷོ་རུ་ཀ་ཤི་སྨིར་ས་ཁུལ་བཅས་དང་མཐའ་འབྲེལ་ཏུ་ཆགས་ཡོད།

དེང་སྐབས་པ་ཀི་སི་ཐན་རྒྱལ་ཁབ་ནང་སྦལ་ཏི་ཞེས་སུ་འབོད་པ་དེའི་ཁོངས་སུ་སྐར་རྡོ་ (Skardo) གྲོང་ཁྱེར་དང་། གངས་ཆེ། (Gang-chhe) བྲག་མཁར། (Shi-gar) མཁར་མང་། (Kharmang) རོང་མདོ་ (Rongdo) བཅས་རྫོང་ཁག་ལྔ་ཚུད་ཡོད་ལ། རྫོང་ཁག་མང་ཆེ་བ་སེངྒེ་ཁ་འབབ་གཙང་པོའི་རྒྱུད་ཀྱི་ཉེ་ཁུལ་དུ་ཆགས་ཡོད། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༧༢༠༠༠ དང་། མི་འབོར་ ༣༢༢༠༠༠ ལྷག་ཡོད། (༢༠༠༢ ལོའི་མི་འབོར་གྲངས་ཚད་ཡིན།) ད་ལྟའི་ཆར་སྦལ་ཏིའི་ཡུལ་དུ་གཞུང་ཡིག་ལ་ཨུར་དྷུ་ (Urdu) ཡི་གེ་སྤྱོད་བཞིན་ཡོད་ཀྱང་། ས་གནས་ཡུལ་མིའི་ཁ་སྐད་ནི་སྦལ་ཏིའི་བོད་སྐད་ཡིན།

སྦལ་ཏིའི་ཡུལ་འདིར་བོད་ཀྱི་འབྲོག་པ་རྣམས་དུས་ནམ་ཞིག་ནས་སླེབས་པ་གསལ་པོར་ཤེས་རྟོགས་བྱུང་མེད་ཀྱང་། བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་སྦལ་ཏིའི་ཡུལ་ནི་བོད་དང་ས་ཁྱོན་ཆ་ཤས་སུ་གྲུབ་ཡོད་ལ། གང་ལྟར་ཡུལ་འདི་བོད་ལ་ཆོས་དང་རིག་གཞུང་གི་འབྲེལ་བ་ཆེན་པོ་ཡོད་སྟབས་དེང་སྐབས་ཀྱང་སྦལ་ཏིའི་ཡུལ་ལ་བོད་ཆུང་བ་ཞེས་འབོད་སྲོལ་དར་ཡོད།

དུས་རབས་བཅུ་གཉིས་པ་ནས་བཟུང་། སྦལ་ཏིའི་ཡུལ་དུ་བོད་རིགས་མ་ཡིན་པའི་དབང་བསྒྱུར་བ་སླེབས་འགོ་ཚུགས་ཏེ་ཆོས་དང་རིག་གཞུང་ལ་ཡང་རིམ་བཞིན་འཕོ་འགྱུར་བྱུང་འགོ་ཚུགས། དུས་རབས་བཅུ་དྲུག་པ་ནས་བཟུང་ཡུལ་འདིར་ཏ་ཟིག་གི་ཁ་ཆེ་བ་རྣམས་དབུས་ཨེ་ཤ་ཡང་ཀཤཱི་སྨིར་སོགས་བརྒྱུད་ནས་སླེབས་པ་དང་བསྟུན་སྦལ་ཏིའི་ཡུལ་འདི་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་འགོ་ཚུགས་ཏེ། དེང་གི་དུས་སུའང་ཡུལ་འདིའི་བོད་རིགས་ཕལ་ཆེ་བ་ཁ་ཆེའི་ཆོས་སྒོར་ཞུགས་ཡོད།

དེང་གི་སྦལ་ཏི་སི་ཐན་གྱི་ཁོངས་སུ་གངས་ཆེ་དང་། བྲག་མཁར། མཁར་མང་། རོང་མདོ། སྐར་རྡོ་བཅས་ས་ཁུལ་ཁག་གི་ཡུལ་མི་མང་ཆེ་བས་སྦལ་ཏིའི་སྐད་ཤོད་བཞིན་ཡོད། ཚོ་ཁག་འགའ་རེས་ཤིས་ནའི་སྐད་ (Shina) དང་། དེ་མིན་གྱི་སྐད་ཡིག་གཞན་སྤྱོད་བཞིན་ཡོད། སྦལ་ཏིའི་མི་མང་བརྒྱ་ཆ་དགུ་བཅུ་ནི་བོད་རིགས་ཡིན། འདས་པའི་ལོ་རྒྱུས་ནང་ས་ཁུལ་འདིར་སྦལ་ཏིའི་ཡུལ་དང་། ནང་གོང་ (Nang-gong) སོགས་མིང་འདྲ་མིན་འབོད་སྲོལ་འདུག །སྦལ་ཏི་སི་ཐན་ཞེས་པའི་མིང་དེ་ནི་ཕྱི་ལོ་ ༡༨༤༠ ལོའི་རྗེས་སུ་བྱུང་བ་ཞིག་ཡིན་ལ། སྐབས་དེ་དུས་ས་ཁུལ་འདི་ཊོག་ར་རྒྱལ་ཕྲན་ (Dogra) གྱི་མངའ་ཁོངས་སུ་བསྒྱུར་བ་དང་། ཏ་ཟིག་སྐད་ (Persian) གཞུང་འབྲེལ་སྐད་ཡིག་ཏུ་བེད་སྤྱོད་བྱས་པ་བཅས་ལ་བརྟེན་ནས་མིང་དེ་ཡོངས་གྲགས་ཆགས་པ་ཞིག་རེད།

ག ལི་ཡུལ་དབང་བསྒྱུར་དང་། ལི་བོད་ཆོས་རིག་གི་འབྲེལ་བ།

༡ སྲོང་བཙན་ཡར་སྔོན་གྱི་འབྲེལ་བའི་སྐོར།

དེ་ཡང་ཕྱི་ལོའི་དུས་རབས་བདུན་པའི་དུས་འགོ་ཙམ་ནས་བོད་ཁམས་དར་རྒྱས་བྱུང་ཞིང་། བོད་སྤྱི་ལ་དབང་བའི་རྒྱལ་པོ་ཡོད་པ་ནས་བཟུང་། བོད་དང་ལི་ཡུལ་གཉིས་བར་མཛའ་མཐུན་འགྲོ་འོང་བྱུང་བའི་དབུ་ཚུགས་ལ། རིམ་བཞིན་བོད་ཀྱི་སྟོབས་འབྱོར་མངའ་ཐང་གོང་འཕེལ་བྱུང་བ་དང་བསྟུན་ནས་ལི་ཡུལ་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ཕྱོགས་སོ་སོར་བོད་ཀྱིས་བདག་སྐྱོང་གནང་སྟེ་དུས་ཡུན་རིང་མོ་ཞིག་འགོར།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་གྱི་བོད་ལི་གཉིས་བར་གྱི་འབྲེལ་བའི་གནས་ཚུལ་མདོར་བསྡུས་ཤིག་གླང་རུ་ལུང་བསྟན་[51]དུ་གསལ་བ་ལས་[52]ཇི་སྐད་དུ། མ་འོངས་པ་རྩོད་པའི་དུས་ན་ཡུལ་འདི་གཞོམ་པའི་ཕྱིར་སུམ་པའི་དམག་ཕལ་མོ་ཆེ་དང་། གྲུ་གུ་རུས་སྣ་ཚོགས་དང་། ཧོར་དང་། གཞན་ཡང་དད་པ་མེད་པ་དག་འོང་བར་འགྱུར་ཏེ། དེའི་ཚེ་ཡུལ་གཞན་དང་གཞན་དག་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱིན་གྱིས་བརླབས་པ་དག་ཡུལ་འདིར་གཤེགས་ནས་ཡུལ་གྱི་ས་མཚམས་བསྲུང་བར་མཛད་དེ། བསོད་ནམས་ཀྱི་སྟོབས་དེས་ན་ཡུལ་འདི་གཏན་བརླག་པར་མི་འགྱུར་རོ། །ཞེས་དང་། ལྷ་མོ་དྲི་མ་མེད་པའི་ཞུས་པའི་མདོ་ལས[53]། གང་གི་ཚེ་གདོང་དམར་དག་གི་ཡུལ་བཟུང་སྟེ། དགེ་འདུན་གྱི་ཀུན་དགའ་ར་བ་དང་། དྲི་གཙང་ཁང་བཟང་། མཆོད་རྟེན་ཆེན་པོ་རྣམས་འཇིག་པར་བྱེད་ཅིང་སྲེག་པར་བྱེད་དེ། ཞེས་དང་། ཡང་དེ་ཉིད་ལས[54]། གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་འདི་ལིའི་རྒྱལ་པོར་གྱུར་པ་དེའི་ཚེ་བདག་དེའི་བཙུན་མོ་དག་པར་གྱུར་ནས། བདག་ཅག་གཉིས་ཀས་ལི་ཡུལ་སླར་བརྟས་པར་བགྱི་བ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་དང་། དགོན་པའི་གནས་རྣམས་དང་། མཆོད་རྟེན་ཆེན་པོ་དང་། དྲི་གཙང་ཁང་དང་། གདོང་དམར་རྣམས་ཀྱིས་བསྲེགས་པ་དང་གང་ཡིན་པ་དེ་དག་ཀྱང་བདག་ཅག་གཉིས་ཀྱིས་སླར་གསར་དུ་བགྱིད་པར་གྱུར་ཅིག ཅེས་དང་། ཡང་དེ་ཉིད་ལས[55]

དེ་ཡི་ཚེ་ནི་དྲི་མེད་འོད། །ལྷ་མོས་སྨོན་ལམ་འདི་སྐད་བཏབ། །
གང་ཚེ་ཡུལ་གྱི་དང་པོ་འདིར། །སུམ་པ་མང་པོ་འོང་བ་དང་། །
གང་ཚེ་ཡུལ་འདིར་རྒྱ་དང་ནི། །འ་ཞ་དང་ནི་སུམ་པ་རྣམས། །
འཕགས་སྐྱེས་པོ་ཡི་དམག་བཞིན་དུ། །ཡུལ་དེར་འོང་བར་གྱུར་པ་ན། །
དེ་ཚེ་ཡུལ་འདིར་སྐྱེ་བོའི་ཕྱིར། །བདག་གིས་སྐྱེ་བ་བླང་བར་བགྱི། །
བདག་གིས་སྐྱེ་བ་དེར་བླངས་པས། །སུམ་པ་ལ་སོགས་ལྡོག་གྱུར་ཅིག །

ཅེས་དང་། ལ་དྭགས་རྒྱལ་རབས་སུ། སྲོང་བཙན་གྱི་ཡབ། གནམ་རི་སྲོང་བཙན། རྒྱལ་པོ་འདིའི་དུས་སུ་རྒྱ་ནག་ནས་སྨན་དང་རྩིས་བྱུང་། རྒྱ་གར་དང་གྲུ་གུ་ནུབ་ཕྱོགས། གཉའ་ཞུར་རྒྱལ་པོ་ལ་སོགས་པ་བཏུལ། བྱང་ནས་ཚྭ་རྙེད། སྐུ་མཁར་ཁྲི་བརྩེགས་འབུམ་གདུགས་བྱ་བ་བརྩིགས་སོ། །ཞེས་འཁོད་པ་རྣམས་ནི་བོད་ཡུལ་དུ་དམ་ཆོས་མ་དར་ཞིང་། བོད་སྤྱི་ལ་དབང་བའི་རྒྱལ་པོ་ད་དུང་བྱོན་མེད་པའི་དུས་ཀྱི་གནས་ཚུལ་ཙམ་སྟེ། དེ་དུས་སུ་བོད་ཀྱི་རུ་སྡེ་གཙོ་བོ་འ་ཞ་དང་། སུམ་པ། བོད་རྣམས་ཀྱིས་རང་རང་གི་ཁེ་ཕན་གྱི་ཆེད་དུ་ལི་ཡུལ་ལ་ཐེངས་མང་པོར་དམག་འཁྲུག་བསླང་ཞིང་། དགོན་སྡེ་དང་ལྷ་ཁང་མེར་བསྲེགས་པ་སོགས་གདུག་རྩུབ་ཀྱི་སྤྱོད་པ་སྣ་ཚོགས་ལྷུར་ལེན་བྱས་ཡོད་འདུག

༢ སྲོང་བཙན་སྒམ་པོའི་སྐུ་དུས་ཀྱི་འབྲེལ་བའི་སྐོར།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལི་ཡུལ་གྱི་ཕོ་ཉ་བོད་གངས་ཅན་གྱི་ལྗོངས་སུ་སླེབས་ཤིང་། དེ་ཡང་ལི་ཡུལ་ལུང་བསྟན་ལས[56]། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་གཅིག་གདོང་དམར་གྱི་རྒྱལ་པོའི་སྐྱེ་བ་བླངས་ཏེ། བོད་ཁམས་སུ་དམ་པའི་ཆོས་འབྱུང་ངོ་། །ཡུལ་ཁམས་གཞན་ནས་ཀྱང་ཆོས་ཀྱི་མཁན་པོ་དང་། གསུང་རབ་མདོ་སྡེ་ལ་སོགས་པ་སྤྱན་དྲངས་སོ། །གདོང་དམར་གྱི་ཡུལ་དུ་གཙུག་ལག་ཁང་དང༌། མཆོད་རྟེན་མང་དུ་བརྩིགས། དགེ་འདུན་སྡེ་གཉིས་བཙུགས། རྒྱལ་པོ་དང་བློན་པོ་ལ་སོགས་པ་དཀོར་རིལ་གྱིས་དམ་པའི་ཆོས་ལ་སྤྱོད། རྒྱལ་པོ་གདོང་དམར་དེའི་ཚེ་ལི་ཡུལ་ཡང་རྒྱལ་པོ་དེའི་རིགས་སུ་དབང་བར་འགྱུར་རོ། །དམ་པའི་ཆོས་དང༌། མཆོད་རྟེན་ལ་སོགས་པའི་དཀོན་མཆོག་གསུམ་གྱི་མངའ་རིས་མི་འབྲི། རྒྱས་པར་བཙུགས་ཤིང་མཆོད་དོ། །རྒྱལ་པོ་གདོང་དམར་གྱི་རྒྱུད་རབས་བདུན་དུ་དམ་པའི་ཆོས་སྤྱོད་པར་འགྱུར་རོ། །རྒྱལ་པོ་འདིའི་རབས་བདུན་དུ་ཡུལ་ཁམས་གཞན་ན་དཀོན་མཆོག་གསུམ་གྱི་མཆོད་རྟེན་བཞུགས་པ་ལ་ངན་སེམས་དང་གནོད་པ་མི་བྱེད་དོ། །དེའི་དུས་ན་ལི་ཡུལ་གྱི་དགེ་འདུན་ཡང་ཙན་དྲ་གརྦྷའི་ལུང་བསྟན་པ་ལས་འབྱུང་བ་བཞིན་དུ་དད་པ་བྲི། ཆོས་ཁྲིམས་དང་མི་ལྡན། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ། རྒྱལ་པོ་དང་བློན་པོའི་དཀུ་གཙང་གི་ནང་དུ་འཇུག་ཅིང་དམ་པའི་ཆོས་དམན་པར་བྱེད་པ་དག་ཀྱང་མང་དུ་འབྱུང་སྟེ། དེའི་ཚེ་ཞང་བློན་དང༌། ཞང་བློན་གྱི་བུ་ཚ་ཡང་དད་པ་འབྲི་བར་འགྱུར་རོ། །དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་བན་དེས་སྤྱད་པས་ལི་ཡུལ་གྱི་མཆོད་རྟེན་དང༌། དམ་པའི་ཆོས་ལ་སོགས་པ་དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་མངོན་པས་འབྲིར་འོང་ངོ༌། །རྒྱལ་པོ་དང་། བློན་པོ་ཡང་བན་དེ་དེ་ལ་མི་དགའོ།།

དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་གཅིག་གདོང་དམར་གྱི་རྒྱལ་པོ་བྱས་པའི་རྒྱུད་རབས་བདུན་གྱི་ཐ་མ་ལ་རྒྱལ་པོ་དེའི་ཆུང་མ་རྒྱ་ཡུལ་ནས་རྒྱ་རྗེའི་བུ་མོ་ཀོང་ཅོ་བྱང་ཆུབ་སེམས་དཔའ་ཡིན་པ་ཞིག་འཁོར་དྲུག་བརྒྱ་དང་གདོང་དམར་གྱི་ཡུལ་དུ་འོངས་སོ། །ཀོང་ཅོ་དེ་འཕགས་པར་ཆོས་ལ་དད་དབང་ཐང་ཆེ་བས་གདོང་དམར་གྱི་རྒྱལ་པོ་ཡང་དད་པ་ཆེ་སྟེ། སྔོན་བས་ཀྱང་དམ་པའི་ཆོས་རྒྱས་པར་འགྱུར་རོ། །དེའི་དུས་ན་ལི་ཡུལ་གྱི་རྒྱལ་པོ་གཞོན་ཞིང་ཆོས་མི་སྤྱོད་པ་ཞིག་གིས་ལི་ཡུལ་གྱི་དགེ་སློང་རྣམས་ལ་བསྒོ་བ། ཡང་ན་ནི་སྐྱ་བོར་བོབས་ཤིག །ཡང་ན་ནི་གར་དགའ་བར་དེངས་ཤིག །ཅེས་བསྐྲད་ནས་དགེ་འདུན་རིལ་གྱིས་ཙར་མ་ཞེས་བྱ་བའི་ལྷ་ཁང་དུ་འདུས་ནས་གྲོས་བྱེད་པའི་ཚེ། ལྷ་ཁང་གི་ནང་འཁོར་འདུས་པའི་དཀྱིལ་ནས་གསེར་གྱི་ཟན་དང་གསེར་གྱི་འཁུར་བ་ཆ་བདུན་བྱུང་ནས་དགེ་སློང་ལྔ་སྟོང་རྒྱལ་པོས་འཚོ་བ་བཅད་དེ། མི་འབྱོར་བའི་ཟླ་བ་གསུམ་དུ་འཚོ་བའི་ཟོང་དུ་འགྱུར། དེའི་ཚེ་དེའི་དུས་ན་ལ་ལ་ནི་སྐྱ་བོར་བབས། མ་བབས་པ་གུང་དུ་འགྲོ་བ་རྣམས་ཀྱང་ཕ་མ་དང༌། གཉེན་འདུན་དང༌། ཡུལ་ས་དང་འབྲལ་བ་མི་དགའ་སྟེ། དུད་མོ་ཆེན་པོ་འབྱུང་ངོ༌། །དགེ་འདུན་ཕལ་མང་པོ་ལམ་དུ་ཞུགས་ཏེ། །སོང་བ་ལས་འབོང་ཞེས་བྱ་བའི་ལྷ་ཁང་དུ་ཕྱིན་པ་དང༌། དེ་ན་མཆོད་རྟེན་ཆེན་པོ་ཞིག་བཞུགས་པ་རླུང་གི་རྒྱལ་པོ་དད་པ་ཅན་གྱིས་དྲལ་ཏེ། ནང་ནས་གསེར་གྱི་ཕོར་པ་མུ་ཏིག་གིས་བཀང་བ་ཞིག་བྱུང་ནས་དགེ་འདུན་སྤྱི་ལ་ཕུལ་ལོ། །གཞན་ཡོན་བདག་དད་པ་ཅན་གྱིས་འཚོ་བའི་ཡོ་བྱད་སྣ་སྣ་ནས་ཕུལ་ལོ།།

དེ་ནས་དགེ་འདུན་རྣམས་མདོ་ལེ་མེ་སྐར་གྱི་ཡུལ་དུ་ཕྱིན་ཏེ། མུ་ཏིག་གིས་ཟླ་བ་ཕྱེད་ཀྱི་འཚོ་བའི་ཡོ་བྱད་སྦྱར་རོ། །མེ་སྐར་ནས་སོང་སྟེ། རྐོང་ཉ་ཞེས་བྱ་བའི་ལྷ་ཁང་ན་དགེ་འདུན་བཞུགས་པའི་ཚེ་བཻ་ཤྲ་མ་ཎ་དང༌། དཔལ་གྱི་ལྷ་མོ་མི་ཁྱོ་ཤུག་ཏུ་སྤྲུལ་ནས་ཡུལ་དེ་ན་འདུག་སྟེ། དགེ་འདུན་ཐམས་ཅད་ལ་བདག་ཅག་བསོད་ནམས་བགྱིད་དོ་ཞེས་གསོལ་ནས། ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་ལ་མཆོད་སྟོན་གསོལ་ནས་དཔལ་གྱི་ལྷ་མོས་ཕུ་རུང་གང་གི་གསེར་གྱི་དོང་རྩེ་དགེ་འདུན་སྤྱིར་ཕུལ་ཏེ། དགེ་འདུན་རིལ་གྱིས་གདོང་དམར་གྱི་ཡུལ་དུ་ཁ་བལྟས་ཏེ་སོང་བ་ལས། ཡུལ་ཕ་ཤན་གྱི་རོང་དུ་གཅན་པ་དང་ཕྲད་དེ་མ་བཀྱེའོ། །ལམ་གཞན་ཡོད་ན་སོང་ཞིག་ཅེས་ཟེར་ཏོ།།

དེའི་ཚེ་བི་ཤྲ་མ་ཎ་གཡག་དཀར་པོ་རྒལ་བ་ཅན་སྣལ་ཆུ་ཡོད་པ་ཞིག་ཏུ་སྤྲུལ་པ་དགེ་འདུན་གྱིས་མཐོང་སྟེ། གཡག་རྒལ་ཅན་འདི་ནི་མིའི་ཕྱུགས་ཡིན་པས་འདི་གར་འགྲོ་བའི་ཕྱི་བཞིན་དུ་འདེང་ཞེས་ཟེར་རོ། །དེའི་ཚེ་གཡག་དེས་ཉེ་ལམ་དུ་དྲངས་ཏེ། །ཞག་བཞི་ལྔས་བན་དེ་རིལ་གྱིས་གདོང་དམར་གྱི་ཡུལ་ཚལ་བྱི་ཞེས་བྱ་བར་ཕྱིན་ཏོ། །དེའི་ཚེ་ཡུལ་དེའི་དབང་པོས་དགེ་འདུན་མང་པོ་ཞིག་སྟོད་ཕྱོགས་ནས་བྱོན་ཏོ་ཞེས་གདོང་དམར་གྱི་རྒྱལ་པོ་ལ་སྦྲན་ཏོ། །དེའི་ཚེ་རྒྱལ་པོའི་བཙུན་མོས་རྒྱལ་པོ་ལ་སྟོད་ཕྱོགས་ནས་དགེ་འདུན་ཡུལ་སྟོར་ཏེ་འཁྱམས་ནས་བྱོན་པ་སུན་མ་དང་ཡོ་བྱད་བདག་སྦྱོར་ན། གདོང་དམར་གྱི་ཡུལ་དུ་སྤྱན་དྲངས་བར་ཅི་གནང་ཞེས་གསོལ་ནས་གནང་སྟེ། དགེ་འདུན་རྣམས་བཞོན་པ་དང་འཚོ་བས་བསུ་ནས་གདོང་དམར་གྱི་ཡུལ་དུ་ཕྱིན་ཏོ།།

དེ་ནས་གདོང་དམར་གྱི་རྒྱལ་པོ་དང༌། ཀོང་ཅོ་འཁོར་དང་བཅས་པས་མཆོད་རྟེན་ལ་ཕྱག་བྱས་ནས་དགེ་སློང་འདིའི་ནང་ན་སྡེ་སྣོད་གསུམ་ལ་མཁས་པའི་མཁན་པོ་རྣམས་མ་གཏོགས་པར་གཞན་འདི་ལྟར་མཁས་པ་བཞུགས་སམ་ཞེས་དྲིས་པ་དང༌། མཁན་པོ་ན་རེ་ཨན་སེ་དང༌། ཤུ་ལིག་དང༌། བྲུ་ཤ་དང༌། ཁ་ཆེ་ཞེས་བྱ་བའི་ཡུལ་ན་འདི་འདྲ་བར་མཁས་པའི་དགེ་འདུན་མང་དུ་ཡོད་དོ་ཞེས་སྨྲས་པ་དང༌། དེའི་མོད་ལ་འགུགས་པའི་ཕོ་ཉ་བཏང་སྟེ། དགེ་འདུན་རིལ་གྱིས་གདོང་དམར་གྱི་ཡུལ་དུ་སྤྱན་དྲངས་སོ། །དེའི་ཚེ་གདོང་དམར་གྱི་ཡུལ་དུ་གཙུག་ལག་ཁང་བདུན་བརྩིགས་སོ། །མཆོད་པའི་ཡོ་བྱད་དང༌། དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་སྔོན་བས་བསྐྱེད་ནས་དགེ་འདུན་རྣམས་ཀྱང་གཙུག་ལག་ཁང་བདུན་གྱི་ནང་དུ་སོ་སོར་བཞུགས་སོ།།

དེའི་རྗེས་ལ་ལོ་གསུམ་མམ་བཞི་ན་ཀོང་ཅོའི་སྙིང་གར་འབྲུམ་ཆེན་བྱུང་ནས་ན་བའི་ཚེ་ཀོང་ཅོས་རྒྱལ་པོ་ལ་གསོལ་པ། བདག་ནི་ནད་འདི་ལས་མི་འཚོ་སྟེ། ང་འགུམ་ན་བདག་གི་བྲན་དང༌། ནོར་ཕྱུགས་རྣམས་དཀོན་མཆོག་གསུམ་ལ་མ་གུམ་པར་འབུལ་ལོ་ཞེས་གསོལ་ཏེ་ཕུལ་ལོ། །འཁོར་དྲུག་བརྒྱ་ཡང་དགེ་བསྙེན་གྱི་མཚན་མས་བཏབ་སྟེ་རབ་ཏུ་ཕྱུང་ངོ༌། །དེའི་རྗེས་ལ་ཀོང་ཅོ་འདས་སོ། །ཀོང་ཅོ་འདས་པའི་འོག་ཏུ་རྒྱལ་པོ་གདོང་དམར་གྱི་ཁམས་སུ་འབྲུམ་ནད་འབྱུང་སྟེ་བློན་པོ་དང༌། ཞང་བློན་གྱི་བུ་ཚ་ལ་སོགས་པ་མང་དུ་འཆིའོ། །དེའི་ཚེ་བློན་པོ་རྣམས་འདུས་ཏེ་རྒྱལ་པོ་ལ་གསོལ་པ། སྔོན་རྒྱལ་ཁམས་འདི་ན་འདི་འདྲ་བའི་འབྲུམ་ནད་མ་བྱུང་ན། ང་ལྟར་ལྷོ་བལ་གྱི་དགེ་སློང་འཁྱམས་པ་མང་པོ་འོངས་ནས་ཀོང་ཅོ་ཡང་འདས། བློན་པོ་དང་ཞང་བློན་ལས་ཀྱང་མང་དུ་གུམ་པས་བན་དེ་འདི་ཀུན་ཡང་རྒྱལ་ཁམས་སུ་མི་གཞག་པར་བསྐྲད་པའི་རིགས་ཞེས་གསོལ་བ་ལས་རྒྱལ་པོས་འདི་བསྐྲད་པའི་རིགས་སམ་མི་རིགས་ད་དུང་ཞིབ་ཏུ་དཔྱོད་ཅིག་ཅེས་བསྒོ་བ་ལས་བློན་པོ་རྣམས་བན་དེ་བསྐྲད་པར་ཁ་འདུས་ནས་རྒྱལ་པོ་ལ་གསོལ་ཏེ། རྒྱལ་ཁམས་སུ་བན་དེ་རིལ་གྱིས་མི་གནས་པར་གྲོས་ཆད་ནས་ཀུན་བསྐྲད་པ་ལས་གདོང་དམར་གྱི་དགེ་སློང་ཁྲོས་ཏེ། དགེ་སློང་འདི་རྣམས་བསྐྲད་ནས་བདག་ཅག་ཀྱང་འདི་ན་མི་འདུག་གོ་ཞེས་བྱས་པ་དང༌། བློན་པོ་རྣམས་ཁྲོས་ནས་ཁྱེད་རྣམས་ཀྱང་གང་དགའ་བར་དེངས་ཤིག་ཅེས་བསྒོའོ། །ཀོང་ཅོ་གདོང་དམར་གྱི་ཡུལ་དུ་འོངས་པའི་འོག་ཏུ་རྒྱལ་པོས་ཏེའུ་ཤིའི་ཆོས་བཟུང་ནས་རྒྱའི་དགེ་སློང་ཡང་རིལ་གྱིས་གདོང་དམར་གྱི་ཡུལ་དུ་འོངས་སོ། །དེའི་དུས་ན་རྒྱལ་ཁམས་དེའི་དགེ་སློང་གིས་གདོང་དམར་གྱི་ཁམས་ཀྱི་རིང་བསྲེལ་དང༌། གསུང་རབ་དང༌། མཆོད་པའི་ཡོ་བྱད་དཀོན་མཆོག་གི་མངའ་རིས་གཅིག་ཀྱང་མ་ལུས་པར་བཀལ་ནས་ནུབ་ཕྱོགས་སུ་ཁ་བལྟས་ཏེ། གན་དྷ་ར་ཆེན་པོའི་ཡུལ་དུ་འགྲོ་བར་ཆས་ཏེ་སོང་ངོ༌། །དེའི་ཚེ་རྒྱ་དང་། གདོང་དམར་དང་། རྒྱ་གར་དང་། ལི་ལ་སོགས་པ་གངྒཱ་ཚུན་ཆད་ན་དམ་པའི་ཆོས་སྤྱོད་པ་ཡང་ནུབ་པར་འགྱུར་རོ། །ཞེས་ཞིབ་ཅིང་གསལ་བ་འཁོད་པ་ལྟར་རོ།།

ལྷག་པར་བཀའ་ཐང་སྡེ་ལྔ་ལས[57]། བྱང་ཕྱོགས་གེ་སར་གྲུ་གུ་བཞུགས་པ་ཡང༔ བར་དུ་བཀའ་འཁོན་བྱུང་ནས་བདོ་བ་ལ༔ སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས༔ གྲུ་གུ་ཡུལ་གྱི་མོང་དུ་ཡན་ཆོད་དུ༔ བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི༔ ཡུལ་བརླག་མི་རྣམས་མོན་གྱི་ས་ལ་བསྐྱལ༔ ཁྱིམ་མཁར་མོན་གྱི་ས་ལ་བཏོད་ནས་ཀྱང༔ ཡུལ་དུ་མི་ངན་བསྟན་པ་སུན་ཕྱུང་སྟེ༔ སྤ་བཀོང་དེད་དཔོན་ཡུལ་མཁར་འཚོ་བ་བཞག༔ གྲུ་གུ་གེ་སར་བོད་ཀྱི་བྲན་དུ་བྱས༔ བོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་བབ༔ ལི་ཡུལ་ལྕང་རྭ་སྨུག་པོ་བྲན་དུ་སྤྱད༔ བོད་དམག་ཤར་ཕྱོགས་རྒྱ་ནག་ཡུལ་དུ་ཕབ༔ རྒྱ་ནག་བེ་ཆུའི་རྒྱལ་པོ་ཆེན་པོ་ཡིས༔ རང་གི་ཆབ་སྲིད་མངའ་ཐང་བོད་ལ་ཕུལ༔ དར་ཟབ་ལྔ་དོས་རིན་ཆེན་མང་པོ་དང༔ ཁ་ཟས་གཅེས་པ་དུས་ལས་མ་འདས་ཕུལ༔ ཞེས་བོད་པའི་དྲག་ཤུག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཇི་ཙམ་སླེབས་ཚུལ་གསལ་པོར་འཁོད་ཡོད་འདུག

༣ སྲོང་བཙན་སྒམ་པོའི་རྗེས་ཀྱི་འབྲེལ་བའི་སྐོར།

དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[58]། རྒྱ་དང་བོད་ཀྱི་རྒྱལ་པོ་གཉིས་རེས་འགའ་མཐུན་ཞིང་རེས་འགའ་དམག་དང་ས་ཆའི་རྩོད་པ་རྒྱལ་ཕམ་དུ་མ་བྱས། ཁྱད་པར་མང་སྲོང་རྒྱལ་སར་བསྐོས་ནས་ལོ་ཉི་ཤུ་རྩ་གཅིག་པ་ལྕགས་ཕོ་རྟའི་ལོ་ལ་བོད་དམག་གིས་ཐང་གི་རྒྱལ་ཁམས་ལ་བརྒྱབ། ཡུ་གུར་གྱི་ཡུལ་ཐམས་ཅད་བླངས། རྒྱལ་སྲིད་ལོ་སུམ་ཅུ་པ་དང་ལོ་བཞི་བཅུ་རྩ་གཉིས་པ་ས་མོ་ཡོས་ལ་འདས། ཞེས་གསུངས་པ་ལྟར་བོད་བཙན་པོའི་དུས་སུ་འཇང་དང་། མཚོ་སྔོན་པོའི་ཡུལ། རྨ་ཆུ་ཀླུ་ཆུ་འཇུ་ལག་ཆུ་བོ་སོགས་ཀྱི་རྒྱུད་དང་། ཏུན་ཧོང་དང་མདོ་ལ་རིང་མོའི་བྱང་རྒྱུད་ཀྱི་ལི་ཡུལ་དང་ཏུར་ཕན། ཁ་ར་ཞི། ཁོ་ཆ། ཁ་ཞི་སྒར། ཕ་མིར་ (འཛམ་གླིང་ཡང་རྩེ།) གངས་ལ་རིང་མོའི་ཤར་ནུབ་ཀྱི་རྒྱུད་སོགས་སུ་བོད་བཙན་པོའི་དམག་དཔུང་སྐབས་རེ་གྲུ་གུ་དང་། མཚམས་རེ་ཨ་རབ་ལ་མཉམ་འབྲེལ་བྱས་ནས་ཐང་དམག་ལ་གཡུལ་འགྱེད་དང་། སྐབས་རེ་ཐང་དམག་ཐོག་དྲག་པོའི་གཡུལ་བཤམས་པ་སོགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། སྟོད་ཀྱི་མཁར་བཞིའི་ཡ་གྱལ་ལི་ཡུལ་འདི་བཙན་པོ་མང་སྲོང་མང་བཙན་གྱི་དུས་སུ་བཙན་པོ་དམག་ཤེད་ཀྱིས་ཐང་རྒྱལ་གོང་མའི་ལག་ནས་ (665-670 ལོར།) འཕྲོག་ནས་ཕྱི་ལོ་ ༦༧༠  ནས་ཕྱི་ལོ་ ༦༩༢ ལོའི་བར་སྟོད་ཀྱི་མཁར་བཞིའི་ཡུལ་ཚང་མ་མི་ལོ་ཉེར་གཉིས་རིང་བོད་ཀྱི་བཙན་པོའི་ཆབ་འོག་ཏུ་བཅུག །ཕྱིས་སུ་འདུས་སྲོང་མང་པོ་རྗེའི་སྐུ་ཚེའི་སྨད་དུ་ཕྱིར་ཐང་གོང་མའི་ལག་ཏུ་ཤོར་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཏུང་ཧོང་ (781 ལོ།) དང་། ལི་ཡུལ་ (790 ལོར།) སླར་ཡང་བོད་ཀྱི་མངའ་འོག་ཏུ་བཅུག་འདུག་པར་བསམས་ན། ལི་ཡུལ་འདི་བོད་བཙན་པོའི་དུས་སུ་དབུས་ཨེ་ཤི་ཡའི་ཡུལ་གྱི་སྙིང་ནོར་ལྟ་བུ་ཞིག་ཡིན་པར་སྣང་།

ཕྱིས་སུ་དུས་རབས་བཅུ་གཅིག་གི་འགོ་སྟོད་དུ་སྟོད་ཀྱི་མཁར་བཞི་ཐེ་བའི་ཤར་གྲུ་གུ་སིན་ཐན་ (དེང་གི་ཤིན་ཅང་ས་ཁུལ།) གྱི་ཡུལ་ཚང་མ་ཁ་ཆེ་དྲག་དམག་གིས་དབང་དུ་བསྡུས་ནས་མོ་ཧན་མོ་ཏིའི་ལྟ་སྤྱོད་འདི་ཡུལ་ཁམས་ཡོངས་ལ་ཁྱབ། སྐབས་དེའི་ཁ་ཆེ་དྲག་དམག་དཔུང་འཇུག་གི་རྣམ་པ་དུས་རབས་དེའི་ཁ་ཞི་སྒར་གྱི་ཡུལ་མི་གྲུ་གུའི་མཁས་པ་མོ་ཧན་མ་ཏི་ཨེལ་ཁ་ཞི་སྒ་རི་ནས་ (༡༠༧༢ ལོར།) བརྩམས་པའི་གྲུ་གུའི་སྐད་རིག་ཤེས་མཛོད་ཆེན་མོའི་ནང་།

གཙང་ཆེན་རྦ་ཀླུང་དྲག་འབབ་ལྟར། །ངེད་ཅག་ཁོང་ཚོའི་གྲོང་ལ་སྙེག །
ཁོང་ཚོའི་དགོན་པ་རྣམས་བཅོམ་ནས། །སྟོན་པའི་སྐུ་སྟེང་གཅིན་སྐྱག་བཏང་། །

ཞེས་བཀོད་ཡོད་འདུག་པ་ལྟར། བོད་ལི་གཉིས་བར་ཆོས་རིག་ཙམ་མིན་པར་ཆབ་སྲིད་དང་དམག་དོན་གྱི་ཆ་ནས་ལི་ཡུལ་ལ་བོད་ཀྱིས་དབང་སྒྱུར་བྱས་པའི་ལོ་རྒྱུས་མང་དུ་སྣང་།

ཆོས་རིག་གི་ཆ་ནས་བརྗོད་ན། བོད་གངས་ཅན་ལྗོངས་སུ་དམ་ཆོས་དབུ་བརྙེས་པའི་སྔ་ལྟས་སུ་བོད་རྗེ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་ལི་ཡུལ་དང་ཐོ་གར་གྱི་པཎྜི་ཏ་གཉིས་དང་། ལོ་ཙཱ་བ་གཅིག་བཅས་ཀྱིས་སྐུ་གསུང་ཐུགས་རྟེན་མཚོན་བྱེད་ཁག་རྒྱལ་པོའི་ཕྱག་ཏུ་ཕུལ་བ་སྟེ། ནེལ་པ་པཎྜི་ཏས། ལི་ཐི་སི་དང་། ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་འཚོ་གཉིས་ཀྱིས་པཎྜི་ཏ་མཁས་པ་ལེགས་སྦྱིན་སྤྱན་དྲངས་ནས་བོད་ལ་བྱོན་ཏེ་རྒྱལ་པོ་ལ་ཆོས་གསུངས་པས། བོད་ན་ཡི་གེ་མེད་པས་བསླབ་ཏུ་མ་བཏུབ་ནས། ཟ་མ་ཏོག་བརྐོས་པ་སོགས་རྒྱལ་པོ་ལ་ཕུལ་ཏེ་འདི་ལ་ཕྱག་དང་། སྐོར་བ་དང་། མཆོད་པ་བགྱིས་ལ་གསོལ་བ་ཐོབ། གང་འདོད་པའི་བྱིན་རླབས་འབྱུང་གིས་ངས་བོད་དུ་བསྡད་ནས་ཕན་པ་མི་འདུག་གསུངས་ཕྱིར་ལོག་མཛད། ཅེས་གསུངས་པ་ལྟར། ཐོ་གར་ནི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས[59]། ཐོ་གར་ནི་ལི་ཡུལ་གྱི་ནུབ་ཕྱོགས་ས་དཀར་ཀན་ཀྲ་ཟེར་བ་དེ་ཡིན་ཞེས་ཕྱི་རྒྱལ་གྱི་མི་བོད་ཀྱི་ལོ་རྒྱུས་ལ་མཁས་པ་ཕལ་ཆེར་གྱིས་བཞེད་ཀྱང་། འགའ་རེས་ལི་ཡུལ་གྱི་ནང་། ཁོ་ཏན་གྱི་ཉེ་འགྲམ་དུ་ཡོད་ཅེས་གླེང་། ཞེས་གསལ་བ་ལྟར་བོད་ལི་གཉིས་ཀྱི་བར་མི་སྣ་འགྲོ་འོང་དང་། ཆོས་རིག་གི་འབྲེལ་བ་སོགས་དམ་ཟབ་བྱུང་ཡོད།

ལི་ཡུལ་ཁོ་ཏན་ (Khotan) ནི་དེང་སང་ཤིན་ཅང་ཡུལ་གྱི་མཐའ་རིང་ཐང་གཞུང་ཆེན་མོའི་ནང་གི་ཕྲག་ལ་མ་ཁན་ (ཕར་འགྲོ་ཡོད་ལ་ཕྱིར་འོང་མེད།) བྱེ་ཐང་གི་ལྷོ་དང་། ཁུན་ལིན་རི་རྒྱུད་ཀྱི་བྱང་ན་ཡོད། ཡུལ་འདིའི་ཡུལ་མི་ཏ་ཟིག་ཡུལ་ནས་མཆེད་ཅིང་། ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་ས་ནུས་ལི་ཡུལ་གྱི་རྒྱལ་ཁབ་བསྐྱངས་པར་གསུངས་ལ། ཕྱིས་སུ་ལི་ཡུལ་དུ་ཐེག་ཆེན་གྱི་བསྟན་པ་རྒྱ་ཆེར་དར་ཁྱབ་བྱུང་སྟེ་དབུས་ཨེ་ཤི་ཡའི་དར་གོས་ཚོང་ལམ་རིང་མོའི་རྒྱུད་ཀྱི་ནང་པའི་རྒྱལ་ཁབ་ཆེ་གྲས་ཤིག་ཏུ་གྱུར་འདུག །ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་བྱོན་པའི་སྤང་སྐོང་ཕྱག་རྒྱ་དང་། མདོ་སྡེ་ཟ་མ་ཏོག་སོགས་གཉན་པོ་གསང་བའི་སྐུ་གསུང་ཐུགས་རྟེན་རྣམས་ལི་ཡུལ་ནས་བསྣམས་ཕེབས་པ་དང་། ལི་ཡུལ་གྱི་ཡི་གེའང་རྒྱ་གར་གྱི་གུཔྟའི་ཡི་གེ་ལས་བཟོས་པས་བོད་ཡིག་དང་བུ་སྤུན་ལྟར་ཡིན་པའི་བཞེད་ཚུལ་ཡོད་ལ། བཙན་པོ་མང་སྲོང་དང་། འདུས་སྲོང་མང་པོ་རྗེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་སྐུ་དུས་སུ་བོད་ཀྱི་བཙན་པོའི་ཆབ་འབངས་སུ་བཅུག་པ། ཆོས་རྒྱལ་མེས་ཨག་ཚོམ་གྱི་སྐུ་དུས་སུ་ལི་ཡུལ་གྱི་ནང་པའི་རབ་བྱུང་བ་བོད་གངས་ཅན་གྱི་ལྗོངས་སུ་སྐྱབས་བཅོལ་དུ་ཕེབས་པ། མངའ་བདག་ཁྲི་རལ་གྱི་སྐུ་དུས་སུ་ལི་ཡུལ་གྱི་ལག་ཤེས་ཁྱད་མཁས་བོད་དུ་གདན་དྲངས་པ་སོགས་བོད་དང་ལི་ཡུལ་བར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཁྲོད་འབྲེལ་བ་དམ་ཟབ་བྱུང་འདུག

ང་། ལི་ཡུལ་དུ་རྒྱལ་བསྟན་དར་བའི་ཚུལ།

དེ་ཡང་ལི་ཡུལ་དུ་རྒྱལ་པོ་དང་ཆོས་ཇི་ལྟར་བྱུང་བའི་ཚུལ་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[60]། ལིའི་ཡུལ་དུ་བསྟན་པ་ཇི་ལྟར་བྱུང་བ་ནི། ཡུལ་དེ་སྔོན་སྟོན་པ་བཞུགས་པའི་དུས་སུ་མཚོར་འཁྱིལ་བ་ཤཱ་རིའི་བུས་གསེག་ཤང་གིས་བརྟོལ་བ་གོ་མ་ས་ལ་གནྟ་ཞེས་པ་སངས་རྒྱས་བཞིའི་མཆོད་རྟེན་ཞབས་རྗེས་དང་། སངས་རྒྱས་བཞིས་སྐུའི་རྒྱུར་བྱིན་གྱིས་བརླབས་པའི་ལིའི་རི་བཞུགས་པ་ལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་ཙམ་ན་རྒྱའི་རྒྱལ་པོ་ལ་བུ་དགུ་བཅུ་རྩ་དགུ་ཡོད་པ་ལས། ད་དུང་བུ་འདོད་ནས་རྣམ་ཐོས་སྲས་ལ་བསླངས་པས། ཆོས་རྒྱལ་མྱ་ངན་མེད་པའི་ཚ་བོ་སྐྱེས་མ་ཐག་གཅིག་རྣམ་སྲས་ཀྱིས་ཁྱེར་ཏེ་བྱིན་པ་ལྟོགས་ནས་ཁ་ས་ལ་གཏད་པས་དེ་ལས་ནུ་མ་བྱུང་། དེ་ལས་འོ་མ་འཐུང་སྟེ་ས་ལ་ནུ་ཞེས་གྲགས་པ་ཆེར་སྐྱེས་པ་དང་། རྒྱ་རྗེས་དཔུང་དང་བཅས་ཆུ་བོ་སི་ཏའི་འབབ་ས་ལི་ཡུལ་དུ་བརྫངས་པ་ལྟར་ད་ལྟར་ཧོར་སོག་གི་ཡུལ་རྣམས་ཡིན། དེ་བདག་བྱས་ཡུལ་དབུས་ནས་དགེ་འདུན་སྤྱན་དྲངས་ཏེ་རྒྱལ་རབས་མང་པོའི་བར་དུ་བསྟན་པ་དར་རོ། །ཞེས་འབྱུང་ངོ་།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[61]། ཡན་ལག་བཞི་པ་ལ་ལི་ཡུལ། རྒྱ་ནག་སྔ་མ། མི་ཉག །ཧོར། རྒྱ་ནག་ཕྱི་མ་རྣམས་སུ་རྒྱལ་པོ་དང་ཆོས་ཇི་ལྟར་བྱུང་བ་ལས། དང་པོ་ནི། སྔོན་སངས་རྒྱས་འོད་སྲུང་གི་དུས་ཡུལ་དུ་ཡོད་ཅིང་མྱ་ངན་ལས་འདས་ནས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་[62]ཡང་དེར་བརྩིགས་པ་ལས་ཕྱིས་མི་ཁག་གཅིག་གིས་དྲང་སྲོང་ལ་གནོད་པ་བྱས་པས་དྲང་སྲོང་གི་དམོད་པའམ་ཀླུ་ཁྲོས་པས་མཚོ་ཆེན་པོ་ཞིག་ཏུ་གྱུར། འོ་སྐོལ་གྱི་སྟོན་པས་དེར་གཤེགས་ཏེ་མཚོ་ལས་པདྨ་བྱུང་བའི་སྟེང་དུ་བཞུགས་ཏེ་གླང་རུ་ལུང་བསྟན་དང་། ལི་ཡུལ་ལུང་བསྟན་ནམ་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ཞེས་བྱ་བའི་མདོ་གསུངས། ད་ལྟ་ཆུ་འབའ་ཞིག་ཏུ་གདའ་ན་ཡུལ་ནམ་བྱུང་ཞུས་པས་མཽངྒལ་གྱི་བུ་དང་། རྣམ་ཐོས་སྲས་གཉིས་ལ་ཁྱེད་གཉིས་ཀྱིས་ཆུ་དྲོལ་ཞིག་གསུངས་ཏེ་རྣམ་སྲས་ཀྱིས་བེ་ཅོན་གྱིས་རིའི་མུ་ཁྱུད་དྲལ། མཽངྒལ་གྱི་བུས་གསེག་ཤང་གིས་ཆུ་རྣམས་དཀྲུགས་ཏེ་ཕོ་བས་ཡུལ་གྱི་རྣམ་པ་དོད། རི་གླང་མགོའི་སྟེང་སྐུ་གཟུགས་ཆེན་པོ་བཞུགས་པའི་གཡོན་ལོགས་ཀྱི་ལྷ་ཁང་ད་ལྟར་མཆོད་རྟེན་ཆུང་ངུ་ཡོད་སར་དགུང་བདུན་བཞུགས་ནས་འོད་ཟེར་ལན་བདུན་འཁོར་སར་ཕྱིས་འུ་ཐེན་གྱི་མཁར་དང་གྲོང་མངར་ལྡན་འབྱུང༌། འོད་ཟེར་ནུབ་སར་ཙནྡན་གྱི་སྐུ་གཟུགས་ཤིག་རྒྱ་གར་ནས་བྱོན་ཏེ་བཞུགས་པར་འགྱུར། པདྨ་དང་མེ་མར་བྱུང་སར་ཐེག་ཆེན་གྱི་དགེ་སློང་ཕོ་མོའི་གཙུག་ལག་ཁང་སུམ་བརྒྱ་རེ་གསུམ་བྱུང་སྟེ་བྱང་སེམས་ལྔ་བརྒྱ་རེ་རྟག་ཏུ་བཞུགས་སོ།།

ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་རྒྱའི་རྒྱལ་པོ་ཅི་རུ་ནུ་ལས་ལི་ཡུལ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་ས་ཆུ་བྱུང་ཚུལ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ཕྱེད་ལོ་ལྟར་ན་ཉིས་བརྒྱ་སོ་བཞི་དང་། ལོ་དངོས་བརྒྱ་དང་བཅུ་བདུན་ལོན་པར་རྒྱལ་པོ་ཨ་ཤོ་ཀས་སྡིག་པ་མང་པོ་བྱས་པ་དགྲ་བཅོམ་པ་ཡ་ཤས་བཏུལ་ནས་འཛམ་གླིང་དུ་གཙུག་ཁང་དང་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པའི་ཚེ་ལི་ཡུལ་ཡང་མཚོ་བསྐམས་ནས་སྟོང་པར་ཡོད། འུ་ཐེན་གྱི་མཁར་ཡོད་སར་དྷརྨ་ཨ་ཤོས་དྲོ་དགོངས་གཅིག་བཏབ་ཚེ་སྔར་བཙུན་མོ་དམ་པ་རྫིང་བུར་ཁྲུས་བྱེད་ཚེ་རྣམ་སྲས་ནམ་མཁའ་ལ་འགྲོ་བ་ལས་མར་གཅིག་གིས་གཅིག་མཐོང་ཞིང་ཆགས་པས་སེམས་ཀྱི་བུར་གྱུར་པ་བཙས་ཏེ་མཚན་མཁན་གྱིས་འདི་ནི་མཐུ་དཔལ་ཆེ་སྟེ་རྒྱལ་པོ་བཞུགས་བཞིན་དུ་རྒྱལ་སྲིད་བྱེད་པར་འགྱུར་རོ་ཞེས་སྨྲས་པས་རྒྱལ་པོ་ཁྲོས་ཏེ་ཁོ་དེ་ཙམ་དུ་དབང་ཐང་ཆེ་ན་ཁོ་བདག་ཉིད་འཚོ་གྲང་ཟེར་ཏེ་དེ་ཉིད་དུ་བོར་རོ།།

དེའི་ཚེ་ས་ལས་ནུ་མ་ཞིག་བྱུང་སྟེ་དེ་ལ་ནུས་པས་ས་ལས་ནུ་མ་ནུ་ཞེས་མིང་དུ་ཆགས། དྷརྨ་ཨ་ཤོས་ལོ་ང་ལྔར་རྒྱལ་པོ་བྱས་པ་ལས་དེའི་ཚེ་རྒྱལ་ས་ལོ་སུམ་ཅུ་སོང་བར་བཤད། རྒྱ་ནག་གི་རྒྱལ་པོ་བུ་སྟོང་དབང་བ་རྣམ་སྲས་དང་གྲོགས་སུ་གྱུར་པ་ཞིག་ཡོད་པ་ལ་བུ་སྟོང་དུ་གཅིག་གིས་མ་ཚང་ནས་རྣམ་སྲས་ལ་བླངས་པས་ས་ནུ་བྱིན། ལོ་བཅུ་གཉིས་ལོན་ཚེ་རྒྱལ་པོ་དེས་རྒྱལ་ཐབས་དང་དམག་ཁྲི་བྱིན་ནས་ནུབ་ཕྱོགས་སུ་ཡུལ་ས་འཚོལ་དུ་བཏང་བས་ས་ནུས་བཅུ་དགུ་ལོན་ཚེ་ལི་ཡུལ་གྱི་མེ་སྐར་དུ་ཕྱིན་པ་དང༌། དྷརྨ་ཨ་ཤོའི་བློན་པོ་ཡ་ཤ་འཁོར་བདུན་སྟོང་དང་བཅས་པ་རྒྱལ་པོས་སྤྱུགས་ཏེ་ལི་ཡུལ་དུ་སླེབས་པ་འཛོམས། ས་ནུའི་འཁོར་ཤེར་དང་ཟང་གི་བ་སྦྲུམ་མ་ཐུན་མོང་བ་ཞིག་ཡོང་བ་བུ་ནད་ལངས་ནས་བྲོས་པ་ཏོ་ལར་བེའུ་སྐྱེས་པས་འབྲུ་སོ་ལོ་ཉ་སྟེ་བེའུ་འགྲངས་པའི་སར་བཏགས། ཞུགས་ངམ་མམ་ལམ་ལ་དུ་ཤེར་ཟང་ཞེས་བཏགས། རྒྱལ་བློན་དེ་གཉིས་འདུས་ཏེ་འུ་ཐེན་གྱི་ཤེལ་ཆུ་འོག་མ་མན་ཆད་མདོ་ལོ་མེས་སྐར་དང་བམ་ཤེ་ཡན་དུ་རྒྱ་ནག་བཀོད་ཤེལ་ཆུ་གོང་མ་ཡན་ཆད་དུ་རྒྱ་དང་གོང་ཤེལ་ལན་དུ་རྒྱ་སར་བཀོད། ཤེལ་ཆུ་དབུས་བློན་པོ་སྟོང་རིམས་འདྲེས་པར་བཀོད་དེ་མཁར་བརྩིགས་སོ།།

ས་ནུས་ལི་ཡུལ་བཟུང་བ་ཡན་ལ་སྟོན་པ་འདས་ནས་ལོ་གཉིས་བརྒྱ་དང་སོ་བཞི་སོང་བར་ལི་ཡུལ་གྱི་ལོ་རྒྱུས་ལས་བྱུང་ཡང་། མདོ་ལས་ལོ་བརྒྱར་ཡང་ཡང་ལུང་བསྟན་པས་འདི་ནི་ཕྱེད་ལོ་བརྩིས་པར་ངེས་སོ། །ས་ནུའི་བུ་ཡེའུ་ལས་གྲོང་མངར་ལྡན་བརྩིགས། ལི་ཡུལ་བཙུགས་ནས་ལོ་བརྒྱ་རེ་ལྔ་ན་བྱམས་པས་རྒྱལ་པོ་ཡེའུ་ལའི་བུ་ལི་ཛ་ཡ་སམྦྷ་ཝར་སྤྲུལ། འཇམ་དཔལ་གྱིས་དགེ་སློང་བཻ་རོ་ཙ་ནར་སྤྲུལ་ཏེ་བྱིས་པ་ཕྱུགས་རྫི་འཇོས་དང་། མུ་ལེ་ལ་དང་པོར་ལི་སྐད་དང་ལི་ཡིག་བསླབས་ཏེ་ཀུན་ལ་དར། རྒྱལ་པོས་ཙཱ་རྨའི་གཙུག་ཁང་བརྩིགས། དེར་གཙུག་ཁང་བརྩིགས་འདོད་མང་ཆེས་པས་རྒྱལ་པོས་སངས་རྒྱས་ཀྱི་རིང་སྲེལ་སུ་ལ་ཡོད་པས་རྩིགས་ཤིག་ཞེས་བསྒྲགས་པས་གཙུག་ལག་ཁང་དང་མཆོད་རྟེན་ཀུན་ན་སྟོན་པའི་རིང་སྲེལ་བཞུགས། རྒྱལ་པོ་དེ་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་ན་དགེ་སློང་བཻ་རོས་སྟོན་པ་འཁོར་བཅས་སྤྲུལ་པ་དག་སྤྱན་དྲངས་ཏེ་རྒྱལ་པོས་མཆོད། དགེ་སློང་གིས་རྒྱལ་པོ་ལ་གཎྜི་བཏང་སྟེ་བརྡུང་དུ་བཅུག་པས་ཞག་བདུན་དུ་སྒྲ་མ་ཆད། སྟོན་པ་འཁོར་བཅས་ཀྱིས་ཞབས་རྗེས་བཞག །འཁོར་གནས་བརྟན་བཅུ་དྲུག་པོ་ལ་རིན་པོ་ཆེའི་གཤོས་ཆ་རེ་ཕུལ་བ་གཏེར་དུ་སྦས་ཏེ་ལིའི་བསྟན་པ་ནུབ་ཀར་དགེ་འདུན་གྱི་ཆ་རྐྱེན་དུ་འགྱུར་བར་བྱས། ཀླུའི་རྒྱལ་པོ་ཧུ་ལོར་གྱིས་ཁ་ཆེ་ནས་དེ་བཞིན་གཤེགས་པ་བདུན་གྱི་གདུང་བཞུགས་མཆོད་རྟེན་ཞིག་སྤྱན་དྲངས་ཏེ་ཙརྨར་བཞུགས།

དེ་ནས་རྒྱལ་རབས་བདུན་ན་བྱམས་པ་ལི་རྗེ་བི་ཛ་ཡ་བཱིརྱར་སྤྲུལ་ཏེ་གནོད་སྦྱིན་ཡང་དག་བཤེས་ཀྱིས་ལུང་བསྟན་ནས་དགྲ་བཅོམ་པ་བཞི་རྒྱ་གར་ནས་བྱོན་པའི་ཕྱིར་དུ་གུམ་ཧིར་གྱི་ལྷ་ཁང་བརྩིགས། རྒྱལ་པོ་དེའི་བུ་ཆུང་ངུ་ཞིག་གཏོར་བ་བེའུ་ཏོ་ཤན་གྱི་ལུང་ཕུ་ནས་རི་གླང་མགོའི་འོད་སྲུང་གི་མཆོད་རྟེན་གྱི་དྲུང་ན་འདུག་སྟེ་འོད་སྲུང་གི་མཆོད་རྟེན་དུ་དགྲ་བཅོམ་པས་བརྡ་སྤྲད། ལི་ཡུལ་ཆུས་གང་ཚེ་འདི་རིས་གཡོགས་ནས་མ་ཞིག་ལ་ཕྱིས་ཀྱང་རིས་གཡོགས་ནས་བྱམས་པའི་ཚེ་གསལ་བར་འགྱུར། བྱང་སེམས་ཉི་ཁྲི་ཡང་འདིར་རྟག་དུ་མཆོད་པ་མཛད་དོ་ཞེས་ལུང་བསྟན། རི་གླང་མགོའི་སྟེང་དུ་བེའུ་ཏོ་ཤན་གྱི་གཙུག་ཁང་བརྩིགས་ཏེ་བུ་ཆུང་ངུ་དེ་ཕྱིས་དགྲ་བཅོམ་ཐོབ་པས་ལི་ཡུལ་བའི་དགྲ་བཅོམ་སྔ་མ་ཡིན་པའི་ཕྱིར་ལམ་སྟོན་ནམ་མོ་གུ་དེ་ཤིར་བཏགས་ཏེ་ཕྱིས་འཕགས་པ་ཀུན་ལ་མཚན་དེར་གྲགས།

དེ་ནས་རྒྱལ་རབས་གསུམ་པ་ལ་རྒྱལ་པོ་བི་ཛ་ཡ་བྱ་བས་རྒྱ་རྗེའི་བུ་མོ་ཤཱ་རཱ་བླངས་ཏེ་དེས་དར་གྱི་སྲིན་བུའི་ས་བོན་འཚལ་བ་བསོས་པས་བློན་པོས་ཕྲ་མ་བཅུག་སྟེ་སྲིན་བུའི་ཁང་པ་མེར་བཏང༌། འགའ་ཞིག་གུད་དུ་བསོས་ནས་དར་དང་མེན་དྲི་བཏགས་ཏེ་རྒྱལ་པོ་ལ་བསྟན་པས་བསྲེགས་པས་འགྱོད་ནས་སྡིག་སྦྱོང་དུ་དགྲ་བཅོམ་པ་སངྒྷ་གོ་ཤ་སྤྱན་དྲངས་ཁོ་སྟརྱ་དང་། མ་ཞའི་མཆོད་རྟེན་དང་གཙུག་ཁང་བརྩིགས་ཏེ་དཔྱིད་ར་ལ་དུས་སྟོན་བགྱིད། རྒྱལ་པོ་དེ་ལ་བུ་སྤུན་གསུམ་གྱི་རབ་འདོན་རྒྱ་གར་དུ་ཆས། བར་མ་དགྲ་བཅོམ་ཐོབ། ཐ་ཆུང་བི་ཛ་དྷརྨས་རྒྱལ་པོ་བྱས་ཏེ་ཡུལ་འདྲོ་ཏ་རི་བྱ་བ་སྔོན་ཟླ་འོད་ཀྱིས་དབུ་བཏང་ཞིང་། ལི་ཡུལ་ལུང་སྟོན་དུས་སྟོན་པ་དང་ས་སྙིང་གིས་བྱིན་གྱིས་བརླབས་པ་ཀྵཏ་ཤོ་ཀར་འདྲོ་ཏིར་གྱི་གཙུག་ཁང་བརྩིགས།

དེའི་བུ་ཆེ་བ་འདོད་འགྲོས་རྒྱ་ཡུལ་དུ་བློན་པོ་གསོད་པ་གཅིག་གི་ཚབ་རང་གིས་བྱས་པས་ཁྲག་འོ་མར་བབ་ནས་གསོད་མ་ནུས་ཏེ་རྒྱལ་པོས་ནོར་མང་དུ་བྱིན་པ་ལས་སང་ཏིར་གྱི་གཙུག་ཁང་བརྩིགས། ལྷ་རྣམས་ཀྱིས་སྐྱེས་རབས་ཀྱི་ཟློས་གར་བྱས་ཏེ་དེང་སང་གི་བར་དུ་དར། བི་ཛ་ཡ་དྷརྨའི་སྲས་བི་ཛ་ཡ་སིདྷིས་སོམ་ཉིའི་གཙུག་ཁང་བརྩིགས། བི་ཛ་ཡ་ཀིརྟིས་བྲུ་ཉ་བརྩིགས། བི་ཛ་ཡ་སངྒྲ་མས་དྷརྨ་ཏི་ར་བརྩིགས། བི་ཛ་ཡ་སིངྷས་ཞ་སེར་མ་བརྩིགས་ཏེ་བྱམས་པའི་དུས་སྟོན་བཙུགས། དེ་ནས་རྒྱལ་རབས་བདུན་པ་བི་ཛ་ཡ་སིངྒྲ་མས་སྐུ་གཟུགས་ནམ་མཁའ་ནས་བྱོན་པ་དང་། འཇམ་དཔལ་དང་ས་སྙིང་གི་སླད་དུ་མོ་ཧོ་རའི་མཆོད་པ་བཙུགས།

དེ་ནས་རྒྱལ་རབས་ལྔ་པ་བི་ཛ་ཡ་ཀིརྟིའི་བྷ་ཉི་བརྩིགས། དེ་ནས་རྒྱལ་རབས་གསུམ་པ་བི་ཛ་ཡ་དྷ་རྨས་བོད་མཁར་དུ་བྱམས་པ་བཞེངས་ཤིང་། དེ་ཕྱིན་ལི་ཡུལ་བོད་ཀྱི་འོག་ཏུ་སོང༌། སྤྱིར་ལིའི་རྒྱལ་པོ་བདུན་པ་བི་ཛ་ཀིརྟིའི་ཚེ་དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལོ་ཉིས་སྟོང་ན་བསྟན་པ་ནུབ་པ་དང་། དེའི་ཚེ་བོད་ཡུལ་དུ་རྒྱའི་ཀོང་ཇོ་ཞིག་དང་གཙུག་ཁང་བདུན་འབྱུང་ཞིང་། རྒྱའི་རྒྱལ་པོས་ཏེའུ་ཤའི་ཆོས་ལུགས་བཟུང་ནས་རྒྱ་ནག་གི་བསྟན་པ་ནུབ་པ་དང་། གནྡྷ་ལའི་འདབས་སུ་ཀླུ་ཨེ་ལའི་འདབ་ཀྱིས་ལུས་གཏོང་བ་དང་། ལི་དང་བོད་ཀྱི་རབ་བྱུང་ཐམས་ཅད་རྒྱ་གར་དུ་ཕྱིན་ཏེ་ཀཽ་ཤམྦྷིར་[63]ཐམས་ཅད་ཕན་ཚན་དུ་གསོད་ཅིང་དེའི་ཚེ་འཛམ་གླིང་ཀུན་ཏུ་བསྟན་པ་ཉམས་པར་ལུང་བསྟན་ལ། སྤྱིར་ལི་ཡུལ་འདི་སངས་རྒྱས་ཀྱི་ཕོ་བྲང་ཉེར་གཅིག་པ་ཡིན་ནོ་ཞེས་བསྟན་འགྱུར་ན་བཞུགས་པའི་ (བསྟན་འགྱུར་དུ་བཞུགས་དགོས་རྒྱུ་ཡིན་ཡང་དེང་སང་སྣར་ཐང་བསྟན་འགྱུར་ན་མི་བཞུགས། མདོ་མང་རྙིང་པ་ཁ་ཤས་ན་ཡོད།) ལི་ཡུལ་གྱི་ལོ་རྒྱུས་ལས་གསུངས་པ་མདོར་བསྡུས་ནས་བྲིས་པའོ།།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[64]། ལི་ཡུལ་ལུང་བསྟན་པ་དང༌། གླང་རུ་ལུང་བསྟན་པའི་མདོ་སོགས་ལས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པར་ལྟར། ལི་ཡུལ་དུ་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་བདུན་ན་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བའི་བཙུན་མོ་ལ་རྣམ་ཐོས་སྲས་ཀྱིས་བསྐྲུན་པའི་བུ་ས་ལས་ནུ་མ་ནུ་བྱ་བ་ཞིག་བྱུང་བ་རྣམ་སྲས་ཀྱིས་རྒྱ་ནག་གི་རྒྱལ་པོ་ལ་བྱིན། དེ་དམག་ཁྲི་དང་བཅས་པ་འཚོལ་དུ་ཕྱིན་པ། རྒྱལ་པོ་དྷརྨ་ཨ་ཤོ་ཀའི་བློན་པོ་ཡ་ཤ་འཁོར་བདུན་སྟོང་དང་བཅས་པ་རྒྱལ་པོས་སྤྱུགས་པ་དང་གཉིས་ཀ་ལི་ཡུལ་དུ་འཛོམས་པས་ཡུལ་དེ་བཟུང༌། དེའི་བརྒྱུད་པ་བྱམས་པའི་སྤྲུལ་པ་ཛ་ཡ་སམྦྷ་ཝ་བྱ་བའི་དུས། འཇམ་དབྱངས་ཀྱིས་དགེ་སློང་བཻ་རོ་ཙ་ན་བྱ་བར་སྤྲུལ་ནས། དེས་ལི་ཡིག་བྱས་ཏེ་བསླབས། རྒྱལ་པོས་ཙཱ་རྨའི་གཙུག་ལག་ཁང་བརྩིགས། ལྷ་ཁང་དང་མཆོད་རྟེན་བཞེངས་འདོད་མཁན་མང་བས་སངས་རྒྱས་ཀྱི་རིང་བསྲེལ་བྱུང་ཚད་ལ་གཙུག་ལག་ཁང་དང་མཆོད་རྟེན་བརྩིགས། རྒྱལ་པོས་བསྐུལ་ཏེ་དགེ་སློང་བཻ་རོས་གནས་བརྟན་བཅུ་དྲུག་སྤྱན་དྲངས་ཏེ་བསྙེན་བཀུར། དེ་ནས་རྒྱལ་རབས་བདུན་པ་ལི་རྗེ་བི་ཛ་ཡ་བིརྱའི་དུས་རྒྱ་གར་ནས་དགྲ་བཅོམ་པ་བཞི་བྱོན། སྟོན་པས་ལུང་བསྟན་པའི་འོད་སྲུང་གི་མཆོད་རྟེན་དང༌། རི་གླང་མགོའི་སྟེང་དུ་གོའུ་ཏན་ཤན་གྱི་གཙུག་ལག་ཁང་བཞེངས། རྒྱལ་བུ་ཞིག་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ། དེ་ནས་བརྩམས་ཏེ་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ཆེར་དར། ཆོས་རྒྱལ་མང་དུ་བྱོན། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས་སོ། །ཞེས་དང་།

ཐུབ་དབང་ཞལ་གྱི་ཆུ་འཛིན་ལས་འོངས་པའི། །
ལུང་བསྟན་ཆར་གྱིས་གཤེར་བའི་ལི་ཡུལ་དུ། །
ལུས་ཅན་བསོད་ནམས་མྱུ་གུ་སྨིན་པའི་རྩེར། །
དམ་ཆོས་གསེར་གྱི་སྙེ་མས་ཡོངས་སུ་དུད། །

ཅེས་ཀྱང་གསུངས་པ་ལྟར། ཆོས་འབྱུང་མཁས་པའི་དགའ་སྟོན་དང་། ཐུའུ་བཀྭན་གྲུབ་མཐའ་གཉིས་སུ་གསལ་བ་ལས་དྲངས་ཏེ་འཐུས་པ་བྱས་པའོ།།  །།

ཅ། ལིའི་དགེ་ཚུལ་གཉིས་ཀྱིས་སྤྱན་རས་གཟིགས་བསྒྲུབས་པ།

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[65]། དེ་ལྟར་ཐུགས་དམ་ལྷ་ཁང་མཐར་ཕྱིན་ནས། །དགེ་བཅུའི་རྒྱལ་ཁྲིམས་བཙན་ཞིང་བརྟན་པའི་ཕྱིར། །སྤྲུལ་པའི་ཁྲིམས་ར་དངངས་ཤིང་འཇིགས་པ་བཅས། །མི་དགེ་བཅུ་ལ་སྤྱོད་ཅིང་མི་ལྡོག་པ། །དེ་དག་གཤེད་མ་འཇིགས་རུང་གིས་བཟུང་སྟེ། །མགོ་དང་ཡན་ལག་ཉིང་ལག་གཅོད་ཅིང་བཏུབ། །ལྕེ་དང་མིག་འབྲུ་ཁྲོ་ཆུས་པགས་པ་བརྙིལ། །མགོ་དང་ཡན་ལག་མིག་སོགས་ཕུང་པོར་སྤུངས། །དེ་ལྟའི་ཁྲིམས་ར་མཐོང་བས་སྐྱི་གཡའ་བ། །ལྷ་ས་ཁྲ་འབྲུག་ལ་སོགས་བོད་ཡུལ་གྱི། །ཡུལ་ལྗོངས་ཕོ་བྲང་ཀུན་ན་ཅིག་ཅར་སྣང༌། །ཡེ་ཤེས་སྒྱུ་མའི་འཕྲུལ་ཐབས་དྲག་པོ་ཡིས། །མི་དགེ་སྤྱོད་ནུབ་ཀུན་ཀྱང་དགེ་བཅུར་གནས། །དེ་ཚེ་ལི་ཡི་ཡུལ་གྱི་དགེ་ཚུལ་གཉིས། །བོད་ཡུལ་སྤྱན་རས་གཟིགས་དབང་དྲུང་སོང་ཞེས། །འཇམ་པའི་དབྱངས་ཀྱིས་མངོན་སུམ་ལུང་བསྟན་ནས། །བོད་ཡུལ་འོངས་པའི་མི་མོས་ཟློག་པའི་ཕྱིར། །དེ་ཀུན་སྤྲུལ་པའི་ཁྲིམས་ར་ཡིན་ནོ་ཞེས། །སེ་གོལ་བརྡབས་པའི་མོད་ལ་མི་སྣང་གྱུར། །སྤྱི་བོའི་འོད་དཔག་མེད་ཞལ་མངོན་སུམ་བསྟན། །སྐལ་བར་འཚམ་པའི་ཆོས་ཀྱིས་སྨིན་མཛད་དེ། །སྐད་ཅིག་ལི་ཡུལ་ཕྱིན་པར་བྱིན་གྱིས་བརླབས། །ཕྱི་མར་དགྲ་བཅོམ་གོ་འཕང་ཉིད་ལ་བཀོད། །

དེ་ཡང་ལི་ཡུལ་དུ་དགེ་ཚུལ་གཉིས་ཀྱིས་སྤྱན་རས་གཟིགས་བསྒྲུབས་པས་ནམ་མཁའ་ལ་འཕགས་པ་འཇམ་དཔལ་བྱོན་ཏེ་ཁྱེད་གཉིས་སྤྱན་རས་གཟིགས་ལྟ་བར་འདོད་ན། ད་ལྟ་བོད་ཀྱི་ཡུལ་ན་རྒྱལ་པོར་སྤྲུལ་ནས་བཞུགས་ཀྱི་དེར་སོང་ལ་ལྟོས་ཤིག །ཅེས་ལུང་བསྟན་ཏེ་མི་སྣང་བར་གྱུར། དེ་མ་ཐག་ཏུ་གསེག་ཤང་དང་ལྷུང་བཟེད་ཐོགས་ཏེ་བོད་དུ་འོངས། ཐོག་མར་ཁྲ་འབྲུག་ཏུ་ཕྱིན་པས་ཆད་པ་གཅོད་པ་སྔ་མ་དང་ཐུག་སྟེ་མགོའི་ར་བ་དང་མིག་གི་ཕུང་པོ་སོགས་འདུག་པས་འདི་ལྟ་བུ་ཅི་ཡིན་སུས་བྱས་དྲིས་པས་རྒྱལ་པོས་ཁྲིམས་མཛད་པ་ཡིན་ཟེར་བས་མ་དད་སྟེ་འཕགས་པ་འཇམ་དཔལ་མ་ཡིན་བདུད་འདུག་པ་ཟེར་ནས་ལོག་སྟེ་མགོའི་ར་བ་ལ་དབུ་རར་མིང་ཆགས།

ཡང་ལྷ་ས་དང་ཉེ་བར་སླེབས་ཏེ་བོན་པོ་ཞར་བ་རྟ་ཞོན་པ་ཞིག་བྱུང་བ་ལ་ལི་ཡུལ་དུ་འགྲོ་བའི་ལམ་དྲིས་པས་ང་རྒྱལ་པོའི་ལྷ་ཁང་རྩིག་པའི་ཕོ་ཉ་ལ་རིངས་པར་ཡོད། སྟོན་མི་ཁོམ་ཟེར་ནས་སོང༌། སྟོད་ལུང་མདའི་ཆུ་འགྲམ་ན་མི་རོ་མགོ་མེད་དང་མིག་མེད་སོགས་མང་དུ་འདུག །ལྷ་སར་སླེབས་པས་ནུབ་ཕྱོགས་ཀྱི་ལྕགས་རིའི་ཁ་ན་ཆད་པ་གཅོད་པ་རྒྱུན་མི་ཆད་པར་མཐོང་བས་སྤྱན་རས་གཟིགས་ག་ལ་ཡིན་ཟེར་ནས་ཕྱིར་ལོག །དན་འབག་གི་ཐང་ལ་སླེབས་ཚེ་རྒྱལ་པོས་མཁྱེན་ཏེ་བློན་པོ་གཅིག་ལ་རྟ་གུ་རུབ་ནག་པོ་བསྐྱོན་ནས་དན་འབག་གི་ཐང་ལ་མི་ངེད་རང་དང་ཆ་བྱད་མི་འདྲ་བ་སྐྲ་བྲེགས་པ་གོས་ངུར་སྨྲིག་གྲུ་བཞི་གྱོན་པ་གཉིས་འགྲོ་ཞིང་ཡོད་དེ་ཁྲིད་ལ་ཤོག་གསུངས་ཏེ་སྤྱན་སྔར་ཁྲིད་ཕྱིན་པས་རྒྱལ་པོས་དེ་གཉིས་ཀྱི་ཞབས་ལ་ཕྱག་མཛད་དེ་ཁྱེད་གཉིས་གང་ནས་འདིར་ཅི་བྱེད་དུ་འོངས་གསུངས་པས་དེ་གཉིས་ན་རེ་བདག་ཅག་གཉིས་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ནས་སྤྱན་རས་གཟིགས་བལྟར་མཆིས་པ་ལགས་ཏེ་ཟེར། འོ་ན་ཁྱེད་གཉིས་སྤྱན་རས་གཟིགས་བལྟ་བར་འདོད་དམ་གསུངས་པས་དེ་དང་འཚལ་དེ་ཟེར། དེར་ནུབ་ཕྱོགས་བྱེ་མའི་གླིང་ལ་ཁྲིད་དེ་ལ་ཐོད་ཕུད་ནས་ཨ་མི་ཏཱ་བྷའི་ཞལ་བསྟན་ཞལ་བཅུ་གཅིག་པ་དངོས་སུ་བསྟན་ཡང་ཟེར། ཁྱེད་སྤྱན་རས་གཟིགས་སེམས་ཅན་འདི་ཙམ་གསོད་པ་ཙུག་ལགས་ཞུས་པས་བོད་མི་འདི་རྣམས་ཞི་བས་མི་འཐུལ་བས་སྤྲུལ་པ་བྱས་པ་ཡིན་གསུངས་ཏེ་སེ་གོལ་བརྡབས་པས་ཁྲིམས་ར་དང་གཤེད་མ་སོགས་མི་སྣང་བར་གྱུར། དེ་གཉིས་ཡིད་ཆེས་ནས་གདམས་པ་ཞུས་པས། ལུས་ཀྱི་མི་དགེ་བ་གསུམ་སྤོངས་ལ་ཕྱག་དང་སྐོར་བ་བྱེད་ཅིང་མཐོ་རིས་ཀྱི་གཞི་རྟེན་ཚུལ་ཁྲིམས་བསྲུངས་ལ་བསླབ་གསུམ་དང་མི་འབྲལ་བར་གྱིས་ཤིག །ངག་གི་མི་དགེ་བ་བཞི་སྤོངས་ལ་སངས་རྒྱས་དང་དམ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པ་ཟློས་ཤིག །ཡིད་ཀྱི་མི་དགེ་བ་གསུམ་སྤོངས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་བྱམས་པ་དང་སྙིང་རྗེ་དྲག་པོས་བདག་གཞན་བརྗེ་བའི་བློ་སྒོམས་ཤིག །ཆོས་བཟང་པོ་ལས་བསམ་པ་བཟང་པོ་ལྷག་པ་ཡིན་ནོ། །འདི་གསུམ་དང་ལྡན་ན་བྱང་ཆུབ་འགྲུབ་ལ་མི་ལྡན་ན་མདོ་རྒྱུད་མན་ངག་ཐམས་ཅད་བློ་ནས་འདོན་དུ་ཡོད་ཀྱང་སྙིང་པོ་མེད་དོ་ཞེས་གདམས་ཤིང་། གཞན་ཡང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དུ་མ་གསུངས་སོ། །དེ་ནས་དེ་གཉིས་ཀྱིས། ཀྱེ་མ་ཆོས་རྒྱལ་སྤྲུལ་པའི་སྐུ། །ཨཱརྱ་པ་ལོ་ཐུགས་རྗེ་ཅན། ། ཡུལ་དུ་འགྲོ་བས་སྐྱེལ་མ་ཞུ། ། ཞེས་ཞུས་པས་ཁྱེད་གཉིས་ཡུད་ཙམ་གྱིས་ཕྱིན་པར་འདོད་དམ་གསུངས། འཚལ་ལོ་ཞུས་པས་ཐུ་བར་བྱེ་མ་བྲེ་རེ་བླུགས་ཏེ་སྤྱི་བོར་ཕྱག་བཞག་ནས་བྱིན་གྱིས་བརླབས་པའི་མོད་ལ་རང་ཡུལ་དུ་སླེབས་ཏེ་བྱེ་མ་གསེར་དུ་གྱུར་ནས་སྣང༌། དེ་ཕྱིན་ལི་ཡུལ་ཐམས་ཅད་དུ་བོད་ཀྱི་རྒྱལ་པོ་ནི་སྤྱན་རས་གཟིགས་དངོས་སོ་ཞེས་གྲགས། དེ་གཉིས་ཕྱི་མར་དགྲ་བཅོམ་པ་ཐོབ་སྟེ་ཐེ་ཚོམ་ཟོས་པས་དངོས་གྲུབ་ཕྱི་མར་འགྱངས་པའོ། །འདི་ལ་འཇམ་དཔལ་བསྒྲུབས་པས་ང་དང་ལས་འབྲེལ་མེད་ཀྱིས་སྤྱན་རས་གཟིགས་ཀྱི་དྲུང་དུ་སོང་ཞེས་ཀྱང་སྣང་ངོ༌།།  །།

ཆ། ལིའི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན།

༡ ལིའི་སྐད་ནས་བཀའ་བསྟན་བསྒྱུར་ཞུས་ཀྱི་བྱུང་རབས།

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[66]

ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །
པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་ཏེ། །
མཁས་པའི་ལོ་ཙཱ་དུ་མས་རྒྱ་གར་ནག །
ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །
ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །

ཞེས་དང་། དེ་བཞིན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[67]། དེ་ནས་གཅུང་ཁྲི་ལྡེ་བཙན་ལོ་བཞི་པ་ལ་རྒྱལ་སྲིད་གཏད་པས། སད་ན་ལེགས་ཞེས་གྲགས་ཏེ། དེས་སྐར་ཆུང་རྒྱལ་སྡེ་བཞེངས། ཆོས་སྲོལ་ཆེར་མཛད་དོ། །དེ་ལ་སྲས་ལྔ་འཁྲུངས་ཏེ། ཁྲི་ལྡེ་སྲོང་བཙན་རལ་པ་ཅན། གཙང་མ་དང་། ཁྲི་དར་མ་ཨུ་དུམ་བཙན། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན་རལ་པ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་དེས། དགུང་ལོ་བཅོ་བརྒྱད་ལོན་པ་ལ་ཆབ་སྲིད་བཟུང་སྟེ། ཕོ་བྲང་འུ་ཤང་རྡོ་རྒྱ་ཕིབས་དགུ་ཐོག་མ་བཞེངས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། མཁན་པོ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉམ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྡ་ལ་སོགས་པས་ཆོས་ཀྱི་སྐད། བོད་ལ་མ་གྲགས་པའི་མང་དག་ཅིག་བྱུང་ཞིང་། རྒྱ་དང་། ལི་དང་། ཟ་ཧོར་ལ་སོགས་པ་སྣ་ཚོགས་ནས་བསྒྱུར་བས། བརྡ་མི་འདྲ་བ་མང་པོས་ཆོས་བསླབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏཱ་དང་། དྷརྨ་ཏ་ཤཱི་ལ་དང་། ལོ་ཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སི་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣ་ཏྲ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཅིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་། ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག །ཅེས་བཀའ་སྩལ་ཏེ། སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་། བཀས་བཅད་རྣམ་པ་གསུམ་མཛད་དེ། སྡེ་པ་བྱེ་བྲག་ཏུ་གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་དང་། གསང་སྔགས་རྣམས་མ་སྒྱུར་ཅིག་ཅེས་བཀས་བཅད་དོ། །ཞེས་གསལ་བ་ལྟར། རྒྱ་དང་། ལི་དང་། ཟ་ཧོར་སོགས་ཀྱི་སྐད་ནས་བསྒྱུར་བར་གསལ་ལོ།།

དེ་བཞིན་བུ་སྟོན་ཆོས་འབྱུང་ལས[68]། དེ་ལྟར་མདོ་སྡེ་དང་། རྒྱུད་སྡེ་དང་། དེ་དག་གི་དགོངས་འགྲེལ། རྒྱ་གར་དང་། ཁ་ཆེ་དང་། གསེར་གླིང་དང་། སིངྒ་གླིང་དང་། ཨུ་རྒྱན་དང་། ཟ་ཧོར་དང་། བལ་པོ་དང་། ལི་དང་། རྒྱ་དང་། བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པ་དང་བསྒྱུར་བའི་རྣམ་གྲངས་རྣམས་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་། དེའི་རྗེས་ཀྱི་བསམ་ཡས་འཆིང་ཕུའི་དཀར་ཆག་དང་། དེའི་རྗེས་ཀྱི་འཕང་ཐང་ཀ་མེད་ཀྱི་དཀར་ཆག་དང་། ཕྱིས་སྣར་ཐང་གི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དང་། ལོ་ཙཱ་བ་ཆེན་པོས་བསྒྱུར་བ་དང་མཛད་པའི་དཀར་ཆག་དང་། ཀླུ་མེས་ལ་སོགས་པའི་མདོ་རྒྱུད་ཀྱི་རྣམ་དབྱེ་དང་། ཁྲིགས་ཀྱི་དཀར་ཆག་ལ་སོགས་པ་གཞིར་བྱས་ནས། དེའི་སྟེང་དུ་ཕྱིས་འགྱུར་བ་དང་། དགོན་པ་སོ་སོའི་དཔེ་ཅི་རིགས་པར་མཐོང་བའི་ནང་ནས། མ་ཆུད་པ་ཇི་སྙེད་དང་། ཚད་མར་གྱུར་པའི་ངག་ལས་ཐོས་པ་རྣམས་བསྣན་ནས། དཀར་ཆག་ཏུ་བྲིས་པའོ། །འདི་ལ་དོར་བར་བྱ་བ་ཤིན་ཏུ་ཉུང་ཞིང་། དྲི་མ་མེད་པའི་བཀའ་བསྟན་བཅོས་རྙེད་ན་ད་དུང་མང་དུ་བསྣན་པར་བྱའོ། །ཞེས་པ་དང་། དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[69]། བོད་དུ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཐོན་མི་སམ་བྷོ་ཊ་ནས། ཉེ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་ ༧༠༠ ལྷག་ཙམ་བྱུང་ཞིང་། ཁོང་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆེན་པོ་ལྔ་དང་། གསང་སྔགས། སྒྲ། ཚད་མ། བཟོ། གསོ་བ་རིག་པ། སྐར་རྩིས། སྙན་ངག །མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ཀྱི་གཞུང་ཧ་ཅང་པོ་ཞིག་རྒྱ་གར་དང་། རྒྱ་ནག །ཁ་ཆེ། ལི་ཡུལ། ཞང་ཞུང་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞེས་གསུངས་པ་ལྟར། ལི་ཡུལ་གྱི་མཚོན་པའི་ཡུལ་གྲུ་ཁག་གི་མཁས་པ་རྣམས་ཀྱིས་མཛད་པ་དང་བསྒྱུར་བའི་ཚུལ་ཞལ་གསལ་འཁོད་པ་ལྟར་རོ།།

༢ ལི་ཡུལ་གྱི་སྐད་ནས་བོད་འགྱུར་གྱི་བཀའ་བསྟན།

༡) རྒྱལ་བའི་བཀའ་འགྱུར།

ལི་ཡུལ་གྱི་སྐད་ནས་བོད་འགྱུར་ལ། ལིའི་མཁན་པོ་སུརེནྡྲ་ཀར་པྲ་བྷ་སོགས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའ་ལ་སོགས་པས་ལི་ཡུལ་གྱི་སྐད་ནས་བོད་བསྒྱུར་བྱས་པ་ཇི་ཙམ་ཡོད་ཅེ་ན། བཅོམ་ལྡན་རིག་རལ་གྱི་དཀར་ཆག་དེ་ཉིད་ལས། ༡༽ མ་སྐྱེས་དགྲའི་བུ་མོ་ལྷ་མོ་དྲི་མ་མེད་པ་འོད་ཀྱིས་ཞུས་པ་དང་། ༢༽ ལི་ཡུལ་ལུང་བསྟན་པ། ༣༽ གླང་རུ་ལུང་བསྟན། ༤༽ སྦྱངས་པའི་ཡོན་ཏན་བཤད་པ། ༥༽ ཟས་ཀྱི་འཚོ་བ་རྣམ་དག་གི་མདོ། ༦༽ མཁར་སིལ་གྱི་མདོ། ༧༽ ཏིང་ངེ་འཛིན་མཆོག་གི་མདོ། ༨༽ རྒྱལ་པོ་དོན་གྲུབ་ཀྱི་མདོ། ༩༽ རྟ་སྐད་བྱང་ཆུབ་སེམས་དཔའི་མདོ། ༡༠༽ བསམ་གཏན་གྱི་མདོ། ༡༡༽ སྨོན་ལམ་གྱི་མདོ། ༡༢༽ མོད་གལ་མ་འཚོས་པའི་མདོ། ༡༣༽ རྟ་མགྲིན་ནམ་ས་བཀོད་པའི་མདོ། ༡༤༽ དགེ་བ་བཅུ་དང་དུ་བླངས་པའི་མདོ། ༡༥༽ དགེ་མི་དགེ་ལས་ཀྱི་རྣམ་སྨིན་གྱི་མདོ། ༡༦༽ རྒྱལ་པོ་ཀུན་ཏུ་དགེ་བའི་མདོ། ༡༧༽ ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༡༨༽ སྣང་བརྒྱད་རིགས་གཅིག་ཅེས་པའི་བར་མདོ་བཅས་སོ།།

དེ་བཞིན་བུ་སྟོན་ཆོས་འབྱུང་ལས་ཀྱང་། སྣང་བརྒྱད་ཅེས་བྱ་བའི་རིག་སྔགས། ལི་ལས་བསྒྱུར་བ་འདི་འཕང་ཐང་མར་བཀའ་ཡང་དག་ཏུ་མཛད་མོད་ཀྱི་བརྟག་པའི་གཞིའོ། །དེ་བཞིན་འཕང་ཐང་མར་མེ་འགལ་འཚོ་བའི་མདོ། རྟ་མགྲིན་བཀོད་པའི་མདོ་ཞེས་པ་ལི་ལས་བསྒྱུར་བ་ཡོད་པར་བཤད་དེ། མདོ་སུམ་བརྒྱ་བརྒྱད་ཅུ་རྩ་གཅིག་མ་རྙེད་པར་ལྔ་བཅུ་ང་བདུན་ནམ་ང་དགུ་ལ་སོགས་པ་འགྱུར་ལ། ཀོའུ་ཤི་ཀ།།བློ་གྲོས་བཟང་མོ་ཆུང་བ། ལྗོན་ཤིང་གི་མདོ་ལ་སོགས་པ་ས་སྐྱ་པཎྜི་ཏ་དང་ཀླུ་མེས་ལ་སོགས་པས་མདོ་ཡང་དག་ལྟར་སྣང་ཕྱེ་བ་བཞིན་རྟོགས་པར་བྱའོ། །ཞེས་ཀྱང་གསལ་ལོ།།

༢) དགོངས་འགྲེལ་གྱི་བསྟན་འགྱུར།

༡༩༽ དེ་ནས་བསྟན་བཅོས་ལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་དང་། ༢༠༽ ལངྐར་གཤེགས་པའི་ཊཱིཀཱ་བཅས་ཡིན་ནོ། །དེ་ཉིད་ལས། ལི་ཡུལ་ཡང་དེར་ཆགས་སོ་གངས་ཀྱི་རྒྱབ་ན་ཡོད་ཅེས་གསུངས་པ་ཡུལ་གང་ཡིན་གསལ་པོ་མེད། དེང་གི་མཁས་པ་རྣམས་ཀྱིས་གསུངས་པ་ལ་གཞིགས་ན་ལི་ཡུལ་ནི་བོད་ཀྱི་ནུབ་ཕྱོགས་ན་ཡོད་པའི་ཡུལ་ཨཕགཱནི་སྟཱན་གྱི་ནང་ཡོད་ཅེས་བཞེད་པ་ཞིག་ཀྱང་སྣང་བས་དཔྱད་གཞིར་འཚལ།

སྡེ་བསྟན་དཀར་ཆག་ལས[70]། ༡༽ སྤྲིང་ཡིག ༼ངེ༽ པར་བཞུགས་པའི་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་གནས་ཚུལ་དང་ཐ་མར་ནུབ་ཚུལ་སྟོན་པ། དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་དང་། ༢༽ ལིའི་ཡུལ་ལུང་བསྟན་པ་ཞེས་བྱ་བ་གཉིས་བཞུགས་ལ། གོང་མ་དང་འདི་གཉིས་ལི་ཡུལ་ནས་འགྱུར་བ་ཡིན་པ་འདྲའོ། །ཞེས་སྡེ་བསྟན་དཀར་ཆག་ཏུ་གསལ་བས་དཔྱད་དགོས་པར་སྣང་ལ། མདོར་ན་ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྒྱལ་བའི་བཀའ་འགྱུར་ཁྲོད་ཆོས་ཚན་ ༡༨ དང་། དགོངས་འགྲེལ་གྱི་བསྟན་འགྱུར་ཁྲོད་དུ་བཞུགས་པ་ཆོས་ཚན་གཉིས་ལས་མི་སྣང་ལ། དེ་གཉིས་ལས་གཅིག་ནི་མཁས་མཆོག་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་འདི་ཉིད་ཡིན་པས། སྐབས་འདིར་ལི་ཡུལ་སྐོར་ཞིབ་ཙམ་བཀོད་དོན་ཡང་འདི་ལས་འཕྲོས་པའོ།།  །།

དཔྱད་ཡིག་དང་ཞབས་མཆན། 

 

[1] མཁས་པའི་དགའ་སྟོན་ལས། (ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག  ༡༣༨༣) གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་ནམ་ལྷ་མོ་དྲི་མེད་པའི་འོད་ལུང་བསྟན་པ་ཞེས་བྱ་བའི་མདོ་གསུངས། ཞེས་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ཞེས་བྱ་བའི་མདོ་དང་། ལི་ཡུལ་ལུང་བསྟན་པའི་མདོ་གཉིས་དོན་གཅིག་པར་གསུངས། བམ་པོ་བཞི་ཅན་གྱི་མདོ་སྡེ་དགེ་བཀའ་འགྱུར་གྱི་མདོ་མང་པོད་ ༼པ༽ པའི་ནང་བཞུགས་ལ། ལི་ཡུལ་ལུང་བསྟན་པ་ནི་སྡེ་དགེ་བསྟན་འགྱུར་སྤྲིང་ཡིག་ ༼ངེ༽ པར་བཞུགས་པས་བཀའ་བསྟན་གྱི་ཁྱད་པར་མཆིས་སོ།།

[2] ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ། འཇང་བཀའ་འགྱུར། པོད་གྲངས་ ༥༤ ཤོག་གྲངས་ ༢༡༥ན

[3] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼བ༽ དེབ་ཨང་། ༥༩ པ། ༢༠༠༩ ལོ། ཤོག་གྲངས་ ༥༩༨

[4] རྒྱལ་རབས་དེབ་ཐེར་དཀར་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༢༡

[5] བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ། དང་པོ། ༡༩༧༦ ལོ། ཤོག་གྲངས་ ༢༧༤

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༥༦

[7] བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༥༢

[8] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གསལ་གླིང་། ༡༩༩༤ ལོ། ཤོག་གྲངས་ ༤༠༩

[9] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༨༡

[10] བཀའ་འགྱུར་གྱི་བཞུགས་བྱང་དཀར་ཆག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག ༣༤༥

[11] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༠

[12] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༣༨༨

[13] སུ་ན་ཤྲཱི་བྷ་དྲ་ཡིས། །ཤིང་ཀུན་དྲུང་དུ་ཆུ་སྦྲུལ་གྱི། །དབྱར་ཟླ་ར་བའི་ཉ་ཆེན་ལ། །འགྲོ་བའི་དོན་དུ་མདོ་བཞིན་སྦྱར། །

[14] ཐུགས་ཀྱི་རྟེན་འཕགས་པ་ཤིང་ཀུན་གྱི་དཀར་ཆག །པོད། བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡བ༦

[15] ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་།  སྟོད་ཆ། ༡༩༨༦ ལོ། ཤོག་གྲང་ས ༡༨༩

[16] རྒྱ་བོད་ཆོས་འབྱུང་མཁས་པ་དགའ་བྱེད། སྟོད་ཆ། དཔེ་གཟུགས། ཤོག་གྲངས་ ༥༩བ༡

[17] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག ༡༣༨༧

[18]གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་ལ་དུམ་བུ་བཅུ་གཉིས་བཅད་པའི་དུམ་བུ་སོ་སོར་རྒྱ་མཚོ་དང་འབྲེལ་བའི་ཆུ་བོ་ཆེན་པོ་རྣམས་ཀྱིས་བསྐོར་བའི་ཕྱོགས་བཞིའི་དབུས་སུ་ཤར་དུ་རླུང་གི་རང་བཞིན་གྱི་གླིང་ཟླ་གམ། ལྷོར་མེ་ཟུར་གསུམ། ནུབ་ཏུ་ཆུ་ཟླུམ་པོ། བྱང་དུ་ས་གྲུ་བཞིའི་དབྱིབས་དང་། རྒྱ་ཁྱོན་གྱི་ཚད་རིམ་བཞིན་དཔག་ཚད་བདུན་སྟོང་། བརྒྱད་སྟོང་། དགུ་སྟོང་། ཁྲི་ཕྲག་དག་ཏུ་ཡོད་པའི་གླིང་ཆེན་པོ་རེ་རེ་ལ་གླིང་ཕྲན་གཉིས་རེས་བསྐོར་ནས་ཟླུམ་པོ་པདྨའི་འདབ་མའི་རྣམ་པར་གནས་སོ། །དེས་ན་ལྷོ་གླིང་གསུམ། ནུབ་གླིང་གསུམ། བྱང་གླིང་གསུམ། ཤར་གླིང་གསུམ་རྣམས་སུ་གྱུར་པའི་ཚེ། དེ་རྣམས་ཀྱི་མིང་ཡང་། ལྷོ་གླིང་ཤར་མ། ལྷོ་གླིང་དབུས་མ། ལྷོ་གླིང་ནུབ་མ་ཞེས་འདོགས་པ་ལས། མངོན་པ་ལྟར་རྔ་ཡབ་སོགས་ཀྱི་ཐ་སྙད་འདིར་མི་བཞེད་དོ། །གླིང་ལྷོ་མ་གསུམ་ལ་འཛམ་གླིང་ཆུང་ངུ་ཞེས་བཤད་པའི་ལས་ས་དུམ་བུ་གསུམ་གྱི་ལྷོ་གླིང་དབུས་མ་ཕྱེད་དུ་བགོས་ནས་དེའི་བྱང་མ་དེ་ཡང་དུམ་བུ་དྲུག་ཡོད་པའི་རིམ་བཞིན། ལྷོ་ནས་རྒྱ་གར་དང་། བོད། ལི་ཡུལ། རྒྱ་ནག །ཤམྦྷ་ལ། གངས་ལྡན་རྣམས་གནས་སོ། །དེ་བཞིན་དུས་འཁོར་བསྡུས་རྒྱུད་དང་དེའི་འགྲེལ་ཆེན་དྲི་མེད་འོད་དུ་ནམ་མཁའི་གཟའ་སྐར་གྱི་གོ་ལ་དང་བསྟུན་ནས་སའི་དུས་བཞི་འབྱུང་ཚུལ་འཆད་ཞོར་ལ་འཛམ་གླིང་ལྷོ་གླིང་དབུས་མ་འདིར་ལྷོ་ནས་བྱང་དུ་རིམ་པར་རྒྱ་གར་བོད་ལི་ཡུལ་རྒྱ་ནག་ཀེ་ལ་ཤ་གངས་ཅན་དྲུག་ཡོད་པར་གསུངས།

[19] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༥༦

[20] རྒྱགས་བརྔན་ལྷ་བསང་། སློབ་དཔོན་པདྨས་མཛད། དཔེ་ཐུང་། ཤོག་གྲངས་ ༡༨ན༢

[21] བརྒྱགས་བརྔན་ཆེན་མོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༡༠ ལོ། ཤོག་གྲངས་ ༤༩

[22] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས། ༡༦༢

[23] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༩༢༧

[24] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲང་ས ༤༥

[25] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། ཤོག་ངོས་ ༢༤ པ་དང་། ༦༨ པར་གསལ།

[26] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། ཤོག་ངོས་ ༦༩ པར་གསལ།

[27] ཁོ་བོ་ ༡༩༨༨ ལོར་ཡུལ་དེར་སླེབས་ནས་དངོས་སུ་མཇལ་མྱོང་།

[28] རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༡༤༧-༡༥༡

[29] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༤༦

[30] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག ༡༦

[31] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག ༣༠༣

[32] དུས་འཁོར་རྩ་རྒྱུད་ལས་རྒྱ་གར་ནས་བྱང་ཕྱོགས་སུ་རིམ་བཞིན་བོད་དང༌། ལི་ཡུལ། རྒྱ་ནག ཤམ་བྷ་ལ། གངས་ལྡན་བཅས་ཡུལ་དྲུག་ཡོད་པར་གསུངས་ཡོད།

[33] རྒྱལ་རབས་དེབ་ཐེར་དཀར་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག ༣༢༠

[34] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱུན། བློ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་གྲངས་ ༤༠༩

[35] ལྷ་རྣམས་མཉེས་པར་བྱེད་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ། རྣམ་རྒྱལ་གྲྭ་ཚང་། དཔེ་ཐུང་། ༡༩༩༣ ལོ། ཤོག་ ༡༠བ༢

[36] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས། ༢༨༦

[37] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག ༡༩༥༦

[38] ལ་དྭགས་མར་ཡུལ་གྱི་སྔོན་རབས་ཀུན་གསལ་མེ་ལོང་། བཀྲ་ཤིས་རབ་རྒྱས། ༢༠༠༦ ལོ། ཤོག ༣༥

[39] བོད་སྐད་དུ། ལི་ཡུལ་ལྕང་ར་སྨུག་པོ་དང་། ཁོ་ཏཱན་དབྱིན་སྐད་དུ་ (khotan) རྒྱ་སྐད་དུ། (和阗(今和田一带)

[40] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་བཞི་པ། ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་ ༢༣༣

[41] མཛོད་དེབ་ (Funk & Wagnalls, New Encyclopedia) ཞེས་པར་གཞི་བྱས་ཏེ་བཀོད།

[42] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༥༦

[43] ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་གསུང་འབུམ། པོད། ༼༣༽ བྲིས་མ། ཤོག་གྲངས་ ༡ན༣

[44] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༧༢

[45] བོད་ཡིག་ཚིག་གཏེར་རྒྱ་མཚོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༣ ལོ། ཤོག་གྲངས་ ༣༠༣

[46] སྡེ་བསྟན་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥

[47] སངས་རྒྱས་པའི་རྒྱལ་ས་རྣམས་ཀྱི་དེབ་ཐེར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༥

[48] བོད་ཀྱི་དྲི་ལན་དྲ་མཛོད་དང་། སྦལ་ཏིའི་ཡུལ་དུ་བོད་ཡིག་བསྐྱར་གསོ་སོགས་ལས་ལེགས་བཏུས་ཀྱིས་བཀོད་པའོ།།

[49] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ དེབ་གཟུགས། ཤོག་གྲངས་ ༩༡

[50] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༠༦

[51] གླང་རུ་ལུང་བསྟན་པའི་མདོ། མདོ་བམ་པོ་གཅིག་པ། བཀའ་འགྱུར། མདོ་སྡེ་ ༼ཨ༽ པའི་ནང་བཞུགས། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལས། རི་གླང་རུ་ལུང་བསྟན་ཞེས་སྣང་བ་ལྟར་རོ།།

[52] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ་ ༼ཨཿ༽ དེབ་ཨང་ ༧༦ པ། ཤོག་གྲངས་ ༦༤༨

[53] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼བ༽ དེབ་ཨང་ ༥༩ པ། ༢༠༠༦ ལོ། ཤོག་གྲངས་ ༥༨༤

[54] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼བ༽ དེབ་ཨང་ ༥༩ པ། ༢༠༠༦ ལོ། ཤོག་གྲངས་ ༥༨༧

[55] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼བ༽ དེབ་ཨང་ ༥༩ པ། ༢༠༠༦ ལོ། ཤོག་གྲངས་ ༥༩༩

[56] བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག ༼ངེ༽ དེབ་ཨང་ ༩༦ པ། ཤོག་གྲངས་ ༡༠༥༡

[57] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ དེབ་གཟུགས། ཤོག་གྲངས། ༩༡

[58] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས། ༧༥

[59] བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ། དང་པོ། ༡༩༧༦ ལོ། ཤོག་གྲངས་ ༡༤༦

[60] འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། གསུང་འབུམ། ༼ཁཀ༽ དཔེ་རིང་། ༡༩༧༣ ལོ། ཤོག་ ༥༩བ༡

[61] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༣༨༣

[62] འཛམ་གླིང་རྒྱས་བཤད་ལས། རྒྱ་གར་གྱི་བྱང་མཐའ་ནས་བཙོང་ (ཙོ་) ལ་ཆེན་པོའི་བར་དེར་ལི་ཡུལ་བལ་ཡུལ་བོད་ཁ་བ་ཅན་གྱི་ལྗོངས་སོགས་ཡོད། དེ་ལས་ལི་ཡུལ་དགེ་བ་ཅན་གྱི་གྲོང་ཁྱེར་དགེ་བ་ཅན་དང་ཉེ་བར་རི་གླང་རུའི་ནུབ་ངོས་སུ་ཆུ་ཀླུང་གོ་མའི་འགྲམ་ན་སངས་རྒྱས་འོད་སྲུང་གི་ཤ་རི་ར་ནང་དུ་ཞུགས་པའི་མཆོད་རྟེན་གོ་མ་སཱ་ལ་གནྔྷ་ཞེས་པ་ཡོད། དེང་སང་རྒྱ་ཡུལ་ནའང་དེ་དག་ཏུ་གྲགས་པ་སྣང་ངོ་། །ཞེས་གསལ།།

[63] དེ་ནི་རྒྱ་གར་གྱི་གནས་མཆོག་ཅིག་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཀཽ་ཤམྦིའི་ཤུལ་ཡོད། དེང་སང་ཡང་ཀོ་ཤམ་ཟེར། དེར་མྱ་ངན་མེད་ཀྱི་རྡོ་རིང་དང་། ཞིང་གི་དཀྱིལ་ན་སྔོན་གྱི་གྲོང་ཁྱེར་གྱི་ལྕགས་རི་གསལ་ཙམ་ཡོད། འདིར་བློན་པོ་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་ལོ་གཅིག་བཞུགས། ཀཽ་ཤམྦི་ནས་ལྷོ་ཕྱོགས་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང་ཞེས་གསུངས་སོ། །(དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༩༦) ཐོག་གསལ་ལོ།།

[64] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༦༠

[65] ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་།  སྟོད་ཆ། ༡༩༨༦ ལོ། ཤོག ༢༤༣

[66] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས། ༣༥༨

[67] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག ༡༩༠

[68] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག ༣༡༤

[69] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༧༣

[70] སྡེ་བསྟན་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག ༣༨༢

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།