[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་མི་ལོ་སྟོང་ཕྲག་ལ་ཉེ་བའི་ཡར་སྔོན་གྱི་མར་པ་ལོ་ཙཱ་བའི་རྣམ་ཐར་དང་། གནའ་བོའི་བོད་ཀྱི་སྐད་ཆའི་སྦྱོར་བ་ཤས་ཆེ་བའི་ལ་དྭགས་ཡུལ་སྐད་བཅས་ཀྱི་ཁྲོད་དུ་འབྱུང་བའི་ཚིག་ཕྲད་དང་སྒྲའི་ཐུན་མོང་མིན་པའི་སྤྱོད་སྒོ་འགའ་ཞིག་དམིགས་ཀྱིས་གླེང་ཞིང་། ཕྱིས་ཀྱི་དུས་རབས་བཅུ་བདུན་པའི་ནང་པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མི་རྟག་པ་ཡིན་པའི་རྒྱུ་མཚན་དུ་བྱས་པ་འགོད་པ་ལྟ་བུར་བྱས་པ་དང་མི་རྟག་ཅེས་དང་སྒྲ་སྦྱོར་བ་ཡུལ་སྐད་དོན་མཐུན་རྣམས་སུ་མ་འཆོལ་བར་ཡོད་པར་གསུངས་པའི་དཔེ་མཚོན་ལ་ཏུན་ཧོང་ཡིག་རྙིང་དུ་འབྱུང་བའི་རྒྱུ་མཚན་ཅན་གྱི་དང་སྒྲའི་དཔེ་འགའ་ཞིག་ཁོལ་ཕྱུང་དུ་དྲངས་ཏེ། སླད་མར་འདི་ལྟ་བུའི་སྔོན་གྱི་ཡིག་རྙིང་ཤོག་དྲིལ་དང་། མཁས་པའི་རྣམ་ཐར་སོགས་སུ་འབྱུང་བའི་གནའ་བོའི་བོད་སྐད་ཀྱི་སྦྱོར་བ་ལས་མངོན་པའི་ཚིག་ཕྲད་ཀྱི་འཇུག་སྒོ་དག་སྣང་མེད་ཅམ་འཇོག་མི་བྱེད་པར་བརྗེད་བྱང་ལྟ་བུར་གུད་དུ་ཡིག་འཇོག་བྱེད་ཐུབ་ན་དགེ་མཚན་བླ་ལྷག་ཏུ་ཆེ་བའི་འདོད་ཚུལ་བཅས་བསྟན་ཡོད།
[ཐ་སྙད་གཙོ་བོ] དང་སྒྲ། ང་དང་། མར་པའི་རྣམ་ཐར། ཏུན་ཧོང་ཡིག་རྙིང་། ལ་དྭགས་ཡུལ་སྐད།
གླེང་གཞི།
དཔའ་ཞིང་ངར་ལ་དེས་ཤིང་མཛངས་པའི་རང་ཅག་ཁ་བ་གངས་ཅན་པའི་ཡབ་མེས་གོང་མ་དག་གིས་ང་ཚོས་ཚེ་གང་བོར་བཀླགས་ཀྱང་རྫོགས་མི་བཏུབ་པའི་ཡིག་འཇོག་རི་བོའི་གཏོས་དང་མཉམ་པ་ཞིག་འོ་ཅག་ཐུན་མོང་གི་བགོ་སྐལ་དུ་བཞག་ཡོད་ཀྱང་། ང་ཚོས་དེའི་ཆ་ཤས་ཡང་ཤས་ཙམ་རེ་ལས་ཡོངས་སུ་ལར་ནས་ལོངས་སྤྱོད་ཐུབ་ཀྱི་མེད་པས། གནའ་བོའི་ཡིག་ཚང་དུ་མངོན་པའི་བརྡའི་སྦྱོར་བ་དང་། ཕྲད་ཀྱི་འཇུག་ཡུལ་དུ་མ་ཞིག་ང་ཚོས་ད་དུང་ཡང་སྔོག་འདོན་མ་ཐུབ་པར་ལྷག་ཡོད་ངེས་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད། དེ་བས་ང་ཚོས་ནམ་རྒྱུན་སུམ་ཅུ་བའི་ཚིག་ཕྲད་དག་གི་འཇུག་པ་འཆད་སྐབས་སུའང་སུམ་རྟགས་རྩ་འགྲེལ་ཁག་ཏུ་གྲངས་ཇི་ཙམ་གྱིས་བསྟན་ཡོད་མེད་ལ་རྗེས་སུ་འགྲོ་ལྡོག་བྱེད་པ་ལས་དེ་ལས་བརྒལ་ཏེ་གནའ་བོའི་སྐད་ཆའི་སྦྱོར་བ་དང་ཡིག་ཚང་ཁུངས་མ་དག་ལ་སྣེ་གཏུགས་ཏེ་གླེང་སློང་བར་བྱེད་པའི་ཚུལ་ནི་ཧ་ཅང་ཉུང་བར་སྣང་ལ། ཡང་ཕྲད་དེ་གང་དང་གང་ལ་འཇུག་པ་ཙམ་ཞིག་བསྟན་ཀྱང་ཇི་ལྟར་འཇུག་པའི་དཔེ་བརྗོད་ཁུངས་ཐུབ་འཇོག་རྒྱུ་མ་རྙེད་པའམ་མ་བཞག་པའང་ཡོད། ང་ཚོས་སྔོན་གྱི་མཁས་པའི་གསུང་རྩོམ་ཡིག་འཇོག་ཁག་ལས་ད་ལྟར་ཉམས་དང་ཉམས་བཞིན་པའི་སྐད་ཆའི་སྦྱོར་བ་དང་ཚིག་ཕྲད་ཀྱི་འཇུག་པ་གང་མཐོང་བ་དག་སྣང་མེད་ཅམ་འཇོག་མི་བྱེད་པར་ཇི་ཙམ་གླེང་སློང་ཤུགས་ཆེར་བྱེད་ཐུབ་ན་དེ་ཙམ་གྱིས་བོད་ཀྱི་སྐད་ཆའི་སྦྱོར་བ་ཕུན་སུམ་ཇེ་ཚོགས་དང་། སྦྱར་བྱ་ཚིག་ཕྲད་ཀྱི་སྤྱོད་སྒོའང་སྔར་ལས་ཇེ་ཡངས་ཇེ་ཆེ་རུ་འགྲོ་བར་རྔོ་མི་ཐོགས་པ་ག་ལ་སྲིད། བསམ་ཕྱོགས་དེ་འདྲ་བ་ཞིག་གི་རྐྱེན་དུ་བྱས་ཏེ་དེ་རིང་འདིར་ཁོ་བོས་རང་གི་མཐོང་ཐོས་བློ་མིག་དོག་པོའི་ཁབ་ཏུ་ཚུད་པའི་ཚིག་ཕྲད་དང་སྒྲའི་འཇུག་པ་འགའ་ཞིག་རགས་ཙམ་གླེང་འདོད་བྱུང་།
༡ མར་པའི་རྣམ་ཐར་ཁྲོད་ཀྱི་དང་སྒྲའི་འཇུག་པ།
ལོ་སྔོན་མ་ཞིག་ལ་ཁོ་བོས་རང་གི་དཔྱད་གཞིའི་དགོས་མཁོ་ཞིག་གི་ཕྱིར་དུ་མར་པ་ལོ་ཙཱ་བའི་(༡༠༡༢-༡༠༩༧)རྣམ་ཐར་གྱི་དཔེ་མི་འདྲ་བ་དང་། མཛད་པ་བོ་མི་འདྲ་བའི་དཔེ་རྙིང་ཁག་ཅིག་ཞིབ་པར་བཀླགས་པ་ཡིན། ཁོ་བོའི་བཀླག་བྱའི་མར་པའི་རྣམ་ཐར་དག་ནི་རྒྱལ་ཐང་པ་བདེ་ཆེན་རྡོ་རྗེ་(དུས་རབས་༡༣)དང་། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན།(༡༤༥༢-༡༥༠༧) དཔའ་བོ་གཙུག་ལག་ཕྲེང་བ་(༡༥༠༤-༡༥༦༦)བཅས་ཀྱིས་སོ་སོར་མཛད་པའི་རྣམ་ཐར་མ་འདྲ་བ་ཁག་གསུམ་ཡིན་ལ། དེ་དག་ལས་ཆེས་སྔ་གྲས་ནི་རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད་པའི་རྣམ་ཐར་དེ་ཡིན། རྣམ་ཐར་དེ་ནི་གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ་ཞེས་པའི་དེབ་ཕྲེང་ཉི་ཤུ་བར་བསྡུས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གསར་དུ་དཔར་སྐྲུན་བྱས་པ་ཞིག་རེད། འདིར་དམིགས་སུ་གླེང་བྱའི་དང་སྒྲའི་འཇུག་པ་དེའང་རྣམ་ཐར་དེའི་ཁྲོད་ནས་ཡིན། རྣམ་ཐར་དེར་འབྱུང་བའི་སྐབས་ཀྱི་གླེང་བྱའི་དང་སྒྲ་དེ་ནི་སུམ་ཅུ་བའི་རྩ་བར། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།།ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།།ཞེས་པའི་དངོས་བསྟན་གྱི་ཀྱང་ཡང་འང་གསུམ་དང་འཇུག་པ་མཐུན་པ་སྟེ། ཚིག་རྒྱན་དུ་འགྱུར་བ་དང་མི་འགྱུར་བའི་སྡུད་པའི་དོན་ཉིད་ལས་མ་འདས། ཁོ་བོས་ཐོག་མར་ཚུལ་འདི་མཇལ་བ་ན་དེ་ནི་སྐབས་དེའི་ཡིག་མཁན་གྱིས་ནོར་བར་བྲིས་པའམ་ཡང་ན་ཕྱིས་སུ་གློག་ཀླད་དུ་གཏགས་ནོར་ཤོར་བ་གང་རུང་དུ་འདོད་དེ། ཐོག་མར་མཇལ་བའི་དཔེ་གཅིག་པོ་དེ་རང་ལ་ཡིད་རྟོན་མ་ནུས་པར་རྣམ་ཐར་འདིའི་དཔེ་གཞན་ཞིག་བཙལ་རྙེད་བྱུང་བ་ལ། དེར་ཡང་གོང་ལྟར་གཅིག་མཐུན་དུ་སྣང་བས་ན་ད་གཟོད་རྒྱན་སྡུད་དང་འཇུག་པ་མཐུན་པའི་དང་སྒྲའི་འཇུག་ཡུལ་གཞན་ཞིག་ཡོད་པའི་ངེས་པ་གསར་དུ་རྙེད། མར་པ་ལོ་ཙཱ་བའི་རྣམ་ཐར་ཕྱོགས་བསྒྲིགས་དེའི་ཀླད་ཀྱི་དཔེ་སྐྲུན་ཞུ་བརྗོད་དུ་རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད་པའི་རྣམ་ཐར་དེའི་མ་དཔེ་ནི་ལག་བྲིས་མ་ཞིག་གཞིར་བཞག་སྟེ་ཞུ་དག་ལན་མང་བྱས་[༡] ཚུལ་ཙམ་ལས་གཞན་དཔེ་ཁུངས་གང་ཡིན་མི་སྣང་མོད། དེ་ནི་ཕྱིས་སུ་ཁོ་བོར་འཐོབ་པའི་དཀར་བརྒྱུད་གསེར་ཕྲེང་ཁྲོད་ཀྱི་རྣམ་ཐར་དབུ་མེད་ལག་བྲིས་མ་དེ་ལས་ལོགས་ཤིག་ཡིན་པ་གཉི་གའི་ཚིག་རིས་ཅུང་ཙམ་མི་མཐུན་པ་དེས་ཤེས། དེས་ན་འདིར་ཀློག་པ་བོ་རྣམས་ཡིད་རྟོན་ཕེར་བའི་ཕྱིར་དཔེ་མི་འདྲ་བའི་རྣམ་ཐར་དེ་གཉི་གའི་ཁྲོད་ཀྱི་དང་སྒྲ་རྒྱན་སྡུད་ལ་འཇུག་པའི་དཔེ་མཚོན་འགའ་སྟོན་པར་བྱེད་པ་ལ།
རྣམ་ཐར་ཕྱོགས་བསྒྲིགས་ལས། “རྗེ་མར་པ་ལྷོ་བྲག་པ་རང་ཉིད་རང་གིས་དང་(ཀྱང)རྒྱ་གར་དུ་བྱོན་ནས་”ཞེས་པ་དང་། “རྗེ་བཙུན་ན་རོ་པའི་གསུང་ནས། ཁོ་དང་ང་གཉིས་ལས་ཀྱི་འབྲེལ་བ་མེད་པ་ཡིན། ཁྱོད་རང་གསེར་དབུལ་རྒྱུ་མེད་དང་(ཀྱང)བཟོད།” “ངས་ད་ནངས་ཐོ་རེངས་བསམ་པས་སྐྱེ་བ་སྔ་མའི་རྣམ་པ་ཞིག་དང་(ཀྱང)དྲན།” “ཕྱག་མང་པོ་བཙལ། བྱིན་རླབས་ཞུས། ཆོས་དང་(ཀྱང)མང་པོ་ཞུས་སོ།།”[༢] ཞེས་སོགས་དང་། གཞན་དཀར་བརྒྱུད་གསེར་ཕྲེང་དུའང་། (༣ན༧)“རྗེ་མར་པ་ལྷོ་བྲག་པ་ཉིད་རང་དང་(ཡང)རྒྱ་གར་དུ་བྱོན་ནས་”ཞེས་དང་། (༦བ༧) “འཆི་བ་སྲོག་ལ་ཐུག་དང་(ཀྱང)། རྒྱ་གར་དུ་ཅིས་ཀྱང་འགྲོ་བ་ལགས།” (༩བ༢) “ཁྱོད་རང་གསེར་ཕུལ་རྒྱུ་མེད་དང་(ཀྱང)སླ། ང་ལ་གསེར་གྱི་དགོས་པ་མེད།” (༡༢བ༡)“ང་རང་དང་(ཡང)ཕྱིན་པ་གྲག་དགོངས་ཀྱིན་ཡོད་ཙ་ན།”[༣] ཞེས་པ་སོགས་དིང་སང་ལྟར་ན་ཀྱང་དང་ཡང་གི་སྒྲ་སྦྱར་གཞི་མང་བོ་ཞིག་ལ་དང་སྒྲ་འབའ་ཞིག་སྦྱར་བ་སོགས་ད་དུང་འདི་འདྲ་བ་དཔེ་མི་འདྲ་བའི་རྣམ་ཐར་འདི་གཉི་གའི་མགོ་མཇུག་ཀུན་ཏུ་སྔ་ཕྱིར་ལན་དུ་མར་འབྱུང་ཞིང་། རྣམ་ཐར་ཕྱོགས་བསྒྲིགས་དེ་གཅིག་བུར་ཡང་ཁོ་བོས་དོ་སྣང་བྱུང་ཚོད་ལ་ཀྱང་ཡང་དང་འཇུག་པ་མཐུན་པའི་དང་སྒྲ་ལན་བཅུ་བདུན་འབྱུང་བས་ན་ང་ཚོས་དེ་ནི་ཡིག་མཁན་གྱིས་ནོར་བར་བྲིས་པ་ལྟ་བུར་གཏན་ནས་ཁ་ཚོན་གཅོད་མི་རིགས་པར་སྙམ།
སྐབས་འདིར་ཁོ་བོའི་ཡིད་ལ་འདི་འདྲ་ཞིག་ཀྱང་དྲན་བྱུང་སྟེ། ང་ཚོས་རྒྱུན་དུ་བེད་སྤྱོད་ཤུགས་ཆེར་བྱེད་ཀྱིན་པའི་ཕྲད་འདུས་མ་འོན་ཀྱང་ཞེས་པ་དེའི་སྔར་གྱི་བརྡ་རྙིང་ལ་འོན་ཏང་[༤] ཞེས་ཟེར་བར་གཞིགས་ན་འོན་ཏང་ཞེས་པའང་འོན་དང་ཡིན་ངེས་ལ། འོན་དང་ཞེས་པའི་བརྡ་གསར་དུ་འོན་ཀྱང་ཞེས་གཏན་ལ་ཕབ་པ་རེད་ཅེས་ནའང་རྒྱུ་མཚན་མེད་པ་ཞིག་མ་རེད་ཨང་སྙམ།
སྤྱིར་དང་སྒྲ་ཡང་སྡུད་པའི་དོན་ལ་འཇུག་པ་སུམ་ཅུ་བའི་རྩ་བའི་དངོས་བསྟན་དུ་ཇི་ལྟར་གསལ་བ་བཞིན་དེར་ཕྱིས་ཀྱི་འགྲེལ་མཛད་རྣམ་པས་ཀྱང་རྣམ་གསལ་གྱི་དཔེ་བརྗོད་མང་དུ་བཞག་ཡོད་མོད། གོང་ལྟར་རྒྱན་སྡུད་ཀྱང་ཡང་འང་གསུམ་དང་ཆུ་ལ་ཆུ་བཞག་ལྟར་འཇུག་པ་མཐུན་པའི་ཞལ་ཤེས་དང་དཔེ་བརྗོད་བཞག་པ་གཞར་ཡང་མཐོང་ཐོས་མ་བྱུང་ལ། ད་ལྟའི་སྐད་ཆའི་ཁྲོད་དུའང་ཡོང་ཡེ་མི་སྣང་བས་གོང་དུ་བསྟན་མ་ཐག་པ་འདི་དག་ནི་ང་ཚོས་གནའ་བོའི་སྐད་ཆའི་སྦྱོར་བའི་ཁྲོད་དང་སྒྲ་རྒྱན་སྡུད་ལའང་འཇུག་པ་ཡོད་པའི་དཔེ་མཚོན་ཞིག་ཏུ་ངོས་འཛིན་བྱེད་ཆོག་པར་འདོད་དོ།།
༢ ལ་དྭགས་ཡུལ་སྐད་ཁྲོད་ཀྱི་དང་སྒྲའི་འཇུག་པ།
བོད་སིལ་བུར་མ་ཐོར་པའི་ཡར་སྔོན་ཏེ་ཆོས་རྒྱལ་བཙན་པོའི་དུས་སྐབས་སུ་སྐད་གསར་བཀས་བཅད་སྔ་ཕྱིར་ཐེངས་གཉིས་ལ་བྱས་ཀྱང་བཀས་བཅད་སོ་སོའི་དགོངས་དོན་ཇི་བཞིན་བོད་ཀྱི་ཡུལ་དབུས་ལས་མཐའི་ཡུལ་ལུང་ཁག་ཏུ་ཡོངས་སུ་ཁྱབ་མ་ཐུབ་པར་བརྟེན་ད་ལྟར་སྟོད་ཀྱི་ལ་དྭགས་དང་སྨད་ཀྱི་རྒྱལ་རོང་སོགས་བོད་ཀྱི་མཐའི་ཡུལ་གྲུ་དུ་མའི་སྐད་ལ་བརྡ་རྙིང་མང་བའི་རྒྱུ་མཚན་ཡང་དེར་ཐུག་ཡོད་པ་རེད། དེ་བས་ང་ཚོས་གནའ་བོའི་བོད་ཀྱི་སྐད་བརྡའི་ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱེད་པ་ལ་ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་དུ་གཏོགས་པའི་བོད་རིགས་ལུང་བ་དག་གི་སྐད་ཆར་ཅིས་ཀྱང་དོ་སྣང་མི་བྱེད་ཐབས་མེད་པ་ཡིན། ལ་དྭགས་ནི་སྔར་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་ཡ་གྱལ་ཏེ་སྟོད་མངའ་རིས་སྐོར་གསུམ་[༥] ལས་སྐོར་གཅིག་གི་ནང་ཚན་གྱི་མང་ཡུལ་ལམ་མར་ཡུལ་ཞེས་པ་དེ་ཡིན་ལ། བོད་ཀྱི་མངའ་རིས་སྟོད་ཀྱི་ནུབ་ཕྱོགས་སུ་མཆིས་ཤིང་། སྐད་དང་གོམས་གཤིས། ཡུལ་སྲོལ་གང་གི་ཆ་ནས་ཀྱང་བོད་རིགས་བཀྲུས་ན་མི་དག་པ་ཞིག་ཡིན་པར་སུས་ཀྱང་བསྙོན་དུ་མེད།
འདིར་སྐབས་ཀྱི་གླེང་བྱའི་དང་སྒྲ་འདི་ཉིད་ལ་དྭགས་ཡུལ་སྐད་ལ་ཆ་རྒྱུས་ཅུང་ཙམ་ཡོད་མཁན་ཞིག་ཡིན་ཚེ་ལ་དྭགས་ཀྱི་རྒྱུན་སྤྱོད་སྐད་བརྡའི་ཁྲོད་དུ་ཡང་ཡང་ཐོས་རྒྱུ་ཡོད་པ་ཞིག་སྟེ། དེ་ནི་ང་རང་དང་ང་ཚོ་ཞེས་པའི་ཚབ་ཏུ་ལ་དྭགས་པས་ང་དང་ཞེས་འབོད་པ་ཡིན། དཔེར་ན། ང་ཚོ་ལ་དྭགས་པ་ཡོངས་ཀྱིས་ཞེས་པ་ལ་ང་དང་ལ་དྭགས་པ་ཡོངས་ཀྱིས་ཟེར་བ་དང་། ང་ཚོའི་རིག་གཞུང་ཞེས་པ་ལ་ང་དང་གི་རིག་གཞུང་ཟེར་བ་ལྟ་བུ། དེ་བཞིན་ང་རང་གཉིས་ཟེར་བ་ལྟ་བུ་ལའང་ང་དང་གཉིས་ཞེས་ཟེར་ཏེ། དཔེར་ན། ང་རང་གཉིས་ཀ་ཁྲོམ་ལ་འགྲོ་ཞེས་པར་ང་དང་གཉིས་ཀ་ཁྲོམ་ལ་བསྐྱོད་ཅེས་ཟེར་བ་ལྟ་བུའོ།། ཕྱི་མ་འདི་ནི་གོང་དུ་བརྗོད་མ་ཐག་པའི་མར་པ་ལོ་ཙཱ་བའི་རྣམ་ཐར་དེར་ཡང་། ང་རང་གཉིས་ཆོས་ཀྱང་ཕར་ཞུ་ཚུར་ཞུ་བྱེད་ཅེས་པ་ལ་“ང་དང་གཉིས་ཆོས་དང་ཕར་ཞུ་ཚུར་ཞུ་བྱེད་”[༦] ཅེས་འབྱུང་ལ། བརྗོད་པ་དུམ་བུ་འདིས་བརྡ་འདི་ནི་ལ་དྭགས་ཡུལ་སྐད་ཁོ་ནའི་བརྗོད་ཚུལ་ཞིག་མིན་པའང་ཤེས་ཐུབ། ཡིན་ནའང་། ང་ཚོ་དང་ང་རང་ཞེས་གང་ཟག་དང་བོ་ལ་སྦྱོར་བར་ང་དང་ཞེས་འབོད་པར་བྱེད་པ་ལས་གཞན་ཁྱོད་ཚོ་དང་ཁོ་ཚོ་ལྟ་བུ་ལ་གོང་ལྟར་མི་བརྗོད་ཅིང་། ཡང་ང་རང་ཞེས་པའང་ང་རང་ཚོ་དང་ང་རང་གཉིས་ཞེས་མང་ཚིག་ཁོ་ན་ལས་ང་རང་ཞེས་གཅིག་ཚིག་ལ་ང་དང་ཞེས་མི་འབོད་པའི་ཁྱད་པར་ཡང་ཤེས་དགོས་སོ།།
༣ ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་དང་སྒྲའི་འཇུག་པ།
ཏུན་ཧོང་ཡིག་རྙིང་ནི་དིང་སང་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་དང་བྱེད་ཀྱིན་ཡོད་མོད། ཡིག་རྙིང་ཤོག་དྲིལ་དེ་དག་སྒྲིག་འཛུགས་ཡོད་པའི་སྒོ་ནས་ཆེད་བསྐོས་མི་སྣས་བྲིས་པའི་སྲིད་གཞུང་གི་གཞུང་ཡིག་ལྟ་བུ་མིན་པར་སྐབས་སོ་སོའི་འབྲི་མཁན་ལ་མཁས་པ་ཡིན་མིན་སྣ་ཚོགས་ཡོད་པས་རྗོད་བྱེད་ལའང་མཐའ་གཅིག་ཏུ་ཡིད་རྟོན་འོས་དང་མི་འོས་ཅི་རིགས་ཡོད་པ་རེད། དེ་བས་ང་ཚོས་ཏུན་ཧོང་ཡིག་རྙིང་དཔྱད་གཞིར་འཛིན་སྐབས་ཧྲིལ་གྱིས་འདོར་ཞིང་ཧྲིལ་གྱིས་ལེན་པའི་མཐའ་གཉིས་སྤོང་བའི་དཔྱད་ཐབས་གཙོ་བོར་གཟུང་དགོས་པ་ཡིན། དེ་ལྟར་ནའང་། སྐད་ཆའི་སྦྱོར་བ་ནི་དུས་སྐབས་དེའི་སྐད་ཆའི་སྦྱོར་བ་རང་དུ་ངོས་འཛིན་བྱེད་ཆོག་པས་ན་འདིར་ཏུན་ཧོང་ཡིག་རྙིང་ལས་འབྱུང་བའི་དང་སྒྲ་རྒྱུ་མཚན་ལ་འཇུག་པའི་དཔེ་མཚོན་འགའ་ཁོལ་ཕྱུང་དུ་སྟོན་འདོད་པ་ཡིན།
སྤྱིར་དང་སྒྲ་རྒྱུ་མཚན་སྟོན་པ་ལ་འཇུག་པ་ནི་ཐོན་མིའི་སུམ་ཅུ་བའི་རྩ་བར་དངོས་སུ་བསྟན་ཡོད་ཀྱང་། ཕྱིས་ཀྱི་འགྲེལ་མཛད་རྣམ་པས་དེར་རྣམ་གསལ་གྱི་དཔེ་བརྗོད་འཇོག་སྐབས་མཐུན་མི་མཐུན་ཅི་རིགས་བྱུང་ཡོད་དེ། དཔེར་ན། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས། ཐོས་པ་བྱས་པ་དང་ཤེས་རབ་འཕེལ་ཞེས་པ་རྒྱུ་མཚན།[༧] ཞེས་དང་། ལོ་ཆེན་ནམ་མཁའ་བཟང་བོས། རྒྱུ་མཚན་ནི། བུམ་པ་མི་རྟག་སྟེ། འདུས་བྱས་ཡིན་པའི་ཕྱིར་དང་། དངོས་པོ་ཡིན་པའི་ཕྱིར་དང་། རྒྱུ་མཚན་ལས་བྱུང་བའི་ཕྱིར་རོ།།[༨] ཞེས་གསུངས་པ་ལ། ཕྱིས་སུ་རྣམ་གླིང་པཎ་ཆེན་གྱིས་ཀྱང་དེ་དང་མཐུན་ཕྱོགས་སུ། “སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར་དང་། སྐྱེ་ལྡན་ཡིན་པའི་ཕྱིར་དང་། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་དང་།”[༩] ཞེས་པ་དཔེར་མཛད་པ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོས། རྒྱུ་མཚན་ལ་འཇུག་པ། དཔེར་ན། ལེགས་པར་སློབས་དང་མཁས་པར་འགྱུར།[༡༠] ཞེས་གསུངས་པ་སོགས་སྔ་ཕྱིར་དཔེ་བརྗོད་དོན་མཐུན་ཡིན་མིན་མང་དུ་བྱུང་བས། པྲ་སྟི་རིན་ཆེན་དོན་གྲུབ་ཀྱིས་འདིའི་ཐད་དུ། “རྒྱུ་མཚན་ནི། གཏན་ཚིགས་སྟོན་པ་སྟེ། ལེགས་པར་བསླབས་དང་མཁས་པར་འགྱུར་རོ།། བྱས་པ་དང་མི་རྟག། ནད་འཚེ་མེད་པ་དང་སྐྱིད་པོ་འབྱུང་ལྟ་བུ་མཁས་པར་འགྱུར་བ་དང་། མི་རྟག་པ་དང་། སྐྱིད་པོ་འབྱུང་བའི་རྒྱུ་མཚན་དུ་ལེགས་པར་བསླབས་པ་དང་། བྱས་པ་དང་། ནད་འཚེ་མེད་པ་སོགས་འགོད་པ་ན། དང་གི་སྒྲ་སྦྱོར་བ་ཡུལ་སྐད་དོན་མཐུན་རྣམས་སུ་མ་འཆོལ་བར་ཡོད་ཀྱང་། མདོ་རྒྱུད་བསྟན་བཅོས་རྣམས་སུ་འབྱེད་སྡུད་སོགས་དང་ཤིན་ཏུ་དབྱེ་བར་དཀའ་བས་ཕལ་ཆེར་མ་སྦྱར་བའམ། སྦྱར་ཡང་མ་རྟོགས་པས་གྱ་ཚོམ་དུ་ལུས་པས། འགྲེལ་བྱེད་སོགས་ཀྱི་དཔེ་བརྗོད་དུ་མ་བཀོད་པ་ཞིག་གོ་སྙམ་མོ།།”[༡༡] ཞེས་འགྲེལ་མཛད་སྔ་མ་དག་གིས་དང་སྒྲ་རྒྱུ་མཚན་ལ་འཇུག་པའི་དཔེ་བརྗོད་ཞིབ་རྒྱས་མ་མཛད་པ་དང་། ཕན་ཚུན་བཞེད་ཕྱོགས་མི་མཐུན་པ་བྱུང་བར་གསེད་བཀྲོལ་གནང་ཡོད་པ་དང་། དེ་བཞིན་སི་ཏུ་པཎ་ཆེན་གྱིས་ཀྱང་། “སྨན་ཟོས་པ་དང་ནད་སོས་སོ།། ཆོས་མང་དུ་ཐོས་པ་དང་ལྷག་མཐོང་འཕེལ་ལོ།། དུ་བ་མཐོང་བ་དང་མེར་ཤེས་སོ།། ལྟ་བུ་རྣམ་དབྱེ་གསུམ་པ་དང་ལྔ་པ་རྒྱུ་མཚན་ལ་འཇུག་པ་བཞིན་དུ་དང་སྒྲ་དེ་ཉིད་རྒྱུ་མཚན་སྟོན་བྱེད་དུ་འགྱུར་”[༡༢] བར་གསུངས་ཏེ། སྔར་གྱི་འགྲེལ་བྱེད་ཁ་ཅིག་དངོས་སུ་བཀག་གནང་མཛད་ཡོད་པ་རེད།
སྤྱིར་དང་སྒྲས་རྒྱུ་མཚན་སྟོན་སྐབས་རྣམ་དབྱེ་གསུམ་པ་དང་། ལྔ་བ། ན་སྒྲ་བཅས་དང་ཚུལ་མཚུངས་པར་འཇུག་ཅིང་སྟོན་པ་ལས་འདིར་ཏུན་ཧོང་ཡིག་རྙིང་དུ་འབྱུང་བ་དག་ནི་ན་སྒྲ་དང་འདྲ་བར་བསྟན་པ་སྟེ། དཔེར་ན། <<སུམ་པ་མ་ཤགས་ཆེད་པོ་བསྟན་པ་>>ཞེས་པར། “བུད་མྱེད་ཀྱིས་བློ་བྱས་དང་། སྐྱེས་པའི་སྲིད་རླག་” “མ་རྟོགས་པའི་བསེན་མངས་དང་དགྲ་འི་སྣོན་འབའ། མྱི་ན་བར་རྩི་ཐུགས་དང་ནད་གི་(ཀྱི)གཞི།”[༡༣] ཞེས་པ་དང་། ཡང་དེའི་འོག་ཏུ། “ཆང་ཞིམ་པོ་ཐུངས་དང་མྱི་ངན་པ་འཛངས་ལ། །ཡུལ་གྲང་མོ་འགྲོད་(བགྲོད)དང་སྣ་སྐམ་པོ་གཤེར། །ཁ་ཟས་བཟའ་ཉེས་དང་ནད་ཀྱི་གཞི་ལ། །ཕུ་ནུ་དབབ་ཉེས་དང་དགྲའི་སྣོན་འབའ། །”[༡༤] ཞེས་བུད་མེད་ཀྱིས་བློ་བྱས་ན་སྐྱེས་པའི་སྲིད་བརླག་པ་དང་། མ་རྟོགས་པའི་བསེན་མངས་ན་དགྲའི་སྣོན་འབའ་ཞེས་པ་ལྟར་དཔེ་གཞན་རྣམས་ལའང་དེ་ལྟར་རིགས་བསྒྲེ་ཆོག་ལ། དེ་བཞིན་<<ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ་>>ཞེས་པར། “རྒྱགས་ཆེས་དང་བྲན་ཡང་མྱི་ཁོལ། འཕོངས་ཆེས་དང་བུ་ཡང་རྐུ།”[༡༥] ཞེས་པའི་དང་སྒྲ་དེའང་གོང་ལྟར་ན་སྒྲའི་འཇུག་པ་དང་མཐུན་པའི་རྒྱུ་མཚན་སྟོན་པ་སྟེ། དེ་དག་སོ་སོར་རྒྱུ་མཚན་སྟོན་པའི་དཔེར་འགྲོ་ཚུལ་ནི་གོང་དུ་པྲ་སྟི་རིན་པོ་ཆེས་ནད་འཚེ་མེད་པ་དང་སྐྱིད་པོ་འབྱུང་ཞེས་པ་སྐྱིད་པོ་འབྱུང་བའི་རྒྱུ་མཚན་དུ་ནད་འཚེ་མེད་པ་འགོད་ཅེས་གསུངས་པ་དང་ཇི་ལྟར་ཚུལ་མཚུངས་པ་ཡིན།
དེ་ལྟར་ཏུན་ཧོང་ཡིག་རྙིང་དུ་འབྱུང་བའི་དང་སྒྲའི་དཔེ་འདི་དག་ནི་མཁས་པ་ཆེན་པོ་པྲ་སྟི་རིན་ཆེན་དོན་གྲུབ་ཀྱིས་གསུངས་པ་ལྟར་སྔར་དང་སྒྲ་རྒྱུ་མཚན་ལ་འཇུག་པ་ཡུལ་སྐད་དོན་མཐུན་རྣམས་སུ་མ་འཆོལ་བར་ཡོད་པའི་དཔེ་མཚོན་ཡག་ཤོས་ཤིག་ཏུ་སྣང་ལ། ད་དུང་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་དག་མུ་མཐུད་དུ་ཞིབ་པར་ཀློག་ན་འདི་ལས་གཞན་ཡང་མང་དུ་ཡོད་ངེས་པར་འདོད་དོ།།
མཇུག་བསྡུ་བ།
འདིར་གནའ་བོའི་སྐད་ཆའི་སྦྱོར་བ་ལས་རྙེད་པའི་དང་སྒྲའི་འཇུག་པ་འགའ་གླེང་བ་ནི་ཆེད་དུ་ཞིབ་འཇུག་རང་བཞིན་གྱིས་ཡིག་རྙིང་དེ་དག་ཏུ་འབད་པས་བཙལ་པ་མ་ཡིན་པར། རང་གི་དཔེ་ཀློག་དང་མཐོང་ཐོས་ཀྱི་ཁྲོད་ནས་སྟེས་དབང་གིས་རྙེད་པ་ཡིན་པས་ད་དུང་འདི་ལྟ་བུའི་འཇུག་ཡུལ་གཞན་ཡང་གནའ་བོའི་སྐད་ཆའི་གསེང་དང་། ཡིག་རྙིང་གི་ལྡེབ་ཅི་རིགས་ན་ཡོད་ངེས་པས་སླད་མར་འོ་ཅག་སུས་ཀྱང་ཡིག་རྙིང་ལྟ་ཀློག་གི་སྐབས་སུ་དོན་གྱི་གནད་གཙོ་བོར་འཛིན་པའི་ཞར་དུ་ཚིག་གི་འགྲོས་ལའང་དོ་སྣང་ཡིད་འཇོག་གིས་རང་གི་བརྗེད་བྱང་ལྟ་བུར་གུད་དུ་ཡིག་འཇོག་རེ་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་ངོ་།།
མཆན་དང་རྟེན་ཁུངས།
[༡] གཙོ་སྒྲིག་པ། རྡོ་སྦིས་ཚེ་རིང་རྡོ་རྗེ། (གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ། དེབ་ཉི་ཤུ་བ།) <<མར་པ་ལོ་ཙཱ་བའི་རྣམ་ཐར་ཕྱོགས་བསྒྲིགས།>>[C] (ལྷ་ས།)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོའི་ཟླ་བཅུ་བ། དཔར་ཐེངས་དང་བོ། (དཔེ་སྐྲུན་ཞུ་བརྗོད།) ཤ༢
[༢] གོང་མཚུངས། ཤ ༤/༩/༡༥/༢༡
[༣] རྒྱལ་ཐང་པ་བདེ་ཆེན་རྡོ་རྗེས་མཛད། <<སྐྱེས་མཆོག་མར་པ་ལོ་ཙཱ་བའི་རྣམ་ཐར་བཞུགས་སོ།།>> དབུ་མེད་ལག་བྲིས། <<དཀར་བརྒྱུད་གསེར་ཕྲེང་།>> [M] (ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་ཨང་། W23436-1693) ལྡེབ་གྲངས། ༡༣༧-༡༨༧ བར་དུ་བཞུགས།
[༤] “དག་ཡིག་ལི་ཤིའི་གུར་ཁང་དུ། འོན་ཏང་ནི་འོན་ཀྱང་། ཞེས་གསལ།” ཞ་ལུ་ལོ་ཙཱ་བ་སོགས་ཀྱིས་མཛད། <<དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ།>> [C] (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོའི་ཟླ་གཉིས་པ། དཔར་ཐེངས་གསུམ་པ། ཤ ༤༠༠
[༥] གུང་ཐང་བསྟན་པའི་སྒྲོན་མེས། “དེས་ན་ཡུལ་གྱི་དབུས་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་དྲུག་ཅུ་ཙམ་ནས་བོད་ཀྱི་སྡེ་ཟིན་ཅིང་། དེ་ལ་ནང་གསེས་ཀྱིས་སྟོད་སྨད་བར་གསུམ་དུ་ཕྱེ་ན། སྟོད་མངའ་རིས་སྐོར་གསུམ་ནི། སྤུ་རང་། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག འཆིམ། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག་ཏུ་བྱེད།” ཅེས་གསུངས། <<མཁས་བཙུན་བཟང་པོའི་བདག་ཉིད་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་བའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་གཟུར་གནས་མཁས་པའི་དགའ་སྟོན་ཞེས་བྱ་བ།>> <<གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ།>> ཅ་པ། [C] (པེ་ཅིང་།)མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོའི་ཟླ་ལྔ་བ། དཔར་ཐེངས་དང་བོ། ཤ ༥༡༠
[༦] གཙོ་སྒྲིག་པ། རྡོ་སྦིས་ཚེ་རིང་རྡོ་རྗེ། གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བ། དེབ་ཉི་ཤུ་བ། <<མར་པ་ལོ་ཙཱ་བའི་རྣམ་ཐར་ཕྱོགས་བསྒྲིགས།>> [M] (ལྷ་ས།)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོའི་ཟླ་བཅུ་བ། དཔར་ཐེངས་དང་བོ། ཤ ༡༩
[༧] ཁྲོ་ཐར་འཇམ་བློས་གཙོ་སྒྲིག་མཛད། <<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།>>(པོད་དང་པོ་སུམ་རྟགས་སྐོར།) [C] (ཁྲིན་ཏུ།)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོའི་ཟླ་བཅུ་གཉིས་པ། དཔར་ཐེངས་དང་བོ། ཤ ༢༦
[༨] གོང་མཚུངས། ཤོག་ངོས། ༡༡༡
[༩] ཁྲོ་ཐར་འཇམ་བློས་གཙོ་སྒྲིག་མཛད། <<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།>>(པོད་གསུམ་པ་སུམ་རྟགས་སྐོར།) [C] (ཁྲིན་ཏུ།)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོའི་ཟླ་བཅུ་གཉིས་པ། དཔར་ཐེངས་དང་བོ། ཤ ༣༡
[༡༠] ཁྲོ་ཐར་འཇམ་བློས་གཙོ་སྒྲིག་མཛད། <<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།>>(པོད་དང་པོ་སུམ་རྟགས་སྐོར།) [C] (ཁྲིན་ཏུ།)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ལོའི་ཟླ་བཅུ་གཉིས་པ། དཔར་ཐེངས་དང་བོ། ཤ ༦༥
[༡༡] པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་མཛད། <<བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བའི་རྒྱན་ཅེས་བྱ་བ།>> [M] ཤིང་པར།(བླ་བྲང་པར་མ།) ལྡེབ། ༢༥བ༦
[༡༢] སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད། <<སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།>> [M] (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོའི་ཟླ་བཅུ་གཅིག་པ། དཔར་གཞི་གཉིས་པའི་དཔར་ཐེངས་དང་བོ། ཤ ༩༦
[༡༣] གཙོ་སྒྲིག་པ། ཅིན་ཡཱ་ཧྲིན། ཁོ་ཨིན། <<ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།>> (དེབ་བཅུ་བ།) [Z] ཧྲང་ཧེའི་ཡིག་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོའི་ཟླ་བཅུ་བ། དཔར་ཐེངས་དང་བོ། ཤ ༩
[༡༤] གོང་མཚུངས། ཤ ༡༠
[༡༥] གོང་མཚུངས། ཤ ༢
– – – – –
བརྡ་སྤྲོད་པའི་གཞུང་ལས་བཤད་པའི་དང་སྒྲའི་འཇུག་ཡུལ་ལྔ་ལས་གཞན་པའི་འཇུག་ཡུལ་སྐོར་དཔྱད་རྩོམ་ཞིབ་ཚགས་བྱས་འདུག་པར་ལེགས་སོ་ཞུ། ལ་དྭགས་ཀྱི་སྐད་ནང་དང་སྒྲ་དེ་ང་དང་སྦྱར་ནས། ང་དང་།(ང་ཚོ།)ང་དང་གི།(ང་ཚོ་ཡི) ང་དང་གིས།(ང་ཚོ་ཡིས། ) ང་དང་ལ།(ང་ཚོ་ལ། ) ང་དང་ཀུན་ལ།(ང་ཚོ་རྣམས་ལ། ) ང་དང་གཉིས། (ང་ཚོ་གཉིས )སོགས་ལ་དོན་བྱེད་སྒྲ་དང་འབྲེལ་སྒྲར་སྦྱར་ནས་བཀོལ་སྤྱོད་བྱེད་ཚུལ་ཡོད།