གསས་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་འབྲེལ་བའི་སྐོར་གླེང་བ།

གླེང་གཞི།

དེ་ཡང་གསས་ཞེས་བྱ་བ་འདི་ནི། གནའ་སྔ་མོའི་དུས་ཀྱི་ཐ་སྙད་ཅིག་ཡིན་པ་ལས་གསར་ཆགས་ཀྱི་མིང་བརྡ་ཞིག་གམ་ཡང་ན་ཟུར་ཆག་པའི་མིང་བརྡ་ལྟ་བུ་གང་ཡང་མ་ཡིན། ཞང་བོད་ཀྱི་ཡིག་ཚང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཕྱིན་མིང་བརྡ་འདི་དང་འདི་ལྟ་བུ་མཐོང་རྒྱུ་མང་པོ་ཡོད་མོད། དེང་སང་ཤེས་ཡོན་པའི་ཁྲོད་དུ་མིང་བརྡ་འདི་དང་འདི་ལྟ་བུའི་གོ་དོན་རྟོགས་པ་ལྟ་ཅི། མཐའ་ན་ཆོས་དང་རིག་གཞུང་ལ་དོན་གཉེར་གནང་མཁན་གྱི་མཁས་པ་དང་ཞིབ་འཇུག་པའི་ཁྲོད་དུའང་མིང་བརྡ་རྙིང་པ་འདིའི་གོ་དོན་མཁྱེན་མཁན་དང་འགྲེལ་བཤད་གནང་མཁན་དཀོན་པའི་ཚད་དུ་གདའ། ལར་ནས་ཕོ་ཚོད་ཀྱིས་ལོག་འགྲེལ་རྒྱག་མཁན་གྱི་སྣང་ཚུལ་ཡང་མཆིས་མོད། དོན་དངོས་སུ་སྣང་ཚུལ་འདི་འདྲ་ཡོད་པའི་རྒྱུ་མཚན་ནི་གཙོ་བོར་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་ཡིན་པར་སྙམ་སྟེ། ཐ་སྙད་འདི་དང་འདི་ལྟ་བུའི་རིགས་ནི་བོན་གྱི་ཆོས་དང་རིག་གནས་ལ་འབྲེལ་ནས་ཡོད་ནའང་། མཁས་པ་སྐོར་ཞིག་གིས་ཆོས་བརྒྱུད་ཀྱི་ལར་ཞེན་གྱིས་ཆོས་བརྒྱུད་གཞན་གྱི་ཡིག་ཆར་ཐུགས་སྣང་མ་གནང་བའམ་ཡང་ན་ཐུགས་སྣང་གནང་འདོད་མེད་པའི་དབང་གིས་བྱུང་བ་རེད་སྙམ། དེ་བས་ཁོ་བོས་གཤམ་དུ་གསས་ཀྱི་ཐ་སྙད་འདི་ཞང་བོད་མཐོ་སྒང་གི་སྐད་ཅིག་ཡིན་པའི་ཁུངས་བརྗོད་དེ། གསས་ཀྱི་ཐ་སྙད་ལ་མཁས་པ་སོ་སོས་འགྲེལ་བཤད་ཇི་ལྟར་གནང་སྟངས་དང་། གསས་ཀྱི་ཐ་སྙད་འདི་ཞང་བོད་གང་གི་སྐད་ཡིན་མིན།  ‘‘གསས་མཁར་’’ཞེས་པའི་གོ་དོན། གསས་ཀྱི་ཐ་སྙད་འདི་ཞང་བོད་མཐོ་སྒང་གི་སྐད་ཅིག་ཡིན་ཚུལ་ལས་འཕྲོས་ཏེ། ‘‘གསས་’’དང་ ‘‘གསས་མཁར་’’ཞེས་པའི་ཐ་སྙད་ཀྱི་བརྗོད་བྱའི་མདོ་དོན་བཅས་གླེང་རྒྱུ་ཡིན།

གསས་ཀྱི་ཐ་སྙད་ལ་མཁས་པ་སོ་སོས་འགྲེལ་བཤད་ཇི་ལྟར་བྱུང་བའི་སྐོར།

ཐ་སྙད་འདི་ཡི་གོ་དོན་སྐོར་ལ་དུས་རབས་རིམ་པའི་ནང་སྔ་ཕྱིར་ཕེབས་པའི་རང་རིགས་མཁས་པའི་ཁྲོད་ནས་འགྲེལ་གནང་མཁན་ཁག་ཅིག་བྱུང་བ་འདི་ལྟར། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་(1356-1415) གྱིས། ‘‘དཔོན་གསས་’’ཀྱི་ཐ་སྙད་ལ་འགྲེལ་གནང་སྐབས་སུ་<<ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་>>དུ། ‘‘དཔོན་ནི། མགོན་དུ་གྱུར་པའོ། ། གསས་ནི་མི་མཐུན་ཕྱོགས་འཇོམས་པའི་སྒྲའོ།།’’[1]ཞེས་གསུངས། སྐྱབས་སྟོན་རིན་ཆེན་འོད་ཟེར་(1353-?)གྱི<<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མའི་>>ནང་‘‘གསས་’’ཀྱི་ཐ་སྙད་འདི་ལ་ཐད་ཀར་འགྲེལ་བ་དང་ཚིག་གྲོགས་དང་མཉམ་དུ་འགྲེལ་གནང་བ་འགའ་ཞིག་ཡོད་པ་དྲངས་ན། ‘‘གསས་མཁར་’’ཞེས་པ་ཞང་སྐད་ཡིན་ལ་དབལ་དང་ཆེན་པོ་གཙོ་བོ་བཅས་ལ་འཇུག་པར་འགྲེལ་ཡོད་[2]ཅེས་དང་། ‘‘གསས་’’ནི་ལྷའམ་ལྷ་སྐུའི་[3]དོན་ཡིན་པར་ཡང་བཤད་[4]གསུངས་འདུག <<ཁྲོ་འགྲེལ་>>དུ། ‘‘གཡུང་’’ནི་‘‘མི་ཤིག་པ་སེམས་ཀྱི་གསས་མཁར་’’[5]གྱི་དོན་ཡིན་པར་གསུངས་ཤིང་། སྐབས་འདིར་གཡུང་’’ནི་‘‘གཡུང་དྲུང་’’གི་ཚིག་ཟླ་‘‘གཡུང་’’ལ་བརྗོད་པ་ཡིན་པས་དེ་ཡི་‘‘གཡུང་’’ནི་འགྱུར་བ་མེད་པ་‘‘དྲུང་’’ནི་འགག་པ་མེད་པའི་དོན་དུ་སྦྱོར་བ་བོན་གཞུང་རྣམས་ཀྱི་དགོངས་པ་ཡིན་ལ། བོན་ལུགས་སུའང་‘‘གཡུང་དྲུང་’’ནི། འགྱུར་བ་མེད་པའི་དོན་དུ་གོ་བ་ཡོངས་སུ་གྲགས་པ་ལྟར། དེས་ན་སྐབས་འདིར་‘‘གསས་’’ཀྱི་བརྡ་འདི་འགྱུར་བ་མེད་པའི་དོན་ཅན་ཡིན་པ་གོ་ཐུབ།

ཡང་<<ཁྲོ་འགྲེལ་>>དུ། ‘‘རྒྱུང་’’ནི་‘‘གསས་’’[6]ཀྱི་དོན་ཅན་ཡིན་པར་བཤད་ཅིང་། དེས་ན་‘‘གསས་’’ལ་ཡང་‘‘རྒྱུང་’’གི་དོན་དང་ལྡན་པ་ཡིན་ལ། མིང་ཚིག་‘‘རྒྱུང་’’འདི་ཞང་སྐད་ཡིན་པར་གཤམ་དུ་འཆད་པར་འགྱུར། དེའང་ལྷ་ལ་འཇུག་པ་ནི། ཆུ་ལྷའི་བུ་མོའམ་ཆུའི་ལྷ་མོའི་སྐད་དོད་ལ་ཞང་སྐད་དུ་<<མེ་རི་གྱད་ཕུར་གྱི་སྒྲུབ་པ་ཉམས་ལེན་སྙིང་ཐིག་>>ཅེས་པར། ‘‘ཏིང་རྒྱུང་ཙ་མེད་’’[7] ཅེས་འཁོད་ཅིང་། ‘‘ཏིང་’’ནི་ཆུ། ‘‘རྒྱུང་’’ནི་ལྷ། ‘‘ཙ་མེད་’’ནི་བུ་མོ་ཡིན་པས་སོ། ། ཡང་རི་ལ་འཇུག་པ་སྟེ། <<མེ་རི་གྱད་ཕུར་གྱི་སྙིང་ཐིག་>>ཏུ།   མེ་རི་ལ་ཞང་སྐད་དུ་‘‘ནེ་རྒྱུང་’’[8]ཞེས་པས། ‘‘ནེ་’’ནི་མེ་དང་། ‘‘རྒྱུང་’’ནི་རི་ཡིན་པར་རྟོགས་ནུས། དེ་ཡང་‘‘སྟོང་རྒྱུང་’’གི་མཚན་བཤད་སྐབས་སུ་<<ཁྲོ་འགྲེལ་>>དུ། ‘‘སྟོང་ནི་གྲངས་ཏེ་ཞང་བོད་ཀྱི་སྐད་དོད་མཐུན་ལ། རྒྱུང་ནི་གསས་ཡིན་པས་གསས་མཁར་སྟོང་བདག་ཟེར་སྲིད་པའམ། རྒྱུང་སྲུད་(སྲུབ)སྟོང་རྒྱུང་ལ་སོགས་སྟོད་ཀྱི་རྒྱུང་དགུའི་གནས་ལ་བཞུགས་པའི་མཚན་ཏེ།’’[9]ཞེས་པས། གཤེན་པོ་སྟོང་རྒྱུང་གི་མཚན་ཟུར་‘‘རྒྱུང་’’ནི་སྒྲུབ་གནས་རིའི་མཚན་ཐོགས་པར་བཤད་པས་སོ། ། དེ་བཞིན་བོན་ལུགས་ཀྱི་བརྡ་སྤྲོད་གཞུང་སྦྲ་སར་ཚང་ཀུན་བཟང་རྒྱལ་མཚན་(1777-)གྱི་<<བརྡ་དག་བློ་གསལ་འཇུག་ངོགས་>>[10]དང་ག་རྒྱ་ཁྱུང་སྤྲུལ་རིན་པོ་(1897-1955) ཆེའི་<<བསྟན་བཅོས་དགོས་འབྱུང་ནོར་གཏེར་>>[11]དུ་ ‘‘གསས་’’ཀྱི་བརྡ་འདི་ལྷ་ཡི་དོན་ཅན་དུ་གསུངས་ཡོད།

ཡང་‘‘གསས་’’ཞེས་པའི་ཐ་སྙད་འདི་ལ་རང་རིགས་ཆོས་བརྒྱུད་གཞན་གྱི་མཁས་པས་འགྲེལ་བཤད་གནང་བ་ཁག་ཅིག་ཡོད་པ་དཔེར་ན། <<བོད་རྒྱ་ཚིག་མཛོད་ཆེན་མོའི་>>ནང་གསལ་ལྟར་ན། ‘‘གསས་’’ཀྱི་དོན་ནི། བོན་པོའི་ལྷ་ཞིག ‘‘གསས་ཁང་། བོན་པོའི་ལྷ་ཁང་།’’ ཞེས་འགྲེལ་བ་གནང་འདུག[12] དེའི་ཚིག་ཟུར་ལས་‘‘གསས་’’ཀྱི་བརྡ་དེ་ལྷའི་དོན་དུ་འཇུག་པར་བཤད་པ་དེ་གོང་དུ་ཞུས་པ་བཞིན་བདེན་མོད་ཀྱང་། ‘‘བོན་པོའི་ལྷའམ་བོན་པོའི་ལྷ་ཁང་’’ཞེས་པར་ཆོས་བརྒྱུད་ཅིག་གིས་ཁྱད་པར་དུ་བྱས་པའི་ལྷའི་དོན་དུ་འགྲེལ་བ་དང་། ཡང་‘‘ལྷ་ཞིག་’’ཅེས་པ་ལྷ་བྱེ་བྲག་པ་ཞིག་གི་མིང་ལྟ་བུར་བཤད་པ་དེ་རྣམས་ནི་རང་བཟོ་བབ་ཅོལ་གྱི་གཏམ་ཁོ་ན་ཡིན། ། དེ་ལྟར་མིན་ཚེ་རྙིང་མ་ལ་སོགས་ཆོས་བརྒྱུད་གཞན་པའི་ལུགས་ཀྱི་ལྷ་རྣམས་ལ་‘‘གསས་’’ཀྱི་བརྡ་འདི་སྦྱོར་མི་རིགས་པར་འགྱུར་རོ། །

དེ་ལྟ་བུ་མ་ཡིན་པར་‘‘གསས་’’ཀྱི་བརྡ་འདི་ལྷ་ལ་འཇུག་པ་ནི། ཆོས་བརྒྱུད་ཀྱི་ཁྱད་པར་མ་ཡིན་པར་ཐ་སྙད་རང་གི་གོ་དོན་གྱི་ཁྱད་པར་དང་ལྡན་པའི་རིས་མེད་ཀྱི་གྲུབ་མཐའི་ལྷ་ཐམས་ཅད་ལ་སྤྱི་ཁྱབ་ཀྱི་སྒོ་ནས་མཉམ་པར་འཇུག་པ་ཡིན། དཔེར་ན། བོད་པ་ཞེས་པའི་བརྡ་འདི་རང་རེ་མཐོ་སྒང་བ་ལ་འཇུག་པ་ནི། ཆོས་བརྒྱུད་ཀྱི་ཁྱད་པར་གྱི་སྒོ་ནས་མ་ཡིན་པར་རང་རེའི་རིགས་རྒྱུད་ཀྱི་ཁྱད་པར་འཛིན་པའི་བོན་པོ་དང་རྙིང་མ་ས་སྐྱ་བཀའ་བརྒྱུད་དགེ་ལུགས་པ་ཀུན་ལ་མཉམ་པར་འཇུག་པ་བཞིན་ཡིན་ནོ། ། གཞན་ཡང་ད་ཆར་ <<བོད་ཀྱི་ཚིག་མཛོད་ཆེན་མོ་>>དང་<<བོད་ཀྱི་ཚིག་མཛོད་>>ཅེས་པ་སོགས་ཚིག་མཛོད་ཁག་ཏུ་འཁོད་པ་རྣམས་ཀྱང་གོང་གསལ་<<བོད་རྒྱ་ཚིག་མཛོད་ཆེན་མོའི་>>ནང་གི་ཐ་སྙད་དང་བརྗོད་དོན་དག་ལེབ་བཤུས་བྱས་པ་ལས། མིང་ཚིག་གི་གོ་དོན་དང་བརྡ་དོན་ལོག་པར་འགྲེལ་བ་འདིའི་རིགས་ལ་བསྐྱར་བཅོས་དང་ལེགས་བཅོས་བྱེད་པར་རྣམ་དཔྱོད་ཀྱི་རྩལ་གྱིས་ཕོངས་འདུག

 གསས་ཀྱི་ཐ་སྙད་འདི་ཞང་བོད་གང་གི་སྐད་ཡིན་མིན་ཐད་ཀྱི་དོགས་སློང་།

 གོང་དུ་བཤད་པ་བཞིན་‘‘གསས་’’ཀྱི་བརྡ་འདི་མཐོ་སྒང་ཞང་བོད་ཀྱི་མེས་པོའི་སྐད་ངག་ལས་ཐོན་པའི་མིང་བརྡ་ཞིག་ཡིན་པ་བཞིན། བོན་ལུགས་ལ་ཡོངས་གྲགས་སུ་ཞང་སྐད་དུ་ལྷའི་སྐད་དོད་ཡིན་པར་བཤད་འདུག་མོད། འོན་ཀྱང་དེ་ལ་དཔྱད་བྱའི་ཕྱོགས་ཤིག་འདུག་པར་སྙམ་སྟེ། སྤྱིར་གནའ་བོའི་ཞང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཕལ་མོ་ཆེའི་འབྱུང་ཁུངས་ནི་ཞང་ཞུང་ཡིན་ཡང་། དུས་རབས་རིམ་པའི་འཕོ་འགྱུར་ཁྲོད་ཞང་ཞུང་དང་མུ་འབྲེལ་གྱི་ཡུལ་གྲུ་གང་སར་ཞང་ཞུང་གི་ཆོས་དང་རིག་གཞུང་གི་ཤུགས་རྐྱེན་ཐེབས་ཡོད། བོད་དུའང་ཞང་ཞུང་གི་ཆོས་དང་རིག་གཞུང་རྣམས་བོད་སྐད་དུ་རིམ་པས་བསྒྱུར་ཅིང་སྤེལ་བས་ད་བར་བོད་ཀྱི་མངའ་ཁོངས་སུ་དར་ཁྱབ་རྒྱུན་གནས་བྱུང་བ་མཐོང་མྱོང་འདི་ལྟར་ལགས་སོ། །

དེའི་ཕྱིར་ད་ཆར་བཞུགས་པའི་བོད་ཀྱི་སྐད་ཡིག་གིས་རྨང་གཞི་བྱས་པའི་གནའ་བོའི་ཞང་བོད་ཀྱི་ཆོས་དང་རིག་གཞུང་གི་དཔེ་ཆའི་གསེབ་ཏུ་ཞང་སྐད་ཀྱི་མིང་ཚིག་མང་པོ་ཞིག་ལྷག་ཡོད་པ་ནི་དོན་དངོས་ཡིན་ལ། དེ་ཡང་གནའ་བོའི་ཞང་བོད་རིག་པ་ལ་འཇུག་པའི་དེང་གི་རྒྱལ་ཕྱི་ནང་གི་མཁས་པ་དང་ཞིབ་འཇུག་པ་རྣམས་ལའང་ར་སྤྲོད་བྱུང་དང་འབྱུང་བཞིན་ཡོད། ཞང་ཞུང་གི་མིང་ཚིག་ཕོན་ཆེར་ཡོད་པ་ནི་མཛོད་གནས་བཅུ་བདུན་སྟོན་པའི་<<སྲིད་པའི་མཛོད་ཕུགས་>>ཞེས་པའི་གཞུང་འདི་ཉིད་ཡིན་ལ། དེ་མིན་བོན་སྡེ་མདོ་སྔགས་རྫོགས་གསུམ་གྱི་གཞུང་རྣམས་ཀྱི་དབུ་འཆད་དུ། བསྟན་པའི་འབྱུང་ཁུངས་སྟོན་པ་སོགས་ཀྱི་ཕྱིར་དུ། སྔོན་གྱི་ཞང་བོད་ཀྱི་ལོ་ཙཱ་བས་ཞང་སྐད་ཀྱི་མཚན་གཞུང་ཁག་རང་སོར་བཞག་མཛད་པ་ད་ལྟ་མཇལ་དུ་ཡོད། དེ་དག་གི་ནང་ལྷའི་སྐད་དོད་ལ་ཞང་སྐད་དུ་‘‘སད་’’ཅེས་པ་བྱུང་བ་ལས་‘‘གསས་’’ཀྱི་མིང་བརྡ་འདི་བཀོལ་བ་ཧ་ལམ་མེད་པ་ལྟ་བུ་རེད། དེས་ན་ཐ་སྙད་འདི་ལྷ་ལ་འཇུག་ཀྱང་ཞང་སྐད་དུའང་ལྷ་ཡི་སྐད་དོད་ཡིན་མིན་ལ་དཔྱད་དགོས་པར་མཐོང་ངོ་། །

དེ་ལྟར་བདེན་མིན་སྤུ་རིས་འབྱེད་སླད་འདི་ནས་དཔེར་མཚོན་འགའ་ཞིག་འདྲེན་རྒྱུ་ཡིན།  དེ་ཡང་ཞང་ཞུང་བོན་སྐོར་གསང་སྔགས་ཀྱི་རྒྱུ་སྡེ་གཙོ་གྲས་ཤིག་སྟེ། <<ཁྲོ་རྒྱུད་གསང་བ་གསེན་ཐུབ་>>ཅེས་པའི་དབུ་འཆད་ཀྱི་མཚན་བྱང་ལ་ཞང་བོད་ཀྱི་སྐད་གཉིས་སྦྲགས་མར་བྱུང་བ་འདི་ལྟར་ཏེ། ‘‘ཞང་ཞུང་གི་སྐད་དུ། མུ་ཡེ་ཧ་ར་སད་ཀྱི་དྲུང་མུ་ཡེ། ཐོ་ཡེ་ཨུ་ཡ་ད་དོད་སྤུངས་སོ་ཧྲུན། བོད་སྐད་དུ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས། གབ་པ་ཐུགས་ཀྱི་བརྣག་པ། གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད། ཅེས་བྱ་བ། སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །’’[13]ཞེས་མཚན་བྱང་ལ་ཞང་སྐད་རང་སོར་བཞག་ཅིང་དེའི་དོན་བོད་བསྒྱུར་བྱས་ཏེ་གཏན་ལ་ཕབ་པའི་བོད་སྐད་ཀྱི་མཚན་གྱི་མིང་ཚིག་གི་ནང་དུ་‘‘གསས་’’ཀྱི་ཐ་སྙད་འདི་ཡོད་ལ། ཞང་སྐད་ཀྱི་ཁོངས་སུ་མེད་པས་བོད་སྐད་དམ་བོད་ཀྱི་ཐ་སྙད་ཅིག་ཡིན་པར་ཤུགས་ཀྱིས་བསྟན་ཡོད། གཞན་ཡང་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(1198-1263) གྱིས་རྒྱུད་འདིའི་འགྲེལ་བ་བཏབ་པའི་སྐབས་སུ་ཞང་སྐད་ཀྱི་མཚན་འདི་བོད་བསྒྱུར་གནང་ཞིང་། སྐད་གཉིས་ཀྱི་མིང་ཚིག་ཕན་ཚུན་ཐད་ཀར་ནང་དོན་སྦྱར་ནས་བསྒྱུར་བ་འདི་ལྟར་ཏེ། ‘‘དེ་ཡང་བྱེ་བྲག་ཏུ་བསྒྱུར་ན། མུ་ཡེ་དབྱིངས། ཧ་ར་ཡེ་ཤེས། སད་ལྷ་སྟེ། དབྱིངས་དང་ཡེ་ཤེས་འཇིག་བྲལ་མེད་པའི་གསས་མཁར་ན་ཡེ་ཤེས་ཀྱི་ལྷ་བཞུགས་པ་སྟེ། གསས་མཁར་ཞེས་པའི་དོན་བསྒྱུར་རོ། ། དྲུང་མུ་གཡུང་དྲུང་སྟེ། (ཡེ་)[14]འགྱུར་བ་མེད་ཅིང་དགོས་འདོད་འབྱུང་བས་རིན་པོ་ཆེའོ། ། ཐོ་ཡེ་ནི་བསྭོ་དང་ཨཱོྃ་ལ་ཡང་། གོང་མ་ལ་ལ་ཞིག་གིས་གསུངས་མོད་ཀྱིས། འོན་ཀྱང་བོན་ཐམས་ཅད་ཀྱི་སྒྲ་སྤྱིར་བསྡུས་པ་སྟེ་སྤྱི་སྤུངས་ཞེས་བྱའོ། །ཨུ་ཡ་ནི་གབ་པ་ཚིག་འགྱུར་ལ། ད་དོད་ནི་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཅེས་བྱ་ལ། སྤུངས་སོ་ཧྲུན་ནི་འདུས་པའི་རྒྱུད་ལ་ཡང་གསུངས་མོད་ཀྱིས། སྤུངས་སོ་སྟོན་པ་ལ། ཧྲུན་ཕྱག་འཚལ་བས་སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། ཞེས་པར་བསྒྱུར་རོ། །’’[15]ཞེས་ཞང་སྐད་ཀྱི་མིང་ཚིག་རྣམས་རེ་རེ་ནས་དེའི་སྐད་དོད་བོད་སྐད་དུ་བསྒྱུར་བ་དེ་ལྟར་ན། ཞང་སྐད་‘‘སད་’’ནི་བོད་བརྡར་ལྷ་ལ། དེ་ཡང་དོན་དུ་ཡེ་ཤེས་ཀྱི་ལྷ་སྟེ་དབྱིངས་ཤེས་དབྱེར་མེད་ཀྱི་ཀློང་ན་བཞུགས་པས་གསས་མཁར་ཞེས་བསྒྱུར་བ་ལ་གཞིགས་ན། ཞང་སྐད་‘‘སད་’’ཅེས་པ་བོད་སྐད་ལྟར་ན། ལྷའམ་‘‘གསས་’’ཀྱི་དོན་ཅན་དུ་བསྒྱུར་གནང་འདུག་པས། རྒྱུད་དང་རྒྱུད་འགྲེལ་གཉིས་ཀྱིས་གསུངས་ཚུལ་གོང་འོག་འདི་དག་ལ་མནོ་བསམ་ནན་པོར་བྱས་ཚེ་རྩ་འགྲེལ་དགོངས་དོན་མཐུན་པར་‘‘གསས་’’ཀྱི་ཐ་སྙད་འདི་བོད་ཀྱི་བརྡ་རུ་བསྟན་པ་མངོན་པར་གསལ།

གཞན་ཡང་། སྔགས་ཀྱི་རྒྱུད་སྡེ་འོག་མའི་བོན་སྐོར་གྱི་ནང་གསེས་ཡོངས་གྲགས་སུ་<<རྣམ་རྒྱལ་གཟུངས་ཆེན་>>དུ་འབོད་པའི་གཟུངས་སྡེ་གྲགས་པ་ཅན་དེའི་ནང་དུ་། གཤེན་རབ་རྣམ་པར་རྒྱལ་བའི་ལྷ་ཚོགས་གཙོ་འཁོར་བཅས་ཚང་བར་བསྟན་པའི་ནང་ཚན་རྩ་བའི་ལྷ་བཅུའི་ཡ་གྱལ་སེང་གསས་རྣམ་གཉིས་ཏེ། སེང་གསས་ལྷ་དབང་རྒྱལ་པོ་དང་། སེང་གསས་མི་མགོན་རྒྱལ་པོ་ཞེས་པའི་ལྷ་མཚན་གཉིས་ལ། ཞང་བོད་ཤན་སྦྱར་བཞུགས་པ་འདི་ལྟར་ཏེ། “ཞང་ཞུང་སྐད་དུ། ཀེ་རྒྱུང་སད་དོ་ཝེར་ཞི་པྲ་པ་ཏ། བོད་སྐད་དུ། སེང་གསསལྷ་དབང་རྒྱལ་པོ་ཞེས་བྱ་བའི་གཟུངས། གཤེན་རབ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།[16]ཞེས་པ་ལས། ཀེ་རྒྱུང་སད་དོ་ཝེར་ཞི་བྱ་བ་དེ། བོད་སྐད་དུ། སེང་གསས་ལྷ་དབང་རྒྱལ་པོ་ཞེས་བྱ་ལ།  ཡང་། <<གཟུངས་སྡེ་>>དེ་ཉིད་དུ། “ཞང་ཞུང་སྐད་དུ། ཀེ་རྒྱུང་ནེ་ཧྲོ་ཝེར་ཞི་པྲ་པ་ཏ། བོད་སྐད་དུ། སེང་གསས་མི་མགོན་རྒྱལ་པོ་ཞེས་བྱ་བའི་གཟུངས། གཤེན་རབ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།[17]ཞེས་པ་ལས། ཀེ་རྒྱུང་ནེ་ཧྲོ་ཝེར་ཞི་བྱ་བ་དེ། བོད་སྐད་དུ། སེང་གསས་མི་མགོན་རྒྱལ་པོ་ཞེས་བརྗོད་པར་གསལ་བ་དེ་ལྟར་རོ། ། མདོར་ན་བོད་སྐད་དུ། སེང་གསས་ལྷ་དབང་རྒྱལ་པོ་དང་། སེང་གསས་མི་མགོན་རྒྱལ་པོ་ཞེས་པའི་མིང་ཚིག་གཉིས་ཀྱི་ཐོག་མར་“སེང་གསས་ཞེས་པ་དེ་ལ། ཞང་སྐད་དུ། “ཀེ་རྒྱུང་ཞེས་བརྗོད་པར་གསལ། དེས་ན་ཞང་སྐད་དུ་“རྒྱུང་ལ། བོད་སྐད་དུ་“གསས་ཞེས་བརྗོད་པར་བཀའ་རང་དུ་འདི་ལྟར་དངོས་སུ་བསྟན་པས་གཏན་ཚིགས་ཆེ་བར་སེམས།

ཡང་གཅིག་བཤད་ན། ‘‘གསས་’’ཀྱི་བརྡ་འདི་ལྷའི་དོན་དུ་སྨྲ་བའི་ཁུངས་ལ་ཞང་སྐད་དུ་ལྷའི་སྐད་དོད་ཡིན་པར་གྲག་བཞིན་འདུག་མོད། གལ་སྲིད་ཞང་བོད་གཉིས་ཀྱི་སྐད་ཀྱི་ཁྱད་ཙམ་ལས་ལྷ་རང་གི་དོན་ཡིན་ན། བོད་བརྒྱུད་གནའ་བོའི་ཞང་བོད་ཀྱི་བོན་གཞུང་རྣམས་སུ། ‘‘ལྷ་དང་གསས་ཀྱི་གསས་ཁང་དུ།’’[18]ཞེས་དང་། ‘‘ལྷ་དང་གསས་ཀྱི་དམག་དཔུང་སྦྲན།’’[19] ‘‘སྐྱོབ་པའི་ལྷ་རེ། མཐུ་སྟོབས་ཀྱི་གསས་རེ།’’[20] ལྷ་དང་གསས་གཉིས་མ་བཞེངས་ན། འདྲེ་སྲིན་གཡུལ་ངོ་སུ་ཡིས་ཟློག[21] ཅེས་སོགས་ལུང་ཚིག་འདི་དག་གིས་ནི། ལྷ་དང་‘‘གསས་’’གཉིས་སོ་སོར་བཀར་བ་འདི་ཞང་བོད་ཀྱི་སྐད་གཉིས་ལོ་ཙཱ་བ་རྣམས་ཀྱང་སྒྲ་བསྒྱུར་ལ་མ་མཁས་པའི་ཉེས་སམ་ཅི། ཁོ་བོས་ནི་འདིར་སྐབས་ཀྱི་‘‘གསས་’’ཀྱི་བརྡ་ནི། ལྷ་ཙམ་གྱི་དོན་ལྟ་བུ་མ་ཡིན་པར་‘‘གསས་ཀྱི་ཡུལ་’’ལམ་ ‘‘གསས་ཁམས་’’[22]དང་‘‘གསས་ཆེན་རིགས་ལྔ’’འམ་‘‘གསས་ཆེན་རུ་བཞི་’’[23]ཞེས་སོགས་དང་འབྲེལ་བའི་བརྡ་ཞིག་ངེས་པར་སྣང་ཡང་། ཐ་སྙད་འདི་ཐོག་མའི་བྱུང་ཚུལ་ལ་བསམ་ན་དེ་དག་གནས་པའི་ཡུལ་མིང་རིགས་རྒྱུད་ལ་ཐོགས་སམ་ཡང་ན་རིགས་རྒྱུད་ཀྱི་མིང་གནས་ཡུལ་ལ་ཐོགས་པ་གང་རུང་ཞིག་ཏུ་འདོད་མོད། ད་དུང་དེ་གཉིས་ལས་འདི་ཡིན་འདི་མིན་གྱི་རྣམ་གཞག་ལའང་ངེས་པ་མ་རྙེད་པས་རེ་ཞིག་དཔྱད་བྱའོ། །

དེ་གཉིས་གང་ལ་ཐོགས་ཀྱང་འཇུག་ཚུལ་ནི། ‘‘གསས་’’ཀྱི་གོ་དོན་འོག་ནས་འཆད་འགྱུར་ལྟར་བརྡ་ཆད་འདི་ཉིད་ཚིག་དོན་གང་ལ་སྦྱར་ཡང་དེ་ལ་སྤྱིའི་གོ་དོན་གྱི་ཁྱད་པར་དང་ལྡན་པའི་སྒོ་ནས་འཇུག་པ་ཉིད་ལས་གཞན་ཞིག་མ་ཡིན་པར་མངོན་ཏེ། དེ་ཡང་མི་མཐུན་ཕྱོགས་འཇོམས་པའི་གོ་དོན་ཏེ་མཐུ་སྟོབས་དང་དཔུང་སོགས་ཀྱི་ཁྱད་ནུས་དང་སྦྱར་ནས་བཤད་པ་མང་བས་ཤེས་ཐུབ་པར་འདུག་སྙམ།[24]

‘‘གསས་’’ཀྱི་ཐ་སྙད་འདི་‘‘མཁར་’’ཞེས་པའི་ཚིག་གྲོགས་དང་འབྲེལ་བའི་‘‘གསས་མཁར་’’ཞེས་པའི་གོ་དོན་གྱི་སྐོར།

སྔོན་བྱུང་ཞང་བོད་ཀྱི་མངའ་རིས་སུ་མདོ་སྔགས་ཀྱི་བོན་བསྟན་དར་རྒྱས་ཆེན་པོ་བྱུང་སྐབས། མདོ་སྔགས་ཀྱི་བརྒྱུད་པ་འཛིན་པའི་རྒྱལ་གཤེན་དེ་རྣམས་ཀྱིས་རྟེན་དང་བརྟེན་པའི་སྒོམ་སྒྲུབ་ཀྱི་འདུས་སྡེའི་‘‘གསས་ཁང་’’ངམ་‘‘གསས་མཁར་’’མང་པོ་བཞེངས་པར་གྲགས་པས།[25] བོད་ཀྱི་བསྟན་འབྱུང་དང་ལོ་རྒྱུས་རྣམས་སུའང་དེ་བཞིན་‘‘གནམ་རི་སྲོང་བཙན་ཡན་ཆད་དུ་རྒྱལ་རབས་སུམ་ཅུ་རྩ་གསུམ་ལ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། འདྲེན་པའི་སྐུ་གཤེན་རེ། སྐད་སྒྱུར་གྱི་ལོ་པན་རེ། བྱ་ཐབས་ཀྱི་གསས་ཁང་རེ་རེ་བཞག་(བཞེེངས)’’[26] ཞེས་འཁོད་པའི་ལོ་རྒྱུས་ཀྱི་བྱུང་བ་ཁུངས་ལྟ་བུར་བྱས་ཏེ། ལ་ལས་‘‘གསས་མཁར་’’ནི་རྒྱུ་ས་རྡོ་སོགས་ལས་བྱས་པའི་སྒྲུབ་གནས་ལྷ་ཁང་ལྟ་བུ་ལ་བཤད་འདུག[27] འགྲེལ་ཚུལ་འདི་ནི་གསས་མཁར་ཞེས་པའི་འཇུག་ཡུལ་གྱི་ནང་ཚན་མཚན་མའི་གསས་མཁར་རམ་རྟེན་དུ་བཙུགས་པའི་གསས་མཁར་གྱི་དོན་དུ་གོ་བ་ཙམ་ལས། གསས་མཁར་གྱི་གོ་ཡུལ་ཡོངས་ལ་མ་ཁྱབ་པ་ནི་གོང་དུ་དེའི་དོན་ཟུར་ཙམ་མོལ་བ་དང་འཆད་འགྱུར་གྱིས་རྟོགས་ཐུབ།

ལར་‘‘གསས་མཁར་’’ལ་ཕྱི་ནང་གསང་བའི་གསས་མཁར་གྱི་དབྱེ་བ་དང་། ནང་གསེས་བརྗོད་བྱ་རྗོད་བྱེད་ཅི་རིགས་པས་བསྡུས་པ་ལ་འཇུག་པ་བོན་གྱི་གཞུང་ལུགས་ལ་མཐོང་ཕུལ་བསྐྱེད་པས་ཤེས་པར་འདུག འཇུག་ཚུལ་ནི་དེ་ལྟར་འཇུག་པ་ཐམས་ཅད་ལའང་རང་རང་གི་ངོ་བོ་དང་བྱེད་ལས་ཀྱི་ཁྱད་པར་གྱི་སྒོ་ནས་‘‘གསས་མཁར་’’གྱི་གོ་དོན་དང་འབྲེལ་ནས་འཇུག་པ་ཤ་སྟག་ཡིན་པ་ལས་གང་བྱུང་འདོད་རྒྱལ་གྱིས་བརྡར་བྱས་པ་ལྟ་བུ་མ་ཡིན།

དཔེར་ན། ཤེས་བྱའི་ཐ་སྙད་ནི། སྣང་སྲིད་སྣོད་བཅུད་དང་། ཕྱི་གཟུང་བའི་ཡུལ་ནང་འཛིན་པའི་ཤེས་པ་ཅི་རིགས་པ་ལ་འཇུག་པ་དེ་ཐམས་ཅད་ཀྱང་གཞི་རྩ་རང་རང་གི་ངོ་བོའི་མཚན་ཉིད་ཀྱི་སྒོ་ནས་ཤེས་བྱ་དང་འབྲེལ་ནས་འཇུག་པ་བཞིན་ནོ། ། དེ་ཡང་འཇུག་ཡུལ་གྱི་ཁྱད་པར་ལ་ལུང་རྟོགས་ཀྱི་བོན་སྡེ་ལ་འཇུག་པ་ནི་གསས་མཁར་སུམ་བརྒྱ་དྲུག་ཅུ་སྟེ། ཕྱི་མཚན་ཉིད་ཀྱི་གསས་མཁར་བརྒྱ་ཉི་ཤུ། ནང་གསང་སྔགས་ཀྱི་གསས་མཁར་བརྒྱ་ཉི་ཤུ། གསང་བ་བླ་མེད་ཀྱི་གསས་མཁར་བརྒྱ་ཉི་ཤུ་རུ་བཤད་པ་དེ་དག་ཀྱང་། མདོ་སྔགས་སེམས་གསུམ་རང་རང་གི་ཐེག་པས་བསྡུས་པའི་བོན་སྡེ་ལ་གོ་བ་ཡིན་ལ། གཞན་ཡང་ཡེ་ཤེས་སེམས་ཀྱི་གསས་མཁར་བརྒྱ་ཉི་ཤུ། ཏིང་འཛིན་རིག་པའི་གསས་མཁར་བརྒྱ་ཉི་ཤུ། མཚན་མ་སྤྲུལ་པའི་གསས་མཁར་བརྒྱ་ཉི་ཤུ་རུ་བཤད་ཅིང་། སྐབས་འདིར་བསྟན་པའི་‘‘གསས་མཁར་’’གྱི་གོ་བ་ནི། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>དུ། ‘‘དབྱིངས་ཤེས་དབྱེར་མེད་ཀྱི་བྱང་ཆུབ་སེམས་ལ་འགལ་མཐུན་གྱི་གཉེན་པོ་གང་གིས་ཀྱང་གཞིག་ཏུ་མེད་པས་ན་ཡེ་ཤེས་སེམས་ཀྱི་གསས་མཁར་ཡིན་ལ། ཏིང་འཛིན་རྩེ་གཅིག་ཏུ་གནས་པ་ལ་རྣམ་པར་གཡེང་བས་གཞིག་ཏུ་མེད་པས་རིག་པའི་གསས་མཁར་ཡིན་ལ། རྟེན་དུ་བཙུགས་པ་ལ་ཆར་ལྷགས་སོགས་སམ་ལོག་ལྟ་ཡིས་གཞོམ་དུ་མེད་པས་མཚན་མ་སྤྲུལ་པའི་གསས་མཁར།’’[28]ཞེས་དང་། ཡང་ལྷ་སྐུ་ཞི་ཁྲོའི་དཀྱིལ་འཁོར་རྣམས་ཀྱང་‘‘རང་བཞིན་སེམས་སུ་རྫོགས་པ’’ལ་ཡེ་ཤེས་སེམས་ཀྱི་གསས་མཁར། དེ་ཉིད་‘‘ཏིང་འཛིན་ཡིད་ལས་སྤྲུལ་པ་’’ལ་ཏིང་འཛིན་རིག་པའི་གསས་མཁར། དེའང་‘‘མཚན་མ་དངོས་སུ་བསྒྲུབ་པ་’’ལ་མཚན་མ་སྤྲུལ་པའི་གསས་མཁར་[29]ཞེས་བྱ་ལ། ཡང་‘‘རང་བཞིན་ལྷུན་གྱིས་གྲུབ་པ་’’ལ་ཡེ་ཤེས་སེམས་ཀྱི་གསས་མཁར། ‘‘ཏིང་འཛིན་ཐུགས་ལ་གསལ་བ་’’ལ་ཏིང་འཛིན་རིག་པའི་གསས་མཁར། ‘‘མཚན་མ་གདུལ་བྱའི་སྣང་ངོར་ཤར་བ་’’ལ་མཚན་མ་སྤྲུལ་པའི་གསས་མཁར།[30]ཞེས་བཤད།

ཡང་གོང་གསལ་སྔགས་འགྲེལ་<<ཡིད་བཞིན་བཀོད་པའི་རྒྱན་>>དུ། ‘‘ཞི་ཁྲོའི་ལྷ་ཚོགས་བཞུགས་པ་’’དང་། ‘‘ཐེག་པ་དགུའི་བརྗོད་བྱ་འབྱུང་བ་’’དང། ‘‘སེམས་འབྱུང་ཐམས་ཅད་འབྱུང་བས་ཕྱི་ནང་གསང་བའི་གསས་མཁར་རོ།།’’[31]ཞེས་ཀྱང་གསུངས། ། ཏིང་འཛིན་ལ་འཇུག་པ་ནི་<<ཡིད་བཞིན་བཀོད་པའི་རྒྱན་>>དུ། ‘‘ཅི་ཡང་དུ་མ་གྲུབ་ལ་སེམས་རྩེ་གཅིག་ཏུ་གནས་པ་ལ་བློ་རྟོག་གིས་མི་བཤིག་པས་གསས་མཁར།’’[32]ཞེས་དང་། ཀུན་སྣང་གི་ཏིང་འཛིན་ལའང་འཇུག་པ་<<ཡིད་བཞིན་བཀོད་པའི་རྒྱན་>>དུ། ‘‘སྣོད་བཅུད་དག་པ་ཀུན་སྣང་ལ། ཕྱི་སྣོད་དག་སྟེ་ལྷ་ཡི་གཞལ་ཡས། ནང་བཅུད་དག་སྟེ་ལྷ་དང་ལྷ་མོའི་རང་བཞིན་གསལ་ལ་དངོས་པོ་མེད་ལ། དེ་ལྟ་བུའི་དག་སྣང་དེས་ཀུན་ལ་ཁྱབ་པ་སྒོམ་པ་ལ་རྣམ་རྟོག་གིས་མི་བསྐྱོད་པས་གསས་མཁར་ལ།’’[33]ཞེས་དང་། ཡང་རྒྱུའི་ཏིང་འཛིན་ལ་འཇུག་པ་<<ཡིད་བཞིན་བཀོད་པའི་རྒྱན་>>དུ། ‘‘མ་དག་པ་ལོག་པའི་བསམ་པ་དོར་ནས་དག་པ་བྱང་ཆུབ་ལ་དམིགས་ནས་འབྱུང་དུག་ཕུང་པོ་ལྷ་སྐུ་ཡེ་ཤེས་སུ་སྒྲུབ་པ་ལ་རྒྱུ་འོད་དང་ཡིག་འབྲུ་ལ་བརྟེན་ནས་སྒོམ་པ་ལ་མ་དག་པའི་བསམ་པས་བསྐྱད་དུ་མི་ཚུགས་པས་གསས་མཁར།’’[34]ཞེས་སོགས་མང་དུ་གསུངས།

ད་དུང་། ཕུང་པོ་ལ་འཇུག་པ་‘‘ཕུང་པོ་རྩ་བའི་གསས་མཁར།’’[35]ཞེས་དང་། ལུས་ཀྱི་རྩ་གནས་ལ་འཇུག་པ་‘‘རྩ་གནས་ལྷ་ཡི་གསས་མཁར་’’[36]ཞེས་པས། ལུས་ཀྱི་རྩ་འཁོར་དྲུག་ལ་ཡང་‘‘གསས་མཁར་དྲུག་’’[37]ཅེས་པ་འདི་བཞིན་རྩ་གནས་སོགས་ལ་འཇུག་པ་རྒྱ་ཆེར་གསུངས་པ་ཐམས་ཅད་འགོད་པར་མི་ལོང་ཡང་འདི་དག་གི་ཤུགས་ལས་གཞན་རྣམས་ཀྱང་གོ་བ་ལེན་ནུས་སོ། །

དེས་ན། ཁ་ཅིག་གིས‘‘གསས་མཁར་’’གྱི་ཐ་སྙད་འདིའི་གོ་དོན་ནི་ས་རྡོ་སོགས་ལས་བྱས་པའི་ལྷ་ཡི་རྟེན་མཁར་གྱི་དོན་ཙམ་ལ་བཤད་པ་དེ་ནི། བོན་གྱི་མདོ་སྔགས་ཀྱི་གཞང་ལུགས་ཁག་ལ་མཐོང་ཕུལ་དེ་ཙམ་མེད་པས་དམངས་ཁྲོད་ཀྱི་ལྟ་སྟངས་ཙམ་ལ་བཤད་པར་ཟད་མོད། འོན་ཀྱང་བཤད་ཚུལ་དེ་གོང་གསལ་རྟེན་དུ་བཙུགས་པ་ལ་ཆར་ལྷགས་སོགས་ཀྱིས་བཤིག་ཏུ་མེད་པའི་‘‘གསས་མཁར་’’ཙམ་གྱི་གོ་དོན་དུ་འཐད་པར་སེམས།

‘‘གསས་’’དང་ ‘‘གསས་མཁར་’’ཞེས་པའི་ཐ་སྙད་ཀྱི་མདོ་དོན།

དེ་ལྟར་‘‘གསས་’’སམ་‘‘གསས་མཁར་’’ཞེས་པའི་ཐ་སྙད་འདི་དག་གི་འཇུག་ཡུལ་གྱི་རྣམ་གྲངས་དུ་མར་སྣང་རུང་། རང་རང་གི་དོན་གྱི་གོ་བ་ཡང་དེའི་ཚོད་ཀྱི་གྲངས་མཚུངས་སུའང་ཡོད་པར་མི་བསམ་སྟེ། དཔེར་ན། ཤེས་བྱའི་ཐ་སྙད་འདིས་བཟོ་རིག་དང་། སྒྲ་རིག ཕྱི་རིག ནང་རིག གསོ་རིག་ལས་སོགས་འཇུག་ཡུལ་རྣམ་གྲངས་དུ་མར་འཇུག་རུང་། རང་གི་གོ་དོན་དེའང་འཇུག་ཡུལ་གྱི་གྲངས་བཞིན་དུ་མར་མི་འགྱུར་བ་བཞིན་ནོ། །

དེས་ན་ཐ་སྙད་འདི་གཉིས་ཀྱི་འཇུག་ཚུལ་གྱི་རྣམ་གྲངས་དུ་མ་གོང་དུ་བསྟན་པ་བཞིན་དེ་དག་ལ་བརྟག་ཅིང་དཔྱད་པ་ལས་དོན་གྱི་གོ་བ་ཧྲིལ་པོ་ཤུགས་ལ་རང་བཞིན་དུ་འབྱུང་བ་ནི། མི་མཐུན་ཕྱོགས་ཀྱིས་བསྐྱད་དུ་མི་ཚུགས་པའམ་འགལ་རྐྱེན་གང་གིས་གཞོམ་བཤིག་མེད་པའི་སྲ་བརྟན་འགྱུར་མེད་ཀྱི་གཉེན་པོའི་དོན་ཅན་ཡིན། །དེ་ལྟར་ཡིན་པའི་རྒྱུ་མཚན་ནམ་ཤེས་བྱེད་ནི། གོང་དུ་ཐ་སྙད་འདི་ཟུང་གི་དོན་ལ་འགྲེལ་ཚུལ་འདྲ་མིན་ཇི་སྙེད་ཅིག་བྱུང་བ་དེ་དག་གི་ཤུགས་ལས་ངེས་ཏེ། དེ་ཡང་གོང་དུ་‘‘གསས་’’ཀྱི་སྒྲ་ནི་མི་མཐུན་ཕྱོགས་འཇོམས་པའི་དོན་དུ་གསུངས་ཤིང་། ‘‘གསས་མཁར་’’གྱི་ཐ་སྙད་ལ་ཡང་‘‘ཕྱི་ནང་གསས་མཁར་’’གྱི་ཐ་སྙད་དེ་དག་གི་སྐབས་སུ། ཕྱིའི་མི་མཐུན་ཕྱོགས་ཆར་དང་ལྷགས་པས་གཞོམ་བཤིག་མེད་པ་ལ་‘‘ཕྱིའི་གསས་མཁར་’’དང་། ནང་གི་མི་མཐུན་ཕྱོགས་ནང་རྣམ་རྟོག་དང་གཡེང་བས་བསྐྱོད་དུ་མི་མངའ་བ་ལ་‘‘ནང་གི་གསས་མཁར་’’སོགས་སུ་བཤད་པས་ངེས་སོ། །

མདོར་ན་‘‘གསས་’’དང་‘‘གསས་མཁར་’’གྱི་ཐ་སྙད་འདི་ཟུང་གི་བརྗོད་པ་གང་གི་སྐབས་སུ་མི་མཐུན་ཕྱོགས་ཀྱིས་བསྐྱད་དུ་མི་ཚུགས་པའི་དོན་ཅན་དུ་རྣམ་པ་ཀུན་ནས་བསྟན་འདུག་པ་དེ་དག་གིས་གྲུབ་བོ། ། ཡང་ཁ་ཅིག་གིས་‘‘གསས་མཁར་’’གྱི་ཐ་སྙད་ནི། ལྷ་ཚོགས་བཞུགས་གནས་ལྷ་ཁང་ངམ་གཞལ་ཡས་ཁང་ཁོ་ནར་འཇུག་གོ་སྙམ་ན་མ་ངེས་ཏེ། ལྷ་ལ་འཇུག་པ་གསས་མཁར་མཆོག་ལྔ་ཞེས་སོགས་ཡོད་ལ། གཞན་བོན་སྒོ་སོགས་ལ་ཡང་འཇུག་པ་གོང་དུ་གསས་མཁར་སུམ་བརྒྱ་དྲུག་ཅུ་ལས་སོགས་འཇུག་ཡུལ་མང་དུ་བཤད། ། ‘‘གསས་མཁར་’’ཞེས་པའི་ཚིག་གྲོགས་ཀྱི་‘‘མཁར་’’ནི་བཞུགས་གནས་ལྟ་བུ་མ་ཡིན་པ་འགལ་རྐྱེན་གྱི་དཔུང་ལ་བཙན་པའི་དོན་ཏེ། དཔེར་ན་ཕས་ཀྱིས་རྒོལ་བ་ལ་མཁར་རྫོང་ལྟར་སྲ་ཞིང་བཙན་པའི་དོན་ཅན་ལའང་གོ་བ་རིག་པར་བྱའོ། །

དཔྱད་ཡིག་དང་ཞབས་མཆན། 

[1]<<ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་>>མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། (1356-1415) (༢༠༠༦) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༡༦) ཤོག་ངོས་(༦༠)པར་གསལ།

[2]<<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>  སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད། (1353-) (༢༠༡༥) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༥༢) ཤོག་ངོས་(༡༩༡)ལ་གསལ།

[3]གོང་མཚུངས། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>  ཤོག་ངོས་(༣༩)པར་གསལ།

[4]གོང་མཚུངས། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>  ཤོག་ངོས་(༡༩༡)ལ་གསལ།

[5]གོང་མཚུངས། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>  ཤོག་ངོས་(༡༠༠)ལ་གསལ།

[6]གོང་མཚུངས། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>  ཤོག་ངོས་(༤༧)ལ་གསལ།

[7]<<ཞང་ཞུང་སྙན་བརྒྱུད་ཀྱི་མེ་རི་ཡང་སྙིང་གི་ཕྲིན་ལས་>>  དཔེ་གཟུགས། ཤོག་ངོས་(༧༥༠)ལ་གསལ། རྨ་ཚ་རིན་ཆེན་རྒྱལ་མཚན་གྱིས་པར་དུ་བསྐྲུན་པ།<<ཞང་ཞུང་མེ་རི་བཀའ་མའི་སྒྲུབ་སྐོར་གྱི་གསུང་པོད་ཅེས་པའི་ནང་དུ་བསྡུས་ཡོད།

[8]<<མེ་རི་གྱད་ཕུར་གྱི་སྒྲུབ་པ་ཉམས་ལེན་སྙིང་ཐིག་>>  དཔེ་གཟུགས། ཤོག་ངོས་(༧༠༩)ལ་གསལ། རྨ་ཚ་རིན་ཆེན་རྒྱལ་མཚན་གྱིས་པར་དུ་བསྐྲུན་པ། <<ཞང་ཞུང་མེ་རི་བཀའ་མའི་སྒྲུབ་སྐོར་གྱི་གསུང་པོད་ཅེས་པའི་ནང་དུ་བསྡུས་ཡོད།

[9]གོང་མཚུངས། <<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>  ཤོག་ངོས་(༤༧)ལ་གསལ།

[10]<<བོད་ཀྱི་བརྡ་ཡང་དག་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ་>>ཁྲི་ཀ་བ་ཀུན་བཟང་རྒྱལ་མཚན། (1777-)(༡༩༨༩) ཟི་ཁྲོན་མི་རིག་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༢༦༣)ལ། ‘‘དབལ་གསས་(གསས་ཀྱི་བརྡ་འདི་ལྷ་ཞེས་པ་དང་དོན་གཅིག་སྟེ་གསས་གཤོས་ལྷ་གཤོས་ལྟ་བུ།)གར་གསས་འཐོར་གསས་བདར་གསས་དང་། ལྷ་གསས་གསས་མཁར་གསས་ཁང་གསས་གཞི་སྟེ།’’ཞེས་པས་སོ། །

[11]<<གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན་>> ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའམ་གཤེན་གྱི་དྲང་སྲོང་གཡུང་དྲུང་རྒྱལ་མཚན། (༡༨༩༧-༡༩༥༥) (༢༠༠༤) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༡) ཤོག་ངོས་(༡༤༢)ལ། ‘‘འཐོར་གསས་བདར་གསས་ལྷ་གསས་གསས་མཁར་དང༌། གསས་གཞི་གསས་མདའ་སོགས་ཀྱི་གསས་ལྷ་མིང༌།’’ ཞེས་པས་སོ། །

[12]<<བོད་རྒྱ་ཚིག་མཛོད་ཆེན་མོ་>> (༡༩༨༥) མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༣༠༡༢)ལ་གསལ།

[13]<<གབ་པ་ཐུགས་ཀྱི་བརྣག་པ་ཁྲོ་རྒྱུད་གསང་བ་བསེན་ཐུབ་>>  (༡༩༩༩) ཀུན་གྲོལ་ལྷ་སྲས་ཀྱི་དཔར་མ་བཀའ་འགྱུར་པོད། (༡༤༥) དཔེ་གཟུགས་ཤོག་ངོས་(༣)པར་གསལ།

[14]ཡིག་འབྲུ་(ཡེ)འདི་ཞང་སྐད་ལྟར་གྱི་མཚན་གཞུང་ལ་ཡོད་ཀྱང་འགྲེལ་གྱི་སྐབས་སུ་འདིའི་དོན་བཤད་འདུག་ཀྱང་ཡིག་འབྲུ་མེད་པས་ཆད་པར་མངོན་ལ། བོད་སྐད་དུ་དབྱིངས་ལ་གོ་བས་འགྲེལ་བའི་སྐབས་སུ་དོན་འགྲེལ་གནང་སྟེ། ‘‘འགྱུར་བ་མེད་ཅིང་དགོས་འདོད་འབྱུང་བས་རིན་པོ་ཆེའོ།’’ཞེས་པས། དབྱིངས་དེ་ཉིད་འགྱུར་བ་མེད་ཅིང་དེའི་ཀློང་ལས་དགོས་འདོད་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས་ནོར་བུ་རིན་པོ་ཆེ་ལྟར་དོན་བསྒྱུར་དུ་མཛད་འདུག་གོ །

[15]<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>  འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན། (1198-1263) (༢༠༠༤) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༨) ཤོག་ངོས་(༡༣༢)ལ་གསལ། <<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་དང་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཞེས་པའི་དཔེ་དེབ་ཏུ་བསྡུས་ཡོད།

[16]<<གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་>>སྟོན་པ་གཤེན་རབ་མི་བོའི་བཀའ། གོ་ལྡེ་འཕགས་པའི་གཏེར་མ། པོད་(༥༩)ཤོག་ངོས་(༡༤༤)ལ་གསལ། (༡༩༩༩) ཀུན་གྲོལ་ལྷ་སྲས་ཀྱི་དཔར་མ། དཔར་ཐེངས་(༢) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[17]<<གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་>>སྟོན་པ་གཤེན་རབ་མི་བོའི་བཀའ། གོ་ལྡེ་འཕགས་པའི་གཏེར་མ། པོད་(༥༩)ཤོག་ངོས་(༡༤༨)པར་གསལ། (༡༩༩༩) ཀུན་གྲོལ་ལྷ་སྲས་ཀྱི་དཔར་མ། དཔར་ཐེངས་(༢) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[18]<<རི་རོང་ནག་པོའི་རྒྱུད་>> དཔེ་གཟུགས་ཤོག་ངོས་(༤༧༥)པར་གསལ།

[19]<<རི་རོང་ནག་པོའི་རྒྱུད་>> དཔེ་གཟུགས་ཤོག་ངོས་(༤༩༧)པར་གསལ།

[20]<<སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་>>བླ་ཆེན་དྲན་པ་ནམ་མཁས་མཛད། སྤྱི་ལོའི་སྔོན་(914-) (༢༠༡༣) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༤༢) ཤོག་ངོས་(༡༢༩)པར་གསལ།<<རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར་>>ཞེས་པའི་དཔེ་དེབ་ཏུ་བསྡུས་ཡོད།

[21]<<མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་>> (༢༠༠༢) དེབ་གཟུགས་ཤོག་ངོས་(༤)པར་གསལ།

[22]གོང་མཚུངས། <<སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་>>ཤོག་ངོས་(༡༣༨)པར་གསལ།

[23]གོང་མཚུངས། <<སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་>>ཤོག་ངོས་(༡༢༨)པར་གསལ།

[24]གོང་མཚུངས། <<སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་>>ཤོག་ངོས་(༡༢༩)པར། ‘‘གསས་ཆེན་རུ་བཞིའི་དཔུང་དང་ཆས།’’ ཞེས་དང་། ཡང་དེ་ཉིད་དུ། ‘‘མཐུ་སྟོབས་ཀྱི་གསས་རེ།’’ ཞེས་སོགས་གསུངས་པས་ངེས་སོ། །

[25]<<འདུལ་བ་གླིང་གྲགས་>>བླ་ཆེན་དྲན་པ་ནམ་མཁས་མཛད། སྤྱི་ལོའི་སྔོན་(914-) (༢༠༡༣) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༤༢) ཤོག་ངོས་(༢༠༤)ནང་གསལ། སྔར་ཞང་ཞུང་དུ་འདུལ་བསྟན་དར་སྐབས་སུ། རྟག་གཟིགས་ཀྱི་མཁན་རྒྱུད་རྫུ་འཕྲུལ་ཡེ་ཤེས་ཀྱི་མཁན་བུ། ཞང་ཞུང་གི་མཁན་པོ་གཡུང་དྲུང་ཚུལ་ཁྲིམས་ལ་སོགས་ཀྱིས་བྲག་དཀར་རྩེ་རྫོང་སོགས་ལ་གཡུང་དྲུང་ལྷ་རྩེའི་གསས་མཁར་ལས་སོགས་གསས་གསས་མཁར་མང་པོ་བཞེངས་པར་བཤད་དོ། ། <<རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར་>>ཞེས་པའི་དཔེ་དེབ་ཏུ་བསྡུས་ཡོད། དེ་བཞིན་དུའང་།<<ཡང་རྩེ་ཀློང་ཆེན་གྱི་འགྲེལ་བ་ཉི་ཟེར་སྒྲོན་མ་>>  (༢༠༡༡) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༢༨) ཤོག་ངོས་(༢༤-༢༧)ནང་གསལ། བོད་དུ་བོན་བསྟན་སྔ་དར་གྱི་སྐབས་སུ་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་དེ་མན་གྱི་རྒྱལ་པོ་རིམ་བྱོན་རྣམས་ཀྱིས་གསས་མཁར་མང་དུ་བཞེངས་པར་བཤད་དོ། །

[26]<<བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་>>སྤ་བསྟན་རྒྱལ་བཟང་པོ། དུས་རབས་བཅུ་གསུམ་པར་བྱོན་པར་སྣང་། ཁོང་གི་ཞལ་སློབ་ཀྱི་ཞལ་སློབ་མངའ་རིས་པ་བསོད་ནམས་རྒྱལ་མཚན་ནི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞལ་སློབ་ཐུགས་སྲས་དམ་པ་ཡིན་པར་གསུངས་པ་སོགས་ལ་དཔྱད་ན་དཔག་ཐུབ་སྙམ། (༡༩༩༡) ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༡༦༠)པར་གསལ།

[27]<<བོན་གྱི་ཤེས་རིག་ཚིག་མཛོད་>> (༢༠༡༤) དཔར་ཐེངས་(༢) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༧༠༩)ལ། ‘‘ལྷ་མཁར་དང་ལྷ་ཡི་རྟེན་མཁར་ལའོ། །དེ་ཡང་གསས་མཁར་ཞེས་པ་དེ་ཐོག་མར་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བོན་གྱི་བླ་མ་དང་གྲུབ་ཐོབ་རྣམས་ཀྱིས་གཡུང་དྲུང་བོན་བརྒྱུད་སྤེལ་བྱེད་སའི་འདུ་གནས་ཀྱི་རྨང་གཞིའི་སྟེང་དུ་འཕེལ་རྒྱས་ཕྱིན་པའི་བོན་གྱི་ཁྱད་ཆོས་ལྡན་པའི་ལྷ་ཁང་གི་རིགས་ཤིག་རེད། དེ་ནི་བོད་ཀྱི་ལྷ་ཁང་དང་དགོན་པ་བཞེངས་པའི་ལུགས་སྲོལ་གྱི་མ་ཕྱི་དེ་རེད།’’ ཅེས་སོ། །

[28]གོང་མཚུངས། <<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༡༣༣-༡༣༤)ལ་གསལ།

[29]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༢༢༢)ལ་གསལ།

[30]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༢༩)ལ་གསལ།

[31]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༡༣༤)ལ་གསལ།

[32]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༣༦)ལ་གསལ།

[33]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༣༧)ལ་གསལ།

[34]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༣༨)པར་གསལ།

[35]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༤༨)པར་གསལ།

[36]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༤༨)པར་གསལ།

[37]གོང་མཚུངས།<<འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་>>ཤོག་ངོས་(༣༨༣)པར་གསལ།

– – – – –

Loading

9 མཆན།

  1. གོ་ཐོས་ལ་སྔོན་མ་ཟམ་གདོང་བླ་མ་ཝར་ནའི་སློབ་སྤྱི་བྱེད་སྐབས་འབྲུག་གསས་ཞེས་པའི་མིང་ཅན་བོན་ཕྲུག་ཅིག་ཡོད་པ་དེའི་མིང་ཐོ་འགོད་སྐབས། ཟམ་གདོང་གིས་གསས་ཞེས་པ་བོད་ཡིག་ནང་རྩ་བ་ནས་མེད་ཚུལ་དང་། འབྲུག་སྲས་ཞེས་འབྲི་དགོས་ཚུལ་བཤད་ནས་དཀའ་ངལ་སྤྲད་པ་རེད་ཟེར།

    • འགོ་བ་དགེ་བཤེས་གཡུང་དྲུང་ཡོན་ཏན།

      དེ་འདྲ་ཞིག་ངས་ཀྱང་གོ་མྱོང་། བོན་གྱི་རིག་གཞུང་དང་འབྲེལ་བའི་བོད་ཀྱི་བརྡ་རྙིང་པའམ་ཡང་ན་བོན་གཞུང་དུ་གསལ་བའི་ཐུན་མིན་གྱི་མིང་ཚིག་ལ་གཞན་གྱིས་གོ་རྟོགས་དེ་ཙམ་ཡོང་གི་མེད་པ་དངོས་བདེན་རེད། དེས་རྐྱེན་པས་དེ་འདྲ་ཐ་སྙད་བྲིས་པ་མཐོང་ཚེ་ནོར་བར་བསམ་ནས་བཅོས་པ་དེ་འདྲ་ཡོང་སྐད། དཔེར་ན། མི་མིང་བསོད་ནམས་སྒྲོན་མ་ཟེར་བ་ལ་སྒྲོལ་མ་དང་། བྱམས་པ་ལྷ་མོ་ལ་བྱམས་པ་ཟེར་བ་སོགས་སུ་བཅོས་སྐད་འདུག

  2. གསས་ཞེས་པ་ཐོས་པ་ཐོག་མ་ཡིན་ལ་དོ་སྣང་བྱུང་བ་ཡང་ཐོག་དང་པོ་ཡིན་པས། མུ་མཐུད་དུ་བློ་དང་ལྡན་པ་དག་གིས་ལེགས་བཤད་ཀྱི་སྐྱེས་ཆེན་པོ་རེ་དུས་དུས་སུ་གསོལ་བསྩལ་གནང་བའི་རེ་བ་དང་དྲ་ཚིགས་འདིའི་སྐུ་ཚེ་ལ་བར་ཆད་གང་ཡང་མི་ཡོང་བའི་གསོལ་འདེབས་ཀྱང་ཞོར་དུ་ཞུ།

  3. རོབ་ཙམ་བཀླགས་ཡོད། མ་གཞི་ངའི་ཕ་ཡུལ་དུ་ལ་རྩེའམ་ལབ་ཙེ་བསྟོད་དུས། གསས་མཁར་བརྩིགས་ཟེར་གྱི་འདུག་ལ། དེ་ནི་ཤིང་གིས་བརྩིགས་ཏེ་རྨུ་ཐག་བལ་ཐག་གིས་དཀྲི་བཞིན་པ་དང་དེའི་ནང་དུ་ཤིང་གི་མདའ་གདུང་གྲི་གསུམ་ཡང་འདུག དོན་ལ་གཉའ་ཁྲི་བཙན་པོ་ནས་སྐུ་གཤེན་ཚོས་གསས་མཁར་བརྩིགས་སྲོལ་ཡོད་པ་ལྟར། དེ་ནི་དེང་སྐབས་ཀྱི་སྐད་ལྟར་བཤད་ན་མགོན་ཁང་ཞེས་པ་ལྟ་བུ་ཞིག་ཏུ་གོ་ཆོག་པར་སྣང་། དེ་བས། གཞི་རིམ་མང་ཚོགས་ཁྲོད་གཞི་བདག་ལའང་གསས་མཁར་བརྩིགས་སྲོལ་ཡོད་པ་ལབ་ཙེ་བསྟོད་སྟངས་ལས་ཤེས་ཐུབ།

  4. འགོ་བ་དགེ་བཤེས་གཡུང་དྲུང་ཡོན་ཏན།

    དེ་འདྲ་ཞིག་ངས་ཀྱང་གོ་མྱོང་། བོན་གྱི་རིག་གཞུང་དང་འབྲེལ་བའི་བོད་ཀྱི་བརྡ་རྙིང་པའམ་ཡང་ན་བོན་གཞུང་དུ་གསལ་བའི་ཐུན་མིན་གྱི་མིང་ཚིག་ལ་གཞན་གྱིས་གོ་རྟོགས་དེ་ཙམ་ཡོང་གི་མེད་པ་དངོས་བདེན་རེད། དེས་རྐྱེན་པས་དེ་འདྲ་ཐ་སྙད་བྲིས་པ་མཐོང་ཚེ་ནོར་བར་བསམ་ནས་བཅོས་པ་དེ་འདྲ་ཡོང་སྐད། དཔེར་ན། མི་མིང་བསོད་ནམས་སྒྲོན་མ་ཟེར་བ་ལ་སྒྲོལ་མ་དང་། བྱམས་པ་ལྷ་མོ་ལ་བྱམས་པ་ཟེར་བ་སོགས་སུ་བཅོས་སྐད་འདུག

  5. ངའི་ཕ་ཡུལ་དུའང་གསས་མཁར་བརྩིགས་ཞེས་པ་གཞི་རྡོ་ནག་དང་རྩེར་རྡོ་དཀར་རམ་རྡོ་ཨ་དཀར་གྲུ་བཞི་མི་གཟུགས་ཙམ་བརྩིགས་བཞག་པ་འགའ་དང་། ཡང་ཨ་དཀར་རྐྱང་པ་སྤུངས་བཞག་པ་དེ་འདྲ་ཡོད། ལ་སྒང་ངམ་ཡང་ལ་ཉག་ཏུ་བརྩིགས་པ་དེ་རིགས་ཆུང་ངུ་ལ་ལབ་ཙེ་ཟེར་དར།

  6. བོན་གཞུང་ནང་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཅེས་དང་། གསས་མཁར་གསང་བ་སྒོ་དྲུག་ཞེས་དང་། གསས་མཁར་སུམ་བརྒྱ་དྲུག་ཅུ་ལ་སོགས་གསས་མཁར་ཞེས་པའི་ཐ་སྙད་འདི་བོན་གྱི་སྔགས་གཞུང་ནང་ཧ་ཅང་གིས་མང་ངོ་། །

  7. གསས་ནི་འགག་པ་མེད་པ། མཁར་ནི་འགག་པ་མེད་པ། བོན་གྱི་གཞུང་ཆེན་ཁག་ཏུ་ཐ་སྙད་འདིའི་གོ་དོན་ནི། གནས་ལུགས་ལ་སྦྱར་བ་སོགས་མང་པོ་ཡོད། དེས་མ་ཚད་བོད་ཀྱི་ས་ཆ་ཁ་ཤས་ལ། ལ་བརྩེགས་ལ་གསས་མཁར་ཞེས་འབོད། ཐ་སྙད་འདི་བརྡ་རྙིང་ཞིག་མིན་ནམ་སྙམ་མོ།

  8. འགོ་བ་དགེ་བཤེས་གཡུང་དྲུང་ཡོན་ཏན།

    རྣམ་པ་ཚོས་ལོ་རྒྱུས་དང་ལམ་སྲོལ་ནང་གསས་མཁར་རྩིག་པར་གསུངས་པ་དེ་དེ་བཞིན་ཡིན་ལ། དེ་ནི་གོང་དུ་རྩོམ་ཡིག་ནང་འཁོད་རྟེན་དུ་བཙུགས་པའི་གསས་མཁར་ཞེས་པ་དེ་རེད། ལར་གསས་མཁར་གྱི་དོན་གོང་དུ་བཤད་པ་ལྟར་དེ་ཙམ་ལ་གོ་བ་མ་ཡིན་པར་རྟོགས་དགོས་སོ། །

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།