བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་མཚམས་སྦྱོར།

0
1709

ཆེད་རྩོམ་འདིའི་ནང་གི་ཐ་སྙད་གཙོ་བོ། བི་ཀྲཱམ་ཤཱི་ལ། / འབྱུང་ཁུངས། སཾ་སྐྲྀ་ཏ། སྒྲ་གདངས། བི་-ཀ་-རམ་-ཤཱི་-ལ། (Sanskrit: विक्रमशिला Devanagari: विक्रमशिला, IAST: Vikramaśilā)

བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་གང་དུ་ཡོད་དམ།

ཆུ་མོ་གངྒཱའི་འགྲམ་གྱི་བི་ཀྲཱམ་ཤྲཱི་ལའི་གཙུག་ལག་སློབ་གཉེར་ཁང་།

བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་ནི། བི་ཧར་མངའ་སྡེའི་ཁོངས་སུ་[1]གཏོགས་པ་ཞིག་ཡིན། འཛམ་གླིང་གི་ས་བཀྲའི་དབང་དུ་བྱས་ཚེ་འཕྲེད་ཐིག་ ༢༩ ནས་ ༩ བར་དང་། གྱེན་ཐིག་ ༨༧ ནས་ ༡༥ བར་གནས། གཙུག་ལག་སློབ་གཉེར་ཁང་དེ་ཉིད་བྷ་གྷལ་པུར་(Bhagalpur)གྱི་ཤར་ཕྱོགས་སྤྱི་ལེ་ ༥༠ དང་། ཀ་ཧལ་གྷ་འོན་(Kahalgaon)གྱི་བྱང་ཤར་སྤྱི་ལེ་ ༡༢ མཚམས་སུ་ཡོད་པའི་ཨན་ཊི་ཅག་(antichak)ཅེས་པའི་གྲོང་གསེབ་ནང་ཆགས་ཡོད། ལམ་ཁར་མཚོན་ན་བྷ་གྷལ་པུར་—ས་ཧེབ་གྷན་ཇི་(Bhagalpur Sahebganj)ཟེར་བའི་ཤར་ཕྱོགས་ཀྱི་ལྕགས་ལམ་རྒྱུད་དུ་ཆགས་ཡོད་པ་དང་། ཀ་ཧལ་གྷ་འོན་(Kahalgaon)ནས་སྤྱི་ལེ་གཉིས་ཀྱི་མཚམས་སུ་ཨ་ན་ཏའི་པུར་(Anadipur)ཟེར་བ་ཞིག་ཡོད། དེ་ནས་ལམ་ཁ་ཆུང་ངུ་ཞིག་ཡོད་པ་བརྒྱུད་དེ་སོང་ན་སྤྱི་ལེ་བཅུ་གཅིག་ནས་བི་ཀྲཱམ་ཤཱི་ལར་སླེབས་ཐུབ། བི་ཀྲཱམ་ཤཱི་ལའི་ནུབ་ངོས་ཀྱི་སྤྱི་ལེ་གཉིས་ཙམ་གྱི་སར་ཆུ་མོ་གངྒཱ་བཞུར་བཞིན་ཡོད། བི་ཀྲཱམ་ཤཱི་ལའི་དགོན་ཤུལ་དེ་གྲོང་གསེབ་གསུམ་གྱི་ནང་ཁྱབ་ནས་ཡོད་པ་དེ་དག་ནི་ཨན་ཊི་ཅག (antichak) མན་ཏི་ཧོ་རམ་པུར། (madhorampur) ཨོ་རིབ(oriup)བཅས་ཡིན། ཡིན་ན་ཡང་མི་ཕལ་མོ་ཆེས་བི་ཀྲཱམ་ཤྲཱི་ལ་འདི་ཉིད་ཨན་ཊི་ཅག་གི་ནང་ཡོད་པ་ཞིག་ལ་ངོས་འཛིན་བྱེད། གང་ཡིན་ཟེར་ན། བི་ཀྲཱམ་ཤྲཱི་ལའི་དགོན་ཤུལ་གྱི་ས་ཁུལ་མང་ཆེ་བ་ཨན་ཊི་ཅག་གྲོང་གསེབ་ཁོངས་སུ་གཏོགས་པ་ཞིག་རེད། གང་ལྟར་ཡང་བི་ཀྲཱམ་ཤཱི་ལའི་མིང་དེ་མ་འོངས་པར་ས་ཁུལ་འདིའི་སྤྱི་མིང་ཞིག་ཆགས་རྒྱུ་ཡིན་པ་གཏན་འཁེལ་བ་ལྟ་བུ་ཞིག་ཡིན། གང་ལགས་ཤེ་ན། བི་ཀྲཱམ་ཤྲཱི་ལའི་དགོན་གནས་ནས་སྤྱི་ལེ་ལྔའི་སར། མེ་འཁོར་འབབ་ཚིགས་ཤིག་ཡོད་པ་དེའི་མིང་ལ། བི་ཀྲཱམ་ཤཱི་ལ་ཞེས་བཏགས་ཡོད་སྟབས་མིང་དེ་ཡོངས་གྲགས་རང་བཞིན་ཅན་ཞིག་ཆགས་མགོ་བརྩམས་ཟིན་པ་རེད།

ས་མིང་དེ་ཇི་ལྟར་ཐོགས་པ་ཡིན་ནམ།

བི་ཀྲཱམ་ཤཱི་ལ་ཞེས་པའི་མིང་འདིའི་ཐད་ས་ཁུལ་དེ་གའི་མེས་པོ་ཚོར་ཤོད་སྲོལ་སྣ་མང་ཞིག་ཡོད་པ་ལས་གྲགས་ཆེ་ཤོས་ནི་ས་ཁུལ་འདིར་གནའ་སྔ་མོར་གདོན་འདྲེ་བི་ཀྲཱམ་ཟེར་བ་ཞིག་ཡོད་པ་དེ་ཉིད་ས་གནས་འདི་རང་ནས་བཏུལ་སྟབས་དེའི་མིང་ས་ཆར་ཐོགས་པར་ཡིད་ཆེས་བྱེད་བཞིན་པ་ཞིག་རེད། བི་ཀྲཱམ་ཤཱི་ལ་ཞེས་པ་འདི་དེ་ལྟའི་གནས་ཙམ་དུ་མ་ཟད། རྒྱལ་པོའི་གཙུག་ལག་སློབ་གཉེར་ཁང་དེ་ལའང་མིང་འདི་བཏགས་ཡོད། ས་གནས་དང་འབྲེལ་བའི་སྒོ་ནས་གཙུག་ལག་ཁང་གི་མིང་འདོགས་ལུགས་འདི་ཡོངས་གྲགས་ལྟ་བུ་ཞིག་ཡིན་ཏེ། དཔེར་ན། ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་དང་། ཏེལ་ཧ་རའི་གཙུག་ལག་སློབ་གཉེར་ཁང་། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལྟ་བུ་རེད། ད་དུང་མཁས་པ་ཁག་ཅིག་གིས་བི་ཀྲཱམ་ཞེས་པ་རྣམ་པར་གནོན་པའི་དོན་དུ་ཡང་འགྲེལ། གཙུག་ལག་སློབ་གཉེར་ཁང་འདི་ནས་སློབ་སྦྱོང་ཐོན་མཁན་ཚོར་རྒྱལ་པོ་རང་ཉིད་ཀྱིས་ཆེ་བསྟོད་ཀྱི་མཚན་གནས་འབུལ་སྲོལ་ཡོད་པ་ཡང་ས་ཁུལ་འདི་ནས་ཐམ་ཀ་ཁ་ཤས་གསར་རྙེད་བྱུང་བ་དེའི་ཐོག་ནས་ར་འཕྲོད་ཡོད།

གཞི་བཅོལ་སའི་ལོ་རྒྱུས་ཀྱི་ཁུངས་ལུང་ཇི་འདྲ་ཡོད་དམ།

བི་ཀྲཱམ་ཤཱི་ལའི་སྐོར་གྱི་ལོ་རྒྱུས་ཡིག་ཆ་ཧ་ཅང་ཉུང་ཉུང་ཞིག་ལས་མེད་སྟབས། འདིའི་སྐོར་ཉམས་ཞིབ་དང་རྒྱུས་ལོན་བྱེད་རྒྱུར་དཀའ་ངལ་ཡོད་པ་ཞིག་རེད། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་དུས་རབས་བཅུ་གཅིག་པའི་ནང་མཛད་པའི་ཇོ་བོའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་དང་། ཡང་མཆིམས་ནམ་མཁའ་གྲགས་ཀྱིས་གོང་མཚུངས་དུས་རབས་ནང་མཛད་པའི་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་ཇོ་རྣམ་ཡོངས་གྲགས་མ་དང་། གཞན་ཕྱིས་ཀྱི་དུས་རབས་བཅུ་དྲུག་པའི་ནང་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་བཅས་ཀྱི་ནང་ཅུང་ཙམ་གསལ་བ་དེ་ཚོ་ཞིབ་འཇུག་ཐད་ཧ་ཅང་ཕན་ཆ་ཆེ་བ་ཙམ་དུ་མ་ཟད། ངེས་པར་ཁུངས་གཏུགས་བྱེད་ས་ཞིག་ཆགས་ཡོད། གང་ལགས་ཤེ་ན། འབྲོམ་སྟོན་པ་དང་མཆིམས་ནམ་མཁའ་གྲགས་གཉིས་ཀ་ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་ཡིན་ཞིང༌། ཨ་ཏི་ཤ་ནི་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་གི་ལྡེ་མིག་འཛིན་པ་དང༌། གཙུག་ལག་སློབ་གཉེར་ཁང་འདིའི་མཁས་པའི་གཙུག་རྒྱན་ལྟ་བུ་ཡིན་པའི་སྐབས་བོད་དུ་ཕེབས་པ་ཞིག་ཡིན་སྟབས། ཁོང་རང་གི་སློབ་མ་ཚོས་བྲིས་པ་དེར་ཡིད་ཆེས་བྱེད་འོས་པ་ཞིག་ཡིན་ཁར། ད་དུང་དམིགས་བསལ་ཞིག་ལ། གོང་གི་རྣམ་ཐར་འབྲི་མཁན་གཉིས་ཀས་ཇོ་བོ་རྒྱ་གར་ན་བཞུགས་སྐབས་ཀྱི་སྐོར་རྣམས་ཇོ་བོ་རང་ཉིད་དང་། ཁོང་གཙུག་ལག་སློབ་གཉེར་ཁང་འདི་ནས་བོད་དུ་གདན་འདྲེན་མཁན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བར་བཀའ་འདྲི་ཡང་ཡང་ཞུས་ནས་མཛད་པ་ཞིག་ཡིན་སྟབས་ཨ་ཏི་ཤའི་རྣམ་ཐར་ནང་བི་ཀྲཱམ་ཤཱི་ལའི་སྐོར་གསལ་ཆ་གང་འཚམ་ཡོད་པ་ཞིག་རེད། དེ་མཚུངས་ཏཱ་ར་ན་ཐའི་ཆོས་འབྱུང་དེ་ཡང་རྒྱ་གར་ནས་ཕེབས་པའི་སློབ་དཔོན་ཁག་ཅིག་གི་གསུང་སྒྲོས་བསགས་ནས་མཛད་པ་ཞིག་ཡིན་སྟབས་དེར་ཡང་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་འདིའི་གདན་རབས་སྐོར་སོགས་གསལ་ཆ་ཅུང་ཙམ་ཡོད་པ་ཞིག་ཡིན། དེས་ན་གོང་གསལ་གྱི་ལོ་རྒྱུས་ཡིག་ཆ་འདི་དག་དང་། དེ་མིན་གནའ་ཤུལ་སྔོག་ཞིབ་ལས་ཀྱང་དངོས་པོ་གང་མང་ཐོན་པ་དེ་དག་གིས་ལོ་རྒྱུས་ཀྱི་དོན་གནད་སྣེ་མང་ཐད་འགྲེལ་བཤད་གཟབ་ནན་བྱས་ཡོད་པ་བཅས་ལས་ཤེས་རྟོགས་བྱེད་ཐུབ་དགོས་པ་ཞིག་ཆགས་ཡོད།

གནའ་ཤུལ་དེ་ངོས་འཛིན་ཇི་ལྟར་བྱས་སམ།

ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་འགའ་རེས་པ་ཊ་ཎ་(Patna)དང་། བྷ་གྷལ་པུར་(Bhagalpur)གྱི་ཁོངས་གཏོགས་ཡིན་པའི་ས་གནས་གཞན་ཁ་ཤས་ཤིག་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་གི་གནའ་ཤུལ་ཡིན་མིན་ཐད་དོགས་གཞི་དང་། དཔྱད་ཞིབ་ཡང་གནང་མྱོང་ཡོད། ས་གནས་དེ་དག་ནི། ནཱལནྡཱའི་རྫོང་ཁོངས་སུ་ཡོད་པའི་སིས་ལ་ཨོ་(Silao)དང་། བྷ་གྷལ་པུར་གྱི་རྫོང་ཁོངས་སུ་ཡོད་པའི་སུལ་ཏན་གྷན་ཇི། (sultanganj) [2]ལ་ཐར་གྷ་ཏ།(Lathargata) ཀེར་ཡ་(Keria)བཅས་ཡིན་ཡང་། དེ་སྔ་ཡན་ལོ་རྒྱུས་ཡིག་རིགས་དང་། གནའ་ཤུལ་སྔོག་ཞིབ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་ནི། ཨན་ཊི་ཅག་ཟེར་བའི་ནང་གི་དགོན་ཤུལ་དེ་ཉིད་བི་ཀྲཱམ་ཤཱི་་ལའི་གནའ་ཤུལ་དུ་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན་པ་གནའ་ཤུལ་སྔོག་ཞིབ་བྱེད་ཐེངས་གཉིས་པར་གཏན་འཁེལ་བྱུང་བ་ཞིག་རེད། གནའ་ཤུལ་སྔོག་ཞིབ་ཐེངས་དང་པོ་བྱེད་མཁན་དེ་ཉིད་པ་ཊ་ནཱའི་(Patna) གཙུག་ལག་སློབ་གཉེར་ཁང་ཡིན་ཞིང༌། ཁོང་ཚོས་ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༦༩ བར་སྔོག་ཞིབ་བྱས་པ་ཞིག་རེད། དེ་རྗེས་ཕྱི་ལོ་ ༡༩༧༢ ནས་ཕྱི་ལོ་ ༡༩༨༢ བར་ལོ་བཅུ་གཅིག་རིང་རྒྱ་གར་གཞུང་གི་གནའ་ཤུལ་ཞིབ་འཇུག་ཁང་གིས་སྔོག་ཞིབ་བྱས་པར་གནའ་བོའི་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་དེ་ད་ལྟ་རྙེད་སོན་བྱུང་བ་ཨན་ཊི་ཅག་གི་ཁོངས་གཏོགས་ཀྱི་གནའ་ཤུལ་འདི་ཉིད་ཡིན་པའི་ངོས་འཛིན་གཏན་འཁེལ་བྱས་པ་ཞིག་རེད།

བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ཚུལ།

ཕྱི་ལོ་ ༦༤༠ ནང་རྒྱ་གར་ཡུལ་དབུས་སུ་སློབ་གཉེར་དུ་ཕེབས་པའི་རྒྱའི་བཙུན་པ་ཐང་སན་ཙང་གིས་བི་ཀྲཱམ་ཤཱི་ལའི་སྐོར་གང་ཡང་གསུངས་མེད་པ་དེ་ནི། སྐབས་དེར་ད་དུང་གསར་སྐྲུན་བྱ་རྒྱུའི་དབང་གིས་ཡིན་ཞིང་། དུས་ཕྱིས་པ་ལཱའི་རྒྱལ་རྒྱུད་ཀྱི་རྒྱལ་རབས་གཉིས་པ་དེ་བ་པཱ་ལའི་དུས་སུ་གསར་སྐྲུན་བྱས་པ་ཞིག་ཡིན་པ་ཧ་ཅང་གསལ། དེའང་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་ཅུང་ཙམ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་སུ་གསར་འཛུགས་བྱས་པ་ཞིག་རེད། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་བི་ཀྲཱམ་ཤཱི་ལ་འདི་ཉིད་དྷརྨ་པཱ་ལས་གསར་བཞེངས་མཛད་ཚུལ་བཤད་ [3]པ་དང་། ཡང་དགེ་འདུན་ཆོས་འཕེལ་གྱིས་གཽ་པཱ་ལས་བཞེངས་ [4] ཚུལ་བཤད་མོད། དཔེ་འདི་གཉིས་ལས་ཁུངས་དག་པ་དང་། ཆེས་སྔ་བའི་ལོ་རྒྱུས་དུམ་བུ་ཞིག་ཡོད་པ་ནི། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མདོ་དྲན་པ་ཉེར་བཞག་གི་མཇུག་བྱང་དུ། [5]རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲཱམ་ཤཱི་ལ་ནའང་། ཞེས་གསལ་བར་བྲིས་པ་འདི་ལས་བི་ཀྲཱམ་ཤཱི་ལ་གསར་བཞེངས་མཛད་མཁན་སུ་ཡིན་གསལ་བར་བསྟན་པ་དེ་ནི་ཤིན་ཏུ་ཁུངས་དག་པ་ཡིན་ཏེ། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་ནི་ [6] པཎ་ཆེན་ཨ་བྷ་ཡ་ཀ་རའི་སློབ་མ་དང༌། ཁོང་འཕགས་ཡུལ་དུ་ཕེབས་སྐབས་པཱ་ལའི་རྒྱལ་རབས་བཅུ་དྲུག་པ་ར་མ་པཱ་ལའི་སྐབས་ཡིན། རོབ་ཚོད་ཙམ་བྱས་ན་ཕྱི་ལོ་༡༠༧༧ ནས་ཕྱི་ལོ་ ༡༡༣༠  བར་ཡིན། འོ་ན་དེ་ཇི་ལྟར་ཤེས་ཟེར་ན། ཁོང་གིས་བསྒྱུར་བའི་མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་དུ། བྱང་ཕྱོགས་པ་ཚབ་ཀྱི་རྒྱུད་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པ་ར་མ་པཱ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཤས་ཤིག་བསྒྱུར་པའི་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་སྦྱར་བའོ།། ཞེས་གསུངས་པ་འདིས། ལོ་རྒྱུས་ཀྱི་གནད་ཀ་མང་དག་ཅིག་གསལ་བར་བྱས་པ་ཡིན་ཏེ། བི་ཀྲཱམ་ཤཱི་ལའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་པཱ་ལའི་རྒྱལ་རབས་གསུམ་པ་དེ་བ་པཱ་ལས་བཞེངས་པ་དང་། རང་ཉིད་ཀྱིས་མདོ་དྲན་པ་ཉེར་བཞག་དེ་ཉིད་པཱ་ལའི་རྒྱལ་རབས་བཅུ་དྲུག་པ་ར་མ་པཱ་ལའི་དུས་སུ་བསྒྱུར་བའི་དབུ་བཙུགས་ནས་ལོ་ཤས་སོང་མཚམས་བསྐྱར་དུ་འཕྲོ་ཡོངས་སུ་རྫོགས་པར་མཛད་ཚུལ་བཅས་གསལ་བར་བསྟན་པ་འདིས། ཁོང་འཕགས་ཡུལ་དུ་ཕེབས་བཞུགས་སྐབས་རྒྱལ་པོ་སུ་ཡིན་དང་། ཁོང་གི་སྐབས་སུ་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་ད་དུང་མ་ཉམས་པར་ཡོད་པ་སོགས་མཐོང་ཐུབ་པར་འདོད།  དེར་བརྟེན་བི་ཀྲཱམ་ཤཱི་ལ་གསར་བཞེངས་མཛད་མཁན་དེ་ཉིད། ཏཱ་ར་ནཱ་ཐས་བཤད་པའི་དྷརྨ་པཱ་ལ་དང་། དགེ་ཆོས་ཀྱིས་བཤད་པའི་གཽ་པཱ་ལ་གཉིས་ཀ་མིན་པར་ངེས། དུས་ཕྱིས་སུ་རྒྱ་གར་པ་རེ་གཉིས་ཤིག་གིས་གཙུག་ལག་སློབ་གཉེར་ཁང་འདི་ཉིད་དྷརྨ་པཱ་ལས་བཞེངས་ཞེས་འཆད་བཞིན་པ་ནི་ཏཱ་ར་ནཱ་ཐར་ཁུངས་བཅོལ་བ་དང་། མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་མ་མཐོང་བའི་སྐྱོན་ཙམ་ལས་གཞན་སྒྲུབ་བྱེད་ཅི་ཡང་མེད་དོ།།

དེ་བ་པཱ་ལའི་དུས་ཀྱི་མངའ་ཐང་།

དེས་ན་པཱ་ལའི་རྒྱལ་རབས་གསུམ་པ་དེ་བ་པཱ་ལའམ་རྒྱལ་པོ་ལྷ་སྐྱོང་གི་སྲིད་སྐྱོང་ལོ་དུས་ནི། ཕྱི་ལོ་ ༨༡༠ ནས་ ༨༥༠ ཙམ་གྱི་རིང་ཡིན་པས་དེ་ལྟའི་དུས་སྐབས་ནང་བྱུང་བ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མི་དགོས་པ་ཞིག་རེད། གཞན་འཛམ་གླིང་རྒྱས་བཤད་ [7] ནང་།  དེ་(རྒྱལ་པོའི་ཁབ།)ནས་བྱང་དུ་ཚ་ལམ་ཙམ་གྱི་སར་དཔལ་ན་ལེཎྜའི་གཙུག་ལག་ཁང་ཡོད། བོད་ཡོངས་གྲགས་ཀྱི་གཏམ་ལ་དེང་སང་ན་ལེཎྜའི་གཙུག་ལག་ཁང་ཕར་ཞོག རྒྱ་གར་ན་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མེད་ཟེར་མོད། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས་ཏུ་རུ་ཥ་མོ་ཧཱ་མནྟིའི་དམག་བྱུང་དུས་སུ་བྲི་ཀཱ་མ་ལ་ཤི་ལའི་གཙུག་ལག་ཁང་དང་། ཨོ་ཏནྟ་པུ་རི་གཉིས་བཤིག་པར་བཤད་པ་ལས་དཔལ་ན་ལེནྡའི་གཙུག་ལག་ཁང་བཤིག་མ་བཤིག་གསལ་ཁ་མ་ངེས་པར། ཕྱིས་རྒྱལ་པོ་ཙི་ག་ལ་རཱ་ཛའི་དུས་སུ་ན་ལོལྟའི་གཙུག་ལག་ཁང་རྣམས་ལ་མཆོད་པ་ཆེན་པོ་བྱས་པར་བཤད་འདུག་པས་ཏུ་རུ་ཥ་མོ་ཧཱ་མནྟིའི་དམག་གི་དུས་སུ་མ་བཤིག་པར་མངོན་ཞིང་། ཕྱིས་སུ་ཨ་ཙརྱ་ཝཱ་ལགི་རི་ཟེར་བས་ཀྱང་དངོས་སུ་མཇལ་འདུག་པས་ད་དུང་ཡོད་པར་ངེས་ཀྱང་དུས་ཀྱི་དབང་གིས་གྲྭ་ཚོགས་དང་སློབ་གཉེར་སོགས་སྔོན་དང་འདྲ་བ་ཡོད་ཚོད་མི་སྣང་། ཞེས་གཞན་གྱི་ཟེར་སྒྲོས་རྐྱང་རྐྱང་བསགས་ནས་བྲིས་སྟབས་དོན་གནད་གང་མང་ཞིག་ནོར་འདུག་ཅིང་། ལྷག་པར་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་ཁོ་རང་གི་དུས་སུ་ད་དུང་ཡོད་པར་བཤད་པ་དང་། ཡང་བི་ཀྲཱམ་ཤཱི་ལ་བྲག་རྡོ་ཞིག་གི་སྒང་ལ་ཡོད་ཚུལ་བཤད་པ་སོགས་ཤིན་ཏུ་མ་དག་པ་ཡིན་པས་ཡིད་རྟོན་མི་རུང་བར་ངེས། འདིར་བཙན་པོ་ནོ་མི་ཧན་གྱིས་བི་ཀྲཱམ་ཤཱི་ལ་བྲག་རྡོ་ཞིག་གི་སྒང་ལ་ཡོད་རབས་བཤད་པ་དེ་ཨོ་ཏནྟ་པུ་རི་དང་འཁྲུལ་བ་མིན་ནམ་སྙམ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ནི་བྲག་རི་ཆེན་པོ་ཞིག་གི་སྒང་ན་ཡོད་པས་ཟེར་སྒྲོས་དེ་རིགས་ནོར་བ་ཡིན་སྲིད། དེས་ན་པ་ཚབ་ལོ་ཙཱ་བའི་གསུང་ལྟར་དུས་རབས་བརྒྱད་པ་ནས་བཅུ་གསུམ་པའི་མགོ་སྟོད་ཙམ་གྱི་རིང་སྟེ། ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་བསྟན་པའི་ཞབས་འདེགས་ཆེན་པོ་བསྒྲུབས་ནས་མཐར་ཁ་ཆེའི་དམག་གིས་གཏོར་བཤིག་བཏང་སྟབས་ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་ཐར་ནང་། ཆག་ལོ་ཆོས་རྗེ་དཔལ་གྱི་ཁུ་བོ་ཆག་ལོ་དགྲ་བཅོམ་རྒྱ་གར་དུ་ཕེབས་སྐབས་བི་ཀྲཱམ་ཤཱི་ལ་ཡོད་ན་ཡང་། ལོ་ཤས་རྗེས་ཆག་ལོ་ཆོས་རྗེ་དཔལ་རང་ཉིད་རྒྱ་གར་དུ་སླེབས་སྐབས་ཁ་ཆེའི་དམག་གིས་ཀ་རྡོ་ཚུན་ཆད་བཏོན་ནས་རྨེག་མེད་བཟོས་ཚུལ་གསལ་བ་དེ་ལས་དུས་རབས་བཅུ་གསུམ་པའི་མགོ་སྟོད་ཙམ་ལ་རྩ་གཏོར་བཏང་བ་གསལ་བཤད་བྱས་པ་ཞིག་རེད། དེ་ཡང་ཡིན་ཏེ་ཆག་ལོ་ཆོས་རྗེ་དཔལ་ཡུལ་དབུས་སུ་ཕྱི་ལོ་ ༡༢༢༠ ཙམ་ལ་ཕེབས་པ་ཡིན་པསགསལ་རྟོགས་ཐུབ་ངེས་སུ་འདུག

བི་ཀྲཱམ་ཤཱི་ལ་ནས་སློབ་གཉེར་ཅི་ཞིག་བྱེད་ཀྱི་ཡོད་དམ།

བི་ཀྲཱམ་ཤཱི་ལ་ནི་གནའ་བོའི་རྒྱ་གར་ཡུལ་དབུས་ཀྱི་གཙུག་ལག་སློབ་གྲྭ་མཚན་སྙན་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པར་མ་ཟད། དེ་སྐབས་མཚན་སྙན་ཧ་ཅང་ཆེ་བའི་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་དང་། ཨོ་ཏནྟ་པུ་རིའི་གཙུག་ལག་སློབ་གཉེར་ཁང་གཉིས་དང་། འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཀྱང་རེད། གཙུག་ལག་སློབ་གྲྭ་འདིར་མཚན་ཉིད་རིག་པ་དང་། གསང་སྔགས། ལྟ་གྲུབ། སྐད་ཡིག འཇིག་རྟེན་གྱི་བྱུང་རབས། ཚད་མ་ལ་སོགས་པ་སློབ་ཚན་མང་པོ་ཞིག་སློབ་ཀྱི་ཡོད་པ་རེད། སློབ་ཚན་དེ་དག་ལས་གལ་ཆེ་ཤོས་ནི་གསང་སྔགས་སྐོར་ཡིན། [དེའི་རྒྱུ་མཚན་ནི་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་འདི་ཕལ་ཆེར་གསང་སྔགས་ཀྱི་ཆོས་སྐོར་ཆེད་ཕྱག་བཏབ་པ་ཞིག་ཏུ་བཤད་ཅིང་ཐལ་མ་དྲགས་པ་འདྲ་ཞིག་རེད། ཡང་ལོ་རྒྱུས་སྨྲ་བ་འགས། གསང་སྔགས་ནི་སངས་རྒྱས་ཆོས་ལུགས་དང་། ཧིན་དྷུའི་ཆོས་ལུགས་གཉིས་ཀྱི་སྙིང་བཅུད་བསྡུ་རུབ་བྱས་པ་ལས་བྱུང་བ་ཡིན་ལ། གསང་སྔགས་དར་བའི་དུས་ཚོད་དང༌་། བི་ཀྲཱམ་ཤཱི་ལ་གསར་བཞེངས་མཛད་པའི་དུས་ཚོད་ཀྱི་ཆ་ནས་ཀྱང་དེ་གཉིས་བར་འབྲེལ་བའི་ཚད་གཞི་ཧ་ཅང་མཐོན་པོར་སླེབས་ཡོད་པ་གསལ་རྟོགས་ཐུབ་པ་ཞིག་རེད་ཅེས་ཤོད་ཆོག བོད་བརྒྱུད་ནང་བསྟན་ཆོས་ལུགས་པ་ཚོས་གསང་སྔགས་ནི་སངས་རྒྱས་ཀྱི་ཆོས་ཉག་གཅིག་ཡིན་པ་ཙམ་མ་ཟད། དུས་རབས་མང་པོའི་རིང་གསང་སྔགས་གསང་སྔགས་ཀྱི་སར་བཞག་པས་སྤྱི་ཚོགས་ནང་ཡོངས་གྲགས་མ་ཆགས་པ་ཞིག་དང་། དུས་ཕྱིས་སྤྱི་ཚོགས་ནང་དར་ཁྱབ་ཆེན་པོ་སོང་བས་ལེགས་ཉེས་ཀྱི་གནས་ཚུལ་གང་མང་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད། གཙུག་ལག་སློབ་གཉེར་ཁང་འདི་ནས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་མང་པོ་ཐོན་པ་དང་། མཁས་པ་དེ་དག་ཕྱོགས་གང་སར་ནང་པའི་ཆོས་དང་དེ་འབྲེལ་གྱི་རིག་གཞུང་དར་སྤེལ་ཆེད་དུ་གདན་འདྲེན་ཡང་ཡང་ཞུས་ཡོད་པ་ཞིག་རེད། དེར་བརྟེན་གཙུག་ལག་སློབ་གཉེར་ཁང་འདི་ནས་ཐོན་པའི་མཁས་པ་མང་པོ་ཕྱོགས་གང་སར་ཕེབས་སྟབས་གཙུག་ལག་སློབ་གཉེར་ཁང་འདིའི་མཚན་སྙན་ཀྱང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ཞིག་ཡིན། གཙུག་ལག་སློབ་གཉེར་ཁང་འདི་ནས་མཁས་གྲུབ་ཇི་སྙེད་ཅིག་ཐོན་པའི་དཔེ་མཚོན་འདི་ལྟ་སྟེ། ནག་ཚོ་ལོ་ཙཱ་བ་གཙུག་ལག་སློབ་གཉེར་ཁང་འདིར་སླེབས་ནས་རྒྱ་བརྩོན་སེང་དང་བཀའ་མོལ་ཞུ་སྐབས་སུ། ནག་ཚོས། འོ་ན་པཎྜི་ཏ་ཇི་འདྲ་ཡོད་ཞུས་པས། པཎྜི་ཏ་གནམ་གྱིས་ས་བཀབ་པ་ཙམ་མང་པོ་ཡོད། འདི་ལྟར་རིག་པའི་ཁུ་བྱུག་དང་། ནཱ་རོ་པ་དང་། ཌ་བྷི་པ་དང་། མར་མེ་མཛད་བཟང་པོ་དང་། ཨཱ་ཝ་དྷུ་ཏི་པ་དང་། བྱང་ཆུབ་བཟང་པོ་དང་། ཤཱནྟི་པ་དང་། རིན་ཆེན་བཟང་པོ། རིན་ཆེན་སྡེ། རྣམ་དག་གཙུག་གི་ནོར་བུ། རི་བོ་བཟང་པོ། ཟླ་བའི་ནོར་བུ། ཀུན་ཏུ་བཟང་པོ། ལྷའི་བློ་གྲོས། ཡེ་ཤེས་འབྱུང་གནས། ངག་གི་དབང་ཕྱུག་གྲགས་པ། ནག་པོ་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། རྒྱ་མཚོ་མཐའ་ཡས་པ། ལྷུན་པོ་བརྩེགས་པ། གངྒཱའི་ཆུ་རྒྱུན། སྐར་མའི་རྒྱལ་པོ། རོལ་པའི་རྡོ་རྗེ། ས་འགེབས་ཞབས། ཡེ་ཤེས་འབྱུང་གནས། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན། ཀླུ་དབང་རྒྱལ་པོ། སྤྲིན་གྱི་ཤུགས་ཅན། གླང་པོ་ཆེའི་དཔལ། བསམ་མི་ཁྱབ་པའི་བློ་གྲོས། གདུང་བ་སེལ་བ།  ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང་། ཐམས་ཅད་རང་ས་ན་ཆེ་མོད། འོ་སྐོལ་བོད་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་པ་མེད་གསུངས་པ་ལྟར་དེ་འདྲའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཇོ་བོ་རྗེ་ནི། བོད་དུ་ཡང་གདན་དྲངས་པར་མ་ཟད། བྱང་ཆུབ་ལམ་གྱི་སྒྲོན་མེ་བྱ་བའི་བསྟན་བཅོས་མཛད་པ་དང་སྐབས་དེ་དུས་བོད་དུ་གསང་སྔགས་ལ་བསྙད་པའི་ཆོས་ལོག་ཇི་སྙེད་ཅིག་ས་དར་རྡོ་དར་དུ་ཆགས་བཞིན་པ་དག་ལ་དགག་གཞག་དག་ཐེར་གནང་བྱེད་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་མཐའ་དག་གདམས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྒོ་ནས་ཉམས་སུ་ལེན་ཚུལ་གྱི་མན་ངག་ཁྱད་པར་ཅན་སྩལ་གནང་མཛད་པ་རེད། ཡང་ལོ་རྒྱུས་སྨྲ་བ་འགས་ཇོ་བོ་བོད་དུ་ཕེབས་ནས་བླ་མའི་ཆོས་གསར་བཏོད་མཛད་ཟེར་ཡང་།

ཕྱི་རྒྱལ་གྱི་ཞིབ་འཇུག་པ་ཆེས་ཉུང་ཤས་ཤིག་གིས་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་མིང་འདོགས་བྱེད་པ་དེ་ཕྱི་ཚུལ་འགའ་ཞིག་ལ་བལྟས་ནས་བཤད་པ་ཙམ་མ་གཏོགས། དོན་ལ་མི་འཇུག་ཚུལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་གྲུབ་མཐའི་རྣམ་བཤད་[9]ནང་ཞིབ་མོ་རྣམ་འཐག་གིས་དགག་གཞག་བྱས་འདུག་སྟབས་དོ་སྣང་ཡོད་མཁན་ཚོས་དེར་གཟིགས་ན་བློ་སྐྱེད་ཆེན་པོ་སྟེར་བར་མཐོང་ལ། དེ་མིན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་། བོད་དུ་དར་བའི་ནང་པའི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ་[10]ཞེས་པར་དག་སེལ་ནན་ཏན་གནང་འདུག གཞན་དུ་༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་ནས་ཀྱང་། ནང་པའི་བསྟན་པར་དག་ཐེར་དང་། བྱི་དོར་ཇི་སྙེད་ཅིག་མཛད་པ་བཅས་ལས་རྟོགས་ཐུབ། སློབ་གཉེར་ཁང་འདིར་ཞུགས་མཁན་གྱི་སློབ་མ་ཚོས་སློབ་གཉེར་ཁང་གཞན་དང་འདྲ་མཚུངས་ཀྱི་ཚུད་རྒྱུགས་སྤྲོད་དགོས་ཤིང་། ཚུད་རྒྱུགས་སྤྲོད་སྐབས་གཙུག་ལག་སློབ་གཉེར་ཁང་གི་ཕྱིའི་སྒོ་སྲུང་མཁན་པཎྜི་ཏ་ཆེན་པོ་དེ་ཚོས་འདྲི་རྩོད་བྱེད་ཀྱི་ཡོད་པ་རེད། པཎ་ཆེན་དེ་ཚོ་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཤ་སྟག་ཡིན་སྟབས། མུ་སྟེགས་ཀྱི་རྒོལ་བ་བཟློག་ཆེད་སྒོ་སྲུང་བར་བསྐོས་པ་ཞིག་ཡིན་ཞིང༌། སློབ་དཔོན་དེ་དག་ནི་ནང་པའི་བསྟན་པ་མདོ་སྔགས་གང་ལའང་། ཆགས་ཐོགས་མེད་པ་ཙམ་དུ་མ་ཟད། ལྷག་པར་རང་གིས་བསྟེན་པའི་ཡི་དམ་གང་ཡིན་པ་དེའི་དབང་ལུང་མན་ངག་གི་རིམ་པ་དང་། བསྐྱེད་རྫོགས་ཀྱི་ཆོ་ག་སོགས་ལ་མཉམ་བཞེས་གཏིང་ཟབ་གནང་གི་ཡོད་པར་བརྟེན་ཁོང་རྣམ་པའི་མཁྱེན་ཡོན་གྱི་ཆུ་ཚད་དང་། ཉམས་ལེན་གྱི་རིམ་པ་དེ་དག་ལ་སུས་ཀྱང་འགྲན་ཟླ་བྲལ་བ་ལྟ་བུ་ཞིག་རེད། གཙུག་ལག་སློབ་གཉེར་ཁང་འདིའི་ལོ་རྒྱུས་ལག་སོན་བྱུང་རིགས་ནང་གསལ་ཚུལ་བྱས་ན་སློབ་གཉེར་བྱེད་མཁན་དགེ་འདུན་པ་ཆིག་སྟོང་བརྒྱད་བརྒྱ་ཙམ་དང་། པཎ་གྲུབ་བརྒྱ་ལྷག་ཅིག་ཡོད་པར་བཤད། སློབ་གཉེར་ཁང་འདིའི་སློབ་ཕྲུག་ན་གཞོན་རེ་རེས་དགེ་རྒན་སྐུ་བགྲེས་རེ་བསྟེན་གྱི་ཡོད་པ་དང༌། དགེ་རྒན་དེ་ཉིད་དང་སློབ་ཕྲུག་རང་གི་བར་བླ་སློབ་དང་། དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཟབ་མོ་ཉར་དགོས་པ་ཞིག་རེད། དེ་འདྲའི་འབྲེལ་བ་དེའི་མིང་ལ་སངས་རྒྱས་ཆོས་ལུགས་ནང་དམ་ཚིག་ཅེས་མིང་བརྡ་ཁྱད་པར་བ་ཞིག་ཀྱང་ཡོད། སློབ་གཉེར་ཁང་འདིར་དགེ་འདུན་པའི་སློབ་སྦྱོང་ཐད་གཟིགས་རྟོག་གནང་མཁན་གྱི་ཚོགས་སྡེ་དེང་སང་གི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བ་ལྟ་བུ་ཞིག་ཡོད་པ་དང་། ཚོགས་པ་དེས་དགེ་རྒན་ཚོའི་སློབ་སྦྱོང་སྤྲོད་ཕྱོགས་དང་། སློབ་མ་ཚོས་རང་ནུས་གང་ཡོད་ཀྱིས་སློབ་སྦྱོང་བྱེད་ཀྱི་ཡོད་མེད་ལ་གཟིགས་རྟོག་ནན་ཏན་མཛད་ཀྱི་ཡོད་པ་རེད། དེ་འདྲའི་གཟིགས་ཞིབ་ནན་ཏན་སྒོས་སློབ་སྦྱོང་བྱས་རྗེས། ལོ་རེའི་དུས་དྲན་མཛད་སྒོའི་སྐབས་སུ་སློབ་སྦྱོང་གནང་མཁན་རྣམས་ལ་སློབ་དཔོན་སོགས་ཀྱི་མཚན་ཐོབ་རིམ་པར་སྤྲོད་ཀྱི་ཡོད། ཡིན་ན་ཡང་སློབ་སྦྱོང་བྱེད་མཁན་སུ་དང་སུ་ལ་སྤྲོད་དགོས་མིན་སློབ་སྦྱོང་གཟིགས་རྟོག་ཚོགས་པ་དེས་ཐག་གཅོད་རྒྱུ་དང་། མཚན་གནས་ཀྱི་གོ་ཐོབ་ངོ་མ་དེ་སྐབས་དེའི་རྒྱལ་པོས་གནང་སྲོལ་ཡོད་པ་ཞིག་རེད། གཞན་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་གཟིགས་རྟོག་གི་ཚོགས་སྡེ་དེས་ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་ལ་ཡང་གཟིགས་རྟོག་གནང་གི་ཡོད་སྟབས། སློབ་གཉེར་ཁང་འདི་གཉིས་ཀའི་དགེ་རྒན་ཡང་སྐབས་འགར་ཕན་ཚུན་བརྗེ་རེས་བྱེད་བཞིན་ཡོད་པ་རེད། གཙུག་ལག་སློབ་གཉེར་ཁང་འདི་གཉིས་བར་དེ་འདྲའི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་དེ་ནི། པཱ་ལའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་མང་ཆེ་བ་སློབ་གཉེར་ཁང་འདི་གཉིས་ཀའི་སྦྱིན་བདག་ཡིན་སྟབས་དེའི་ཤུགས་རྐྱེན་གྱིས་ཆེས་ནང་ཚགས་ཀྱི་རྣམ་པ་དང་མཐུན་ལམ་ཟབ་མོ་ཡོད་པ་ཞིག་ཡིན། དེ་མིན་བི་ཀྲཱམ་ཤཱི་ལའི་སློབ་གཉེར་ཁང་འདིའི་དགེ་རྒན་དང་། སློབ་ཕྲུག་གི་འཚོ་བའི་འགན་ལེན་ཆ་ཚང་རྒྱལ་པོ་དེ་དག་གིས་གནང་བར་བརྟེན་དགེ་སློབ་སུ་ལ་ཡང་དཀའ་ངལ་མེད་པར་མ་ཟད། ད་དུང་ཕྱི་རྒྱལ་ནས་ཕེབས་པའི་སློབ་གཉེར་བར་བཞུགས་གནས་དམིགས་བསལ་གྱིས་གྲ་སྒྲིག་ཀྱང་ཡོད་པ་ནི། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཇོ་བོ་རྗེ་གདན་འདྲེན་དུ་སླེབས་སྐབས། དེར་སྔོན་ནས་ཡོད་པའི་བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་བོད་ཀྱི་སྤྱི་ཁང་དུ་བཞུགས་ཡོད་ཚུལ་གསུངས་པ་ [11]ལས་གསལ་རྟོགས་ཐུབ་པ་ཞིག་རེད།

བི་ཀྲཱམ་ཤཱི་ལའི་གནའ་ཤུལ་སྔོག་ཞིབ།

བི་ཀྲམ་ཤཱི་ལའི་གནའ་ཤུལ་གྱི་ས་ཁྱོན་ད་ལྟ་རྙེད་སོན་བྱུང་བ་ལྟར་ན། ཨེ་ཀར་བརྒྱ་ལྷག་ཙམ་ཡོད་པ་དང་། དཀྱིལ་དུ་རྨང་གཞིའི་དབྱིབས་རྒྱ་ཁྲམ་གྱི་བཟོ་ལྟ་ཅན་གྱི་མཆོད་རྟེན་དང་། དེའི་ཁར་མདུན་ངོས་ཀྱི་ལམ་ཁ་སྦྱར་ཏེ་ཐོག་ནས་མར་བལྟས་ཚེ་རྒྱ་ཁྲམ་གྱི་དབྱིབས་ལྟ་བུ་ཞིག་ཡོད་པ་རེད། དེའི་མཐའ་འཁོར་གྲུ་བཞི་བྱས་ནས་ལྷ་ཁང་གི་ཤུལ་དང་། སློབ་གཉེར་ཁང་གི་ལྷོ་ནུབ་ངོས་སུ་དཔེ་མཛོད་ཁང་ཐོག་བརྩེགས་ཁ་ཤས་ཡོད་པ་ཞིག་གི་ཤུལ་ཡང་རྙེད་སོན་བྱུང་ཡོད། ད་ལྟའི་གནའ་ཤུལ་འདི་དང༌། ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ནང་གི་བི་ཀྲཱམ་ཤཱི་ལའི་དགོན་དབྱིབས་བཤད་པ་གཉིས་བསྡུར་ན་ཕལ་ཆེར་གྲུབ་དོན་གཅིག་ཏུ་འབབ་པ་ནི་ངོ་མཚར་བ་ཞིག་ཡིན། དཔེར་ན། ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ནང་། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་(རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་ཚད་ཙམ་ཞིག)ཚད་ཀྱི་ལྷ་ཁང་། མཐའ་འཁོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་རྩ་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས་ཞེས་བཤད་པ་དང་། ད་ཆ་གསར་རྙེད་བྱུང་བའི་གནའ་ཤུལ་གཉིས་ཀྱི་བར་རི་དེའུ་ཞིག་གི་རྩེ་ཞེས་པ་ཙམ་ལས་གཞན་མི་མཐུན་པ་མེད། རྒྱ་གར་ཡུལ་དབུས་སུ་རི་ཉུང་བས་ས་ཅུང་ཙམ་འབུར་དུ་ཐོན་པ་ཞིག་ཡིན་ཚེ་རིའི་ཐ་སྙད་སྦྱར་བ་མིན་ནམ་སྙམ་མོ།།

བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་འདི་སློབ་གཉེར་ཁང་ཆེས་རྙིང་ཤོས་ཤིག་ཡིན་པ།

མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་ཚད་ཅི་ཙམ་མཐོ་རུ་སོང་བ་དེའི་ཚོད་ཀྱིས་རིག་གནས་ཀྱི་རྣམ་བཞག་ཞིབ་ཚགས་ཤིང་། རིགས་ཀྱི་དབྱེ་བ་ཡང་ཞིབ་མོར་ཕྱེས་ནས་དེ་བསྟུན་གྱིས་སློབ་གཉེར་ཁང་ཡང་རིགས་སྣ་ཚོགས་བྱུང་མོད། ཡིན་ན་ཡང་སྤྱིར་བཏང་གི་ཆ་ནས་སློབ་ཚན་དང་སློབ་གཉེར་ཁང་གཉིས་ཀ་སྡེ་ཚན་ཁག་གཉིས་སུ་དབྱེ་ཆོག དེ་ཡང་ཆོས་ལུགས་སློབ་གཉེར་བྱེད་སའི་དགོན་སྡེ་དང་། ཆོས་ལུགས་ལས་གཞན་པའི་རིག་གནས་སྡེ་ཚན་ཁག་སློབ་གཉེར་བྱེད་སའི་སློབ་གྲྭ་ཁག་ཡིན། དེ་ཡང་སློབ་གྲྭ་ལ་མཚོན་ན་དམའ་རིམ་དང་འབྲིང་རིམ་སོགས་རིགས་མང་ཡང་འདིར་རང་རེའི་འཛམ་གླིང་ནང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བྱུང་བའི་ཆེས་ཐོག་མ་གང་ཡིན་ནས་མར་ཅུང་ཙམ་གླེང་ན། ད་ཕན་མིའི་རིགས་ཀྱི་ལོ་རྒྱུས་ནང་ཤེས་རྟོགས་བྱུང་བར་གཞིགས་ན་སངས་རྒྱས་ཆོས་ལུགས་ཀྱིས་གཙོས་ཆོས་ལུགས་དང་། ལྟ་གྲུབ། གསོ་རིག རྩིས་རིག་སོགས་ཆོས་ལུགས་དང་རིག་གནས་གཉིས་ཀ་སློབ་གཉེར་བྱེད་སའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དཔལ་ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་ནི། འཛམ་གླིང་འདིའི་ནང་གཙུག་ལག་སློབ་གཉེར་ཁང་བྱུང་བ་ཆེས་སྔ་ཤོས་དེ་ཡིན། གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་ཕྱི་ལོ་ ༤༥༠ ཙམ་ལ་དབུ་བརྙེས་ནས་བགྲང་བྱ་བརྒྱད་བརྒྱ་ལྷག་རིང་གནས་ཡོད།  དེར་བརྟེན་གཙུག་ལག་སློབ་གཉེར་ཁང་འདི་ཉིད་འཛམ་གླིང་འདིའི་གཙུག་ལག་སློབ་གཉེར་ཁང་ཀུན་གྱི་མ་ཡུམ་ལྟ་བུར་གྱུར་ཡོད།

དྷརྨ་པཱ་ལས་བཞེངས་པའི་སངས་རྒྱས་ཀྱི་མཛད་རྣམ།

དེ་རྗེས་ཕྱི་ལོ་ ༧༣༠ ཡས་མས་སུ་ཇོ་བོ་རྗེ་དཔལ་ཨ་ཏི་ཤའི་གདན་ས་བི་ཀྲཱམ་ཤཱི་ལ་ཞེས་པའི་གཙུག་ལག་སློབ་གཉེར་ཁང་འདི་དབུ་བརྙེས་ཤིང་བགྲང་བྱ་ལྔ་བརྒྱ་མ་ཟིན་ཙམ་རིང་གནས། གཞན་ཏག་ཤཱི་ལའི་སློབ་གྲྭ་ཡང་དབུ་བརྙེས་པ་ཤིན་ཏུ་སྔ་ཡང་། དེ་རྩོམ་གཞན་ཞིག་ནང་གླེང་བར་བྱ། དེས་ན་འཇིག་རྟེན་འདིའི་ནང་། ཤེས་རབ་ཀྱི་སྒྲོན་མེ་སྦར་བའི་གཙུག་ལག་སློབ་གཉེར་ཁང་དོན་དང་ལྡན་པ་རྣམས་ནི་འཕགས་པའི་ཡུལ་ཁོ་ནར་བྱུང་བ་ཡིན་ལ། གཞན་དུ་འཇིག་རྟེན་གྱི་ཡུལ་སོ་སོའི་ཤེས་རིག་སློབ་གཉེར་བྱེད་སའི་གཙུག་ལག་སློབ་གཉེར་ཁང་དེ་འདྲ་ཡང་སྔ་མོ་ནས་ཡོད་པ་ནི། འདི་ལྟར་ཡིན་ཏེ། ཕྱི་ལོ་ ༩༦༩ ལོར་ད་ལྟའི་ཨ་ཧྥི་རི་ཀའི་གླིང་ཆེན་ཁོངས་གཏོགས་ཨེ་ཇིབ་ཀྱི་གྲོང་ཁྱེར་ཁ་རོ་ཞེས་པར་དབུ་བརྙེས་པའི་གཙུག་ལག་སློབ་གཉེར་ཁང་ཨལ་ཨ་རྫར་ཞེས་པ་དེ་གླིང་ཆེན་དེའི་ནང་གི་གཙུག་ལག་སློབ་གྲྭ་རྙིང་ཤོས་དེ་ཡིན། དེ་རྗེས་ཡོ་རོབ་གླིང་ཆེན་ཁོངས་གཏོགས་ཨི་ཊ་ལིའི་བྷི་ལོ་ནེ་ཡ་ཟེར་བར་ཕྱི་ལོ་ ༡༠༨༨ ལོར་དབུ་བརྙེས་པའི་གཙུག་ལག་སློབ་གྲྭ་དེའང་ཡུ་རོབ་གླིང་ཆེན་གྱི་གཙུག་ལག་སློབ་གྲྭ་རྙིང་ཤོས་དེ་ཆགས་ཡོད། དེས་ན་ད་ཕན་འཛམ་གླིང་གི་གཙུག་ལག་སློབ་གཉེར་ཁང་རྙིང་ཤོས་དེ་སྤྱིར་ནང་པ་དང་བྱེ་བྲག་ཐེག་པ་ཆེན་པོའི་བསྟན་པ་དང་གྲུབ་མཐའ་སློབ་གཉེར་བྱེད་སའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེ་དག་ཡིན།

མཉམ་མེད་ཇོ་བོ་རྗེ་དང་། བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་། 

འདིར་ཇོ་བོ་རྗེའི་རྣམ་ཐར་ཆ་ཚང་བ་ཞིག་འགོད་རྒྱུ་མིན་པར་གཙོ་བོ་ཇོ་བོ་རྗེ་གཙུག་ལག་སློབ་གཉེར་ཁང་འདིར་ཕེབས་ཚུལ་སོགས་སློབ་གཉེར་ཁང་འདི་དང་འབྲེལ་བའི་སྐོར་རོབ་ཙམ་གླེང་བར་འདོད། ཇོ་བོ་རྗེ་རབ་ཏུ་མ་བྱུང་བའི་བར་དུ་ཕྱི་ནང་རིག་གནས་གང་སར་སློབ་གཉེར་གནང་ཞིང་། དགུང་ལོ་ཉེར་དགུའི་ཐོག་རྡོ་རྗེ་གདན་ནས་ཤཱི་ལ་རཀྵི་ཏ་ཞུ་བས་མཁན་པོ་མཛད་ནས་རབ་ཏུ་བྱུང་ཞིང་། མཚན་ལ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་དཔལ་མར་མེ་མཛད་ཅེས་གསོལ། སྐབས་དེར་གཅིག་ནས་ཁོང་ནང་པའི་གཞོན་སྐྱེས་མཁས་ཆེན་ཙམ་དུ་མ་ཟད། པཱ་ལའི་རྒྱལ་རྒྱུད་རིམ་པས་ཀྱང་། ཡུལ་དབུས་སུ་ནང་པའི་བསྟན་པར་བསྙེན་བཀུར་ཆེན་པོ་ཞུ་བཞིན་ཡོད་སྟབས། ཁོང་བི་ཀྲཱམ་ཤཱི་ལར་གདན་དྲངས།

དེ་སྔའི་ལོ་རྒྱུས་འགར་མ་ཧཱ་པཱ་ལས་ཇོ་བོ་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་དུ་གདན་དྲངས་ཚུལ་གསལ་ཡང་། ལོ་དུས་ཀྱི་ཆ་ནས་མ་ཧཱ་པཱ་ལའི་སྲས་བྷེརྱ་པཱ་ལ་ཡིན་ངེས་པ་ཙམ་དུ་མ་ཟད། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་དུའང་། འདི་ལྟར་ཡོད་དེ། དེ་ནས་རྒྱལ་པོ་བྷེ་ཡ་པཱ་ལས་རྒྱལ་སྲིད་ལོ་སུམ་ཅུ་སོ་གཉིས་ཙམ་བྱས་ནའང་།  སྔར་གྱི་རྒྱུན་མ་ཉམས་པར་སྐྱོང་བའི་རྣམ་པ་ཙམ་ལས་བསྟན་པ་ལ་བྱས་པ་དམིགས་སུ་ཐོན་པ་ཆེར་མ་བྱུང༌། བི་ཀྲཱམ་ཤཱི་ལར་ནི་པཎྜི་ཏ་བདུན་ཅུ་ཙམ་གྱི་པ་ཏི་ལས་མ་ཚུགས་ཏེ། དེའི་ཕྱིར་འདི་ཡང་པཱ་ལ་བདུན་ལ་མི་བགྲང་ངོ་།།  རྒྱལ་པོ་འདིའི་དུས་ལ། མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པུ་རི་ཡང་བསྐྱངས། (༡༢) ཞེས་ཀྱང་གསལ། སྤྱིར་བྷེརྱ་པཱ་ལའི་རྒྱལ་སྲིད་སྐྱོང་བའི་དུས་ནི། ཕྱི་ལོ་ ༡༠༡༠ ནས་༡༠༣༩ བར་ཡིན་པ་དང་། ཇོ་བོ་རྗེ་ཕྱི་ལོ་ ༩༨༡ ལ་འཁྲུངས་པ་ལྟར་བྱས་ན། དགུང་ལོ་ཉེར་དགུ་ཕྱི་ལོ་ ༡༠༡༠ ལོར་རབ་ཏུ་བྱུང་བ་ཡིན་ཞིང་། དེ་ནས་བོད་དུ་མ་ཕེབས་ཀྱི་བར་ཏེ། ཕྱི་ལོ་ ༡༠༤༠ ཙམ་གྱི་བར། ཡུལ་དབུས་སུ་བྷེརྱ་པཱ་ལས་དབང་བསྒྱུར་ནས་ཡོད་པ་ཞིག་ཡིན་པས༌འདིར་དཔྱད་རྒྱུ་ཞིག་ཡོད་པར་མཐོང་། གང་ལྟར་ཇོ་བོ་རྗེ་རབ་ཏུ་བྱུང་བའི་རྗེས། ཁོང་རྡོ་རྗེ་གདན་ན་ཡོད་སྐབས་ཤིག་ལ། “པཱ་ལའི་རྒྱལ་པོ་དེས་ཁོང་བི་ཀྲཱམ་ཤཱི་ལར་སྤྱན་དྲངས་ཏེ། རྩ་བའི་སྡེ་པ་བཞིའི་པཎྜི་ཏ་ལྔ་བཅུ་རྩ་བདུན་དང་བཅས་པའི་གཙུག་གི་ནོར་བུ། ཐམས་ཅད་ཀྱིས་ཐེ་ཚོམ་འདྲི་བའི་གནས་སུ་བཞུགས་ཤིང་མུ་སྟེགས་མང་པོ་ཚར་བཅད། བི་ཀྲཱམ་ཤཱི་ལའི་གཙུག་ལག་ཁང་གི་ངོས་གཅིག་ལ་པཎྜི་ཏ་རྣམས་དང་། ངོས་གཅིག་ལ་གྲུབ་ཐོབ་རྣམས་ཀྱི་སྐུ་བྲིས་ཡོད་པ་ལ་ཇོ་བོ་ངོས་གཉིས་ཀར་བྲིས། ཁྱད་པར་གཙུག་ལག་ཁང་གི་སྒོ་གདོང་གཡས་ལ་སློབ་དཔོན་ཀླུ་སྒྲུབ་དང་། གཡོན་ལ་ཇོ་བོ་བྲིས་ཏེ་ཀླུ་སྒྲུབ་དང་མཉམ་པར་མཛད་སྐད། དེར་ཇོ་བོ་ཉིད་ཀྱིས་ཀྱང་དགེ་སློང་ཉི་ཤུའི་སྡེ་ཤས་ཤིག་གི་ས་ཀྲ་ཡང་འཛུགས་པར་མཛད་དོ། །དེའི་ཚེ་ཅི་སྡེ་བ་ཤས་གཅིག་གནས་དབྱུང་བས་དེ་རྣམས་ཇོ་བོ་ལ་སྡིག་གསོག་པར་གྱུར་སྐད། ཁྱད་པར་མི་ཏྲི་པས་དམ་རྫས་ཀྱི་ཆང་ཁྱེར་བ་བཙུན་པ་གཅིག་གིས་མཐོང་ནས་དགེ་འདུན་ལ་བཤད། དགེ་འདུན་རྣམས་ཀྱིས་ཇོ་བོ་ལ་ཉམས་པ་གནས་ནས་འབྱིན་དགོས་ཞེས་གསོལ་བ་དང་། གནས་ནས་སྤྲད་པ་དང་། ང་ལ་གནོད་པ་མི་ཡོང་ཟེར་བཞུད་དུ་མ་འདོད་པ་ན། ཁྱེད་ལ་མི་གནོད་ཀྱང་གཞན་ལ་གནོད་པས་བཞུད་པར་ཞུ་གསུངས་ནས་ཕྱུང་བས། ཉམས་པ་སྒོ་ལ་འགྲོར་མི་བཏུབ་གསུངས་ནས་རྩིག་པ་ལ་ཐལ་གྱིས་བཞུད། ཇོ་བོས་ལེགས་སམ་མ་ལེགས་སྙམ་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས། ཇོ་བོ་བྲང་ཁང་དུ་ཅུང་ཟད་མནལ་བའི་རྨི་ལམ་དུ་མ་ལེགས་སོ་ཞེས་པའི་སྒྲ་ལན་གསུམ་བྱུང་ཞིང་། ཡང་སྒྲོལ་མས་ཞལ་དངོས་སུ་བསྟན་ནས། མི་ཏྲི་པ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་པས་རྣམ་སྨིན་ལྕི་བར་གསུངས་ཤིང་། དེ་སྦྱངས་པའི་ཕྱིར་ཉིན་རེ་བཞིན་ཚ་ཚ་བདུན་རེ་འདེབས་པ་དང་། བོད་དུ་བྱོན་ནས་ཐེག་ཆེན་དར་བར་མཛད་པར་བསྐུལ་ཏོ། །བླ་མ་གྷ་གྷ་པ་ཏ་ལ་ཞུས་པས་ཁྱོད་ཀྱིས་ཕན་སེམས་ཀྱིས་བྱས་པས་ཉེས་པ་ཆུང་སྟེ། འོན་ཀྱང་སྐབས་དེ་འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་ཞིག་བོད་ན་རྒྱལ་པོ་བྱེད། དེའི་མཆོད་གནས་སུ་འགྲོ་དགོས་ཞེས་གསུངས་སོ། །དེ་དག་གི་ཚེ་རྒྱ་ནག་གི་རྒྱལ་པོ་དང་། ཤར་ནུབ་མཐའི་རྒྱལ་པོ་མང་པོ་དང་། ཁ་ཆེ་དང་བལ་པོ་ལ་སོགས་པའི་རྒྱལ་པོ་རྣམས་ཀྱིས་སྤྱན་འདྲེན་པའི་ཕོ་ཉ་ཡང་ཡང་བྱུང་ཡང་། དེ་དག་གི་བསོད་ནམས་ཀྱི་དབང་ལས་ཕེབས་མ་ཐུབ་པས་གདན་འདྲེན་པ་ཡོངས་ལ་ཐུགས་བརྩེ་ཞིང་སྐྱོ་བའི་རྣམ་འགྱུར་མཛད།”

ཡང་རྣམ་ཐར་དེ་ཉིད་ལས།

“མདོར་ན་རྡོ་རྗེ་གདན་དང་ནཱ་ལེནྡྲ།།
ཀ་མ་ལ་དང་མི་ཏྲིའི་གཙུག་ལག་ཁང་།།
ལིའི་རྒྱལ་པོའི་ཕོ་བྲང་ལ་སོགས་པ། །
གཙུག་ལག་ཁང་ཆེན་བརྒྱ་དང་བརྒྱད་དག་དང་།།
མཆོད་རྟེན་གསུམ་གྱི་ཆོས་ཁྲིམས་སུམ་བརྒྱ་དག།
འགྲན་གྱིས་དོ་མེད་བླ་མ་འདི་ཡིས་གསོས།།
དེ་ཚེ་མཐའ་འཁོབ་གླིང་ཕྲན་དུ། །
སྐྱེས་བུ་དམ་པའི་སྙན་པས་ཁྱབ་པར་གྱུར། །

ཡང་དུས་སྐབས་དེ་དག་གི་ཚེ་མ་ག་དྷའི་རྒྱལ་པོ་དང༌། ནུབ་ཕྱོགས་ཀཎའི་མུ་སྟེགས་ཀྱི་རྒྱལ་པོ་མ་མཐུན་ནས། མ་ག་དྷར་དམག་དྲངས་པས་བགྲོད་མ་ཐུབ་པར། བི་ཀྲཱམ་ཤཱི་ལར་དྲངས་ཏེ། རབ་བྱུང་གཅིག་དང་དགེ་ཚུལ་གཅིག་བསད། ཡོ་བྱད་མང་པོ་ཁྱེར་བའི་ཚེ། ཇོ་བོ་ཐུགས་འཁྲུགས་པ་མེད་པར་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པས་དེའི་མཐུས་དམག་ཕྱིར་ལོག་སྟེ། མུ་སྟེགས་ཀྱི་དམག་ཐམས་ཅད་གསོད་དུ་ཆ་བའི་ཚེ། སྲོག་བསྐྱབ་ནས་བཏང་བས། ཀཎའི་རྒྱལ་པོ་དད་དེ་ནུབ་ཕྱོགས་སུ་སྤྱན་དྲངས་ནས་བསྙེན་བཀུར་ཆེན་པོ་བྱས།”

“གསེར་གླིང་ནས་རྒྱ་གར་དུ་ཕེབས་ཏེ་གཙུག་ལག་ཁང་རྣམས་སུ་རིམ་གྱིས་སྐུ་གཉེར་གནས་བརྟན་དེ་ཙམ་ཐབས་ཀྱིས་བསྐོས་ཤིང་། རྟེན་གསུང་རྣམས་ཀྱི་དཀར་ཆག་བརྒྱ་རྩ་བརྒྱད་གནས་བརྟན་དག་ལ་རྩིས་སྤྲོད་པར་མཛད་དོ། །དེ་ནས་རྡོ་རྗེ་གདན་དུ་ཕེབས་པ་ན། བི་ཀྲཱམ་ཤཱི་ལའི་གཙུག་ལག་ཁང་དུ། བོད་ཀྱི་རྒྱལ་པོས་སློབ་གཉེར་ལ་བཏང་བའི་དགེ་སློང་གཅིག་(ནག་ཚོ་ལོ་ཙཱ་བ།) སླེབས་འདུག་ཟེར་བ་གསན་པས། བུའི་འདུ་ཤེས་ཀྱིས་དགྱེས་ཚོར་འཁྲུངས། ཕལ་ཆེར་སློབ་གཉེར་ལ་འོངས་པ་མིན། ཁོ་བོ་འབོད་དུ་འོངས་པར་ངེས། ད་ནི་པཎ་ཆེན་རྣམས་ཀྱིས་མ་ཚོར་བར་ཐབས་ཀྱིས་འགྲོ་བའི་ཆས་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བི་ཀྲཱམ་ཤཱི་ལར་བྱོན་ཏེ་ནུབ་གཅིག་སྒྲོལ་མ་འབར་བའི་གཙུག་ལག་ཁང་དུ་ཡན་ལག་བདུན་པ་རྒྱས་པར་མཛད་པ་ན། སྲོད་ལ་བུ་མོ་ཆས་ཀྱིས་བརྒྱན་པ་ཞིག་རྒྱན་ཆ་སིལ་སིལ་བྱུང་བས། ཁོ་བོ་དགེ་སློང་གཙང་མ་བུད་མེད་ལ་བལྟ་བར་མི་རུང་སྙམ་ནས་མ་གཟིགས་པར་བསྐྱེད་རིམ་བསྒོམས་པ་ན། དེ་ན་རེ།

ཉོན་མོངས་འཆིང་པས་བསྡམས་པའི་སྐྱེ་བོ་དག །
འཕགས་པའི་ཚོགས་ལ་མི་ལྟ་ཉོན་མོངས་བལྟ། །
འཕགས་པའི་ཚོགས་ནི་འཕགས་པའི་གནས་ལ་བལྟ།།
བུ་གཅིག་ཁྱོད་ཀྱིས་མཉམ་བཞག་ཐུན་མཚམས་སུ། །
བཅོམ་ལྡན་སྒྲོལ་མ་ང་ལ་གསོལ་བཏབ་ན། །
ང་འདིར་འོང་ཚེ་མ་ལ་ཅིས་མི་གཟིགས། །
ཅེས་གསུངས་པ་དང་།

སྒྲོལ་མ་ཡིན་པར་མཁྱེན་ནས་ཕྱག་མཛད་དེ།
མ་གཅིག་ཐུགས་རྗེའི་དབྱིངས་ན་རབ་བཞུགས་པའི། །
འཇིགས་པ་བརྒྱད་ལས་སྐྱོབ་པའི་མཐུ་སྟོབས་ཅན། །
ལས་ཀྱི་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །
སྒྲོལ་མ་ཁྱོད་ནི་བདག་གི་མ་གཅིག་ཡིན། །
ཐུགས་རྗེ་ཀུན་ལ་སྙོམས་པའི་ཡུམ་ཆེན་མ། །
དི་པཾ་བདག་གི་གདུལ་བྱ་གང་ན་ཡོད། །
མཐའ་འཁོབ་སྐྱེ་བོ་ཆོས་ལ་ཞུགས་ལགས་སམ། །
ཨེ་མ་བདག་གི་ཐེ་ཚོམ་བཅད་དུ་གསོལ། །

ཞེས་གསོལ་བས། བོད་ན་ལྷ་ས་བསམ་ཡས་ལ་སོགས་སྤྲུལ་པའི་ཆོས་རྒྱལ་དག་གིས་བཞེངས་པའི་གཙུག་ལག་ཁང་མང་པོ་ཡོད་ཚུལ་སོགས་གསུངས་ཤིང་།

དི་པཾ་ཨུ་པ་སི་ཀ་ལ་བརྟེན་ནས། །
ཞིང་དེར་ཁྱོད་ཀྱིས་འགྲོ་དོན་དཔག་མེད་འབྱུང་། །
ཅིས་ཀྱང་མྱུར་དུ་མགོན་པོ་བོད་དུ་བྱོན། །

ཞེས་དང་།

ཡང་ནག་ཚོ་ལོ་ཙཱ་བའི་ཞལ་ནས།  ནངས་པར་ཚ་བའི་དུས་སུ་དགེ་འདུན་གྱི་ཀུན་དགའ་ར་བར། དགེ་འདུན་རྣམས་གདུགས་ཚོད་ལ་འདུས་པའི་གྲལ་དུ། གནས་བརྟན་གྱིས་ཁྲིད་(གནས་བརྟན་གྱིས་ནག་ཚོ་རང་ཉིད་ཁྲིད་པའི་དོན།)ནས་བསླབ་པའི་གྲལ་དཀྱིལ་ཞིག་ཏུ་བཞག དེའི་དུས་ཇོ་བོ་ནི་གསེར་གླིང་ལ་སོགས་པའི་གནས་ཆེན་རྣམས་སུ་བྱོན་ནས་ཕྱག་མ་ཕེབས་པར་གདའ་ནའང་། བདག་ནི་ཇོ་བོ་གྲལ་གྱི་དབུ་ལ་ཚོགས་དཔོན་མཛད་ཀྱིན་ཡོད་སྙམ་པ་ལས། གཞན་གྱི་སྐད་མི་གོ་བ་དང་སྒྲོ་འདོགས་མ་ཆོད། དེ་ནས་གྲལ་གྱི་དབུ་ལ་བླ་མ་རིག་པའི་ཁུ་བྱུག་བགྲེས་ཤིང་བབས་ཆགས་པ། དང་བ་འདྲེན་པ། དཔལ་འབར་བ་རི་རྒྱལ་ལྷུན་པོ་ལྟར་བཞུགས་གདའ་བས། རྩ་ན་ཡོད་པ་ཀུན་ལ་འདི་མགོན་པོ་ཨ་ཏི་ཤ་ལགས་སམ་ཞུས་པས། བོད་ཀྱི་ཚེ་དང་ལྡན་པ་ཅི་ཟེར། འདི་བླ་མ་དམ་པ་རིག་པའི་ཁུ་བྱུག་ཅེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་དངོས་སུ་བསླབས་པའི་མཁས་གྲུབ་ཆེན་པོ་དེ་ཡིན་མོད། ཤེས་སམ། ཨ་ཏི་ཤའི་བླ་མ་ཡིན་ཟེར།

དེ་བཞིན་དུ་རྗེ་བཙུན་ཆེན་པོ་ནཱ་རོ་པ་ལ་སོགས་པ་རྒྱ་མཚོ་ལྟ་བུར་ཟིལ་ཆགས་པ་གྲལ་གྱི་དབུ་ལ་འདུག་པ་ལ་ཡང་རེ་རེ་བཞིན་མཛུབ་མོ་བཙུགས་ཤིང་མགོན་པོ་ཨ་ཏི་ཤ་ལགས་སམ་ཞེས་ཞུས་ཀྱང་། ཅི་ཟེར་རྗེ་བཙུན་ཆེན་པོ་ནཱ་རོ་པ་ཞེས་བྱ་བ་དིང་སང་སའི་སྟེང་དུ་འགྲན་ཟླ་ཐམས་ཅད་དང་བྲལ་བ་དེ་ཡིན་ཟེར། གཞན་དུ་ཨ་ཏི་ཤ་ཡེ་མ་མཐོང་བས། ཤེས་པ་སྐྱོ་ནས་མགོན་པོ་དེ་གང་ན་བཞུགས་གང་ཡིན་སྙམ་པ་ལས། འཆད་མཁན་མ་བྱུང་བས་ཡིད་ཞུམ་པར་གྱུར། དུས་རེ་ཞིག་བི་ཀྲཱམ་ཤཱི་ལའི་རྒྱལ་པོ་དེ་ཁྲི་བཤམས་པའི་སྟེང་ན་འདུག་པ། པཎྜི་ཏ་ཆེ་ཆུང་ཅི་བྱུང་ཡང་ལྡང་བ་མི་བྱེད་པར་སྣང་བ་ལ། དེ་ནས་གྲལ་ཐམས་ཅད་ཚོགས་པའི་རྗེས་སུ་སྐུ་ལྟ་བས་ཆོག་མི་ཤེས་པ། རྒྱ་གར་བས་བལྟས་ན་རྒྱ་གར་བ་དང་འདྲ་བ། བལ་པོ་དང་བོད་ཀྱིས་བལྟས་ན། ལྷ་འདྲ་བ་སྐུ་གཟི་བརྗིད་ཆེ་ལ། ཞལ་འཛུམ་པ། བབས་ཆགས་ཤིང་ན་བཟའ་སྣུམ་བག་ཆགས་པ། ལྡེ་མིག་ཆུང་ངུ་མང་པོས་སྐུའི་སྐེད་སོ་འཁོར་བ་གཤེགས་བཞུད་བྱེད་ཙ་ན། སྐུ་འགྱིང་མི་བྱེད་པར་གཤེགས་པ་གཅིག་ཕྱི་ནས་ནང་དུ་རྒྱངས་ཀྱིས་བྱོན་ཙ་ན། ཚེ་དང་ལྡན་པ་གཞོན་ནུ་མང་པོས་མདུན་ནས་བདུག་སྤོས་ཀྱི་དྲི་འབུལ་ཞིང་། རྒྱལ་པོ་དེ་ཡང་ཁྲི་ལས་ལངས་ཏེ་ལྡང་བ་བྱས་པ་དང༌། རྒྱལ་པོ་ལངས་པ་དང་། པཎྜི་ཏ་དང་། རབ་ཏུ་བྱུང་བའི་ཚོགས་རྣམས་ཀྱང་ལྡང་བ་བྱས་ནས་གྲལ་གྱི་དཀྱིལ་སྟོད་ཅིག་ཏུ་བཞུགས་པ་མཐོང་། དེར་བདག་གི་བསམ་པ་ལ་ཐམས་ཅད་ཀྱིས་འདི་ལྟར་ལྡང་བ་དང་བཀུར་སྟི་བྱེད་པར་གདའ་བ་ལ། གྲལ་མཐོ་རྒྱུ་མི་སྣང་། འདི་ཡང་འདིའི་རྒྱལ་རྒྱུད་དམ། གནས་བརྟན་ནམ། ངོ་མཚར་ཅན་སུ་ཞིག་ཡིན། ཨ་ཏི་ཤ་རང་ཨེ་ཡིན་ནམ་སྙམ། འདི་ཨ་ཏི་ཤ་ཡིན་ནམ་ཞེས་དྲིས་པས། དེ་ཅི་ཟེར་བ། དཔའ་བོ་བཞེད་པའི་རྡོ་རྗེ་ཞེས་བྱ་བ་གནས་ངེས་མེད་དུ་འབྱོན་པ་ཞིག་ཡིན་ཟེར། འོ་ན་འདི་ལ་ཡོན་ཏན་ཅི་ཙམ་ཞིག་ཡོད་ཅེས་དྲིས་པས། འདིའི་ཡོན་ཏན་གྱི་ཚོད་བདག་གིས་མི་ལོན་ཟེར་ནས་འཆད་དུ་མ་ཉན། ཅེས་པ་སོགས་རོབ་ཙམ་ནི་འདི་ལྟར་ལགས་ཤིང་། རྒྱས་པ་ནི་ཇོ་བོ་ཉིད་ཀྱི་རྣམ་ཐར་དག་ལས་ཤེས་པར་འཚལ།

བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་གི་ཆེས་མཐའ་མཇུག་གི་ལེའུ།

བི་ཀྲཱམ་ཤཱི་ལ་སོགས་རྩ་གཏོར་གཏོང་མཁན་གྱི་དམག་སྤྱི།

ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་། དེ་ནས་གངྒཱ་དང་། ཡ་མུ་ནའི་བར་གྱི་ཡུལ་ཨནྟ་ར་བྷི་རིའི་ཡུལ་དུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང་། དགེ་སློང་འགའ་རེས་(ནང་པའི་དགེ་སློང་འགས་ནང་པའི་རྒྱལ་པོའི་ཕོ་ཉ་བ་བྱས་པ་ལ་ཟེར།)རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། དེ་(ཏུ་རུཥྐའི་རྒྱལ་པོ་ཟླ་བ།)དང་བྷཾ་ག་ལ་སོགས་པའི་ཡུལ་གཞན་དང་གཞན་ན་གནས་པའི་ཏུ་རུ་ཥྐའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ག་དྷའི་ཡུལ་ཐམས་ཅད་འཇོམས་པར་བྱུང་སྟེ། ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་པོ་བསད། དེ་དང་བི་ཀྲཱམ་ཤཱི་ལ་གཉིས་ཆ་བཤིག ཨོ་ཏནྟ་བི་ཧ་རིའི་(ཨོ་ཏནྟ་པཱུ་རུའི་གཙུག་ལག་ཁང་གི་ཤུལ།)ཤུལ་དུ་སྟག་གཟིག་གི་རྫོང་བཅས།  ཞེས་གསལ་བ་དང་། ཡང་། བི་ཀྲཱམ་ཤཱི་ལའི་གདན་རབས་འཆད་སྐབས་སུ།  དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་བུ་བྷ་ཡ་ཀ་ར་གུཔྟས་མཛད། དེའི་རྗེས་སུ་ན་ཨཀ་པ་ཤྲཱིས་མཛད་དོ། ། དེ་རྗེས་ཆོས་འབྱུང་ཞི་བས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲཱམ་ཤཱི་ལ་ནུབ་བོ་ཞེས་བཀོད་པ་ལྟར་དང་། གཞན་ཡང་། ཆག་ལོ་ཙཱ་བའི་རྣམ་ཐར་ནང་། བི་ཀྲཱམ་ཤཱི་ལ་ནི་གར་ལོག་གིས་རྨང་རྡོའང་བཏོན་ནས་ཆུ་བོ་གངྒཱ་ལ་བསྐྱུར་ནས་མེད་དོ། ། བླ་མ་ཆོས་རྗེ་རྡོ་རྗེ་གདན་དུ་བྱོན་དུས་མི་གཅིག་ཀྱང་མི་འདུག་ལ་གྲོགས་བཞི་ཡོད་པའི་རྒྱུས་ཅན་གཅིག་ན་རེ་མ་ལེགས་གར་ལོག་གི་ཉེན་ནས་བྲིས་པ་ཡིན་ཟེར། བྱང་ཆུབ་ཆེན་པོའི་སྐུ་དེའང་སྒོ་མོ་སོ་ཕག་གི་རེགས་པར་བརྩིགས་ཞལ་ཞལ་བྱས། དེའི་རྩར་སྐུ་གཅིག་བཞག་སྟེ། རྫུས་མར་སྐུ་ཚབ་ཏུ་བྱས། ཕྱི་སྒོ་ལའང་འདམ་ཞལ་བརྒྱབ་ནས་དེ་ལ་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་པས་དེ་མུ་སྟེགས་ཀྱིས་མི་གཤིག་པར་བྱས་འདུག རང་རེ་ལྔ་པོའང་སྡོད་མི་ནུས་འགྲོ་དགོས་ཟེར་བ་ལ་ཉིན་ལམ་རིང་ལ་ཚད་པ་ཆེ་སྐུ་མཉེལ། མུན་སྲོས་པས་དེར་ལུས་གཟིམས་སུ་སོང་གར་ལོག་བྱུང་ན་མི་ཚོར་གསུང་། ནམ་ལངས་ནས་བྱང་ཕྱོགས་ལ་ཤིང་རྟ་དྲངས་པའི་རྗེས་ཤིག་འབྲངས་ནས་ནགས་སུ་བྲོས་པས་ཞག་བཅུ་བདུན་སྐུ་དེའི་ཞལ་མ་མཐོང་གསུང་། དེའི་དུས་སུ་ཡང། བུད་མེད་གཅིག་འོངས་ནས་གར་ལོག་ཐག་རིང་པོ་ཞིག་ཏུ་སོང་། མེད་ཟེར། གཏམ་སྙན་བསྒྲགས་སོ། ། ཞེས་ཇི་ལྟར་གསལ་བ་ལྟར་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་སྟོད་དེ། ཕྱི་ལོ་ ༡༢༠༠  ཡས་མས་སུ་གཏན་ནུབ་པ་ཡིན། ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་དང་། ཨོ་ཏནྟ་པཱུ་རི། བི་ཀྲཱམ་ཤཱི་ལ་སོགས་ཡུལ་དབུས་ཀྱི་ནང་བསྟན་བསྣུབ་མཁན་གཙོ་བོ་དེ། ཁ་ཆེའི་དམག་སྤྱི་མོ་ཧ་མད་-བྷེན་-བྷཀ་ཏི་ཡ་-ཁལ་རྗི་ཟེར་བ་ཁོ་ཡིན་ཞིང་། ལོ་རྒྱུས་ཡིག་ཆ་ལྟར་ན། ཁོ་བ་ཕྱི་ལོ་ ༡༢༠༦ ལ་ཤི་ཟེར།  ཡང་ཆག་ལོ་དགྲ་བཅོམ་འཕགས་ཡུལ་དུ་ཕེབས་སྐབས་བི་ཀྲཱམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་ཡོད་མོད། ཕྱིས་སུ་ཁོང་གི་ཚ་བོ་ཆག་ཆོས་རྗེ་དཔལ་བི་ཀྲཱམ་ཤཱི་ལར་སླེབས་སྐབས་འཇིག་ཟིན་པར་གསུངས་པ་བཅས་ལ་གཞི་བཅོལ་ཚེ། ཕྱི་ལོ་ ༡༢༠༠ ཡས་མས་སུ་ནུབ་པར་མངོན། ཆག་ལོ་དགྲ་བཅོམ་པས་བི་ཀྲཱམ་ཤཱི་ལའི་མཁན་རབས་མཐའ་མ་ཤཱཀྱཱ་ཤྲཱིའི་མདུན་ནས་ཆོས་ཞུས་ཏེ་ཕྱིར་བོད་དུ་ཕེབས་ཤིང་། ཕྱི་ལོ་ ༡༢༡༦ ལ་སྐུ་གཤེགས། དེ་རྗེས་ཁོང་གི་ཚ་བོ་ཆག་ཆོས་རྗེ་དཔལ་ཕྱི་ལོ་ ༡༢༢༠ ཡས་མས་སུ་ཡུལ་དབུས་སུ་སླེབས་སྐབས། བི་ཀྲཱམ་ཤཱི་ལ་གཏོར་ཟིན་པ་ཁོང་གི་རྣམ་ཐར་ནས་བྱུང་བ་ལྟར། བསྟན་པའི་མཛེས་རྒྱན་དུ་གྱུར་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེ་ཉིད་རྨེག་མེད་དུ་སོང་བར་མངོན།།

ཆེད་རྩོམ་འདི་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༦ ལ་གྲུབ་པར་བྱས་ཏེ། བོད་ཀྱི་ཆོས་རིག་ཐད་ཐུགས་སྣང་ཟབ་མོ་ཡོད་མཁན་ཚོར་འཚམས་རྟགས་ཀྱི་ཚུལ་དུ་ཕུལ།

མཆན་བུ།

[1] Bihar  ཞེས་པ་ནི་ vihāra (विहार) སྟེ། ཐ་སྙད་འདི་སཾ་སྐྲྀ་ཏ་དང་པ་ལིའི་སྐད་ནས་བྱུང་ཞིང་། དོན་ནི་གཙུག་ལག་ཁང་དང་། བཞུག་གནས་སུ་གོ་བ་ཡིན། དེའང་སྔར་ཡུལ་འདིར་ནང་པའི་དགོན་གནས་ཤིན་ཏུ་མང་བས་ན། མིང་དེ་ལྟར་ཐོགས་པར་བཤད།

[2] ཡང་གཱ་ཡ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གྲོང་དང་ཉེ་བའི་གངྒཱའི་་ཆུ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་ཡ་ཤི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། དེ་ནས་སོང་བས་བྷང་གལ་པུར་དུ་སླེབས་ཤིང་། དེ་ནི་སྔོན་གྱི་བྷངྒལའི་རྒྱལ་ཁབ་སྟེ་སློབ་དཔོན་ཞི་བ་འཚོ་དང་ཇོ་བོ་རྗེ་་་བ་འཁྲུངས་པའི་གནས་ཡིན་ཅིང་ཡུལ་ཙམྤ་ཡང་དེ་ཡིན། ཟ་ཧོར་རམ་ས་ཧོར་ཡང་དེ་དང་ཉེ་བར་སྔོན་གྱི་ཕོ་བྲང་གི་ཤུལ་སོགས་ཡོད་ཟེར།

དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།  པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། ཕྱི་ལོ་ ༡༩༩༣ ལོ།  རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག ཤོག་ངོས་ 333 ནས་ 334 བར།

[3] དེའི་རྗེས་སུ་རྒྱལ་པོ་དེའི་སྲས་(ར་ས་པཱ་ལ།)དྷརྨ་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ།  འདིས་རྒྱལ་སྲིད་ལོ་དྲུག་ཅུ་རྩ་བཞི་མཛད། ཀཱ་མ་རཱུ་པ་དང་། ཏི་རཱ་ཧུ་ཏི་དང་། ཀྲྀ་ཊ་ལ་སོགས་པ་ཡང་དབང་དུ་བསྡུས། ཆབ་སྲིད་ཤིན་ཏུ་ཆེ་སྟེ་ཤར་དུ་རྒྱ་མཚོ་ལ་ཐུག་པ། ནུབ་ཏུ་ཌི་ལི་ཚུན་ཆད། བྱང་དུ་ཛ་ལནྡྷ་ར་མན་ཆོད། ལྷོ་ལ་རི་འབིགས་བྱེད་ཀྱི་ཁོངས་ཚུན་ཆད་ལ་ལུང་བསྒྱུར།

སེང་བཟང་དང༌། ཡེ་ཤེས་ཞབས་བླ་མར་བསྟེན། ཤེར་ཕྱིན་དང་། དཔལ་གསང་བ་འདུས་པས་ཕྱོགས་ཐམས་ཅད་གང་བར་མཛད། གསང་བ་འདུས་པ་དང་། ཕར་ཕྱིན་ཤེས་པའི་པཎྜིཏ་གྲལ་མགོར་འཇོག་པ་སོགས་བྱུང་། རྒྱལ་པོ་འདི་རྒྱལ་སྲིད་དུ་འཁོད་ཙམ་ན། གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་ཡང་བྷཾ་ག་ལའི་ཡུལ་དུ་བྱུང་ནས་འགྲོ་བའི་དོན་མཛད། དེའི་ལོ་རྒྱུས་གཞན་དུ་ཤེས། རྒྱལ་སྲིད་དུ་འཁོད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་པོ་རྣམས་སྤྱན་དྲངས། སློབ་དཔོན་སེང་གེ་བཟང་པོ་ལ་ཁྱད་པར་དུ་མོས། རྒྱལ་པོ་འདིས་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་སོ་ལྔ་ཡོད། དཔལ་བི་ཀྲམ་ཤཱི་ལའི་གཙུ ག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷཱའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱུང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་(རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་ཚད།)ལྷ་ཁང་། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། པཎྜི་ཏ་བརྒྱ་རྩ་བརྒྱད། གཏོར་མའི་སློབ་དཔོན། རབ་གནས་སློབ་དཔོན། སྦྱིན་སྲེག་སློབ་དཔོན། བྱི་བ་སྲུང་བ་དང་། ཕུག་རོན་སྲུང་བ་དང་། ལྷ་འབངས་ཀྱི་གཉེར་བྱེད་པ་སྟེ་བརྒྱ་དང་བཅུ་བཞི་ལ་ཟས་གོས་ཀྱི་འཚོ་བའི་ཁྱད་པར་མི་བཞི་བཞིའི་འཚོ་བ་དང་མཉམ་པ་སྦྱར། ཟླ་དུས་ཟླ་དུས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་སྟ་ག་རེས་འཁོར་གྱི་སྟོན་མོ་དང་ཡོན་བཟང་པོ་རེ་འབུལ་བར་མཛད། གནས་གཞི་དེའི་བདག་པོ་གང་ཡིན་པ་དེས་ནཱ་ལེནྡྲ་ཡང་སྐྱོང་བར་བྱེད་དོ། །

པཎྜི་ཏ་རེ་རེས་ཆོས་སྣ་རེ་རྒྱུན་དུ་གསུངས་པས་ཆོས་གཞིའི་ཡོ་བྱད་སོ་སོར་མ་སྦྱར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་དང་དོན་གྱིས་མཉམ་པར་སོང་། རྒྱལ་པོ་འདི་སློབ་དཔོན་ཀམྦ་ལའི་སྐྱེ་བ་ཡིན་པར་འདོད་ནའང་ངོས་བཟུང་ཡོད་པ་དཀའ། སྡེ་སྣོད་འཛིན་པ་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དར་བར་བྱེད་པའི་སྨོན་ལམ་བཏབ་སྟེ་རྒྱལ་པོར་འཁྲུངས་པ་ནི་ཡིན་པར་བཤད། རྒྱལ་པོ་འདི་ནས་བཟུང་ཤེར་ཕྱིན་ཁོ་ན་དར་རྒྱས་ཆེ་བ་བྱུང་། ཤེར་ཕྱིན་གྱི་མདོར་ཡུལ་དཔྱད་པའི་སྐབས་ནི་དང་པོར་ཡུལ་དབུས་སུ་དར་བ་དང་།  དེ་ནས་ལྷོ་ཕྱོགས། སླར་ཡང་དབུས། ཞེས་དེབ་དེའི་ཤོག་ངོས་༢༦༠ ནས་ ༢༦༡ བར་གསལ།

[4] བཅུ་གཉིས་པ། པཱ་ལའི་རྒྱལ་བརྒྱུད་སྐབས། ། རྒྱལ་བརྒྱུད་འདི་དང་དུས་མཉམ་པ་སྟོན་པ་འདས་ནས་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་སོང་བ་ན་བྷངྒ་ལར་པཱ་ལཱའི་རྒྱལ་པོ་རྣམས་སྲིད་སྐྱོང་། རྒྱལ་བརྒྱུད་ཤིན་ཏུ་ཡུན་རིང་པོར་གནས། རྒྱལ་སའི་གྲོང་ཁྱེར་ཤས་ཆེ་ས་ཧོ་རའམ་ཟ་ཧོར་དུ་བྱས། གྲོང་དེའི་ཤུལ་ཡིན་ཟེར་བ་བྷངྒ་ལའི་ཡུལ་གྱི་གཙང་ལག་ཤར་མའི་འགྲམ་ན་གཅིག་དང་། བི་ཧར་དང་ཉེ་བའི་གངྒཱའི་ལྷོ་འགྲམ་ན་གཅིག་མཆིས། དེ་གཉིས་ཀར་ཕོ་བྲང་སོགས་ཞི ག་རོ་ཡོད། པཱ་ལའི་རྒྱལ་བརྒྱུད་ཀྱི་ཐོག་མ་ནི་གོཔཱལ་སྟེ། དེ་ཡང་གོཊའི་རྒྱལ་པོ་འདས་རྗེས་སུ་བྷངྒ་ལ་རྣམས་ཉའི་ཡུལ་གྱི་ཆབ་འོག་ཏུ་སོང་ཞིང་། ཉམ་ཐག་པ་ལ། ཡུལ་མི་རྣམས་འདུས་ནས་གཽ་པཱ་ལ་རྒྱལ་པོར་བསྐོས་ཏེ། རྒྱལ་ཁམས་ཉམས་པ་གསོས་ཤིང་ཡུལ་བདེ་བར་བསྐྱངས། གཽ་པཱ་ལས་པི་ཀྲ་མ་ཤི་ལ་བརྩིགས་པར་བཤད་པ་རང་རེ་ལ་ཅི་ཙམ་གྲགས་པ་དེ་ཙམ་ལས་མ་ཐོས་ཤིང་། དུས་མི་འགྲིགས་པའི་སྐྱོན་སོགས་ནི་མ་མཐོང་ལ།

དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།  པོད་དང་པོ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་། ཕྱི་ལོ་ ༡༩༩༣ ལོ།  གཏམ་རྒྱུད་གསེར་ཐང་། ཤོག་ངོས།  354

[5] འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྱུར་བྱང་།

ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།།
རྒྱུ་དེ་དེ་བཞིན་གཤེགས་པས་གསུངས།།
དེ་ཡི་འགོག་པ་གང་ཡིན་པ།།
དགེ་སྦྱོང་ཆེན་པོས་དེ་སྐད་གསུངས།།

ཉེ་བར་མཁོ་བ་ཐམས་ཅད་ལེགས་པར་སྐྲུན་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་དང་ལྡན་པས་གཞིའི་ཡོན་ཏན་དང་རིག་པའི་གནས་མཐའ་དག་གི་འབྱུང་གནས་སུ་གྱུར་པ་སྦྱང་ཞིང་སྒྲིན་ལ་སྐྱེ་བོ་ཐམས་ཅད་བློ་དང་ལྡན་པས་ཛམྦུའི་གླིང་གི་ཡུལ་རྣམས་ཀྱི་མིག་ཏུ་དགོངས་ནས་སྟོན་པ་ཡང་དག་བར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ་ནི།ཀླུང་ཆེན་པོ་འབབ་པ་ཆུ་བོ་གངྒཱའི་འགྲམ་གྱིས་བསྡུས་པ་ཆེས་ཡངས་པར་གྱུར་པ་རྒྱ་གར་གྱི་ཡུལ་ལོ།། དེའི་ཡང་དབུས་སུ་གཏོགས་པ་ལས་ཤར་གྱི་ཆ་ཡུལ་ཆེན་པོ་ཤར་ཕྱོགས་བ་(ནཱ་ལནྡཱ) ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོ་སྟོན་པའི་བསྟན་པའི་མིག་དང་། རྩ་བ་དང་། གཞིར་གྱུར་པ། དཔལ་དང་ལྡན་པའི་རྒྱལ་བོའི་སྲས་ཕུན་སུམ་ཚོགས་པའི་དཔལ་གྱིས་གཞན་ལས་མཐོ་བས་མངའ་(ཐང་)ཆེར་སྒྱུར་པའི་སའི་བདག་པོ་ན་བེ་པཱ་ལ་ཞེས་བྱ་བས་མཐོ་རིས་དང་ཐར་བའི་ཐེམ་སྐས་མཁས་ཤིང་བཙུན་ལ་དུལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་བཞུགས་གནས་སུ་མཛད་པའི་གཙུག་ལག་ཁང་ཛ་གདྷཱ་ལ་ན་མཁས་པའི་སྐྱེ་དགུ་པཎྜི་ཏ་རྣམས་མང་དུ་བྱུང་ཞིང་། མང་གིས་ཀྱང་ཆེན་པོ་ལས་ཆེན་པོར་གྱུར་པ། ལྔ་བརྒྱ་པའི་ཐམས་ཅད་མཁྱེན་པར་འཇིག་རྟེན་ལས་སྒྲོགས་པ།སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་དང་མཚུངས་པ་ཡིན་ཞེས་བྱ་བའི་བསྔགས་པས་པཎྜིཏ་རྣམས་ཀྱིས་བསྔགས་པར་མཛད་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པས་ང་རྒྱལ་བའི་རྒྱལ་པོ་དང་བློན་པོ་རྣམས་ཀྱིས་ལུས་ཀྱི་མགོ་ལྟར་གཉའ་བར་ཁུར་བ་མཁས་པའི་ང་རྒྱལ་ཅན་པཎྜིཏ་དང་། འཇིག་རྟེན་པ་རྣམས་ཀྱིས་གཙུག་གི་ནོར་བུ་ལྟར་འཛིན་པ། ཚེ་འདི་རིང་དུ་སྤངས་པའི་སྐྱེ་བོ་ཐར་བ་སྒྲུབ་པ་ལ་བརྩོན་པ་རྣམས་ཀྱིས་སྐྱོན་ལེགས་པར་མཐོང་བས་ལམ་འདྲེན་པའི་མིག་དང་འདྲ་བར་འདྲེན་པར་ལྟ་བ། ཡུལ་གྱི་མི་ཐམས་ཅད་ཀྱིས་བུ་གཅིག་པ་ལྟར་སྙིང་དུ་སྡུག་ཅིང་མཐུན་པར་གྱུར་བས་དམུ་རྒོད་ལྟ་བུར་ལོག་པར་སྒྲུབ་པ་རྣམས་ལ་ཆོས་མཐུན་པར་འཛིན་པས་ཡིད་འཕྲོག་པར་མཛད་པ། འགྲོ་བ་ཉམ་ཐག་པ་རྣམས་གཟིགས་ནས་བརྩེ་བའི་ཟུག་རྔུས་སེམས་གདུངས་ཀྱང་ཐུགས་རྗེའི་ཕྱག་བརྐྱང་བས་སྐལ་བ་དང་མཐུན་པར་རྗེས་སུ་འཛིན་པར་མཛད་པ། སྤྱིར་ལུང་བསྟན་པའི་མདོ་སྡེ་སྟག་རྣའི་རྒྱུ་སྐར་ལས་ཡོན་ཏན་དུ་མ་དང་ལྡན་པའི་རྩོམ་པ་པོ་ཆེན་པོ་ཉིད་དང་། ལུས་བརྗེས་ནས་མཐོ་རིས་སུ་སྐྱེ་བ་བཞེས་པར་ལུང་བསྟན་པ། འཕགས་པ་བྱམས་པ་དང་མཇལ་བར་བཞེད་པའི་སྲེད་པ་དང་། ཆོས་ཀྱི་སྲེད་པ་དང་། ཆོས་ཀྱི་སྲེད་པ་བླ་ལྷག་པ་མངའ་བ། ཆགས་སྡང་ལ་སོགས་པ་ཐམས་ཅད་ནི་ཤེས་ཆུང་བར་གྱུར་པའི་སྐྱེས་བུ་དེའི་བསྔགས་པ་སྤྲོ་བར་ནི་སུས་ནུས། མདོར་བསྡུ་ན་འཇིག་རྟེན་མི་ཆོས་ཀྱི་མཁྱེན་པ་ཆེ་ཞིང་། བཟང་བ་གསེར་གྱི་ས་གཞི་དང་འདྲ་བ་ལ། དམ་པའི་ཆོས་ཕུན་སུམ་ཚོགས་པ་མཁས་པ་དང་། བཙུན་པ་དང་། ཞི་བ་དང་། དུལ་བ་དང་། མཉེན་པ་དང་། དེས་པ་དང་། བདེན་པར་སྨྲ་བ། གཡོ་མེད་པ། དྲང་བོའི་རང་བཞིན་ཅན། སྒྲུབ་པ་ལ་སྙིང་བོར་མཛད་པའི་དཔག་བསམ་གྱི་ལྗོན་ཤིང་ལོ་འདབ་རྒྱས་པ་གཡུའི་མཎྜལ་དང་མཚུངས་པར་འཁྲུངས་པ་ལས་ཚེ་འདི་དང་། གཞན་དང་། གནས་སྐབས་དང་། མཐར་ཐུག་པའི་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པའི་མེ་ཏོག་དང་འབྲས་བུ་ཡོངས་སུ་རྒྱས་ཤིང་། རྣམ་པར་སྨིན་པས་བདག་དང་གཞན་ལ་ཕན་པའི་ཕ་རོལ་ཏུ་ཕྱིན་པས་ཅུང་ཟད་ཀྱང་དོན་མེད་པ་མ་ཡིན་པ། རིག་པའི་གནས་ལྔ་ལ་ཐོགས་པ་མེད་པའི་མཁྱེན་པ་དང་ལྡན་པའི་དཔལ་གྱིས་མཛེས་པའི་པཎྜི་ཏ་ཆེན་པོ་ཤཱནྟ་ཨཱ་ཀར་འགུ་བྷ་ཏའི་ཞལ་སྔ་ནས་དང་། མཁས་པ་ཆེན་པོ་སྐྱེས་བུ་དམ་པ་འདུལ་བ་འཛིན་པའི་ཡང་མཆོག་ཏུ་གྱུར་བ་པཎྜི་ཏ་ཆེན་པོ་ཨཱ་བྷ་ཡཱ་ཀར་འགུ་བྷ་ཏ་དང་། ཐོས་པ་འཛིན་པས་འཇམ་དཔལ་དང་འདྲ་བར་གྲགས་པ་སྤོབས་པའི་ཤེས་རབ་ཅན་རྣམས་ཀྱི་མཆོག་པཎྜི་ཏ་ཆེན་པོ་ཤཱཀྱ་རཀཱ་ཏ་དང་། པཎྜི་ཏ་ཆེན་པོ་བཱིརྱ་ཨཱ་ཀར་ཤཱནྟི་ལ་སོགས་པ་རྣམས་ལ་རྒྱ་དཔེ་ལྔ་དང་། གཞན་ཡང་ཡུལ་དབུས་སུ་མ་ག་དྷ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་ག་དྷའི་ཡུལ་སྨད་ན། རྒྱལ་བོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བིཀྲམ་ཤཱི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་ཤཱཀྱ་རཀྵི་ཏ་དེ་ཉིད་དང་། སྒྲ་དང་། སྙན་དངགས་དང་། ལེགས་པར་དཔྱད་པའི་སྐད་ཀྱི་ལུགས་ལ་མཁས་པའི་པཎྜི་ཏ་ཆེན་པོ་སུ་བྷཱུ་ཏི་ཙནྡྲ་དང་། མངོན་པ་ལ་མཁས་པ་ཨཌཱི་ཏ་ཙནྡྲ་ལ་སོགས་པ་རྣམས་ལ་རྒྱ་དཔེ་གཉིས་ལ་ལེགས་པར་མཉན་ཅིང་གུས་པས་ཐད་དུ་བསྟེན་ནས་དོན་དང་ཚིག་མ་ལུས་པར་རྟོགས་པའི་བཤད་པ་ཞུས་ནས་ཤིན་ཏུ་དཀའ་བའི་གནས་རྣམས་ལ་ནི་ཕྱིར་ཞིང་ལེགས་པར་དཔྱད་པས་དོན་དགྲོལ་བའི་ཐབས་ཞུས་ཏེ། འགྱུར་གྱི་ཡན་ལག་རྒྱ་གར་གྱི་སཾསྐྲྀ་ཏ་དང་འཕྲལ་སྐད་གཉིས། བོད་ཀྱི་ཆོས་སྐད་དང་། འཕྲལ་སྐད་གཉིས་ཏེ་བཞི་ལ་དབང་འབྱོར་བའི་ཤེས་རབ་ཀྱི་སྣང་བ་ཐོབ་མོད་ཀྱིས་ཀྱང་། སྤྱིར་མདོ་སྡེ་ལ་དོན་གྱི་གནས་མང་བས་ཚིག་དོན་ཕལ་ཆེར་བརླིང་ཞིང་ལྷག་པར་ཡང་མདོ་འདི་དོན་དུ་མ་ཚིག་ཟུར་རྣམས་ཀྱིས་ངག་གཅིག་ཏུ་འབྲེལ་བར་སྟོན་པ་ནི་ཚིག་མཛེས་པའི་རྒྱན་གྱིས་དོན་གསལ་བར་མཛད་པ་སྙན་དངགས་ཀྱི་དབང་ཕྱུག་འགྲན་གྱི་དོ་ཟླ་མེད་པ་རྣམས་ཀྱི་མཛད་པའི་རིམ་པ་ཡིན་པའི་ཕྱིར་ན་སྦྱངས་བ་ཞན་པ་རྣམས་ལ་སླ་བ་མ་ཡིན་ལ། ཁྱད་པར་དུ་ཡང་གཞུང་ཉུང་བས་དོན་དུ་མ་སྟོན་པའི་མདོ་དུམ་བུ་རྣམས་ནི་སྤྱི་སོར་བསྒྱུར་བར་མངོན་ཡང་། བློའི་ནོར་ཅན་རྣམས་ཀྱིས་ནི་དེ་ཉིད་ལ་དོན་དུ་མ་ངེས་ནུས་ལ། བྱེ་བྲག་ཏུ་གསལ་བཏབ་ན་ནི་དོན་གཅིག་སྟོན་པར་འཁྲུལ་བའི་ཕྱིར་དང་། ཚིག་ཇི་ཙམ་པས་བརྗོད་པ་དེ་ཙམ་དུ་བསྒྱུར་བར་རིགས་པའི་ཡང་ཕྱིར་ཏེ། མདོར་ན་རྒྱ་བོད་ཀྱི་དོན་ཐུན་མོང་བ་བརྡ་ཐ་དད་པའི་བྱེད་པ་མ་ཉམས་པར་བྱས་ནས་སྔོན་གྱི་བསྒྱུར་བ་ལ་མཁས་པ་རྣམས་ཀྱིས་བཀས་བཅད་ལ་སོགས་པའི་ལུགས་དང་ཡང་མི་འགལ་བར་བྱང་ཕྱོགས་པ་ཚབ་ཀྱི་རྒྱུད་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པ་ར་མ་པཱ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཤས་ཤིག་བསྒྱུར་པའི་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་སྦྱར་བའོ།། སླད་ཀྱིས་ཞུས་ཐུག་ལ་ནི་དགེ་བའི་བཤེས་གཉེན་ཞང་བུ་གཅིག་པ་ཞེས་རབ་ཏུ་གྲགས་ཤིང་སྐྱེ་དགུ་རྣམས་སྒྲོགས་པ་ཡང་འཇིག་རྟེན་པ་ནི། རང་ལ་ཕན་པའི་རྒྱུ་མཚན་གྱིས་བརྗོད་པ་དེ་དག་རྣམས་ཀྱི་གཤིས་ཡིན་པའི་ཕྱིར་ཏེ། སྐྱེས་བུ་དེས་ནི་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་དགོངས་པས་སྲས་གཅིག་པའོ།། དེས་ན་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཚོན་ནོ།། ཆོས་ལ་གནས་པ་རྣམས་ལ་ཤེས་རབ་འོད་ཅེས་གྲགས་པ་ཡང་ཐེག་པའི་རིམ་པ་དང་མཐུན་པར་མཁྱེན་ཅིང་བདེན་པ་གཉིས་ལ་སོགས་པའི་སྐོར་བསྡུ་བས་མོས་པ་དང་།ངེས་པ་དང་། མངོན་དུ་རྟོགས་ཤིང་ཤེས་ནས་རང་དང་གཞན་གྱི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་མུན་པ་འཇོམས་པའི་འོད་མཛད་པའི་ཕྱིར་ཏེ། དེས་ནི་ཤེས་རབ་ཆེན་པོའི་ངད་ལྡན་པ་དང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། དམ་པའི་སྐྱེ་བོ་དེས་གྲོགས་མཛད་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཉིད་ཀྱིས་དག་པར་བྱས་སོ།། དེ་ལྟར་ན་དང་པོའི་གཞི་འགྱུར་དང་། ཞུ་ཆེན་དང་། ཚིག་དོན་གྱི་འབྲེལ་དཔྱད་པ་དང་། ཞུ་ཆུང་དང་། ཡང་འབྲེལ་དཔྱད་པ་དང་ལྔར་ཞུས་ཤིང་གཏུགས་ཏེ་གཏན་ལ་ཕབ་པའོ།།

དམ་ཆོས་མདོ་སྡེ་རིན་ཆེན་ཐེག་པ་ཀུན་གྱི་གཞི་དང་རྩ་བ་བཅུད་དུ་གྱུར་པའི་ཐེག་ཆེན་དྲན་བཞག་འདི།། ལེགས་བསྒྱུར་དངོས་དང་དེ་ཡི་གྲོགས་བྱེད་ཐམས་ཅད་དང་ནི་ནམ་མཁའི་མཐས་གཏུགས་འགྲོ་ཀུན་དགེ་བ་དྲི་མེད་ཀྱིས།། སྲིད་ན་བདེ་སྦྱིན་སྐྱབས་གནས་རྫོགས་པའི་བྱང་ཆུབ་འབྲས་ལྡན་ས་ཡི་གནས་སྐབས་ལྗོན་ཤིང་ལོ་འདབ་ཕུན་ཚོགས་ཤོག། དང་པོར་ཚེ་འདི་རྗེས་ནས་སངས་རྒྱས་ཞིང་དག་སྐྱེ་ཞིང་འཁོར་ཚེ་གཞན་ལ་ཕན་པ་འབའ་ཞིག་བྱེད་པར་ཤོག། བམ་པོའི་གྲངས་ནི། མ་བཅད་དོ།། གཞུང་ཚན་ནི་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རྒྱ་དཔེ་རང་ལ་བཞུགས་སོ།། ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་བྱས་ན་བརྒྱ་ཉི་ཤུའོ།། གཞུང་གི་ཁུངས། སྣར་ཐང་བཀའ་འགྱུར། མདོ་སྡེ། -པོད། འ༽ ཡ༽ར༽ ར་དུམ་པའི་ཤོག་ལྷེ་ ༣༥༥ སྲིབ་ཡིག་ཕྲེང་མཐའ་མ་བར་ཡིན། གལ་ཏེ་གུས་པས་བལྟ་མ་ཤེས་པ་ཡིན་ན་ལས། གཞན་བཀའ་འགྱུར་དཔེ་བསྡུར་མ་ཞེས་པའི་དེབ་དེ་གཞུང་འདིའི་ཐད་ནས་ཅུང་ནོར་མེད་དམ་སྙམ་པ་ཞིག་འདུག དཔེར་ན། གཞུང་ཚན་འདིའི་ཐད་ཀྱི་བསྡུར་འབྲས་རེའུ་མིག་ནང་། སྣར་ཐང་། འ། སྡེ་དགེ། ར། ལྟ་བུ་བྱས་ཏེ་བཀའ་འགྱུར་དཔེ་གཞི་མི་འདྲ་བ་བརྒྱད་བསྡུར་བའི་ནང་། པོད་གཅིག་ལས་མེད་པ་ལྟ་བུ་བཀོད་འདུག ཡིན་རྒྱུ་ནི། མདོ་འདི་ལྟ་བུ་ཡིན་ན། སྣར་ཐང་གི་མདོ་སྡེའི་ནང་གི་པོད། འ༽ཡ༽ར༽ གསུམ་དང་། སྡེ་དགེའི་བཀའ་འགྱུར་གྱི་མདོ་སྡེ། ར༽ལ༽ཤ༽གསུམ་བཅས་ཡིན་པས་ཅིའི་ཕྱིར་པོད་ཕྱི་མ་དག་མ་བཀོད་པ་ཡིན་ནམ་སྙམ། གང་ལྟར་གཞུང་འདི་དང་འདི་ལྟ་བུར་ཐུགས་སྣང་ཅན་ཚོར་དོགས་སློང་ཙམ་མོ།

[6]པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་ནམ། མཚན་གཞན་ལ་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་པོ་ཞུ་བ་ཁོང་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས་ཤིང་། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར་ཞེས་བོད་ཀྱི་ལོ་རྒྱུས་གང་སར་སྤྱི་བཤད་ཙམ་ཞིག་ལས་ཞིབ་ཆ་མི་གསལ། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་དང་། རྣ་སྣམ་རྡོ་རྗེ་བདུད་འཇོམས་གཉིས་ཀྱི་མཚན་ཟུར་”པ”དང་། “སྣམ་”གཉིས་མཉམ་འདུས་ཀྱིས་གྲུབ་པར་བཤད་པའི་པ་སྣམ་ཡུལ་དུ། སྔར་པ་ཚབ་ལོ་ཙཱ་བས་ཆོས་བཤད་དང་འགྱུར་གྱི་མཛད་པ་ཆེན་པོ་བསྐྱངས་བར་གྲགས།

འོན་ཀྱང་། ལོ་ཙཱ་བ་ཁོང་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་སྟོད་དུ་འཁྲུངས་ཞེས་པའི་ཁུངས་དེ་ལོ་རྒྱུས་སྨྲ་བ་གཞན་གྱིས་གང་ལ་ཁུངས་བཅོལ་མ་ཤེས་མོད། ཡིན་ན་ཡང་། ཁོང་རང་གི་མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་ནང་། སྔར་ར་མ་པཱ་ལའི་དུས་(༡༠༧༧ ནས་ ༡༡༣༠)སུ་མདོ་འདིའི་ཆ་ཤས་ཤིག་བསྒྱུར་པ་དེ་རྗེས་ནས་དེའི་འཕྲོ་ཡོངས་སུ་རྫོགས་པར་མཛད་ཅེས་གསལ་བ་འདིའི་ཁོང་གི་སྐུ་དུས་གསལ་བར་བསྟན་པར་འདོད།

དེས་ན་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ཏག་ཏག་ཅིག་རྙེད་དཀའ་ཡང་། དུས་རབས་བཅུ་གཅིག་པའི་ནང་གི་སྐྱེས་བུ་དམ་པ་ཞིག་ཡིན་པར་དཔོག་ནུས་སོ།།

སྤྱིར་ལོ་ཙཱ་བ་ཁོང་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་ལེགས་སྦྱར་གྱི་སྐད་ཕུལ་ཏུ་ཕྱིན་པ་མཁྱེན་པར་མཛད་ནས་བཀའ་དང་། བསྟན་ཆོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། སྒྱུར་རྩོམ་གཙོ་གྲས་ནི་《བཀའ་འགྱུར》ལས《མདོ་དྲན་པ་ཉེ་བཞག》ཤོ་ལོ་ཀ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དང་།《བསྟན་འགྱུརལས།》སློབ་དཔོན་ཕྱོགས་གླང་གིས་མཛད་པའི་དམིགས་པ་བརྟག་པ་དང་། དེའི་རང་འགྲེལ། དེ་བཞིན་དུས་གསུམ་བརྟག་པ་བཅས་པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུཔྟ་དང་མཉམ་དུ་བསྒྱུར། ཡིན་ཡང་བུ་སྟོན་ཆོས་འབྱུང་ནང་། དམིགས་བརྟག་རྩ་འགྲེལ་གཉིས་དཔལ་བརྩེགས་ཀྱི་འགྱུར་ཞེས་དང་། ཡང་། དུས་གསུམ་བརྟག་པ་ནག་ཚོའི་འགྱུར་ཞེས་བཀོད་པ་ནི་ནོར་བར་ངེས་ཏེ། བསྟན་འགྱུར་ནང་། གཞུང་ཚན་འདི་གསུམ་ཀ་ལྷན་དུ་ཡོད་ཁར།  ལོ་ཙཱ་བའི་མཚན་དེ་གཞུང་ཚན་མཐའ་མ་དུས་གསུམ་བརྟག་པའི་མཇུག་ཏུ་འདི་ལྟར་བཀོད་འདུག “པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།།” ཞེས་བཀོད་ཡོད་པ་དང་། གཞན་སློབ་དཔོན་དུལ་བའི་ལྷ་ཞུ་བས་མཛད་པའི་དམིགས་བརྟག་གི་འགྲེལ་བ་དེ་རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་བར་གསལ་བ་དེར་ནོར་མེད་དམ་སྙམ། དེས་ན་དམིགས་བརྟག་རྩ་བ་དང་། དེའི་རང་འགྲེལ། དུས་གསུམ་བརྟག་པ་གསུམ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཞུ་བ་ཞིག་གིས་བསྒྱུར་པ་ལས། དེ་དཔལ་བརྩེགས་ཀྱིས་བསྒྱུར་པ་མིན་མོད། འོན་ཀྱང་། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཞུ་བ་ཁོང་། པ་ཚབ་ལོ་ཙཱ་བར་ངེས་དགོས་པ་དེ་ཁོང་གི་དུས་ཙམ་ནས་ཡོངས་གྲགས་ཆགས་པ་ཞིག་ཨེ་ཡིན་སྙམ་པ་དང་། གཞན་ཡང་། ཁོང་གི་མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་དུའང་། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཞེས་བཀོད་པས་དེའང་ཤེས་བྱེད་ཚད་ལྡན་ཞིག་ཏུ་ངོས་འཛིན་ཆོག་སྙམ་དྲན། གཞན་ཁོང་གི་འགྱུར་དུ་བགྲང་བའི་ཆོས་ཚན་སྒྲུབ་ཐབས་ཤིན་ཏུ་མང་པོ་འདུག ལོ་ཙཱ་བ་ཁོང་གི་སྐོར། འཕན་ཡུལ་གྱི་ལོ་རྒྱུས་ཐོར་བུ་རྣམས་སུ། ལོ་ཙཱ་བ་འདི་ཉིད་བྱོན་སྔ་བར་གསུངས་འདུག་ཀྱང་། དེ་ནི་མ་དག་པར་ངེས་ཏེ། རྣ་སྣམ་བདུད་འདུལ་རྡོ་རྗེ་ཞུ་བ་ཁོང་སློབ་དཔོན་པདྨའི་དངོས་སློབ་ཡིན་པ་དང་། རྣ་སྣམ་དང་། པ་ཚབ་དུས་མཉམ་པ་སོགས་ཤོད་ཐབས་བྲལ་བར་མཐོང་ངོ།། དེས་ན་པ་ཚབ་ལོ་ཙཱ་བ་ཤེས་རབ་འབྱུང་གནས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་བཅས་གསུམ་ལས། ཤེས་རབ་འབྱུང་གནས་ཀྱིས་པ་སྣམ་དགའ་གདོང་དགོན་པ་ཕྱག་འདེབས་མཛད། ཉི་མ་གྲགས་ཀྱིས་དབུ་མ་འཇུག་པ་སོགས་ལྟ་གྲུབ་ཀྱི་གཞུང་ཚན་ཇི་སྙེད་ཅིག་བོད་སྐད་དུ་བསྒྱུར། ཚུལ་ཁྲིམས་རྒྱལ་མཚན་ཁོང་གིས་ཀྱང་། མདོ་དྲན་པ་ཉེར་བཞག་སོགས་བོད་སྐད་དུ་བསྒྱུར། ཡང་། མདོ་དྲན་པ་ཉེར་བཞག་གི་མཇུག་ཏུ། “ལུས་དྲན་པ་ཉེ་བར་བཞག་པའོ།། སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།”ཞེས་དང་། ཡང་།  དམ་ཆོས་མདོ་སྡེ་རིན་ཆེན་ཐེག་པ་ཀུན་གྱི་གཞི་དང་རྩ་བ་བཅུད་དུ་གྱུར་པའི་ཐེག་ཆེན་དྲན་བཞག་འདི།།” ཞེས་གསུངས་ན་ཡང་། བུ་སྟོན་ཆོས་འབྱུང་ནང་། “འཕགས་པ་དྲན་པ་ཉེ་བར་བཞག་པ་བམ་པོ། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འདི་ལོ་ཙཱ་བས་ཐེག་ཆེན་དུ་མཛད། དཀར་ཆག་ཆེན་པོ་དག་ལས་ཐེག་ཆུང་དུ་བཤད་དོ།།”ཞེས་གསུངས་པ་ལྟར་གཞུང་དེ་ཐེག་དམན་པའི་གཞུང་ཞིག་ཏུ་ངེས་སྙམ། མདོ་སྡེ་འདི་ཉིད། ཐེག་པ་ཀུན་གྱི་གཞི་དང་། རྩ་བ། བཅུད་དུ་གྱུར་པ་ཞེས་པས་ཀྱང་། ཐེག་དམན་ནམ། ཐེག་པ་ཐུན་མོང་གི་གཞིར་གྱུར་པས་ན། མཐའ་གཅིག་ཏུ་ཐེག་ཆེན་གྱི་མདོ་མིན་པར་ངེས་ཞེས་མཚམས་སྦྱོར་མདོར་བསྡུས་སུ་སྤེལ། པ་ཚབ་ཀྱི་འགྱུར་སོགས་ཀྱི་སྐོར་བུ་སྟོན་ཆོས་འབྱུང་གི་ཤོག་ངོས་ ༢༡༣ དང་། ༢༤༩ སོ་སོར་གསལ། ཕྱི་ལོ་ ༡༩༩༡ ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར།

[7] བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས། ཕྱི་ལོ་ ༡༨༣༠ ལྕགས་སྟག་ལོའི་ཧོར་ཟླ་བརྒྱད་པའི་ཆེས་བཅུ་ཉིན་གྲུབ་པར་མཛད་པའི་འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་ཞེས་པའི་སྣ་རིང་དཔར་མའི་ཤོག་ངོས་ ༢༡ པར་གསལ། དཔེ་ཆ་འདི་ཉིད་ངག་དབང་བཟོད་པ་ཞུ་བས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕྱི་ལོ་ ༡༩༨༠ ལོར་བསྐྱར་དཔར་བྱས་འདུག

Published by Ngawang Sopa, 1-111, Lajpat Nagar Part II, New Delhi-24. and

Printed at Jayyad Press, Ballimaran, Delhi-110006.

1980

[8]ད་ནི་ཐོར་བུ་གཞན་དག་བརྗོད་པར་བྱ་སྟེ། སྔོན་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ནས་ཕྱིས་རྒྱལ་པོ་ཙ་ན་ཀ་མ་བྱུང་གི་བར་དུ་རྒྱལ་རབས་ལྔ་ཙམ་གྱི་རིང་ལ་བི་ཀྲམ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། རྒྱལ་པོ་དྷརྨ་པཱ་ལ་རང་གི་དུས་དང་པོར་སློབ་དཔོན་སངས་རྒྱལ་ཡེ་ཤེས་ཞབས་དང་། དེ་རྗེས་མར་མེ་མཛད་བཟང་བོས་བསྟན་པ་བསྐྱངས། དེའི་ལོ་རྒྱུས་ཀྱང་གཞན་དུ་ཤེས། རྒྱལ་པོ་མ་སུ་རཀྵི་ཏའི་དུས་སུ་ལངྐ་རྒྱལ་བ་ཐང་པོ་བྱོན་ཏེ། སློབ་དཔོན་དེ་ནི་ལངྐའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས། ཡུལ་དེ་ཉིད་དུ་ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་ལ་མཁས་པར་སྦྱངས་པའི་དགེ་སློང་པཎྜི་ཏ་ཡིན། སླར་མ་ག་དྷཱར་བྱོན་ཏེ་ཐེག་པ་ཆེན་པོ་ལ་ལེགས་པར་སྦྱངས། ཁྱད་པར་གསང་སྔགས་ལ་མཁས་པ་ཞིག་བྱུང་། བི་ཀྲ་མ་ཤཱི་ལར་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས། ལན་ཅིག་ལྷོ་ཕྱོགས་ཀོངྐ་ནར་བྱོན། དེ་ན་མ་ཧཱ་བིམྦ་ཞེས་བྱ་བ་རེག་པ་མེད་པའི་མཆོད་རྟེན་དུ་ཡང་གྲགས་ཏེ་ནམ་མཁའ་ལ་མཆོད་རྟེན་གྱི་གཟུགས་བརྙན་རང་བྱུང་དུ་ཡོད་པའི་ཡུལ་དེར་བཞུགས་ཏེ་སློབ་མ་འགའ་རེ་ལ་གསང་སྔགས་ཐེག་པ་ཡང་མང་དུ་བཤད། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་བརྩམས།

ནགས་ཀྱི་མ་ཧེ་གནོད་པ་བྱེད་དུ་བྱུང་བ་ལ་སྡིགས་མཛུབ་བསྟན་པས་ཤི་བ་ལ་སོགས་པའི་ནུས་པ་བརྙེས། དེ་ནས་བི་ཀྲ་མ་ཤཱི་ལའི་སྔགས་ཀྱི་སློབ་དཔོན་མཛད་དོ། ། དེའི་འོག་ཏུ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་བྱོན་ཏེ། དེའི་རྣམ་ཐར་གཞན་ན་གསལ། ལྷོ་ཕྱོགས་སུ་རྫུ་འཕྲུལ་ཆེན་པོ་བསྟན་པར་ཐོས་ནས་བི་ཀྲམ་ཤཱི་ལར་སྤྱན་དྲངས་པ་ཡིན། སློབ་དཔོན་འདི་ཡེ་ཤེས་གྲགས་ཀྱི་བརྒྱུད་འཛིན་ཡིན་པར་གཤིན་རྗེ་གཤེད་དམར་ནག་གི་གཞུང་རང་ཉིད་ཀྱིས་མཛད་པ་རྣམས་ལས་གསལ། བོད་རྣམས་སློབ་དཔོན་ནག་པོ་སྤྱོད་པ་པའི་སློབ་མར་འདོད་ཅིང་། མི་ཡུལ་དུ་བྱོན་པའི་དུས་ནི་མི་འགྲིག་ནའང་། ཕྱིས་ཞལ་གཟིགས་པའི་སློབ་མ་ཡིན་ཏེ། བྲམ་ཟེ་དཔལ་འཛིན་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བའི་སྐབས། ནང་གཅིག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཕྱི་རོལ་ཏུ་གཤེགས་སུ་བྱོན་པས། རྣལ་འབྱོར་པ་གཟི་བརྗིད་ཆེ་བ་ཞིག་སྒོ་དྲུང་ན་འདུག་སྟེ། དེ་ནག་པོ་སྤྱོད་པ་ཡིན་པར་མཁྱེན་ནས། ཞབས་ལ་ཕྱག་བྱས། བདག་གི་རིག་སྔགས་འདི་འགྲུབ་པར་མཛད་དུ་གསོལ་ཞེས་ཞུས་པས། དེ་ཉིད་དུ་དབྱངས་ཅན་མའི་སྔགས་ཀྱི་བཟླས་ལུང་ཞིག་སྩལ། མི་སྣང་བར་གྱུར་ཏོ།། དེ་མ་ཐག་དཀྱིལ་འཁོར་གྱི་ནུབ་བྱང་ན་བཞུགས་པའི་དབྱངས་ཅན་མ་ཞལ་གཟིགས། དེ་ནས་མི་རིང་བར་དངོས་གྲུབ་ཐོབ་བོ། ། དེའི་རྗེས་སུ་བྷ་ཝ་བྷ་ང་བྱོན་ཏེ། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་མཁས་པ། ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་བྱང་ཞིང་། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པ་ཞིག་ཡིན་ལ། མནལ་ལམ་དུ་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས། སྒྲོལ་མས་ཞལ་གཟིགས་ཤིང༌། རིལ་བུའི་དངོས་གྲུབ་བསྒྲུབས་པས་དངོས་གྲུབ་ཐ་མར་གྲུབ། བཅུད་ལེན་སོགས་མང་པོ་བསྒྲུབས་པས་གྲུབ་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དོ། ། དེའི་རྗེས་སུ་སྐལ་ལྡན་གྲགས་པ་བྱོན། འདི་ཡང་སྔགས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་ཡིན།  མངོན་ཤེས་ཐོགས་མེད་དུ་མངའ་བར་གྲགས། དེ་རྗེས་ལཱི་ལ་བཛྲ་བྱུང་སྟེ། གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཡིན། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་ཕྱི་སྒྲུབ་ཐབས་བོད་དུ་འགྱུར་བ་ཞིག་འདུག་པ་དེ་ཡང་འདིས་མཛད་པར་སེམས། འདི་སྐབས་ཏུ་རུཥཱའི་དམག་ཅིག་ཡོང་བའི་གཏམ་བྱུང་བ་ན། གཤིན་རྗེ་གཤེད་ཀྱི་འཁོར་ལོ་བྲིས་ཏེ་དམག་དཔུང་ལ་མནན་པ་བྱས་པས།  མ་ག་དྷཱར་དམག་མི་རྣམས་སླེབ་ཙམ་ན་ཐམས་ཅད་ཡུན་རིང་དུ་ངག་ལྐུགས་པ་དང་། ལུས་རེངས་པ་སོགས་བྱུང་ནས་ཕྱིར་ལྡོག དེའི་རྗེས་སུ་མི་ཐུབ་ཟླ་བ་བྱོན་ཏེ། ལོ་རྒྱུས་གཞན་དུ་ཤེས།

དེ་རྗེས་ནག་པོ་དམ་ཚིག་རྡོ་རྗེ་ཡིན་ཏེ་གོང་དུ་བཤད་ཟིན། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ་བྱོ ན་ཏེ། དེ་ནི་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མཁས་ལ་མངའ་བརྙེས་པ་ཡིན། ཡོན་ཏན་གྱི་ཁྱད་པར་ནང་གི་རྩའི་གནས་རེ་རེར་དམིགས་པ་གཏད་པ་ཙམ་གྱིས་ཡུལ་ཐ་དད་པ་དང་། དུད་འགྲོ་ལ་སོགས་པའི་སྐད་ཤེས། མ་བསླབས་པའི་བསྟན་བཅོས་རྣམས་ཀྱང་བརྟོལ་ཤེས་སུ་བྱུང་བ་ཞིག་ཡིན།  དེའི་འོག་ཏུ་བོ་དགི་བྷ་དྲ་ཞེས་བྱ་བ་བྱོན་ཏེ། གསང་སྔགས་ཕྱི་ནང་གི་ཆོས་ཐབས་ཅད་ལ་ཤིན་ཏུ་མཁས་པ།   རྟེན་དགེ་བསྙེན་དུ་བཞུགས་པ། འཇམ་དཔལ་གྱིས་ཞལ་མངོན་སུམ་དུ་གཟིགས་ཤིང་། མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་མཚན་རེ་རེ་ལ་ཏིང་ངེ་འཛིན་རེ་རེ་འཁྲུངས་པར་གྲགས་པ་ཡིན་ནོ། །  བོ་དྷི་བྷ་དྲའི་མཚན་ཅན་འདི་སྐབས་ཤིན་ཏུ་མང་བར་བྱུང་ནའང་། འདི་ནི་སྔོན་ཆད་བོད་ལ་གྲགས་ཆུང་བར་ཡང་མངོན།  དེའི་རྗེས་ཀ་མ་ལ་རཀྴི་ཏ་བྱོན་ཏེ། སློབ་དཔོན་དེ་ནི་རྟེན་དགེ་སློང་།  མདོ་སྔགས་ཐམས་ཅད་ལ་མཁས་ཤིང་། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསང་བ་འདུས་པ་དང་། གཤིན་རྗེ་གཤེད་རྣམས་ལ་མཁས།  མ་ག་དྷཱའི་ལྷོ་ཕྱོགས་ཨོཾ་ད་གི་རི་ཞེས་བྱ་བའི་རི་ཞིག་ལ་གཤིན་རྗེ་གཤེད་ཀྱི་་སྒྲུབ་པ་མཛད། བར་སྐབས་ཤིག་ཏུ་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་པ་བྱུང་ཡང་སྟོང་ཉིད་བསྒོམས་པས་ཞི། དེ་ནས་གཤིན་རྗེ་གཤེད་ཞལ་གཟིགས་ཏེ་ཅི་འདོད་གསུང་བ་ལ། ཁྱོད་ཉིད་དུ་མཛོད་ཅིག་བྱས་པས་ཐུགས་ཀར་ཐིམ་པའི་སྣང་བ་བྱུང་སྟེ། དེ་ཕྱིན་ཆད་ནས་ལས་ཚོགས་ཐམས་ཅད་བསམས་པ་ཙམ་གྱིས་འགྲུབ་པ། གྲུབ་པ་ཆེ་བ་རྣམས་ཀྱང་འགྲུབ་རུང་དུ་ཡོད་པ་ཞིག་བྱུང་ལ། གཤིན་རྗེ་གཤེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་ཉིད་ནུབ་རེ་བཞིན་ཞལ་གཟིགས་ནས་ཆོས་གསན་པ་ཡིན་པར་གྲགས། ལན་ཅིག་བི་ཀྲ་མའི་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་མཛད་པར་བཞེད་ནས། སྔགས་ཀྱི་སློབ་མ་མང་པོ་ཡོད་པའང་ཁྲིད། རྣལ་འབྱོར་མ་འགའ་ཞིག་གིས་དམ་རྫས་ཐོགས་ཏེ་འོངས།

དེར་ནུབ་ཕྱོགས་ཀརྞའི་ཡུལ་གྱི་ཏུ་རུཥའི་རྒྱལ་པོའི་བློན་པོ་ཏུ་རུཥ་ལྔ་བརྒྱ་ཙམ་དང་བཅས་པ་མ་ག་དྷ་ལ་ཆོམ་པོར་འོངས་པ་དང་ལམ་དུ་འཕྲད། དེ་དག་གིས་དམ་རྫས་རྣམས་ཕྱོགས། སློབ་དཔོན་འཁོར་བཅས་ལ་འཚེ་བར་བརྩམས་པ་ན། སློབ་དཔོན་ཁྲོས་ཏེ་བུམ་པ་སྔགས་ཀྱི་ཆུས་གང་བ་བརྡབས་ཏེ་བྱོན། དེ་མ་ཐག་རླུང་ཆེན་པོ་མི་བཟད་པ་བྱུང་། རླུང་གི་གསེབ་ནས་མི་ནག་པོ་རལ་གྲི་ཐོགས་པ་འགའ་རེ་བྱུང་ནས་ཏུ་རུཥྐ་རྣམས་ལ་བརྡེག་པའི་སྣང་བ་བྱུང་། བློན་པོ་རང་དེ་ཉིད་དུ་ཁྲག་སྐྱུགས་ཏེ་ཤི། གཞན་རྣམས་ལའང་ནད་འགོ་བ་སྣ་ཚོགས་བྱུང་སྟེ་ཡུལ་དུ་མི་གཅིག་ལས་མ་སླེབ་པས་མུ་སྟེགས་དང་ཏུ་རུཥྐ་ཐམས་ཅད་ཤིན་ཏུ་འཇིགས་པ་ཞིག་བྱུང༌། གཞན་ཡང་མངོན་སྤྱོད་ཀྱི་ལས་ཤིན་ཏུ་མང་བ་ཞིག་མཛད། མངོན་སྤྱོད་མ་མཛད་ན་འཇའ་ལུས་སུ་གཤེགས་རྒྱུ་ཡིན་པ་ལ། རྣལ་འབྱོར་པ་ཆེན་པོ་དེ་ལྟ་བུ་ལའང་མངོན་སྤྱོད་ཀྱིས་ཅུང་ཟད་བསྒྲིབས་པ་ཡིན་པར་གྲགས་སོ།། སློབ་དཔོན་འདི་ཇོ་བོ་རྗེ་དང་། ཁྱུང་པོ་རྣལ་འབྱོར་པ་ལ་སོགས་པའི་ཡང་བླ་མ་སྐུ་དྲིན་ཆེ་བ་གཅིག་ཡིན་པར་གདའ།

སྐུ་ཚེའི་སྨད་ལ་ནཱ་ལེནྡྲ་དང་ཉེ་བའི་ནགས་འདབས་ཤིག་ཏུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་ཏེ་རྫོགས་རིམ་གཙོ་བོར་བསྒོམ་པ་ཡིན་གསུངས།  དེ་ལྟར་སློབ་དཔོན་བཅུ་གཉིས་པོ་དེ་དག་ལས་དང་པོ་གཉིས་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་ཙམ་རེ་རིམ་པ་བཞིན་གདན་ས་མཛད་དོ་ཞེས་ཟེར། ཀ་མ་ལ་རཀྴི་ཏའི་རྗེས་སུ་མཁས་པ་སྒོ་དྲུག་བྱུང་། དེའི་འོག་ཏུ་སྔགས་ཀྱི་སློབ་དཔོན་ཐོར་བུ་ཤིན་ཏུ་མང་བར་བྱུང་། མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་ནས་ཀ་མ་ལ་ཀུ་ལི་ཤ་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་ན་རེནྡྲ་ཤཱི་ཛྙཱ་ན་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་དཱ་ན་ར་ཏས་མཁན་པོ་མཛད། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་བུ་བྷ་ཡ་ཀ་ར་གུཔྟས་མཛད། དེའི་རྗེས་སུ་ན་ཨཀ་པ་ཤྲཱིས་མཛད་དོ། ། དེ་རྗེས་ཆོས་འབྱུང་ཞི་བས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲམ་ཤཱི་ལ་ནུབ་བོ། །དེ་དག་ནི་བི་ཀྲ་མ་ཤཱི་ལའི་གདན་རབས་ཀྱི་སྐབས་ཏེ་སོ་བརྒྱད་པའོ། ། ཤོག་ངོས་ ༣༡༠ ནས་ ༣༡༥ བར་གསལ། དཔེ་མིང་། ཡོངས་གྲགས་སུ་རྒྱ་གར་ཆོསའབྱུང་དང་།མཚན་བྱང་ཆ་ཚང་ལ། དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།། ཞེས་པའི་མཚན་བྱང་ཅན་གྱི་རྒྱ་གར་ཆོས་འབྱུང་འདི་སི་ཁྲོན་ཞིང་ཆེན་སྡེ་དགེ་པར་ཁང་དུ་བཞུགས་པའི་ཤིང་བརྐོས་པར་མ་ལས་བཤུས་ཏེ་དཔར་དུ་བསྐྲུན་པ་ཡིན་འདུག

མཛད་པ་པོ། ཏཱ་ར་ནཱ་ཐའམ། རྗེ་བཙུན་ཀུན་དགའ་སྙིང་བོ། ཕྱི་ལོ་   ༡༥༧༥ ནས ༡༦༣༥   བར།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

[9] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།  པོད། ༣ གྲུབ་མཐའི་སྐོར་གྱི་རྣམ་བཤད།

མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༤  ས་བཅད་གཉིས་པ། རང་སྡེའི་ལུགས་ཀྱི་གྲུབ་མཐའ་སྤྱིར་བསྟན་པ། ཞེས་པའི་ནང་གསེས་ལེ་ཚན་ ༢: བོད་ཀྱི་བླ་མའི་ཆོས་ལུགས་ཞེས་པ་ཡང་དག་མིན་སྐོར།  ཤོག་ངོས་ ༧༡ ནས་ ༨༨ བར་གསལ།

[10] ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༧ ། ཤོག་ངོས་ ༡༡༡-༡༢༦བར་གསལ།

[11] ནག་ཚོ་ལོ་ཙཱ་བ་ཇི་ལྟར་བི་ཀྲཱམ་ཤཱི་ལར་སླེབས་པ་དང་། རྒྱ་བརྩོན་སེང་ལ་ཐོག་མར་མཇལ་བ།

ནག་ཚོ་ལོ་ཙཱ་བ་སོགས་འགྲུལ་བཞུད་པ་མང་པོ་མཉམ་དུ་ཆུ་མོ་གངྒཱའི་གྲུ་ཁར་སླེབས་མོད། ཚོང་བ་དག་དབང་ཆེ་བས་སྔོན་ལ་བཞུད། ནག་ཚོ་ལོ་ཙཱ་བ་ནི་མཚན་མོ་བར་དུ་ལུས། དེ་ནས་ནག་ཚོ་ལོ་ཙཱ་བ་གྲུར་ཞུགས་ཏེ་ཆུ་མོ་གངྒཱ་བརྒལ་ནས། གཙང་བོའི་ཚུར་སླེབས་པ་ན། མཉན་པས། “ད་ནམ་ཕྱེད་ཟིན་ཚར་འདུག་པས། གཙང་བོའི་འཁྲིས་དང་རྡོ་གསེབ་ནས་མ་ཉལ། དུག་སྦྲུལ་གྱི་འཇིགས་པ་ཡོད་གསུངས། དེ་ནུབ་བིཀྲཱམ་ཤཱི་ལའི་སྒོ་སྤེའི་འོག་ཏུ་སླེབས་པ་དང་། སྒོ་སྤེའི་རྫོགས་ཁུང་ནས་མར་རྒྱ་བརྩོན་སེང་གི་སྐད་ཆ་འདྲི་རྒྱུར། བོད་ཀྱི་ཚེ་དང་ལྡན་པ་ཀུན་ག་ནས་བྱོན་ཟེར། ངེད་མངའ་རིས་སྟོད་ནས་འོངས་པ་ཡིན་བྱས་པས། འོ་ན་སྒོ་སྲུང་བྱིས་པ་ཞིག་ཡོད་པ་དེ་ལ་ཁྱེད་རང་རྣམས་ཀྱི་འབྲང་ཆས་ཀུན་འཆོལ་ལ་སྐྱིབས་གཅིག་ཏུ་འབོལ་ལེ་གཟིམས་བཞུགས། ད་ལྟ་སྐྱ་རེངས་དང་པོའི་ཐོག་ཡིན། སྐྱ་རེངས་གཉིས་པའི་མཇུག་ཙམ་ལ་སྒོ་འབྱེད་པ་ཡོང་གསུངས། དེ་ནས་སྒོ་སྲུང་བྱིས་པ་གཅིག་འདུག་པ་དེ་ལ་གསེར་རྣམས་བཅོལ་བ་དང་། བྱིས་པ་དེས་གསེར་རྣམས་ནང་གི་ཕུག་གཅིག་ཏུ་བཞག་ནས། ནོར་བཅོལ་དགྲ་བཅོལ་སྙིང་བཅོལ། འོན་ཀྱང་བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་བྱ་བ་ཡིན། ཁྱེད་རང་རྣམས་བློ་ཕེབས་པར་གཟིམས་ཟེར་བ་དང་། ཆུང་ཆུང་འདིའི་ཁ་ནས་དེ་འདྲ་ཡོང་བ་གང་ཟག་ཐ་མལ་པ་ཡིན་ནམ་སྙམ་ནས་བག་ཕེབས་པར་གྱུར། ནངས་པར་སྒོ་ཕྱེ་མ་ཐག་ཏུ་བྱིས་པ་གཞོན་ནུ་མ་ཞྭ་རྩེ་རིང་གྱོན་པ། འབྲོག་རྣམས་ཀྱི་གོས་ཉིས་བརྩེགས་གྱོན་པ། ཕོར་ཆུང་ཐོགས་པ་གཅིག་བྱུང་སྟེ། ཁྱེད་བོད་རྣམས་ཀུན་གང་ནས་བྱོན། ལམ་དུ་འཇིགས་པའི་སྐྱོན་མི་སྣང་ངམ་ཟེར་ནས་བོད་ཀྱི་འབྲོག་པའི་སྐད་དུ་ལྷང་ལྷང་བྱུང་། དེས་སྐྱོ་བ་སངས་པ་སྙམ་བྱེད་པ་ལས། ངེད་མངའ་རིས་སྟོད་ནས་ཡིན། ལམ་འཇམ་པར་བྱུང་། ཁྱོད་གང་ཙུག་ཡིན། གར་འགྲོ་བྱས་པས། ང་ཡང་འབྲོག་པ་ཡིན། བོད་དུ་འགྲོ་བ་ཡིན། འོ་ཅག་བོད་འདི་ཁ་མང་ལ་གཏིང་ལྷོད། གཏམ་མཚང་ཅན་སྦེད་མི་ཤེས། བྱ་བ་གལ་ཅན་གསང་ནས་སྒྲུབ་དགོས་པ་ཡིན། རྒྱ་བརྩོན་སེང་བོད་ཀྱི་སྤྱི་ཁང་ན་ཡོད། དེར་རྩད་བཅད་ནས་ཡོང་། ཟེར་ནས་ཁོ་ཡུད་ཀྱིས་སོང་། དེས་ཡིད་མ་དགའ་བ་བྱུང་། དེ་ནས་སྲང་ནང་རིང་མོ་གཅིག་ལ་ཞུགས་ཕྱིན་ཙ་ན། དྲང་སྲོང་རྒས་པའི་མཐར་ཐུག་པ་སྐྲ་དང་ཁ་སྤུ་སེར་ལ་རིང་བ་མིག་དམར་བ་ཤ་སྐམ་པ། ཆུ་ཤིང་གི་འཁར་བ་ཐོགས་པ་གཅིག་དང་འཕྲད་པས། ཁྱེད་གང་ནས་འོངས་གར་འགྲོ་ཅི་བྱེད་དུ་འོངས་པ་ཡིན་ཟེར། ངེད་བོད་མངའ་རིས་སྟོད་ནས་འོངས། མགོན་པོ་ཨ་ཏི་ཤ་སྤྱན་འདྲེན་པ་ཡིན། རྒྱ་བརྩོན་སེང་གི་ཁང་པ་དེ་གང་ན་ཡོད་བྱས་པས། ཁོང་འཁར་བ་ལ་བརྟེན་ནས་ཕྱི་མིག་ཅིག་བྱས་ཏེ། ད་ནང་གི་བྱིས་པ་དེ་རེ་བདེན། བོད་ཀྱི་མི་ལ་ཨོལ་མདུད་མེད། སྲང་ནང་གི་འཁྱམ་པོ་ཚུན་ཆད་ལ་ཡིན་ལུགས་བཤད། གསང་སྟེ་འཆད་པ་ཁྱེད་ཀྱི་དོན་འགྲུབ་ཏུ་རེ་བ་ཨང་། ད་རེས་ངའི་རྩར་བྱས་པས་དྲག ཇོ་བོ་མིན་པ་གཞན་གྱི་རྩར་མ་འདོན། འདོན་ནའང་རྒྱ་ལ་འབུས་ཙམ་ཅིག་ཟེར་བ་རིགས། སྒོ་ངས་བསྟན་ཟེར་ནས། ཁོའི་ཕྱི་ལ་ཕྱིན་པས། ཁོ་གོ་ལེ་སོང་བའི་རྗེས་ལ་ངེད་ཀྱིས་མགྱོགས་པོས་མ་སླེབ། ངེད་ཡ་མཚན་ཞིང་ཐེ་ཚོམ་དུ་གྱུར་པ་དང་། ཁོ་བོད་ཀྱི་སྤྱི་ཁང་གི་སྒོ་ཕུག་པ་ན་སྒུགས་ནས་བསྡད། འོ་བྱ་བ་ཆེན་པོ་སྒྲུབ་པ་ལ་ག་ལེ་བྱས་ནས་བྱེད་པ་ཡིན། རིངས་ན་སོས་དལ་དགོས་པ་ཡིན། འདོད་ཐག་མ་ཉེ་བར་རིམ་གྱིས་འཛེགས། ཁང་པ་འདི་ཡིན་ཟེར། དེ་མ་ཐག་ཏུ་ནང་དུ་འོངས་པ་དང་། ལོ་ཙཱ་བ་རྒྱ་བརྩོན་སེང་གཞུང་ཚན་པ་ཞིག་གཟིགས་ཀྱིན་བཞུགས་འདུག དེར་གསེར་བཞི་ནས་གཅིག་ཕྱག་རྟེན་བྱས། ལོ་ཙཱ་བའི་ཞལ་ནས། ཁྱེད་རྣམས་ཕྱོགས་གང་ནས་བྱོན་གསུངས། དེ་ལ་ལོ་རྒྱུས་རྣམས་ཞིབ་པར་ཞུས་པ་དང་། ལོ་ཙཱ་བའི་ཞལ་ནས། ཁྱོད་ངའི་སློབ་མར་སྣང་སྟེ་ངོ་མི་ཤེས་པ་འདུག ད་ཨ་ཏི་ཤ་གདན་འདྲེན་པ་སྐད་ཡེ་མ་ཟེར། སློབ་གཉེར་བྱེད་པ་ལ་ཡོང་བ་ཟེར་བ་ཀུན་ལ་སྨྲོས།འདི་ན་གནས་བརྟན་རཏྣ་ཨཱ་ཀ་ར་བྱ་བ་ཡོད། དེ་འདི་ན་དབང་ཆེ་ཞིང་ཨ་ཏི་ཤའི་བདག་པོ་ཡིན། དེ་ལ་ཆོས་ཉན་ཞིང་དེའི་སེམས་འཛིན་དགོས། དེས་ཚོར་ཡེ་མི་བཏུབ་པས། ད་ལྟ་རང་ཁོང་ལ་གསེར་སྲང་ཕྱེད་ཕུལ་ལ། ངེད་བོད་ནས་འོངས་པ་ཡིན། པཎྜི་ཏ་སྤྱན་མ་འདྲོངས། ད་ཁྱེད་ཀྱི་ཞལ་སྔ་ནས་པཎྜི་ཏ་དང་ཁྱད་མེད་པའི་སློབ་གཉེར་ཞིག་བདག་ལ་ཐུགས་ལ་འདོགས་པར་ཞུ་ཞེས་ཞུ་བ་ཕུལ། དེ་བས་ཀྱང་རིངས་རིངས་བློ་མ་ཕེབས་པ་སྐད་མ་བྱེད་པར་སོས་དལ་གྱིས། དེ་ནས་འོ་ཅག་ཐབས་མཁས་པས་ཇོ་བོ་འདིར་ཕྱག་ཕེབས་པའི་དུས་ཞུ་བ་བྱེད་པ་ཡིན་གསུངས། དེ་ནས་ངས་ལོ་ཙཱ་བའི་གསུང་བལྟ་བའི་ཕྱིར་དུ། མགོན་པོ་ཨ་ཏི་ཤ་ཅིས་ཀྱང་གདན་མ་འདྲོངས་ན། དེའི་འོག་ནས་གང་ཆེ་བའི་པཎ་ཆེན་ཞིག་གདན་དྲངས་ན་ཞུས་པས། ལོ་ཙཱ་བའི་ཞལ་ནས། དེ་དང་འདྲ་བོ་སྒོར་མ་འདོན་ཞིག དེར་སོང་ན་རང་ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་བ་ཉི་ཤུ་ཙམ་གདན་དྲངས་ན་འདྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་གྱི་སྤྱོད་གཤིས་རྒྱུས་མེད་དམ། མགོན་པོ་ཨ་ཏི་ཤ་མ་གཏོགས། གཞན་སུས་ཀྱང་བོད་ཀྱི་སེམས་ཅན་མི་ཐུལ་བས། ད་རུང་ཨ་ཏི་ཤ་རང་གདན་ཅི་འདྲོངས་བྱེད་དགོས་གསུངས། འོ་ན་པཎྜི་ཏ་ཇི་འདྲ་ཡོད་ཞུས་པས། པཎྜི་ཏ་གནམ་གྱིས་ས་བཀབ་པ་ཙམ་མང་པོ་ཡོད། འདི་ལྟར་རིག་པའི་ཁུ་བྱུག་དང་། ནཱ་རོ་པ་དང་ཌ་བྷི་པ་དང་། མར་མེ་མཛད་བཟང་པོ་དང་། ཨཱ་ཝ་དྷུ་ཏི་པ་དང་། བྱང་ཆུབ་བཟང་པོ་དང་། ཤཱནྟི་པ་དང་། རིན་ཆེན་བཟང་པོ། རིན་ཆེན་སྡེ། རྣམ་དག་གཙུག་གི་ནོར་བུ། རི་བོ་བཟང་པོ། ཟླ་བའི་ནོར་བུ། ཀུན་ཏུ་བཟང་པོ། ལྷའི་བློ་གྲོས། ཡེ་ཤེས་འབྱུང་གནས། ངག་གི་དབང་ཕྱུག་གྲགས་པ། ནག་པོ་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། རྒྱ་མཚོ་མཐའ་ཡས་པ། ལྷུན་པོ་བརྩེགས་པ། གངྒཱའི་ཆུ་རྒྱུན། སྐར་མའི་རྒྱལ་པོ། རོལ་པའི་རྡོ་རྗེ། ས་འགེབས་ཞབས། ཡེ་ཤེས་འབྱུང་གནས། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན། ཀླུ་དབང་རྒྱལ་པོ། སྤྲིན་གྱི་ཤུགས་ཅན། གླང་པོ་ཆེའི་དཔལ། བསམ་མི་ཁྱབ་པའི་བློ་གྲོས། གདུང་བ་སེལ་བ།  ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང་། ཐམས་ཅད་རང་ས་ན་ཆེ་མོད། འོ་སྐོལ་བོད་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་པ་མེད་གསུངས། འོ་ན་ང་ལ་དེ་སྟོན་པར་ཞུ་ཞུས་པས། ལོ་ཙཱ་བའི་ཞལ་ནས། འོ་སྐོལ་བོད་འདི་ལ་དབགས་ཤིག་ཡོད། ད་གཟོད་རྒྱ་དང་ང་ཨ་ཏི་ཤ་གཉིས་མཐུན་ཡོད་པར་འདུག ཁ་ཕྱོགས་ཡིན་ཟེར་འོང་བ་ཡིན་པས། ཁྱེད་རང་ནངས་པར་བྲི་ཀ་མ་ལར་དགེ་འདུན་གྱི་ཀུན་དགའ་ར་བར་ཆེ་འབྲིང་ཆུང་གསུམ་་ཚོགས་པས། དགེ་འདུན་སྟོང་དང་བརྒྱད་བརྒྱ་ཙམ་ཚོགས་འོང་གིས། དེའི་ནང་ནས་ལྷམ་མེ། ལྷན་ནེ། ཕྱོགས་གང་ནས་བལྟས་ཀྱང་ཁྱད་པར་འཕགས་པ། གྲལ་གང་དུ་བཞུགས་ཀྱང་མཛེས་པ་ཞིག་ཡོད་ཀྱི། དེ་ཨ་ཏི་ཤ་ཡིན་པས་དེ་ལ་ཉིན་དང་མཚན་དུ་གསོལ་བ་ཐོབ་དང་གསུངས། དེ་ནས་རྒྱ་བརྩོན་སེང་དང་ངེད་གཉིས་ཀྱིས་གནས་བརྟན་རཏྣ་ཨཱ་ཀ་རའི་དྲུང་དུ་ཕྱིན། ཕྱག་བཙལ་གསེར་སྲང་ཕྱེད་ཕུལ།

རྒྱས་བསླབས་པ་བཞིན་ཞུ་བ་བྱས་པ་དང་། གནས་བརྟན་གྱི་ཞལ་ནས། དེ་ཤིན་ཏུ་ལེགས། ཚེ་དང་ལྡན་པ་དེ་ཙུག་ཡིན། ངེད་འདིར་མི་ལ་རྩེག་པ་མིན་ཏེ། པཎྜི་ཏ་གཞན་གྱིས་སེམས་ཅན་མི་འཐུལ། འདི་ན་ཨ་ཏི་ཤ་མེད་ན་རྒྱ་གར་སངས་རྒྱས་ཀྱི་བསྟན་པའི་འབྱུང་གནས་ཡིན་པ་ལ། འདི་གཏང་ན་སེམས་ཅན་སྤྱིའི་བསོད་ནམས་ཉམས་འགྲོ་བ་ཡིན་མོད། དེའི་རྒྱུ་མཚན་རྒྱ་གར་གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་ཨ་ཏི་ཤའི་ཕྱག་ན་ཡོད་པ་ཡིན། དེ་མ་གཏོགས་ངེད་ཀྱང་བོད་ཀྱི་སེམས་ཅན་ལ་བརྩེ་ཞིང་ཁྱད་པར་དུ་བོད་ཀྱི་ཆོས་རྒྱལ་དེའི་མི་ནོར་མང་པོ་ཟད་པ་ལ་ངོ་གནོངས། སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཡིན་པས་དེ་སོམས་ལ་བརྩོན་འགྲུས་དང་སྙིང་རུས་དྲག་པོ་གྱིས་ལ། སངས་རྒྱས་ཀྱི་བསྟན་པ་རབ་འབྱམས་ལ་ཐོས་བསམ་གྱིས། ངས་ཕྱོགས་ཐམས་ཅད་ནས་ཁྱོད་ཀྱི་ཚིགས་སུ་ཅི་འགྲོ་བྱེད།ལར་ཁྱོད་བོད་རྒྱ་གར་བ་ལ་འདི་ལྟར་སེམས་པ་ངོ་མཚར་ཆེ། ཞེས་བྱ་བ་སོགས་གསུང་རྣམ་པ་མང་པོ་བྱུང་།

[12] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། གཙང་མཁན་ཆེན་གྱིས་བསྒྲིགས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣  དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་བ་ཆོས་ཀྱི་འབྱུང་གནས་ཞེས་པའི་ཤོག་ངོས་ ༨༦ ནས་ ༨༩ བར་གསལ།

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།