གསུང་རྟེན་གླེགས་བམ་གྱི་ཤེས་བྱ་ངོ་སྤྲོད།

1
2123

ཀ འཕགས་བོད་དུ་གསུང་རྟེན་ཐོག་མར་བྱུང་ཚུལ།

དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་ནི། ཚོམས་ལས་ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ཞེས་གསུངས་པ་ལྟར། སེམས་ཅན་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་ཡིན་ཅིང་། དེ་ཡང་། བླང་དོར་ཕྱིན་ཅི་མ་ལོག་པར་བསྟན་ནས། གདུལ་བྱ་རྣམས་ཀྱིས་ཇི་ལྟར་བསྟན་པ་ལྟར་ཉམས་སུ་བླངས་ན་གྲོལ་བར་འགྱུར་བའི་ཕྱིར་ན། ལུང་རྟོགས་ཀྱི་བསྟན་པ་གཉིས་ཀྱི་ནང་ནས་ཀྱང་ཐོག་མར་ལུང་གི་བསྟན་པ་བྱུང་ཞིང་། དེ་ལས་རྟོགས་པའི་བསྟན་པ་བྱུང་བ་ལྟར། རྒྱ་གར་འཕགས་ཡུལ་དུ་གླེགས་བམ་ཐོག་མར་བྱུང་ཚུལ་དང་། བོད་གངས་ལྗོངས་སུ་གླེགས་བམ་ཐོག་མར་བྱུང་ཚུལ་གཉིས་ལས། དང་པོ། རྒྱ་གར་འཕགས་ཡུལ་དུ་ནང་བསྟན་གྱི་གསུང་རབ་གླེགས་བམ་ཐོག་མ་དུས་ནམ་ཞིག་ལ་བྱུང་མིན་དང་། དེ་དག་གང་ཡིན་ཞེ་ན། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[1]། གསུང་རྟེན་ཐོག་མ་འཁོར་ལོ་བར་པའི་ཚེ། །བརྒྱ་བྱིན་གྱིས་ནི་གསེར་གྱི་གླེགས་བུ་ལ། །བཻ་ཌཱུརྱ་སྔོན་བཞུས་པས་ཤེར་ཕྱིན་བྲིས། །ལྷ་ཡི་གནས་སུ་མཆོད་ཅིང་བཀུར་བར་གསུངས། །གཞན་ཡང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས། །གླེགས་བམ་བྱས་ཏེ་རྒྱལ་མཚན་རྩེར་བཏགས་པས། །ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བ་སོགས། །གཟུངས་སྔགས་ཆེན་པོ་དུ་མ་དག་ལས་བྱུང༌། །ཁྱིམ་བདག་མགོ་རེག་ཤི་བའི་བདོག་པ་ཀུན། །དགེ་འདུན་རྣམས་ལ་ཕུལ་ནས་བཞེས་པའི་ཚེ། །རྒྱལ་བའི་བཀའ་ཡི་གླེགས་བམ་འཚོང་མི་གནང༌། །མུ་སྟེགས་ཅན་གཞུང་འཚོང་དུ་གནང་ངོ་ཞེས། །གསུངས་ཕྱིར་བཀའ་ཡི་གླེགས་བམ་ཡོད་པར་གྲུབ། །བཀའ་བསྡུའི་ཚེ་ན་སྡུད་པ་པོ་རྣམས་ཀྱིས། །རང་རང་ཡུལ་དུ་སོ་སོའི་སྐད་རྣམས་ཀྱིས། །བྲིས་ཞེས་དུས་ཀྱི་འཁོར་ལོའི་འགྲེལ་པར་བཤད། །ཨུ་པ་ཞེས་བྱ་མ་སྐྱེས་དགྲ་ཡི་བུས། །ང་ཡི་བཀའ་ཀུན་གླེགས་བམ་འབྲི་འགྱུར་ཞེས། །སྟོན་པ་ཉིད་ཀྱིས་སྔོན་དུ་ལུང་ཡང་བསྟན། །ཞེས་གསུངས་པ་ལྟར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས་[2]ཀྱང་། གསུང་རྟེན་གླེགས་བམ་གྱི་ཐོག་མ་ནི། འཁོར་ལོ་བར་པ་བརྒྱ་བྱིན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་བྲིས་པ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གླེགས་བམ་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་པས་ལྷ་མིན་གྱི་གཡུལ་བཟློག་པ་དང་། སྟོན་པའི་བཀའི་གླེགས་བམ་འཚོང་དུ་མ་གནང་ཞིང་མུ་སྟེགས་ཀྱི་གཞུང་གནང་བར་འདུལ་བ་ལུང་ལས་བཤད་པས་དེ་དག་བྱུང་བར་གྲུབ་ཅིང་། བཀའ་བསྡུའི་ཚེ་སྡུད་པ་པོ་རྣམས་ཀྱིས་རང་རང་གི་ཡུལ་དུ་སོ་སོའི་སྐད་ཀྱིས་བྲིས་པ་ལས་རིམ་པར་འཕེལ་བར་གྱུར་ཏོ། །ཞེས་གསུངས་པ་ལྟར། མཁས་དབང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (འཁྲུངས་དུས་1672-?) ཀྱིས་ཀྱང་། ཕྱིས་ནས་སླད་པའི་ཉམས་སྐྱོན་སོགས། །དགོས་པའི་བཀའ་བསྡུ་ལན་གསུམ་སོགས། །བྱས་དུས་ཡི་གེར་བཏབ་པ་ནི། །སྤྱི་ལ་གྲགས་པ་ཆེ་ནའང་། །འདུལ་བ་ལུང་ལས་སྟོན་པའི་བཀའ། །གླེགས་བམ་འཚོང་དུ་མ་གནང་སྟེ། །མུ་སྟེགས་ཀྱི་གཞུང་འཚོང་དུ་གནང་། །ཞེས་སོགས་བཤད་པས་སྔར་ཡོད་གྲུབ། །ཅེས་གསུངས་སོ།།

དེ་བཞིན་ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) མཆོག་གིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས་[3]ཀྱང་། གསུང་རྟེན་གྱི་ཐོག་མར་ནི། འཁོར་ལོ་བར་པའི་ཚེ་བརྒྱ་བྱིན་གྱིས་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྱའི་ཞུན་མས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བྲིས་ཏེ་ལྷའི་གནས་སུ་མཆོད་ཅིང་བཀུར་སྟི་བྱས་པར་གསུངས་པ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་གཟུངས་མང་པོ་གླེགས་བམ་དུ་བྱས་ཏེ་རྒྱལ་མཚན་གྱི་རྩེར་བཏགས་པས་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བར་གསུངས་པ་དང་། ཁྱིམ་བདག་གོར་ཏ་ཤི་བའི་ཡོ་བྱད་རྣམས་དགེ་འདུན་ལ་ཕུལ་བ་བཞེས་པའི་ཚེ་སྟོན་པས་རྒྱལ་བའི་བཀའི་གླེགས་བམ་འཚོང་དུ་མི་སྣང་། མུ་སྟེགས་བྱེད་ཀྱི་གཞུང་འཚོོང་དུ་སྣང་བར་གསུངས་པས་བཀའ་བསྡུ་གསུམ་པའི་སྔོན་དུ་ཡང་རྒྱལ་བའི་བཀའ་ཡི་གེར་བྲིས་པ་ཡོད་པར་བཤད་པ་རྣམས་ཡིན། ཞེས་གསུངས་སོ།།

གཞན་ཡང་རིག་གནས་སྨྲ་བའི་དབང་ཕྱུག་འགོས་པདྨ་རྒྱལ་མཚན་ (1956-2001) མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས་ལས[4]། སྤྱིར་གསུང་རབ་གླེགས་བམ་དུ་བྲིས་པ་དུས་ནམ་གྱི་ཚེ་བྱུང་བ་ཡིན་ཞེ་ན། ལ་ལས་བཀའ་བསྡུ་གསུམ་པའི་སྐབས་སུ་བྱུང་ཞིང་། དེ་ཡན་དུ་བཀའ་ཡི་གེར་འཁོད་པ་མེད་པར་འདོད་པ་དང་། ཁ་ཅིག་གིས་སངས་རྒྱས་ཞལ་བཞུགས་པའི་དུས་སུ་རྒྱལ་པོ་ཤར་པའི་བཙུན་མོ་སྔོ་བསངས་མ་བུད་མེད་ཀྱི་འཁོར་ལྔ་བརྒྱ་དང་བཅས་པས་མཚན་མོ་སྒྲོན་མེའི་འོད་ལ་སངས་རྒྱས་ཀྱི་བཀའ་བཀླགས་པར་འདུལ་བ་ལུང་ལས་གསུངས་ཞེས་འདོད་པ་ལས། ཕྱི་མ་འཐད་པར་སེམས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོས། སངས་རྒྱས་ལ་དངོས་སུ་ཞུས་ནས་སྟོན་པའི་སྐུ་བརྙན་དང་།

བརྩམ་པར་བྱ་ཞིང་དབྱུང་བར་བྱ[5]། །ཞེས་སོགས་ཀྱི་ཚིགས་བཅད་གཉིས་[6]ཡི་གེར་བྲིས་ནས། རྒྱལ་པོ་ཨུ་ཏྲ་ཡ་ན་ལ་སྐྱེས་སུ་བསྐུར་བའི་གཏམ་རྒྱུད་ལྟར། སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཡང་བཀའ་ཡི་གེར་འཁོད་པ་ཡོད་དོ་ཞེས་ལྷ་རམས་པས་གསུངས་སོ། །ཞེས་གསལ་བ་ལྟར། རྒྱ་གར་འཕགས་ཡུལ་དུ་གསུང་རྟེན་གྱི་ཐོག་མ་ནི། འཁོར་ལོ་བར་པ་གསུང་དུས་བརྒྱ་བྱིན་གྱིས་ཤེར་ཕྱིན་གྱི་གཞུང་འབྲི་གཞི་གསེར་གྱི་གླེགས་བུར་འབྲི་བྱེད་བཻཌཱུརྱ་སྔོན་པོས་འབྲི་བཞེངས་གནང་བར་གསུངས་ལ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཡང་གླེགས་བམ་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་མཆོད་པས་ལྷ་མིན་གྱི་གཡུལ་ཟློག་པར་གསུངས། གཞན་ཡང་རྒྱལ་པོ་མ་སྐྱེས་དགྲའི་བུ་ཨུ་པ་ཞེས་པས་རྒྱལ་བའི་གསུང་རབ་ཡི་གེར་བྲིས་པར་གསུངས་པ་དང་། རྒྱལ་པོ་ཤར་པའི་བཙུན་མོ་འཁོར་བཅས་ཀྱིས་བཀའ་བཀླགས་པར་གསུངས་པ་རྣམས་ནི་རྒྱ་གར་འཕགས་ཡུལ་དུ་རྒྱལ་བའི་གསུང་རྟེན་གྱི་ཐོག་མ་དེ་དག་ཡིན་ལ། དེ་ཡང་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་དུས་སུ་ཞུ་བ་པོ་རྣམས་མི་བརྗེད་པའི་གཟུངས་ཐོབ་པ་ཤ་སྟག་ལ་སོང་། དེ་དག་གི་ཐུགས་སུ་འཛིན་པ་ལས་གླེགས་བར་གྱི་རྣམ་པར་བཞེངས་སྲོལ་ཆེར་མ་དར་ཡང་། ཕྱིས་སུ་རྒྱལ་བའི་བཀའ་ལ་བསྲེ་ལྷད་འཇུག་པ་དང་། ཉམས་པའི་སྐྱོན་སོགས་ལ་དགོངས་ནས་བཀའ་བསྡུ་རིམ་གསུམ་སྔ་ཕྱིར་གནང་བ་ལས། བཀའ་བསྡུ་གསུམ་པའི་དུས་སུ་སྡེ་སྣོད་གསུམ་གྱི་གཞུང་ཡོད་ཚད་ཡི་གེར་ཕབ་སྟེ་གླེགས་བམ་དུ་བཞེངས་པར་གྲགས་སོ།།

དེ་དང་ཚུལ་མཚུངས་པར་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[7]། ཐུགས་ནས་ཕྱུང་ནས་མགུལ་གྱི་བུམ་པར་གྲིལ། །ལྗགས་ལ་བཀྲམ་ནས་ཚེམས་ཀྱི་བར་ལ་བཏོན། །ཆོས་ཀྱི་རང་སྒྲ་ལེའུར་གསུངས་པའི་དུས། །བཀའ་ཡི་སྡུད་པོ་རྡོ་རྗེ་དྲག་པོ་རྩལ། །རིག་འཛིན་རྣམས་ཀྱིས་ཐོག་མར་ངག་ཏུ་བཏུས། །དེ་ནས་པོ་ཏི་གླེགས་བམ་བཀོད་པ་ལས། གསེར་གྱི་གླེགས་བམ་བཻ་ཌཱུརྱ་ཞུན་མས་བྲིས། །ཞེས་ཀྱང་བྱུང་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1556-1587) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[8]། བསྟན་བཅོས་ཐོག་མ་བྱེ་བྲག་བཤད་མཛོད་དར། ། འབྲས་བུ་བཞི་ཐོབ་ས་ཡི་རྡུལ་ལྟར་མང་། ། ཞེས་བསྟན་བཅོས་ཀྱི་ཐོག་མ་བྱེ་བྲག་བཤད་མཛོད་ཆེན་མོ་ཡིན་པ་ཡོངས་སུ་གྲགས་ཀྱང་། ཞིབ་ཏུ་དཔྱད་ན་དེའི་ནང་དུའང་བསྟན་བཅོས་གཞན་གྱི་ལུང་འདྲེན་མཛད་ཡོད་པས་ཐོག་མ་ཡིན་མིན་དཔྱད་དགོས་པར་སྣང་ངོ་།།

གཉིས་པ། བོད་དུ་རྒྱལ་བའི་གསུང་རབ་ཀྱི་གླེགས་བམ་གྱི་ཐོག་མ་དུས་ནམ་ཞིག་བྱུང་མིན་དང་། གླེགས་བམ་དེ་ཉིད་གང་ཡིན་ཞེ་ན། དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[9]། བོད་དུ་ཐོན་མིས་འཕགས་ཡུལ་མཁས་པ་ལས། །སྒྲ་ཡིག་བསླབས་ལ་དཔེར་བྱས་ཡི་གེའི་གཟུགས། །བོད་ལ་ཉེར་མཁོའི་འཕྲི་བསྣན་བཅས་པ་དང་། །སུམ་རྟགས་ལ་སོགས་བརྡ་དག་གཞུང་བརྒྱད་མཛད། །གཡུ་ཁྲི་སུམ་པ་སོགས་ཀྱིས་དར་རྒྱས་སྤེལ། །དེའང་དྲི་མེད་འོད་ལས། བོད་ཀྱི་ཡུལ་དུ་ཐེག་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། ཞེས་སོགས་གསུངས་པ་ལྟར། བོད་ཡུལ་ན་ཐོག་མར་ཡི་གེ་དང་བརྡ་ལེགས་པར་སྦྱོར་བ་མེད་པ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་འཇམ་དབྱངས་རྣམ་འཕྲུལ་ཐུ་མི་སམ་བྷོ་ཊ་ལ་ཆོས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་བཀས་བསྐུལ་བ་དང་རང་ཉིད་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཁྱད་པར་ཅན་དུས་སུ་སད་པའི་མཐུས་འཁོར་བཅུ་དྲུག་དང་བཅས་འཕགས་ཡུལ་དུ་ཕྱིན་ཏེ་པཎྜི་ཏ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བྱིན་སོགས་མཁས་པ་རྣམས་ལས་སྒྲ་དང་ཡི་གེ་ཕུལ་དུ་ཕྱིན་པ་བསླབས་ནས་བོད་དུ་བྱོན། ཞེས་སོགས་གསུངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་དུས་རབས་བདུན་པར་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མིས་སུམ་རྟགས་སོགས་སྒྲ་ཡི་བསྟན་བཅོས་བརྒྱད་བརྩམས་ནས་གླེགས་བམ་ཐོག་མར་བྱུང་བར་གསུངས་སོ།།

དེ་བཞིན་རིག་གནས་སྨྲ་བའི་དབང་ཕྱུག་འགོས་པདྨ་རྒྱལ་མཚན་ (1956-2001) མཆོག་གི་གསུང་རྩོམ་ཕྱོགས་བསྒྲིགས་ལས[10]། བོད་དུ་གསུང་རབ་གླེགས་བམ་དུ་འཁོད་པ་ནི་ཐུ་མི་སམ་བྷོ་ཊ་ནས་བྱུང་བ་ཡིན་ལ། དེའི་སྔོན་དུ་ལྷ་ཐོ་ཐོ་རི་གཉན་བཙན་དུས་གླེགས་བམ་བྱུང་ཡང་དེ་ནི་ནམ་མཁའ་ནས་བབ་པ་ལས་བོད་རང་དུ་འཁོད་པའི་ལོ་རྒྱུས་མེད་ཅིང་། རིགས་པས་ཀྱང་གྲུབ་པར་སེམས་ཏེ། དེའི་སྔོན་དུ་བོད་ཡིག་གི་ཡི་གེའི་གཟུགས་དང་བརྡ་དག་པར་སྦྱོར་བའི་སུམ་རྟགས་སོགས་བརྒྱད་མེད་ཅིང་། བོད་ཡིག་གི་སྡེབ་གཟུགས་གཉིས་ནི་སློབ་དཔོན་སམ་བྷོ་ཊས་མཛད་པ་ཡོངས་སུ་གྲགས་ཤིང་གྲུབ་སྟེ། ༸རྒྱལ་མཆོག་ལྔ་པ་ཆེན་པོས[11]། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་གཏན་ལ་ཕབ་ནས། ལཉྫ་ལ་དཔེར་བྱས་ནས་དབུ་ཆེན་དང་། ཝརྟུ་ལ་དཔེར་བྱས་ནས་གཤར་མ་སོགས་ཡི་གེའི་གཟུགས་དང་བརྡ་གསལ་བར་བྱེད་པའི་སུམ་རྟགས་སོགས་བོད་ལ་ཉེར་མཁོའི་བསྟན་བཅོས་བརྒྱད་མཛད་ནས་རྒྱལ་པོ་ལ་ཕུལ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་ཆོས་དུ་མ་བསྒྱུར་བ་ནི་ལྗོངས་འདིར་དམ་པའི་ཆོས་བསྒྱུར་བའི་ཐོག་མ་ཡིན་ནོ། །ཞེས་དང་། ཐོན་མིའི་མགུར་ལས་[12]ཀྱང་།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །
མི་མཁས་པ་སླེབས་པའི་སྔོན་མ་ཡིན། །
ཞེས་པ་ལས་རྟོགས་ནུས་སོ། །ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་དུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྐུ་དུས་སུ་གླེགས་བམ་ཐོག་མར་བྱུང་བ་དང་། བོད་གངས་ཅན་གྱི་ལྗོངས་སུ་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་པོ་བཞིའི་ཡ་གྱལ་དང་། ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མིའི་སྐུ་དུས་སུ་བྱུང་བར་གསུངས་སོ།།

ཁ༽ གསུང་རྟེན་གླེགས་བམ་བཞེངས་ཚུལ།

དེ་ཡང་བོད་ཀྱི་དཔེ་དེབ་རྣམས་འབྲི་ཚུལ་རིགས་གསུམ་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས [13]། དེ་སྔོན་བཙན་པོའི་དུས་སྐབས་སུ་བོད་ཡིག་གི་གསུང་རབ་རྣམས་ཤོག་དྲིལ་དུ་བྱས་ནས་འཇོག་པ་དང་། གླེགས་བམ་དུ་བྱས་ནས་འཇོག་པ་སྣ་ཚོགས་ཡོད། ཅེས་དང་། ཡང་དེ་ཉིད་ལས[14]། བོད་ཡིག་གི་དེབ་འབྲི་ཚུལ་རིགས་གསུམ་སྟེ། ༡ ཤོག་དྲིལ་དུ་བྱས་ནས་འབྲི་བ་དང་། ༢ གླེགས་བམ་དུ་བྱས་ནས་འབྲི་བ། ༣ དེབ་ཐེར་དུ་འབྲི་བ་བཅས་ལས། ཤོག་དྲིལ་དུ་བྱས་ནས་འབྲི་བ་སྟེ། སྔར་བོད་དུ་བཀའ་བསྟན་འགྱུར་རྣམས་བོད་སྐད་དུ་བསྒྱུར་ཟིན་པ་མང་པོ་ཞིག་ཐོག་མར་ཤོག་དྲིལ་དུ་བྱས་ནས་འབྲི་བ་ཡིན་ཚུལ་ལོ་རྒྱུས་འགའ་ཞིག་ཏུ་གསལ།

ཏུན་ཧོང་བྲག་ཕུག་ཏུ་བཞུགས་པའི་ཤོག་དྲིལ་གྱི་ཡིག་ཆའི་རིགས།

དེབ་ཐེར་དུ་འབྲི་ཚུལ་ནི། ཐོག་མར་འབྲི་གཞིའི་ཤོག་བུ་རྣམས་ཚད་གཅིག་མཚུངས་སུ་དྲས་ཏེ་ལྟེབ་མགོ་ལྔ་ནས་བདུན་བར་གྱི་བརྩེགས་སྣ་ཚོགས་དང་། གོས་ཆེན་སྣ་ཚོགས་ཀྱི་རྒྱབ་ཤ་བྱས་པ་ཡོད་ཅིང་། དེ་ནི་གླེགས་བམ་དུ་འབྲི་བ་ལས་ཀྱང་ཤིན་ཏུ་དཀའ་ཞིང་། ལག་རྩལ་འབྱོང་པོ་མེད་ཚེ་དཔེ་དེབ་ཆུད་ཟོས་སུ་ཧ་ཅང་ཆེན་པོ་སོང་ཉེན་ཆེ་བ་ཞིག་ཡིན་ལ། དེའི་ཐོག་བྲིས་པའི་ཡིག་གཟུགས་ནི་ཡི་གེའི་ཤ་ཆེ་ཞིང་རྐང་པ་ཐུང་བའི་དཔེ་ཚུགས་མ་ཤས་ཆེ་ཞིང་། བོད་ས་གནས་ཀྱི་རིམ་བྱུང་སྲིད་གཞུང་གི་གལ་ཆེའི་ཡིག་ཆ་རྣམས་དཔེ་དེབ་དེའི་གྲས་ཤ་སྟག་ཡིན། ཞེས་གསུངས་པ་ལྟར་བྱུང་སྔ་ཕྱི་དང་། དུས་ཀྱི་འགྱུར་འགྲོས་ལས་ཐོག་མར་ཤོག་དྲིལ་དང་། དེ་རྗེས་གླེགས་བམ། མཐར་དེབ་ཐེར་གྱི་རྣམ་པ་བྱུང་བ་དང་། དེ་བཞིན་ཐོག་མར་བྲིས་མ་དང་། དེ་རྗེས་ཤིང་དཔར། དེང་སྐབས་འཕྲུལ་པར་སོགས་སུ་འགྱུར་བ་བྱུང་བ་བཅས་སོ།།

དེ་ཡང་མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ནས་བརྩམས་པའི་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ལས [15]། བོད་དུ་བཀའ་བསྟན་འགྱུར་གྱི་གླེགས་བམ་བྱུང་ཚུལ་ལ་མཚོན་ན་ཐོག་མར་བསྒྱུར་བ་དང་། འཐོར་བུར་གནས་པ། ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དཀར་ཆག་བཀོད་པ། ལག་བྲིས་མར་བཞེངས་པ་དང་། པར་བརྐོས་ཏེ་པར་མར་བཞེངས་པ་བཅས་ཀྱི་རིམ་པ་བརྒྱུད་ཡོད།

སྔོན་ལ་བསྒྱུར་བའི་གནས་ཚུལ་ནི་གོང་དུ་ཞུས་པ་བཞིན་ཐུ་མི་བཀའ་དྲིན་ཅན་ནས་བཟུང་ལོ་པཎ་རྣམས་ཀྱིས་རིམ་པར་བསྒྱུར་བ་དང་། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་རྗེས་སྒྲ་སྒྱུར་ལོ་ཙཱ་གླིང་དུ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་ལ་སོགས་པ་ལོ་ཙཱ་བ་མང་པོ་བྱོན་པ་རྣམས་ཀྱིས་བཀའ་བསྟན་བཅོས་བསྒྱུར་རྒྱུ་དེ་ཆེད་ལས་ཅན་དང་། །རྒྱུན་གཏན་རང་བཞིན་གྱི་བསྒྱུར་གྲྭ་ཆེན་པོ་ཚུགས་ཏེ་བོད་དུ་བཀའ་བསྟན་འགྱུར་བསྒྱུར་བའི་བྱ་གཞག་གི་མཐོ་རླབས་འཕྱུར་བ་དེ་ནས་བསྟན་པ་སྔ་དར་སྐབས་གླང་དར་བར་རྒྱུན་ཆད་མྱོང་མེད་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་བར་བཀའ་བསྟན་འགྱུར་བསྒྱུར་མ་རྣམས་ལ་གླེགས་བམ་གྱི་གཟུགས་དང་། ཡི་གེ་ཆེ་ཆུང་གི་རིམ་པའི་དབྱེ་བ་གང་ཡང་ཡོད་པར་མ་མངོན། དེ་ཡང་བཀའ་ཆེམས་བཀའ་ཁོལ་མའི་མཇུག་བསྡུའི་སྐབས་[16]སུ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྤྲུལ་པ་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དེའི་ཞལ་ནས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དེའི་བཀའ་ཆེམས་ཞེས་བྱ་བ། ལྷ་ས་བཞེངས་པའི་ལོ་རྒྱུས་ཀྱི་ཡི་གེ་འདི་བྲིས་པ་དང་ཀློག་པ་དང་། ཉན་པ་ལ་ཕན་ཡོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་ངོ་གསུངས་སོ། །ཞེས་དང་། གཞན་ཡང་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་གི་ཞལ་ནས[17]། རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཤོག་དྲིལ་འདི། དར་ཡུག་སྔོན་པོ་ལ་ཤོག་བུ་བྱས། གསེར་གྱི་ཡི་གེ་བྲིས་ནས་འདུག་པ་མཐོང་ནས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་ཏེ་གཙུག་ལག་ཁང་གི་ནང་ནས་གཏེར་ནས་ཕྱུང་སྟེ། དུས་ཕྱི་མའི་མི་རྣམས་ཚོགས་ཆེན་པོ་གསོག་པའི་ཆེད་དུ་གླེགས་བམ་གྱི་ནང་དུ་ཡི་གེར་བྲིས་སོ། །བཀའ་ཆེམས་ཀྱི་ཡི་གེ་འདི་ཡང་མཐོང་བར་དཀའ་བ། ཐོས་པར་དཀའ་བ། རྙེད་པར་དཀའ་བ་ཡིན་ཏེ། དེ་ཇི་ལྟར་དཀའ་ཞེ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལས། གཞན་གྱིས་རྙེད་པ་དང་བསྟན་པར་ནུས་པར་དཀའ་བས་སོ། །ཕྱི་མོ་ཤོག་དྲིལ་གསུམ་ (རྒྱལ་པོའི་བཀའ་ཆེམས་མེ་ཏོག་ཕྲེང་བ། བློན་པོ་རྣམས་ཀྱིས་མཛད་པ་ཟླ་བ་འདོད་འཇོ། བཙུན་མོ་རྣམས་ཀྱིས་མཛད་པ་དར་དཀའ་གསལ་བ་) པོ་ནི་གཏེར་སྲུང་བཀའ་གཉན་སྦྲགས་ནས་ཤུལ་དུ་སྦས་སོ། །ཇོ་བོ་རྗེས་བང་སྟོན་ལ་གནང་། བང་སྟོན་གྱིས་སྟོད་ལུང་པ་ལ་གནང་། ཞེས་གསལ་བར་གསུངས་པ་ནས་གསལ་པོར་རྟོགས་ཐུབ་པར་མ་ཟད། གསུང་རབ་ཀྱི་རིགས་མ་གཏོགས་དེ་སྔ་སྲིད་གཞུང་གི་ཡིག་ཆ་ (ས་མིའི་ཞིབ་གཞུང་དང་། སྤྲོད་དེབ། ཁྲལ་རིགས་བསྡུ་གཞུང་རིགས་ཕུད་) རྣམས་ཀྱང་ཤོག་དྲིལ་དུ་གནས་པ་དང་། བཀའ་ཤོག་གཙིགས་ཆེའི་རིགས་ཏེ་ཤེ་བམ་ལྟ་བུ་དར་གོས་ལ་ཡང་འབྲི་སྲོལ་རྒྱུན་ཆགས་སུ་གནས་ཡོད་པ་དང་། ཏུན་ཧོང་གི་གཏེར་ཡིག་ཀྱང་ཤོག་དྲིལ་ཡིན་པ་ལྟ་བུའོ།།

དེ་བཞིན་གླེགས་བམ་དུ་འབྲི་འགོ་ཇི་ལྟར་བཙུགས་ཚུལ་དང་། གླེགས་བམ་གྱི་གོ་དོན་སོགས་ནི། མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ནས་བརྩམས་པའི་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ལས18] ། དེ་རྗེས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ། མཁས་པའི་དགའ་སྟོན་ལས[19]། བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པས་བསྟན་པ་ཡོངས་སུ་རྫོགས་པ་དར་བར་བྱས་ཏེ་འབྲུག་གི་ལོ་ (བུ་སྟོན་གྱི་བཞེད་པ་ལྟར་ན་ཤིང་འབྲུག་ཕྱི་ལོ་ ༨༢༤) ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་སྒྲ་སྒྱུར་གྱི་བནྡྷེ་དཔལ་བརྩེགས་དང་བནྡྷེ་ཀླུའི་དབང་པོ་ལ་སོགས་པས་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དང་བམ་པོ་དང་། ཤླཽ་ཀའི་གྲངས་སུ་མཆིས་པར་གཏན་ལ་ཕབ་ནས་དཀར་ཆག་ཏུ་བྲིས་སོ་ཞེས་བྱུང་ངོ་། །ཞེས་གསལ་བ་ལྟར་དམ་པའི་གསུང་རབ་སྔར་ཤོག་དྲིལ་དུ་ཡོད་པ་རྣམས་ཤོག་ལྡེབ་ནང་འབྲི་བའི་སྲོལ་དར་འགོ་ཚུགས་འདྲ་བ་དང་། གླེགས་བམ་ཞེས་བྱ་བའི་མིང་ཡང་འདི་ནས་བྱུང་བར་སྣང་། གླེགས་ནི་ལེབ་མོ་གྲུ་བཞིའི་དོན་ཏེ་སྒོ་གླེགས་དང་། གླེགས་བུ་ཡིན་པས་དམ་པའི་ཆོས་རྣམས་ཤོག་ལྡེབ་གྲུ་ནར་གྱི་གཟུགས་ཀྱི་ཤོག་བུའི་ངོས་སུ་འབྲི་བ་དང་དེ་དག་གྲངས་ཚད་དམ་བམ་གྲངས་ངེས་ཅན་བརྩེགས་ཏེ་བཞུགས་པ་དེ་ལ་གླེགས་བམ་ཟེར་ཞིང་། ཐོག་མའི་གླེགས་བམ་རྣམས་སྐུད་པར་བརྒྱུས་པའི་ཤུལ་སྔར་གྱི་དཔེ་རྙིང་མང་པོའི་ཤོག་ལྡེབ་ཀྱི་གཡས་གཡོན་གཉིས་ཀྱི་དཀྱིལ་ངོས་སྒོར་གཟུགས་བུག་པ་ཅན་རེ་ཡོད་པ་དེ་ནི་སྐུད་པ་བརྒྱུ་ཡུལ་གྱི་རྗེས་ཡུལ་ཡིན། ཕྱིས་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་སྐབས་དམ་པའི་ཆོས་མེར་བསྲེགས་ཆུར་བསྐྱུར་བར་མ་ཟད། ཁྲིམས་ཀྱི་རྣམ་པས་དམ་ཆོས་རྣམས་རྒྱུག་པའི་དབར་བཙིར་ནས་ཐག་པས་བསྡམས་ཏེ་ཁྲིམས་བཏང་བ་ཕྱིས་སྲི་ཞུར་སོང་སྟེ་གླེགས་ཤིང་གཉིས་ཀྱི་དབར་གསུང་རབ་རྣམས་བཞུགས་པ་དེ་དག་འཐོར་གྱར་མི་འབྱུང་ཆེད་གླེགས་ཐག་ཅེས་སྐུ་རགས་འབུལ་བའི་སྲོལ་དར་བ་རེད་ཅེས་རྒན་རབས་ཀྱི་གསུང་རྒྱུན་ལས་ཐོས། ཞེས་བྱུང་བ་ལྟར་རོ།།

གླེགས་བམ་དང་ཤོག་དྲིལ་སོགས་དཔེ་རྙིང་གི་རིན་ཐང་ལ་མཚོན་ནའང་། མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ནས་བརྩམས་པའི་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ལས[20]། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་དང་བཅས་པའི་བོད་ཁམས་གཅིག་གྱུར་བྱུང་རྗེས་བོད་ལ་ད་ལྟའི་ཡི་གེ་འདི་ཉིད་གསར་དུ་དར་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ནས་རིག་གནས་ནང་འདྲེན་བྱ་རྒྱུ་ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་ནས་བཟུང་བོད་ལ་རིག་པའི་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཆ་ཚང་བར་གྱུར་པས་བོད་ཀྱི་དཔལ་འབྱོར་དང་། རིག་གནས་བཅས་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་གཉིས་དར་རྒྱས་བྱུང་བའི་ལོ་རྒྱུས་རྣམས་རི་མོའི་གཟུགས་སུ་འཕོས་པའི་གླེགས་བམ་དང་། ཤོག་དྲིལ་ཇི་སྙེད་ཡོད་པ་རྣམས་ལ་བོད་ཡིག་དཔེ་རྙིང་ཟེར་བས་བོད་ཡིག་དཔེ་རྙིང་ནི་བོད་ཀྱི་རིག་གནས་མཐའ་དག་གསལ་ལེར་འཆར་བའི་འཕྲུལ་གྱི་མེ་ལོང་དང་རིག་པའི་སྒོ་བརྒྱ་འབྱེད་པའི་གསེར་གྱི་ལྡེ་མིག །རང་རང་ལ་ཇི་ལྟར་མཁོ་བའི་འདོད་རྒུའི་དཔལ་མ་ཚང་བ་མེད་པ་ལེན་ཆོག་པའི་མིག་སྐྱའི་མཛོད། བོད་ཀྱི་རིག་གནས་མཐའ་དག་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ཡང་ཡིན། ཞེས་བྱུང་བ་བཞིན་ནོ།།

གཞན་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) པདྨ་བཀའ་ཐང་ལས[21]། དེ་ནས་ཡང་དག་བཤད་བྱ་བ༔ དཀོར་མཛོད་དགུ་ནི་རྒྱུད་ཀྱི་མཛོད༔ རེ་རེའི་ནང་ན་ཀེའུ་ཚང་རེ༔ དཀོར་མཛོད་དབུས་མའི་ཀེའུ་ཚང་ནང་༔ ཏཱ་ལའི་ལོ་མའི་བཀའ་པོ་ཏི༔ གླེགས་བམ་བདུན་ཅུ་རྩ་དྲུག་ནི༔ རྒྱ་བོད་ལོ་པཎ་རྒྱ་དཔེ་བཞུགས༔ རྒྱ་ནག་ཤོག་བུ་གྲིལ་མ་ལ༔ བོད་ཤོག་གླེགས་བམ་བཞི་བརྒྱ་ལ༔ རྒྱ་ནག་འགྱུར་གྱི་ཆོས་སྡེ་ནི༔ སེང་ལྡེང་སྒྲོམ་བུ་བཅུ་གཉིས་བཞུགས༔ བོད་ཤོག་གླེགས་བམ་བཞི་བརྒྱ་ལ༔ གསང་སྔགས་རྒྱུད་སྡེའི་སྒྲུབ་ཐབས་བཞུགས༔ ཞེས་གསལ་བ་ལྟར་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱི་ཕྱག་དཔེ་ཤིང་ཏཱ་ལའི་ལོ་མའི་ཐོག་བྲིས་པ་དང་། རྒྱ་ནག་གི་ལུགས་ལ་ཤོག་དྲིལ་མ་དང་། བོད་ཤོག་གི་གླེགས་བམ་བཅས་རྒྱ་དཀར་ནག་བོད་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་གཙོ་བོ་དང་། དེ་བཞིན་དེ་ཉིད་ལས།

དེ་ལྟ་བུས་འབྲི་བཞེངས་གནང་བའི་བཀའ་བསྟན་གསུང་རབ་གང་དག་ཡོད་པ་ནི། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས [22]། གསུང་རྟེན་བཞེངས་ཚུལ་ནི། སྔོན་སངས་རྒྱས་ཞལ་བཞུགས་དུས་བརྒྱ་བྱིན་གྱིས་གསེར་གྱི་གླེགས་བུ་ལ་བཻཌཱུརྱའི་ཁུ་བས་བྲིས་པ་དང་། རིམ་བཞིན་ཤིང་ཏཱ་ལའི་ལོ་མར་བྲིས་ཏེ་བཞེངས་པ་སོགས་བརྒྱུད་དེ་རྗེས་སོར་རྒྱ་དཔེ་གསར་མ་ཤོག་གུ་ལ་བྲིས་ཏེ་བཞེངས། བོད་དུའང་ལོ་པཎ་རྣམས་ཀྱིས་བཀའ་བསྟན་བསྒྱུར་བའི་དུས་སུ་ཤོག་གུར་སྣག་བྲིས་དང་། ཁྱད་པར་དུ་གསེར་བྲིས་དང་དངུལ་བྲིས་སོགས་བྱུང་ཡང་སྣག་བྲིས་ཁྱབ་ཆེ་སྟེ། དཀར་ཆག་འཕང་ཐང་མར་བཀོད་པ་རྣམས་ཀྱང་དེ་ལྟར་བཞེངས་ཡོད། རིམ་བཞིན་བཀའ་བསྟན་ཆ་ཚང་བ་རེ་ཕྱོགས་ཡས་མས་སུ་བཞེངས་ཏེ་དར་ཁྱབ་བྱུང་། བྱམས་ཆེན་ཆོས་རྗེ་ཏཱ་མིང་ཡུལ་ལོའི་དབུ་བླར་བཀུར་བའི་སྐབས་རྒྱལ་པོས་ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་གྱི་པར་གསར་བསྐྲུན་པར་མཛད་པ་ནི་བཀའ་འགྱུར་གྱི་པར་བརྐོས་པའི་ཐོག་མ་དེ་ཡིན་ལ། དེའི་འཕྲིན་ལས་ལས་ལི་ཐང་གི་པར་དང་། ཅོ་ནེའི་པར་དང་། སྣར་ཐང་པར་དང་། སྡེ་དགེ་དང་། རྩེ་ཞོལ། རྭ་རྒྱ། ཧོར་ཁའོ་ལུང་། འབྲུག་ཡུལ་གྱི་པར་ལ་སོགས་པའི་པར་ཆ་ཚང་བཅོ་ལྔ་དང་། བསྟན་འགྱུར་ཆ་ཚང་གི་པར་བཞི་ (སྣར་ཐང་དང་། སྡེ་དགེ། ཅོ་ནེ། པེ་ཅིན་པར་མ་བཅས་བཞི།) སོགས་ཕེབས་པ་སྟེ། དེ་དག་ཐམས་ཅད་ཀྱང་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་མཛད་འཕྲིན་ལས་བྱུང་བའོ། །ཞེས་གསལ་བ་ལྟར་དབུས་གཙང་དག་པའི་ཞིང་དུ་ལོ་དྲུག་བརྒྱའི་སྔོན་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་དུས་ནས་གསུང་རབ་བསྟན་བཅོས་ཀྱི་ཤིང་དཔར་མང་པོ་སྤེལ་སྲོལ་དར་བ་ནས་དབུ་ཅན་ལ་ཕལ་ཆེར་འབྲི་ཚུགས་གཅིག་ལས་མི་མཐུན་པ་མང་པོ་མ་བྱུང་ལ། དབུ་མེད་ཀྱི་འབྲི་ཚུགས་ལ་དཔར་འདེབས་རྒྱུགས་ཆེར་མ་བྱུང་བའི་རྐྱེན་དང༌། འགྲིམས་འགྲུལ་ཉམས་དམའ་བའི་དབང་གིས་དབུས་བྲིས་དང༌། ཁམས་བྲིས། ཨམ་བྲིས་ཞེས་འབྲི་ཚུགས་མི་འདྲ་བ་གསུམ་བྱུང་ངོ༌།།

དེ་ལྟའི་གསུང་རྟེན་རྣམས་རྒྱུའི་ཁྱད་པར་ཇི་ལྟ་བུས་བཞེངས་པ་ནི། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[23] ། སྤྱིར་བོད་ཀྱི་ལུང་པ་སོ་སོའི་གནའ་དུས་གསུང་རྟེན་བཞེངས་རྒྱུའི་སྲོལ་རྒྱ་ཆེར་དར་བས། གསེར་དང་། དངུལ་དང་། ཟངས་དང་། བྱུ་རུ་དང་། གཡུ་དང་། དུང་དང་། མུ་མེན་དང་། པདྨ་རཱ་ག་དང་། མཚལ་དང་། སྣག་ཚ་ལ་སོགས་པས་གསུང་རབ་རྩ་ཆེན་མང་པོ་བཞེངས་པས་དབུ་རྟ་ཚེག་ལུག་ཅེས་པའི་ངག་རྒྱུན་ཡོད། འགངས་ཆེ་བའི་རིགས་ནི། དཔེར་ན། ༸གོང་ས་ལྔ་པ་ཆེན་པོས་བཞེངས་པའི་གསེར་གྱི་བཀའ་འགྱུར་འཛམ་གླིང་གཡས་བཞག ། བྱམས་ཆེན་ཆོས་རྗེར་ཏཱ་མིང་གོང་མས་ཕུལ་བའི་པདྨ་རཱ་གའི་བཀའ་འགྱུར། ས་སྐྱའི་ཕྱག་དཔེ་ཁང་གི་ཏཱ་ལའི་ལོ་མར་བྲིས་པའི་བཀའ་འགྱུར་གྱི་རྒྱ་དཔེ་སོགས་ས་སྐྱའི་གཙུག་ལག་ཁང་དུ་རིན་པོ་ཆེའི་གསུང་རབ་པོད་ཁྲི་གཉིས་ལྷག་བཞུགས་པ་ལ། ངག་རྒྱུན་དུ་ཡང་། ཕྱིའི་རྩིག་པ་ཞིག་ཀྱང་ནང་གི་ཆོས་རྩིག་མི་ཞིག །ཅེས་པའི་ཟེར་སྲོལ་ཡོད།

ད་དུང་བརྒྱད་སྟོང་པ་ལྕགས་ལུང་མ་སོགས་བཞུགས་པས་མཚོན་མདོ་དབུས་ཁམས་གསུམ་དུ་ད་ལྟ་བཞུགས་པའང་མང་ལ། གསར་དུ་བཞེངས་པའང་དེ་བཞིན་དུ་འབྱུང་བཞིན་པ་ཡོད། ཅེས་གསལ་བ་ལྟར་བཀའ་བསྟན་གསུང་རབ་རྣམས་རིན་ཆེན་སྣ་ལྔ་དང་།  དུང་དང་མུ་མེན། པདྨ་རཱ་ག །མཚལ་སྣག་སོགས་འབྲི་བྱེད་སྣ་ཚོགས་ལས་བཞེངས་སྲོལ་ཡོད་པ་དང་། གནའ་དུས་བཀའ་བསྟན་རྣམས་རིན་ཆེན་སྣ་ལྔ་གང་རུང་གིས་འབྲི་བཞེངས་གནང་དགོས་པ་ལྟར། དུས་ཕྱིས་ཀྱང་བཀའ་འགྱུར་མཚལ་དཔར་བྱེད་ལ། བསྟན་བཅོས་རྣམས་སྣག་ཚས་དཔར་བའི་ཕྱག་སྲོལ་བཟང་པོ་ཡོད་དོ།།

གླེགས་བམ་སོ་སོའི་ཡིག་གཟུགས་དང་ཡིག་ཕྲེང་སོགས་ཀྱི་ཁྱད་པར་ནི། དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[24]།
བསྟན་བཅོས་ཐོག་མ་བྱེ་བྲག་བཤད་མཛོད་དར། །
འབྲས་བུ་བཞི་ཐོབ་ས་ཡི་རྡུལ་ལྟར་མང་། །
བོད་ཀྱི་ཡིག་རིགས་ཕྱིས་སུ་རིམ་པར་དར་བའི་རྣམ་གྲངས་མི་འདྲ་བ་མང་ཡང༌། རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས། འབྲུ་ཆེན་དང་འབྲུ་ཆུང་གཉིས། བཤུར་མ་དཀྱུས་ཡིག་གཉིས་ཏེ་དྲུག་ལ་ཐམས་ཅད་འདུའོ། །ཞེས་གསུངས་པ་ལྟར། དེ་ཡང་ཡིག་གཟུགས་ལ་གཟབ་མ་དང་། འབྲུ་མ། གཤར་མ་གསུམ་ལས། དང་པོ་གཟབ་མ་ལ་གཟབ་ཆེན་དང་གཟབ་ཆུང་གཉིས། གཉིས་པ་འབྲུ་མ་ལ་འབྲུ་ཆེན་དང་འབྲུ་ཆུང་གཉིས། འབྲུ་ཆེན་ལའང་ནང་གསེས་ཟླུམ་བྲིས་དང་། དཔེ་བྲིས། དཀྱུས་མ་གསུམ་དུ་དབྱེ་ལ། འབྲུ་ཆུང་ལ་འབྲུ་ཚ་དང་། སུག་ཐུང་གཉིས། གསུམ་པ་གཤར་མ་ལ་བར་བྲིས་དང་། དཀྱུས་ཡིག་གཉིས། དཀྱུས་ཡིག་ལའང་ནང་གསེས་རྒྱུག་བྲིས་དང་། འཁྱུག་བྲིས་གཉིས་སུ་དབྱེ་སྲོལ་ཡོད། དེ་ལྟའི་ཡིག་གཟུགས་སྣ་ཚོགས་ཡོད་པ་ལས། བཀའ་བསྟན་གསུང་འབུམ་རྣམས་ལ་ཡིག་གཟུགས་ཀྱི་ཁྱད་པར་ཇི་ལྟ་བུ་ཡོད་པ་ནི། ཀློང་རྡོལ་བླ་མ་རིན་པོ་ཆེས། བཀའ་པོད་ཆེ་བ་རྣམས་དབུ་ཅན་ཆེ་བས་བྲི། རྒྱ་གཞུང་བསྟན་བཅོས་རྣམས་དབུ་ཅན་འབྲིང་པོས་བྲི། བོད་གཞུང་རྣམས་དབུ་ཅན་ཆུང་ངུས་བྲི་དགོས་པ་བོད་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་པ་ཡིན། རྒྱུད་ཀྱི་གླེགས་བམ་ཁ་ཅིག་སྐྲ་དང་མཆན་འོག་ཏུ་འཇོག་རུང་དམིགས་བསལ་མ་གཏོགས་ཤོག་བུ་ཡང་གོང་གི་སྣ་གསུམ་ལ་སྒོ་ཚད་མ་དང་། མདའ་ཚད་མ། ཁྲུ་ཚད་མ་གསུམ་དུ་ངེས་པར་བྱེད་དགོས་པ་ཡིན་ཞེས་གསུངས་ལ། ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས་ལས [25]། གནའ་རབས་བོད་ཡིག་གླེགས་བམ་ཐོག་ནས་དོན་གང་ལ་ཡི་གེ་ཆེ་ཆུང་གང་དང་། ཡིག་གཟུགས་གང་འབྲི་དགོས་པ། གླེགས་བམ་གྱི་དབྱིབས་དང་། ཞིང་ཁམས་ཇི་ལྟར་ཡིན་པ། བམ་ཚད་དང་། བམ་གྲངས་ཇི་ལྟར་ཡིན་པ་སོགས་གནད་དོན་རེར་ཞིབ་ཕྲའི་རྒྱུ་མཚན་གླེང་དུ་ཡོད་ཀྱང་རེ་ཞིག་བཏང་སྙོམས་བྱས། ཞེས་གསལ་བ་ལྟར། རྒྱ་གཞུང་དང་བོད་གཞུང་བར་ཡིག་གཟུགས་དང་། ཡི་གེ་ཆེ་ཆུང་། གླེགས་བམ་སོགས་ཀྱི་ཁྱད་པར་ཡོད་པ་སྟེ། རྒྱ་གཞུང་ལ་ཡིག་ཕྲེང་བདུན་དང་། བོད་གཞུང་ལ་ཡིག་ཕྲེང་དྲུག་བྱེད་པར་གསུང་སྲོལ་ཡོད་ལ། ཡིག་གཟུགས་ཀྱི་ཁྱད་པར་ཇི་ལྟ་བུས་བཞེངས་པ་ནི། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[26]གཙུག་ལག་ཁང་དང་བྱིན་རྟེན་ཆུང་ངུའི་རིགས་ཕལ་ཆེ་བ་གནའ་དུས་ནས་ལཉྫ་དང་ཝརྟུ་བྲིས་པ་མང་ཞིང་། ཡིག་བྱང་དང་སྡེབས་ཡིག་ཚིགས་བཅད་གསུང་རབ་ཀྱི་དབུ་ཕལ་ཆེར་སུམ་ཕབ་ཏུ་བྲིས་པ་དང་། རྒྱལ་བའི་བཀའ་འགྱུར་ལྟ་བུའི་གསུང་རབ་ཆེན་པོ་རྣམས་ཐོན་མིའི་ཕྱག་རྒྱུན་བོད་ཡིག་གཟབ་ཆེན་དང་། རྒྱ་དཔེ་རྣམས་གཟབ་ཆུང་། བོད་བྲིས་རྣམས་འབྲུ་ཆེན་འབྲུ་ཆུང་གིས་འབྲི་དགོས་པའི་བཀའ་ཁྲིམས་ཀྱང་མཛད་དོ།།

སྤྱིར་བོད་ཡིག་གི་ཚུགས་ལ་སློབ་དཔོན་གྱི་ཕྱག་བྲིས། ཆ་ངར་རིན་ཆེན་འབར་དང་། གཙང་ཆབ་དཀར་བ། དགེ་བསྙེན་དཀོན་མཆོག་དབང་། བྷེ་ཤོ་ཁྲམ། ཚེ་སྤོང་བྱང་ཆུབ། འབྲེ་བ་ཡོན་ཏན། གྲ་ཤོད་རྣམ་གཉིས་སོགས་བསྟན་པ་སྔ་དར་དུས་ཀྱི་ཡིག་མཁན་གྲགས་ཅན་རྣམས་དང་། ཕྱི་དར་གྱི་དུས་སུ་ཡིག་མཁན་སྒྲོ་གཉའ་ཁྲི། ཤཱཀྱ་རྡོ་རྗེ། ཀ་ཁྱུང་རྣམ་གཉིས། ཁྱད་པར་དུ་ཁྱུང་པོ་གཡུ་ཁྲིས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ཏེ་ཡི་གེ་འབྲི་སྐབས་ཆ་ཆེན་ཆ་ཆུང་གི་སྲོལ་བཏོད། དེ་ལ་སློབ་མ་ཡིག་མཁན་བཟང་བ་བཅུ་གཉིས་བྱུང་ཞིང་། ཡང་སློབ་མཁས་པ་ཆེན་པོ་རོང་པོ་སོགས་བྱོན་ཏེ། ད་ལྟ་བདག་ཅག་གི་འབྲི་སྲོལ་འདི་ནི་ཁྱུང་པོ་གཡུ་ཁྲིའི་ཕྱག་རྒྱུན་ཡིན་པར་གྲགས་སོ། །ཞེས་གསུངས་པ་ལྟར་རོ།།

ག པུསྟི་ཀའི་དོན་དང་གླེགས་བམ་གྱི་ཁྱད་ཆོས།

སངས་རྒྱས་ཀྱི་བཀའ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལྟ་བུ་ལུང་གི་ཆོས་དེ་དག་མདོ་རྒྱུད་ཐ་་པ་ནས་བཤད་པའི་གཞི་གང་ཡང་རུང་བ་དག་ལ་ཡི་གེར་བྲིས་ཏེ་གླེགས་བམ་དུ་བྱས་པའི་མིང་ལ་ལེགས་པར་སྦྱར་བའི་སྐད་དུ་པུསྟཀཿཞེས་བྱ་སྟེ།[27] དེ་ཡང་སྐྱོགས་སྟོན་ལོ་ཙཱའི་ (དུས་རབས་15པ།) དག་ཡིག་ལི་ཤིའི་གུར་ཁང་ལས[28]། པུསྟི་ཀ་གླེགས་བམ་གྱི་སྐད་དོད་ཟུར་ཆག་པས་པོ་ཏི་ཞེས་པ་དང་། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[29]། པུསྟ་ཀཿནི་དཔེ་ཆ་དང་། པུསྟིཿཀ་ནི་གླེགས་བམ་ལ་འཇུག་པར་གསལ་བ་ལྟར། པུསྟི་ཞེས་པ་གླེགས་བམ་སྟེ། ལེགས་སྦྱར་གྱི་སྐད་དུ། པུ་ས་ཏི་ཀ་ཞེས་པ་སྒྲ་ཅུང་ཟད་ཉམས་པའམ། མཉམ་དུ་སྦྱར་ནས་པུསྟི་ཀཿབྱ་བར་གྱུར་པ་དང་། བརྗོད་བདེའི་དབང་གིས་ཚིག་བསྡུས་གནང་བས་པུསྟི་ཞེས་སུ་གྲུབ་ལ། དེ་ལ་པུ་སྟ་ཀ་དང་། པུ་སྟི། པུ་ཏི། པོ་ཏི་སོགས་སྒྲ་གདངས་འདྲ་ཡང་དག་སྡེབ་མི་གཅིག་པའི་འབྲི་ཚུལ་སྣ་ཚོགས་བྱུང་། དེ་ཡང་སྟབས་བདེར་བྱས་ནས་པོད་ཅེས་འབོད་པ་སྟེ། བོད་རང་གི་སྐད་དུ་གླེགས་བམ་ཞེས་བརྗོད་པ་ནི། ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ་ལས [31]། པོ་ཏི། གླེགས་བམ་སྟེ། པུསྟཀ་ཟུར་ཆག་གི་སྒྲ། པོ་ཏི་ཆེ་བ་རེ་ལ་ཤོག་གྲངས་ལྔ་བརྒྱ་ཙམ་དང་། པོ་ཏི་འབྲིང་བ་རེ་ལ་ཤོག་གྲངས་བཞི་བརྒྱ་ཙམ་དང་། པོ་ཏི་ཆུང་བ་རེ་ལ་ཤོག་གྲངས་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཡོད། ཅེས་བྱུང་བ་ལྟར་རོ།།

དེ་ལྟའི་གླེགས་བམ་རྣམས་ལ་ཁྱད་ཆོས་བདུན་དང་ལྡན་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[32]།  གླེགས་བམ་རྣམས་ལ་ཁྱད་ཆོས་བདུན་དང་ལྡན་པ་སྟེ། ༡ ཡིག་འབྲུའི་མཐའ་སྣེ་མི་འཆོལ་བའི་ཆེད་དུ་མཐའ་ཐིག་དང་། ༢ ཤོག་ངོས་སོ་སོའི་རྒྱབ་མདུན་མི་ནོར་བའི་ཆེད་དུ་ཡིག་མགོ །༣ ཤོག་ངོས་སྔ་ཕྱིའི་གོ་རིམ་མ་འཛོལ་བའི་ཆེད་དུ་ཤོག་གྲངས། ༤ ལེ་ཚན་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་མཚན་བྱང་། ༥ གླེགས་བམ་ཧྲིལ་པོར་སྲུང་སྐྱོབ་བྱ་བའི་ཆེད་དུ་གླེགས་ཤིང་། ༦ གླེགས་བམ་ཕན་ཚུན་མི་འདྲེས་པའི་ཆེད་དུ་གླེགས་ཐག །༧ དད་གུས་མཆོད་པའི་ཆེད་དུ་ན་བཟའ་དཔེ་སྒྲིལ་བཅས་ཡོད་ཅིང་། དེ་དག་ཀྱང་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་བཟོ་ཁྱད་ཕུལ་དུ་བྱུང་བ། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་བཞེངས་པའི་བཀའ་འགྱུར་འཛམ་གླིང་གཡས་བཞག་ (དེང་སྐབས་འབྲས་སྤུངས་སུ་ཡོད།) ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགོངས་རྫོགས་སུ་བཞེངས་པའི་བཀའ་འགྱུར་སྲིད་ཞིའི་མཛེས་རྒྱན་ (དེང་སྐབས་རྩེ་པོ་ཏ་ལའི་ཕོ་བྲང་དམར་པོའི་འཁྲུངས་རབས་ལྷ་ཁང་དུ་བཞུགས།) ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱས་ཀྱིས་རང་ཉིད་ཀྱི་སྐྱེས་མ་ཞབས་དྲུང་བདེ་ལྡན་སྒྲོལ་མ་འདས་པའི་དགོངས་རྫོགས་སུ་བཞེངས་པ་བཀའ་འགྱུར་གསེར་བྲིས་ (དེ་སྔོན་དགའ་ལྡན་གསེར་གདུང་ཁང་གི་ཞལ་རས་ལྷ་ཁང་དུ་ཡོད།) སོགས་ལྟ་བུ་ཡིན། ཞེས་གསུངས་པ་ལྟར་རོ།།

དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་དཔེ་སྐྲུན་བྱེད་སྟངས་དང་ཡིག་རྟགས་འགོད་ཚུལ་གངས་ཀྱི་ཞུན་ཐིགས་ལས[33] ཀིརྟིའི་བྱེས་པ་གྲྭ་ཚང་། སློབ་སྤྱི་འབྲིང་བ་དཀོན་མཆོག་འཇིགས་མེད། ༢༠༠༢ ལོ། ཤོག་གྲངས་ ༤༨། དཔེ་ཐུམ་ཡང་རྒྱལ་བའི་བཀའི་རིགས་ལ་སུམ་བརྩེགས། རྒྱ་གཞུང་བསྟན་བཅོས་ཀྱི་རིགས་ལ་ཉིས་བརྩེགས། བོད་གཞུང་གི་རིགས་ལ་གཅིག་རང་བྱེད་སྲོལ་ཡོད། གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་ཞེས་གྲགས་པ་ལྟར་བཀའ་བསྟན་དང་གསུང་འབུམ་སོགས་ཀྱི་སྡེ་ཚན་གང་དུ་གཏོགས་པའི་མིང་ངམ་ཀ་ཁའི་རྟགས། གཞུང་རང་གི་མཚན་བསྡུས་པ། རྩོམ་པ་པོའི་མཚན་བཅས་གསལ་བའི་གདོང་དར་གོས་ཆེན་ཉིས་བརྩེགས་སུམ་བརྩེགས་ཀྱིས་བཟོས་པ་ཞིག་འདོགས་ཤིང་། སྐབས་འགར་གདོང་དར་ལ་མུ་ཏིག་སོགས་ཀྱི་ཕྲ་རྒྱན་བཏགས་པའང་ཡོད། དེ་འདྲའི་གླེགས་བམ་རྣམས་གླེགས་ཤིང་གཉིས་ཀྱི་བར་བཅུག་སྟེ་གླེགས་ཐག་གིས་དམ་པོར་འཆིང་ལ། གླེགས་ཤིང་ལའང་དཔེ་ཐུམ་ལྟར་ཚོས་གཞི་འདྲ་མིན་ཡོད་ཅིང་། གླེགས་ཤིང་གི་མདུན་ངོས་སུ་མཎི་དང་ཨ་ར་པ་ཙ་སོགས་ལན་ཝར་དུ་གསེར་བྲིས་བྱེད་པ་དང༌། གླེགས་ཐག་ལ་གོས་དར་དང་ཀོ་བས་བཟོས་པ་སྣ་ཚོགས་ཡོད། ཅེས་གསུངས་པ་བཞིན་རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་གྱི་བསྟན་འགྱུར། བོད་ཀྱི་མཁས་པའི་གསུང་འབུམ་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་རྟགས་རེ་དང་། རུ་ང་ལ་ཞིབ་ཚགས་པ་དང་། རིན་ཐང་ཆེ་ལ་བདག་གཅེས་ལེགས་པའི་ཁྱད་ཆོས་སོགས་མང་དུ་ལྡན་པ་བཅས་སོ།།

ང་། བམ་པོ་ཁ་མར་བལྟ་དང་ལེའུ་ཁ་ཡར་བལྟ།

དེ་ཡང་བམ་པོའི་དོན་ནི། ཉ་ཊཱིཀ་ལས་སིལ་བུ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་བརྡ་རྙིང་ཡིན་པར་གསུངས་པ་ལྟར། སྤྱིར་བམ་པོ་ཞེས་པ་ནི། ཕོན་པོ་དང་། ཆུན་པོ། ཆགས་པ། དུམ་བུ་རྣམས་སིལ་བུ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའམ་བསྡུས་པའི་དོན་ཏེ། དཔེར་ན། རྩྭའི་ཕོན་པོའམ་བམ་པོ་ཞེས་པ་ལྟ་བུ་སྟེ། དྭགས་པོ་ཕྱོགས་ལས་རྣམ་རྒྱལ་ (1456-1539) གྱིས་མཛད་པའི་མངོན་རྟོགས་རྒྱན་རྩ་འགྲེལ་གྱི་སྦྱོར་ཊཱིཀ་འཇིག་རྟེན་གསུམ་སྒྲོན་ལ་འཇུག་པ་ལས[34]། བམ་པོ་ཞེས་པ་བམ་ཚད་དུ་ལོངས་པའི་གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་ནས་གཞུང་ཚན་པ་ཚན་པར་བསྡམས་པའི་མིང་སྟེ། དཔེར་ན་རྩྭའི་བམ་པོ་བཞིན་ནོ། །ཞེས་གསུངས་པ་བཞིན་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པ་ལ་ཕོན་པོའམ་བམ་པོ་ཞེས་བརྗོད་པ་ལྟར། བམ་པོ་ཞེས་པ་གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་མིང་ཡིན་ནོ།།

དེ་བཞིན་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་གཡག་ཊཱིཀ་ལས[35] ། བམ་ཚད་ནི་རྒྱ་དཔེ་ལས་བསྟན་བཅོས་འདི་ལ་ཤླཽ་ཀ་སྟོང་ལྔ་བརྒྱ་ཞེས་གསུངས་པས། བམ་པོ་རེ་ལ་ཤླཽ་ཀ་སུམ་བརྒྱ་རེ་ཡོད་དོ། །དང་པོ་ནི་ལྔ་ཡོད་པའི་ཐོག་མ་འདི་ཡིན་ཞེས་འཆད་འགྱུར་ལ་བསྙེགས་པ་སྟེ། བམ་པོ་ཁ་མར་བལྟ་དང་ལེའུ་ཁ་ཡར་བལྟའོ། །འོག་མ་རྣམས་ཀྱང་འདི་བཞིན་ནོ། །ཞེས་གསུངས་པ་ལྟར་བམ་པོ་ཁ་མར་བལྟ་དང་། ལེའུ་ཁ་ཡར་བལྟ་ཞེས་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་[36]ཀྱང་།         ཁུ་ནུ་བླ་མ་རིན་པོ་ཆེས། བམ་པོ་ཞལ་མར་གཟིགས། ལེའུ་ཞལ་ཡར་གཟིགས། ཞེས་ལེའུ་ནི་གཞུང་སོ་སོའི་རྫོགས་མཚམས་སུ་ལེའུ་དང་པོ་དང་ལེའུ་གཉིས་པའོ། །ཞེས་དང་། བམ་གྲངས་ནི་འགོར་སྨོས་ནས་བམ་པོ་དང་པོ། ཞེས་བམ་པོ་ཞལ་མར་གཟིགས། ཞེས་གསུང་གི་ཡོད་ཅེས་བཀའ་སྩལ་ཏོ།།

གཞན་ཡང་སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[37] ། བམ་པོ་ནི། གཞུང་འདི་ལ་བམ་པོ་ལྔ་ཡོད་པས་འདི་བམ་པོ་དང་པོ་ཡིན་ཞེས་འཆད་འགྱུར་ལ་བསྙེགས་པས། སྔ་རབས་པ་རྣམས་ཀྱིས། བམ་པོ་ཁ་མར་བལྟ་ལེའུ་ཁ་ཡར་བལྟ་ཞེས་པའི་ཐ་སྙད་བྱེད་དོ། །ཞེས་གསལ་བ་ལྟར་བམ་པོ་ཁ་མར་བལྟ་ལེའུ་ཡར་བལྟ་ཞེས་པའི་དོན་ནི། བམ་པོ་ནི་རྒྱལ་བའི་བཀའ་བསྟན་གྱི་དབུར་འབྱུང་ཞིང་། དང་པོ་ནས་གྲངས་བརྩི་བས་ན་བམ་པོ་ཁ་ཐུར་བལྟ་ཞེས་བྱ་སྟེ། དཔེར་ན། རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། ཞེས་གསལ་ལ། དེ་བཞིན་ཤེས་རབ་སྙིང་པོའི་དབུར། རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙཱ་པ་ར་མི་ཏ་ཧྲྀ་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། དུམ་བུ་བཅུ་གཅིག་པ། བམ་པོ་ཉིས་བརྒྱ་ལྔ་བཅུ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱུང་བ་བཞིན་ནོ། །ལེའུ་ནི་སྔར་སོང་ཟིན་པ་བརྩི་བས་ན། ལེའུ་ཁ་གྱེན་བལྟའམ། ལེའུ་ཁ་ཡར་བལྟ་ཞེས་པའི་ཐ་སྙད་བྱེད་པ་སྟེ། ཕལ་པོ་ཆེའི་མདོ་ལས། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཚུལ་རབ་ཏུ་བྱུང་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ། །ཞེས་བྱུང་བ་ལྟར་རོ།།

གཞན་ཡང་དགའ་ཤར་དགེ་བཤེས་བློ་བཟང་ཡར་འཕེལ་ལགས་ཀྱིས་བརྩམས་པའི་འགྲེལ་པ་དོན་གསལ་གྱི་མཆན་འགྲེལ་ཐེམ་སྐས་མ་ལས [38] ། བམ་པོའི་ཚད་ནི་ཤླཽ་ཀ་སུམ་བརྒྱ་ལ་བྱས་ཤིང་། ཤླཽ་ཀ་གཅིག་ལ་ཚེག་བར་སུམ་ཅུའམ་སོ་གཉིས་རེ་བྱེད་པ་སྣ་ཚོགས་ཡོད། བམ་གྲངས་ཀྱིས་བསྡུ་སྟངས་འདི་གཞུང་གི་ཚད་གཞི་ལ་སྒྲོ་སྐུར་སྤོང་བའི་ཆེད་དུ་བོད་ཀྱི་ལོ་ཙཱ་བ་ཚོས་གསར་གཏོད་ཡིན་སྐད་དང་། བམ་པོ་ནི་ཁ་ཐུར་བལྟ་ཞེས་དང་པོ་ནས་བརྩི་བ་དང་། ལེའུ་ནི་ཁ་གྱེན་བལྟ་ཞེས་གྲངས་སོང་ཟིན་པ་བརྩི་བར་གསུང་སྲོལ་ཡོད། ཅེས་གསལ་བ་ལྟར། བམ་པོ་ཁ་ཐུར་བལྟ་དང་། བམ་པོ་ཁ་མར་བལྟ། བམ་པོ་ཞལ་མར་གཟིགས། བམ་པོ་མར་བཅད་ཅེས་པ་རྣམས་དོན་གཅིག་གོ།

གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས[39]། བམ་པོ་གཉིས་པ་ཞེས་བྱ་བ་ནི་ད་ལྟ་སྤྱོད་འཇུག་གི་བོད་དཔེ་མཐོང་བ་རྣམས་ན་གཞུང་གི་ཐོག་མར་བམ་པོ་དང་པོ་ཞེས་པ་མི་སྣང་ཡང་འདིར་བམ་པོ་གཉིས་པ་བཤད་པའི་ཕྱིར་ངེས་པར་འཐོབ་སྟེ། དེ་ཡང་རྩྭའི་ཆུན་པོ་ལ་ཕོན་དང་བམ་པོར་བརྗོད་པ་ལྟར་གཞུང་ལ་ལྷག་ཆད་སྤང་བའི་ཕྱིར་བོད་དུ་བསྒྱུར་དུས་ལོ་པཎ་གྱིས་བམ་མཚམས་བཀོད་པ་ཡིན་ལ། བམ་པོ་ཆེ་ཚད་ཤླཽ་ཀ་ལྔ་བརྒྱ་དང་། འབྲིང་སྟོང་གི་སུམ་ཆ་དང་། ཐ་མ་ཤླཽ་ཀ་ཉི་ཤུ་རྩ་ལྔ་ལ་བཞག་པ་ལས། འདིར་ཤླཽ་ཀ་སྟོང་ལ་བམ་པོ་གཉིས་སུ་བྱས་པའི་ཕྱིར་བམ་ཚད་ཆེ་བ་ཡིན་ལ། འདི་ཡན་གྱིས་བམ་པོ་དང་པོ་རྫོགས་ནས་འདི་ནས་བམ་པོ་གཉིས་པ་འཆད་པ་ནི་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ།།

ཅ། བམ་གྲངས་དུས་ནམ་ཞིག་སྲོལ་བཏོད་མིན།

དེ་ཡང་བཀའ་བསྟན་གསུང་རབ་རྣམས་སུ་སཾ་བོད་སྐད་གཉིས་ཤན་སྦྱར་དང་། འགྱུར་བྱང་། བམ་གྲངས་འགོད་སྲོལ་དུས་ནམ་ཞིག་བྱུང་མིན་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[41]། སྤྱིར་བོད་དུ་གཞུང་བསྒྱུར་བ་རྣམས་ལ་རྒྱ་གར་སྐད་དང་། འགྱུར་ཕྱག་དང་། ཤླཽ་ཀ་དང་བམ་པོའི་གྲངས་ཚད་དང་། འགྱུར་བྱང་འགོད་པ་སོགས་ཀྱི་སྲོལ་ནི་སྲོང་བཙན་རྗེས་ཀྱི་རྒྱལ་རབས་ལྔ་པ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་རྒྱལ་བའི་གསུང་རབ་རྒྱ་ཆེར་བསྒྱུར་བའི་ཚེ་བཀས་བཅད་པ་ལ་བརྟེན་ནས་བྱུང་བས་ན། ཐོན་མིའི་དུས་སུ་དེ་དག་ཅི་ནས་ཀྱང་ཡོད་པའི་བཀས་བཅད་ཀྱི་ངེས་པ་མ་མཛད་དོ། །ཞེས་དུས་རབས་བརྒྱད་པར་བཙན་པོའི་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙུན་གྱི་སྐུ་དུས་སུ་སྲོལ་གཏོད་གཏན་འབེབས་མཛད་པ་ཞིག་ཡིན་པར་གསུངས་སོ།།

དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[42]། དེ་ལ་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བོད་ཡུལ་དུ་འགྱུར་རོ་འཚལ་གྱི་བཀའ་དང་བསྟན་བཅོས་ཐམས་ཅད་ཐུགས་དམ་དུ་བཞེངས་ཏེ། ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས། བཀའ་བསྟན་བཅོས་རྣམས་ཀྱི་མཚན་བྱང་། གཞུང་ཚད། གོ་རིམ་ལ་སོགས་པ་གཏན་ལ་ཕབ་སྟེ་དཀར་ཆག་ཏུ་བཀོད་པ་ཕོ་བྲང་ཆེན་པོ་སྟོང་ཐང་ལྡན་དཀར་དང་། འཕང་ཐང་ཀ་མེད་གཉིས་ན་བཞུགས། ཞེས་གསུངས་པ་ལྟར། བཀའ་བསྟན་གསུང་རབ་ཀྱི་མ་ཕྱིར་བསྲེ་ལྷད་མི་ཞུགས་པའི་ཕྱིར་སྔོན་ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་དཀར་ཆག་ཆེན་མོ་རྣམ་གསུམ་མཛད་སྐབས་གཏན་འབེབས་མཛད་པར་གསུངས། དེ་ཡང་དཀར་ཆག་འཕང་ཐང་མ་ལས[43]། བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཅིང་ཞུ་ཆེན་གྱིས་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ། (བཙན་པོ་ཁྲི་རལ་པ་ཅན་ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན་ཅེས་པའང་སྣང་།) ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དྷེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙཱ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་དྷརྨ་བསྒྱུར་ཅིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ། སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས། དྷ་རྨར་ཡང་བསྟུན་ནས། དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང་། སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས། བོད་ཁམས་སུ་དྷ་རྨ་བསྒྱུར་ཅིང་ཞུ་ཆེན་བགྱིས་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ། ཞེས་བྱུང་བ་ལྟར། ཕྱི་ལོའི་དུས་རབས་བརྒྱད་པའི་མཇུག་ཙམ་ལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་བཙན་པོ་བཞི་བཅུ་པ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ལོ་ཙཱ་བ་བནྡེ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ་ཚེག་བར་བརྒྱད་ལ་ཚིག་རྐང་རེ། དེ་བཞི་ལ་ཤླཽ་ཀ་རེ། ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་རེ་རེའི་ཚད་དུ་བྱས་ནས་ཐེམ་བྱང་སྟེ་དཀར་ཆག་མ་ནོར་བར་ཆོས་ཚན་འདི་དང་འདི་ཡོད་ཅེས་བཀོད་པ་དེ་ལ་དཀར་ཆག་འཕང་ཐང་མ་ཞེས་བྱ། དེ་ནི་བོད་དུ་བསྒྱུར་བའི་བཀའ་བསྟན་འགྱུར་གྱི་དཀར་ཆག་བཀོད་པའི་ཐོག་མ་ཡིན་ནོ་ཞེས་ཡོངས་གྲགས་སུ་བཞེད་པ་ལྟར་བཙན་པོ་བཞི་བཅུ་པའི་སྐུ་དུས་སུ་གཏན་ལ་ཕབ་པ་ཞིག་ཡིན་པར་གསལ་ལོ།།

དེ་བཞིན་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་ལས[45]། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་དང། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌། གཟུངས་ཆེ་ཕྲ་དང༌། མཚན་བརྒྱ་རྩ་བརྒྱད་དང༌། བསྟོད་པ་དང༌། སྨོན་ལམ་དང༌། བཀྲ་ཤིས་དང༌། འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་ཊཱི་ཀཱ་དང༌། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡེ་གེ་དང༌། རྣམ་པར་ཤེས་པའི་བསྟན་བཅོས་དང༌། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤླཽ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ། ཐེག་པ་ཆེན་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཤླཽ་ཀ་འབུམ། བམ་པོ་སུམ་བརྒྱ། ཞེས་སོགས་གསུངས་པ་ལྟར། དབུས་པ་བློ་གསལ་རྩོད་པའི་སེང་གེས་ (དུས་རབས་13སྟོད།) མཛད་པའི་བསྟན་བཅོས་ཀྱི་དཀར་ཆག་ལས་[46] ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་སུ་གཞུང་ཚད་འཇལ་བའི་ཐབས་རྨད་དུ་བྱུང་བའི་ལམ་སྲོལ་གཏན་འབེབས་བྱུང་ཞིང་། རྐང་པ་གཅིག་ལ་ཚེག་བར་དུ་ཡོད་དང་། ཚིགས་བཅད་གཅིག་ལ་རྐང་པ་དུ་ཡོད། བམ་པོ་གཅིག་ལ་ཚིགས་བཅད་དུ་ཡོད་སོགས་གཏན་ལ་ཕབ་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་བརྒྱད་སྟོང་པ་དང་། ཉི་ཁྲི་དང་། འབུམ་གྱི་ཐ་སྙད་ཐོགས་ཡོད།

ཁ་ཅིག་ན་རེ། བརྒྱད་སྟོང་པ་ལ་ཚིགས་སུ་བཅད་པ་གཅིག་ཀྱང་མེད་ན་ཚིགས་སུ་བཅད་པ་བརྒྱད་སྟོང་གང་ནས་བྱུང་ཞེ་ན། སྔོན་གྱི་གསུང་རབ་རྣམས་སུ་ཚིགས་བཅད་གཅིག་ལ་རྐང་པ་བཞི་དང་། རྐང་པ་རེར་ཚེག་བར་བརྒྱད་དུ་བརྩིས་པའི་ཚིགས་བཅད་གཅིག་ལ་ཚེག་བར་སུམ་ཅུ་སོ་གཉིས་ཡོད་ཅིང་། བརྒྱད་སྟོང་པར་ཚེག་བར་སོ་གཉིས་ཅན་བརྒྱད་སྟོང་ཡོད་པས་ཡུམ་བསྡུས་པར་བརྒྱད་སྟོང་པ་ཞེས་བཏགས་པར་མཛད། གཞུང་ཚད་འཇལ་བའི་སྲོལ་འདི་ཡང་གཙོ་བོ་ལེགས་སྦྱར་གྱི་དབང་དུ་བྱས་པར་སེམས། དེ་ལྟ་མིན་ན་བོད་སྐད་དུ་གོང་གི་རྐང་པ་གཅིག་ལ་ཚེག་བར་བདུན་དང་ཚིགས་བཅད་གཅིག་ལ་རྐང་པ་ཉེར་བརྒྱད་ཡོད་པ་ཡིན། ཞེས་གསུངས་སོ།།

གཞན་ཡང་མཁས་པའི་དབང་པོ་ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད་ལས[47]། ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་བཅུ་བདུན་ལ་སོགས་པའི་ཐ་སྙད་བོད་དུ་གྲགས་པ་ཡོད་ཀྱང་། གཙོ་ཆེ་བ་རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པ་འབུམ། འབྲིང་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པའོ། །མིང་དེ་དག་ནི་ཤླཽ་ཀའི་གྲངས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །སྤྱིར་བོད་དུ་འབུམ་སྡེ་ལྔ་ཞེས་གྲགས་པ་ཡིན་ཏེ། ཤེར་ཕྱིན་ཀྱི་མདོ་ཐུགས་ཀྱི་འབུམ། མྱང་འདས་ཀྱི་མདོ་གསུང་གི་འབུམ། དཀོན་མཆོག་བརྩེགས་པའི་མདོ་སྐུའི་འབུམ། ཕལ་པོ་ཆེའི་མདོ་ཡོན་ཏན་གྱི་འབུམ། ལངྐར་གཤེགས་པའི་མདོ་འཕྲིན་ལས་ཀྱི་མདོ་དང་བཅས་པ་ལ་འབུམ་སྡེ་ལྔ་ཟེར་རོ། །དེ་རྣམས་འབུམ་དུ་བཞག་པའི་རྒྱུ་མཚན་ནི། ཤེར་ཕྱིར་རྒྱས་པ་ལ་ཤླཽ་ཀ་འབུམ་ཡོད་པ་དང་། མདོ་མྱང་འདས་ལ་སངས་རྒྱས་མྱ་ངན་ལས་འདའ་ཁར་ཞལ་ཆེམས་བཞག་པ་འབུམ་ཡོད་པ་དང་། དཀོན་མཆོག་བརྩེགས་པ་ལ་སངས་རྒྱས་ཀྱི་མཚན་མི་འདྲ་བ་འབུམ་ཡོད་པ་དང་། ཕལ་པོ་ཆེ་ལ་སྨོན་ལམ་འབུམ་ཡོད་པ་དང་། ལངྐར་གཤེགས་པ་ལ་སྲིན་པོ་འབུམ་བཏུལ་ཚུལ་ཡོད་པས་ན་འབུམ་ཞེས་བྱའོ། །ཞེས་གསུངས་སོ།།

གཞན་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[48]། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་ལ་རྐང་པ་གཅིག་ཏུ་བརྩིས་པའི་རྐང་པ་བཞིའི་ཚོགས་པ་ལ་ཤླཽ་ཀ་དང་། དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ། གཞུང་ཚད་དེ་ཉིད་ཀྱིས་ལེགས་པར་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་རྣམ་གྲངས་འདི་དང་འདི་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་སྟེ།  བོད་ལ་དམ་པའི་ཆོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་དེ་ཡིན་པར་གྲགས་ཤིང་། དེའི་རྗེས་སུ་སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོས་བསྲུངས་པ་ལ་སོགས་པས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ན་བཞུགས་པའི་གསུང་རབ་དང་བསྟན་བཅོས་བོད་ཀྱི་རྒྱལ་ཁམས་སུ་འགྱུར་རོ་འཚལ་བམ་པོ་དང་ཤླཽ་ཀའི་གྲངས་སུ་འདི་དང་འདི་མཆིས་ཞེས་ངེས་པར་གཏན་ལ་ཕབ་ཟིན་པ་རྣམས་ཀྱིས་མཚན་བྱང་དཀར་ཆག་ཏུ་བཏབ་པ་ལ་དཀར་ཆག་ལྡན་དཀར་མར་གྲགས་པ་བྱུང་། དེའི་རྗེས་སུ་བཙན་པོ་ལྡེ་ཁྲི་སྲོང་བཙན་ཕོ་བྲང་འོན་ཅང་གི་རྡོར་བཞུགས་པ་ན། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང་། ཤྲཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རནྟ་རཀྵི་ཏ་དང་། དྷརྨ་ཏ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པ་ཛྙཱ་ན་སེ་ནཱ་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྟེནྡྲ་ཤཱི་ལ་ལ་སོགས་པ་རྣམས་ཀྱིས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་གཞན་དུ་མི་བསྒྱུར་ཞིང་། དེ་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་བར་བརྟེན། དེ་རྣམས་ཀྱིས་ཀྱང་རྒྱལ་བའི་གསུང་རབ་དང་བསྟན་བཅོས་ཀྱི་རིགས་སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསར་དུ་ཡང་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅིང༌། སླན་ཆད་ཀྱང་དེ་ལས་མི་བསྒྱུར་བར་བཀས་བཅད་པ་སྒྲ་སྦྱོར་བམ་པོ་གཉིས་པ་མཛད། དེ་རྗེས་བསྟན་པ་ཕྱི་དར་གྱི་དུས་སུ་ཆོས་རྒྱལ་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་ལས། ས་སྟེང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའི་པཎྜི་ཏ་ཇི་སྙེད་བྱོན་པ་རྣམས་དང༌། སྐད་གཉིས་སྨྲ་བའི་དབང་པོ་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་གསུང་རབ་སྔར་བསྒྱུར་བ་རྣམས་ཀྱང་ཞུ་ནན་གྱི་སྒོ་ནས་གཏན་ལ་ཕབ་སྟེ་སྒྲོ་སྐུར་གྱི་དྲི་མ་དང་བྲལ་བར་མཛད། སྔོན་ཆད་བོད་དུ་མ་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་རིགས་དཔག་ཏུ་མེད་པ་ཡང་གསར་དུ་བསྒྱུར་ཅིང་ཞུས་པ་དང༌། བཤད་པ་ལ་སོགས་པས་ལེགས་པར་སྤེལ་བ་ལ་བརྟེན་ནས་གངས་རིའི་ཁྲོད་འདིར་དམ་པའི་ཆོས་ཀྱི་འབྱོར་པ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཚོགས་ཀྱིས་སྔོན་དུས་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ངོ་མཚར་གྱི་ཕུང་པོ་ལ་འགྲན་བཟོད་པའི་རང་བཞིན་དུ་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་ཤླཽ་ཀ་དང་། བམ་པོ་དང་། བམ་གྲངས་སོགས་ནི་བཀའ་བསྟན་གསུང་རབ་ཀྱི་གོ་རིམ་མ་འཁྲུགས་པའི་སླད་དུ་ཐོག་མར་བམ་གྲངས་འགོད་སྲོལ་བཏོད་པ་བཀའ་བསྟན་གྱི་དཀར་ཆག་སྒྲིག་བཟོའི་ཐོག་མའི་རྨང་གཞི་ལྟ་བུ་ཞིག་ཏུའང་གྱུར་ཡོད། སྡེ་ཚན་སོ་སོར་ཕྱེ་ནས་དཀར་ཆག་བསྒྲིགས་པ་འདི་ཡང་བོད་དུ་ཧ་ཅང་དར་སྔ་ལ། ཚད་ལྡན་གྱི་གཞུང་ལུགས་ཤིག་ཀྱང་ཆགས་ཡོད།

མདོར་ན། མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ནས་བརྩམས་པའི་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ལས [49]། བམ་གྲངས་ཞེས་པའི་བམ་ནི་སྒྲིལ་ཁའི་དོན་ཏེ་གོས་ཆེན་ཡུག་སྒྲིལ་ལ་གོས་ཆེན་ཡུག་བམ་ཟེར་བ་ལྟ་བུ་ཡིན། འོན་ཀྱང་དམ་པའི་གསུང་རབ་ཀྱི་བམ་གྲངས་ནི། ཐོག་མ་ཁྲི་སྲོང་ལྡེ་བཙན་སྐུ་དུས་གསུང་རབ་རྣམ་གྲངས་རེ་རེའི་ཚད་གཞིའི་ངོས་བཟུང་བདེ་བའི་ཕྱིར་བམ་པོའི་གྲངས་གཏན་ལ་ཕབ་པ་སྟེ། ཚིགས་བཅད་གཅིག་ལ་ཚིག་རྐང་བཞི་རེར་ཤླཽ་ཀ་གཅིག་དང་། ཚིག་ལྷུག་ལ་ཚེག་ཁྱིམ་སུམ་ཅུ་སོ་གཉིས་ལ་ཤླཽ་ཀ་གཅིག་བཅད་ལྷུག་སོ་སོར་རྩིས་པའི་ཤླཽ་ཀ་སུམ་བརྒྱའམ་སུམ་བརྒྱ་ལྔ་བཅུ། ཡང་ན་བཞི་བརྒྱ་ཐམ་པར་ཆ་བཞག་པ་སྣ་ཚོགས་ཡོད་པ་དེའི་བམ་གྲངས་གཏན་ལ་འཁེལ་བ་དེས་རྣམ་གྲངས་དེའི་གྲངས་འབོར་དེ་ཆེ་ཆུང་ཙམ་མ་ཟད། གསུང་རབ་དེ་དག་ལ་གཞན་གྱིས་རང་དགར་ཁ་སྣོན་མི་ཆོག་པ་དང་། ཆད་སྐྱོན་མི་འབྱུང་བའི་དགེ་མཚན་ལྡན་པ་འདི་ནི་གསུང་རབ་ཤོག་དྲིལ་གྱི་རྣམ་པར་གནས་པའི་སྐབས་དེ་ལྟར་དགོས་ངེས་ཡིན། འོན་ཀྱང་ཕྱིས་ཀྱི་གསུང་རབ་རྣམས་ནི་ཤོག་ལྡེབ་ངོས་བྲིས་པས་ཤོག་ལྡེབ་རེར་ཡིག་ཕྲེང་མང་ཉུང་གཅིག་ལྟར་ཡིན་པའི་གྲངས་འབོར་དེས་རྣམ་གྲངས་དེའི་གྲངས་འབོར་ཚོད་འཛིན་ཐུབ་པས་བམ་གྲངས་ངེས་པར་དགོས་གལ་མ་མཆིས་པས་དེའི་རྒྱུན་རང་བཞིན་དུ་མེད་པར་གྱུར་ཡོད། ཅེས་གསུངས་པ་ལྟར་རོ།།

ཆ། བམ་གྲངས་སྲོལ་བཏོད་པའི་དགོས་དམིགས།

དགོས་པ་རྒྱུ་མཚན་གང་གི་ཆེད་དུ་བམ་པོ་དང་བམ་གྲངས་འགོད་སྲོལ་གཏོད་མིན་ནི། བུ་སྟོན་རིན་ཆེན་དོན་གྲུབ་ཀྱིས་ (1290-1364) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྒྱ་ཆེར་བཤད་པ་ལུང་གི་སྙེ་མ༌ལས[50]། དགོས་པ་གཞུང་ཚད་མང་ཉུང་རྟོགས་པའི་ཕྱིར་ལོ་ཙཱ་བས་བྱས་ཀྱི། རྒྱ་དཔེ་ལ་བམ་པོ་མི་བགྲང་ཤླཽ་ཀ་བགྲང་ངོ༌། །དང་པོ་ཞེས་པ། ལྔ་ཡོད་པའི་ཐོག་མ་འདི་ཡིན་ཞེས་འཆད་འགྱུར་ལ་སྙེག་པ་སྟེ། འོག་མ་ཀུན་ལའང་དེས་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་བཀའ་བསྟན་གྱི་གཞུང་ཚད་བདེ་བླག་ཏུ་རྟོགས་པའི་སླད་དུ་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་གཏན་ལ་ཕབ་པ་ཞིག་ལས། རྒྱ་དཔེ་རང་ལ་བམ་པོ་འགོད་སྲོལ་མེད་པར་གསུངས། དེ་བཞིན་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་གཡག་ཊཱིཀ་ལས་[51]ཀྱང་། བམ་པོ་ནི་གཞུང་ཚད་མང་ཉུང་བདེ་བླག་ཏུ་རྟོགས་པའི་ཕྱིར་ལོ་ཙཱ་བས་བྱས། ཞེས་དང་། ཡང་ཉིད་ལས[52]། ཐ་སྙད་རྟོགས་པའི་དོན་དུ་མཚན་སྨོས། གཞུང་ཚད་རྟོགས་པའི་དོན་དུ་བམ་པོའི་གྲངས་སྨོས། རྩོམ་སྒྱུར་འཆད་པའི་བར་ཆད་ཞི་བའི་ཕྱིར་དུ་ཕྱག་འཚལ་བ། བརྩམས་པའི་བསྟན་བཅོས་ལ་གདུལ་བྱ་འཇུག་པའི་དོན་དུ་དགོས་འབྲེལ་སྨོས། དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས། བཤད་པ་མཐར་ཕྱིན་པའི་ཚུལ། །སྒྱུར་བྱེད་ལོ་པཎ་གང་ཡིན་སྨོས་པའོ། །ཞེས་གསུངས་པ་ལྟར་བམ་གྲངས་སྲོལ་བཏོད་གཏན་འབེབས་མཛད་པའི་དགོས་དམིགས་ནི་གཞུང་ཚད་མང་ཉུང་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཡིན་པ་གཅིག་མཐུན་དུ་གསུངས་སོ།།

ཡང་བམ་གྲངས་སྲོལ་བཏོད་པའི་དགོས་དམིགས་གཞན་ཞིག་ནི། གཞུང་ལ་སྒྲོ་སྐུར་སྤང་བར་བྱ་དང་། བསྟན་བཅོས་ལ་ལྷད་མི་འཇུག་པའི་ཆེད་དུ་ཡིན་པར་ཡང་གསུངས། དེ་ཡང་། དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་འཕགས་པ་བརྒྱད་སྟོང་པའི་འགྲེལ་ཆེན་རྒྱན་སྣང་ལས་བཏུས་པའི་ཉེར་མཁོ་མདོ་དོན་ལྟ་བའི་མིག་འབྱེད་ལས[53]། བམ་གྲངས་སྨོས་པའི་དགོས་པ་ནི། གཞུང་ཚད་ལ་སྒྲོ་སྐུར་སྤང་བར་བྱ་བའི་ཆེད་དུ་ལོ་ཙཱ་བས་བཀོད་པ་ཡིན་གྱི་རྒྱ་དཔེ་ལ་མེད་ཅེས་བཤད་དོ། །ཞེས་གསུངས་ལ། དེ་བཞིན་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པར་ངལ་གསོ་བའི་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ལས[54]། གཉིས་པ་བམ་པོའི་གྲངས་ནི། བམ་པོ་དང་པོ། བམ་པོའི་ཐ་སྙད་ནི་ལོ་ཙཱ་བས་བཀོད་པ་ཡིན་གྱི། བསྟན་བཅོས་ལ་ལྷད་མི་འཇུག་པའི་ཕྱིར་བམ་ཚད་དུ་བཀོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རྒྱ་གཞུང་རང་ལ་ཤླཽ་ཀ་ལས་བམ་གྲངས་འགོད་སྲོལ་མེད་ཀྱང་། བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་བཀའ་བསྟན་གྱི་གཞུང་ལ་ཆད་ལྷག་སྤང་ཕྱིར་དང་། གཞུང་ཚད་བདེ་བླག་ཏུ་རྟོགས་པ། གཞུང་ལ་བསྲེ་ལྷད་མི་འཇུག་པའི་ཆེད་དུ་བམ་པོ་དང་བམ་གྲངས་གཏན་འབེབས་སྲོལ་བཏོད་མཛད་པ་ཞིག་ཡིན་པ་གཅིག་གྱུར་དུ་གསལ་ལོ།།

གཞན་ཡང་བམ་པོའི་ཐ་སྙད་སུས་བྱས་པ་དང་། གང་གི་དོན་དུ་བམ་གྲངས་བཀོད་པ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[55]། གཉིས་པ་ལ་གཉིས། གཞུང་ཚད་རྟོགས་པའི་ཡན་ལག་ཏུ་བམ་པོའི་གྲངས་དང་། འགྱུར་མཐར་ཕྱིན་པའི་ཡན་ལག་ཏུ་ཕྱག་འཚལ་བའོ། །དང་པོ་ནི། བམ་པོ་ཞེས་པ་གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་མིང་སྟེ། དཔེར་ན། རྩྭའམ་ཤིང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་ཕོན་པོའམ་བམ་པོའི་སྒྲས་བརྗོད་པ་བཞིན་ནོ། །དང་པོ་ནི་ལྔ་ཡོད་པའི་ཐོག་མ་སྟེ་འཆད་པར་འགྱུར་ཏོ། །བམ་པོ་རེ་ལ་ཤུ་ལོག་གི་གྲངས་མི་མཐུན་ཡང་འདིར་ནི་སུམ་བརྒྱ་རེ་ལ་བྱས་པ་སྟེ། རྒྱ་དཔེ་ལ་ཤུ་ལོག་སྟོང་ལྔ་བརྒྱ་ཞེས་འབྱུང་ཞིང་བམ་པོ་ལྔར་བྱས་པས་སོ། །འདི་ཡང་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་གཞུང་ཚད་ལ་སྒྲོ་སྐུར་སྤང་བའི་ཕྱིར་བྱས་ཀྱི་རྒྱ་དཔེ་ལ་མེད་དོ། །ཞེས་གཞུང་ཚད་རྟོགས་པའི་ཡན་ལག་དང་། གཞུང་ལ་སྒྲོ་སྐུར་སྤང་ཕྱིར་རྒྱ་དཔེ་ལ་མེད་ཀྱང་སྐད་གཉིས་སྐད་གཉིས་སྨྲ་བའི་འཇིག་རྟེན་མིག་རྣམས་ཀྱིས་གསར་གཏོད་མཛད་པར་གསུངས་སོ།།

དེ་ལྟར་བམ་གྲངས་འགོད་སྲོལ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གསར་གཏོད་ཡིན་པ་ཡང་། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[56]། རྒྱ་ནག་གི་བཀའ་བསྟན་རྣམས་ལ་འགྱུར་བྱང་གི་དོད་དུ་ལོ་ཙཱ་བའི་མཚན་ཙམ་འགོད་པ་ལས། རྒྱ་གར་སྐད་དང་། འགྱུར་ཕྱག་དང་། བམ་གྲངས་འགོད་པ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སུ་སྣང་ངོ་། །དེ་བཞིན་དུ་རྒྱ་ནག་གི་འགྱུར་བྱང་གཞུང་གི་མཇུག་ཏུ་མི་འགོད་པར་དབུར་འགོད་པ་ནི་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཆོས་སོ། །ཞེས་གསུངས་པ་ལྟར་རོ།།

མདོར་ན་འདིའི་སྐོར་ཁ་གསལ་གོ་བདེའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་སྤྱོད་འཇུག་གི་གཞུང་ངོ་སྤྲོད་དང་། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ལས[57]། སྤྱོད་འཇུག་གི་གཞུང་ཚད་གང་ཡིན་ཞེ་ན། སྤྱོད་འཇུག་ལ་བམ་པོ་གཉིས་དང་ལེའུ་བཅུ་ཡོད། དེ་ཡང་བམ་པོ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་སམ་ཞེ་ན། བམ་པོ་ཞེས་པ་དེ་ང་ཚོ་བོད་ལ་དཔེ་ཆ་སྣ་རིང་ཅན་དེ་མ་བྱུང་བའི་སྔོན་དུ་བཙན་པོའི་དུས་སྐབས་སུ་དཔེ་ཆ་ཚང་མ་ཤོག་དྲིལ་ཡིན་ཅིང་། ཤོག་དྲིལ་རེ་ལ་བམ་པོ་རེ་བརྩི་བཞིན་ཡོད། རྒྱ་གར་གྱི་དཔེ་ཆའི་ནང་བམ་པོ་ཞེས་པ་མེད་པ་དང་། བམ་པོ་རེ་ལ་ཤླཽ་ཀ་སུམ་བརྒྱ་རེ་ཡོད། སྤྱོད་འཇུག་ལ་ཚེག་བར་བརྒྱད་སྟོང་བཞི་བརྒྱ་ཐམ་པ་ཡོད།

ཏུན་ཧོང་ནས་ཐོན་པའི་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་མགོ་མཇུག་མེད་པ་ཞིག་ངས་མཐོང་མྱོང་། དེའི་ནང་དཔེ་ཆ་འདི་དང་འདི་ཞེས་བྱ་བ་ལ་བམ་པོ་དང་། ཤླཽ་ཀ །ཚེག་བར། ཤད་སོགས་ཇི་ཙམ་ཡོད་མེད་ཀྱི་ཐོ་འཁོད་འདུག་པ་དེ་ནི་ཧ་ཅང་ཞིབ་ཚགས་སུ་མངོན། ང་ཚོས་ཕྱིས་སུ་དཔེ་ཆའི་ཐོ་འབྲི་སྐབས་ཤོག་གྲངས་དང་། ཐིག་ཕྲེང་ཇི་ཙམ་ཡོད་མེད་ཙམ་ལས་བམ་པོ་དང་ལེའུ་ཤད་སོགས་ཇི་ཡོད་འབྲི་སྲོལ་མེད། འོན་ཀྱང་། བོད་ཀྱི་དཀར་ཆག་རྙིང་པ་དེ་དག་ཏུ་ཡིག་འབྲུ་དང་ཤད་ཀྱི་ཁ་གྲངས་ཡན་ཆད་འཁོད་ཡོད། ཤད་ཀྱི་གྲངས་ཡོད་དགོས་དོན་ནི། མཚམས་ཀྱི་ཆེད་དུ་ཡིན་ཅིང་། ལོ་ཙཱ་བ་དང་པཎྜི་ཏ་ཚོས་བསྒྱུར་ཟིན་གཏན་ལ་ཕབ་པའི་དཔེ་ཆ་དེ་དག་རྒྱལ་པོར་ཕུལ་ཏེ་སྙན་སེང་ཞུས་པ་དང་། རྒྱལ་པོས་མར་གཏན་ལ་ཕབ་སྟེ་ཚེག་བར་དང་ཤད་ཀྱི་གྲངས་སོགས་བཀོད་ནས་དེང་ཕྱིན་ཆད་སུས་ཀྱང་འཕྲི་སྣོན་བྱ་མི་ཆོག་པའི་དོན་ཡིན་པ་སོགས་ཀྱི་ཁྲིམས་ཡིག་དམ་པོ་བཟོས་ཡོད་པ་དཀར་ཆག་དེའི་ནང་འཁོད་འདུག །དཀར་ཆག་དེ་ང་སྔོན་མ་ཕྱི་ལོ་ ༡༩༨༧ ལོར་ཚོགས་འདུར་འགྲོ་སྐབས་འཇར་མན་གྱི་མི་ཞིག་གིས་ཁྱེར་འདུག །སྔོན་མ་ཏུན་ཧོང་གི་ཡིག་ཆ་མང་པོ་འཇར་མན་སོགས་སུ་ཕར་ཚུར་བགོ་བཤའ་བརྒྱབ་ནས་ཁྱེར་བའི་ཁྲོད་ནས་དཀར་ཆག་དེ་ཁོང་ཚོར་རག་འདུག །དཀར་ཆག་དེར་མགོ་མཇུག་མི་ཚང་བའི་ཤོག་ལྷེ་གཉིས་རང་ཁྱེར་འདུག་པ་དེ་ངས་བཤུས་ནས་ཉར་བ་ཡིན། འདི་ཡན་སྤྱོད་འཇུག་གི་གཞུང་ཚད་ཀྱི་སྐོར་དེ་ཡིན། ཞེས་གསལ་བར་གསུངས་སོ།།

ལྷག་པར་དེའི་རྒྱབ་རྟེན་ལྟ་བུར་སྟག་ཚང་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་ལས་ [58]ཀྱང་། འབུམ་ལ་ཤླཽ་ཀ་འབུམ་ཡོད་པས་འབུམ་ཞེས་ཟེར་ཞིང་། ལེའུ་བདུན་ཅུ་རྩ་གཉིས། བམ་པོ་སུམ་བརྒྱ། ཤད་བཞི་ཁྲི་བཞི་འབུམ། ཚེག་བྱེ་བ་བཞི་ཁྲི། གཞན་ཡང་བཀའ་ཐམས་ཅད་ལ་འདི་བཞིན་གྱི་རྒྱས་བཤད་ཡོད་ཅིང་། མདོར་ན་སྐབས་ཆེན་བརྒྱད། སྐབས་བུ་ཆུང་བདུན་ཅུ་ཐམ་པ་ནི། བཀའ་རྒྱས་པ་འབུམ་ནས་བསྡུས་པ་ཡི་གེ་གཅིག་མ་ཡན་ཆད་ལ་ཚང་ངོ་། །ཞེས་སྔོན་གྱི་བཀའ་བསྟན་གྱི་གཞུང་ལུགས་གཏན་ལ་ཕབ་རྗེས་བསྲེ་ལྷད་མི་ཡོང་བའི་སླད་དུ་སྔོན་གྱི་དཀར་ཆག་རྣམས་སུ་ཤླཽ་ཀ་དང་། བམ་པོ། ཤད། ཚེག་གི་གྲངས་ཇི་ཡོད་གསལ་བར་འགོད་སྲོལ་ཡོད་པ་དག་ལ་བསམས་ན་བོད་མི་རིགས་ཀྱི་དཀའ་སྤྱད་འབད་བརྩོན་དང་། ལྷག་བསམ་དང་སྙིང་སྟོབས། རྣམ་དཔྱོད་ཀྱི་བློ་གྲོས་སོགས་གསལ་བར་མཚོན་ཐུབ་པ་ཞིག་དང་། སྔོན་བྱོན་ཆོས་རྒྱལ་དང་། ལོ་པཎ་རྣམས་ཀྱི་སྐུ་དྲིན་ཡང་ལྷག་ཏུ་དྲན་པ་ཞིག་འོང་བ་འདི་ལགས་སོ།།

ཇ། ཤླཽ་ཀའི་ཐ་སྙད་ཀྱི་ཐོག་མའི་བྱུང་བ།

དེ་ཡང་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[59]། ལེགས་སྦྱར་གྱི་ཤླཽ་ཀཿཞེས་པ་བོད་སྐད་དུ་ཚིགས་སུ་བཅད་པ་ཡིན་པར་གསལ། དེ་ལའང་ཤླཽ་ཀ་དང་། ཤློ་ཀཿ ཤོ་ལོ་ཀ །ཤུ་ལོག་བཅས་འབྲི་ཚུལ་རིགས་བཞི་བྱུང་ཡང་དོན་ལ་ཁྱད་པར་དེ་ཙམ་མ་མཆིས་ལ། ཤླཽ་ཀ་དང་། ཚིག་ལེའུར་བྱས་པ། ཚིགས་བཅད་རྣམས་དོན་གཅིག་ཅིང་། ཚིགས་སུ་བཅད་པ་ནི་ཚིགས་ལེའུར་བྱས་པ་སྟེ། རྒྱ་གར་གྱི་ཡི་གེར་བརྒྱད་བཞི་སུམ་ཅུ་སོ་གཉིས་དང་། བོད་ཡིག་གི་དབང་དུ་བྱས་ན་ཚེག་བར་ཉི་ཤུ་རྩ་བརྒྱད་ཡོད། ལེགས་སྦྱར་གྱི་ཤླཽ་ཀཿཞེས་པ་ནི་མྱ་ངན་གྱི་དོན་ཡིན་པར་གསུང་སྲོལ་ཡོད། དེ་ཡང་༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་མཛོད་འགྲེལ་ཐར་ལམ་གསལ་བྱེད་ལས[60]། ཚིག་ལེའུར་བྱས་པའི་ཚད་ནི། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཚིགས་སུ་བཅད་པ་རེ་རེ་ལ་ཡིག་འབྲུ་སོ་གཉིས་ཉིད་དོ། །ཞེས་རྒྱ་གར་གྱི་ཡི་གེ་བརྒྱད་བཞི་སོ་གཉིས་ལ་བཤད་པས། བོད་ཀྱི་ཚེག་བར་ཉེར་བརྒྱད་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་རོ།།

དེ་ཡང་མཆིམས་འཇམ་དབྱངས་ཀྱིས་ (1210-1285)[61] མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ལས[62]། འོ་ན་ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཇི་ཙམ་ཡིན་ཞེ་ན། ཁ་ཅིག་ནི་ཤཱ་རིའི་བུས་ཉེ་བར་བསྡུས་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་ (ལ་དེ་ལ་ནི་ཤླཽ་ཀ་དྲུག་སྟོང་ཡོད།) ཞེས་ཟེར་ཏེ། དེ་ལ་ནི་ཤླཽ་ཀ་དྲུག་སྟོང་ཡོད་ལ། དེ་ཡང་ཆོས་ཀྱི་ཕུང་པོ་གཅིག་ཡིན་ཏེ་གཞན་ནི་ཕལ་ཆེར་ནུབ་བོ་ཞེས་ཟེར་ཏེ། དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལ་ (བམ་པོ་ས་ཡ་ཕྲག་གཅིག་དྲུག་འབུམ་བརྒྱད་ཁྲི་དང༌།) ཚིག་ལེའུར་བྱས་པ་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། ། (སེམས་ཙམ་པ་ལྟར་ན།) ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་ནི། ཆོས་ཀྱི་ཕུང་པོ་གཅིག་གིས་ཚད་ཇི་ཙམ་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་སྟེ་གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཆོས་ཀྱི་ཕུང་པོ་རེ་རེ་ལ་ཚིག་ལེའུར་བྱས་པ་སྟོང་སྟོང་ཡོད་པར་བཤད་ཅིང་། དེ་ཉིད་ལས། བགྲང་བའི་ཚུལ་འདིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཚིག་ལེའུར་བྱས་པ་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ་ཞེས་བཤད་དོ། །ཚིག་ལེའུར་བྱས་པའི་ཚད་ནི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཚིགས་སུ་བཅད་པ་རེ་རེ་ལ་ཡི་གེའི་འབྲུ་སུམ་ཅུ་རྩ་གཉིས་ཉིད་དོ་ཞེས་རྒྱ་གར་གྱི་ཡི་གེ་བརྒྱད་བཞི་སུམ་ཅུ་རྩ་གཉིས་ལ་བཤད་པས་བོད་ཀྱི་ནི་ཚེག་བར་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །ཞེས་གསུངས་སོ།།

སྤྱིར་ཤླཽ་ཀ་བྱ་བ་རྒྱ་གར་འཕགས་ཡུལ་གྱི་གདོད་མའི་སྙན་ངག་རྩོམ་ལུས་ཀྱི་རྩོམ་གཤིས་ཤིག་ལ་གོ་བ་ལས། རང་རེ་ཇི་བཞིན་སྙན་ངག་གི་ཚིག་རྐང་ངེས་ཅན་ཞིག་གི་ཚད་འཛིན་གྱི་ཚིག་ལ་མི་གོ །དེ་ཡང་རིག་བྱེད་བསྡུས་པ་སོགས་ཀྱི་མཆོད་སྦྱིན་གྱི་ཚིག །རཱ་མ་ཎའི་རྟོགས་བརྗོད་ཀྱི་ཤླཽ་ཀའི་གླུ་ཚིག །ནག་མོ་ཁོལ་གྱི་ཚིག་རྐང་བཅུ་བཞི་ཅན་གྱི་སྙན་ངག་སོགས་ནི་དུས་རབས་རེ་རེའི་ཁྱད་ཆོས་འཛིན་པའི་སྙན་ངག་གི་རྩོམ་གཤིས་མི་འདྲ་བ་རེ་ཡིན་ལ། ཚིགས་བཅད་དེ་ལེགས་སྦྱར་གྱི་སྐད་དུ་ཤླཽ་ཀ་ཞེས་པའི་མིང་འདི་ཉིད་རིག་བྱེད་ཀྱི་གཏམ་རྒྱུད་དང་བཅས་ཏེ་ཐོག་མར་དྲང་སྲོང་གྲོག་མཁར་བ་ནས་བྱུང་བར་གྲགས།

དེ་ཡང་རཱ་མ་ཎའི་[63]རྟོགས་བརྗོད་ཀྱི་འགོ་བརྗོད་ལས[64]། རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། རཱ་མ་ཎའི་རྟོགས་བརྗོད་ཀྱི་གླེགས་བམ་དང་པོ་གཞོན་ནུའི་སྡེ་རུ་འདིའི་རྩོམ་པ་པོ་དྲང་སྲོང་གྲོག་མཁར་ཡིན་པར་བཤད། རྒྱ་གར་དུ་དྲང་སྲོང་འདིའི་སྐོར་གྱི་བཤད་རྒྱུན་ཤིན་ཏུ་མང་། ལ་ལས་དྲང་སྲོང་ཞིག་ཡིན་པར་འདོད། ཁ་ཅིག་གིས་བྱ་རྒྱལ་ཁྱུང་ཆེན་གྱི་བུ་ཡིན་པར་བཤད། ཁོང་ཉིད་རཱ་མ་ཎའི་རྟོགས་བརྗོད་འདི་བརྩམས་པ་ལ་བརྟེན་ནས་རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་སྙན་ངག་མཁན་དུ་གྱུར་པ་རེད། གྲོག་མཁར་ཞེས་པའི་མིང་འདི་ཇི་ལྟར་བྱུང་བའི་སྐོར་ལ་བཤད་ཚུལ་མི་འདྲ་བ་འགའ་མཆིས་ཏེ། བཤད་ཚུལ་ཞིག་ལ་ཁོང་ལོ་ངོ་མང་པོའི་རིང་སྐྱིལ་ཀྲུང་དུ་བཞུགས་ཏེ་བསམ་གཏན་ལ་ཞུགས་ཤིང་ལུས་ཡོངས་རྫོགས་གྲོག་མས་ཁེངས་ཏེ་མཁར་ལྟ་བུར་གྱུར་པས་མིང་ལ་དེ་སྐད་ཐོགས་པ་ཡིན་པར་བཤད།

བཤད་ཚུལ་གཞན་ཞིག་ནི་ཅུང་རྒྱས་ཏེ། ཁོ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་། གཞོན་དུས་ཕ་མས་བོར་བས་ནགས་སུ་འཁྱམས། དེར་རྐུན་ཇག་གི་ལས་བྱེད་པའི་དམུ་རྒོད་ཅིག་གིས་ཁོ་གསོས། རྐུན་མའི་རིག་པ་བསླབས་པས་བྱང་བར་ཤེས་ཏེ་རྐུན་ཇག་འཕྲོག་བཅོམ་དང་མི་གསོད་པའི་ལས་བྱས་ཤིང་ཚོང་འགྲུལ་བ་ལ་གནོད་པ་བྱས། དེ་ལྟར་ལོ་འགའ་འདས་པའི་ཉིན་ཞིག་ཁོ་དྲང་སྲོང་ཞིག་དང་འཕྲད་དེ་དེར་རྒྱུ་ནོར་སྤྲོད་ཅིག །མི་སྤྲོད་ན་སྲོག་འཕྲོག་པར་བྱའོ་ཞེས་འཇིགས་བསྐུལ་བྱས། དྲང་སྲོང་གིས་ཁོ་ལ་རང་ཁྱིམ་དུ་ལོག་ལ་ཆུང་མའི་ངག་ལ་ཉོན་ཅིག་ཅེས་གདམས། ཁོ་འུ་ཐུག་སྟེ་ཁྱིམ་དུ་ལོག །དྲང་སྲོང་གིས་ཁོར་མརཱ་ཞེས་པ་འདི་ཡང་ཡང་འདོན་དུ་བཅུག །མརཱ་ནི་རཱམ་ཞེས་པ་ལྡོག་པ་རེད། དྲང་སྲོང་གིས་དེ་ལྟར་གདམས་རྗེས་མི་སྣང་བར་གྱུར། ཁོ་དེ་རུ་འགྲེང་སྟེ་ངག་ཏུ་མརཱ་ཞེས་ཡང་ཡང་འདོན་བཞིན་ཡུན་རིང་འགོར། རིམ་གྱིས་ལུས་ལ་གྲོག་མས་ཁེངས་ཤིང་གཡོགས། སྐབས་དེར་སྔོན་གྱི་དྲང་སྲོང་དེ་གློ་བུར་དུ་བྱུང་སྟེ་ཁོ་ལ་དངོས་གྲུབ་སྩལ། དེ་ནས་བཟུང་སྟེ་དྲང་སྲོང་ཆེན་པོར་གྱུར་ཅིང་མིང་ལ་གྲོག་མཁར་ཞེས་ཐོགས།

ཉིན་ཞིག་ཁོས་མཆོད་སྦྱིན་བྱེད་བཞིན་པའི་སྐབས་སུ་འདོད་པ་སྤྱོད་བཞིན་པའི་ཆུ་སྐྱར་ཕོ་མོ་གཉིས་ལས་ཕོ་དེ་རྔོན་པ་ཞིག་གིས་མདས་བསད་པ་མཐོང་སྟེ་ཡིད་མྱ་ངན་དང་སྙིང་རྗེའི་ངང་ནས་ཤླཽ་ཀ་[65] ཞིག་ཐོལ་བྱུང་དུ་ངག་ལ་གྱེར། སྐབས་དེར་ཚངས་པ་ཆེན་པོ་གློ་བུར་དུ་ནམ་མཁའ་ནས་བབས་ཏེ་ཁོ་ལ་རཱ་མ་ཎའི་རྟོགས་བརྗོད་རྩོམ་དགོས་པའི་སྐུལ་མ་གནང་བ་རེད་ཅེས་སོགས་མང་པོ་བཤད།

སྤྱིར་གྲོག་མཁར་ཞེས་པའི་ཐ་སྙད་ནི་དཔག་བསམ་འཁྲི་ཤིང་སོགས་སུ་མང་དུ་འབྱུང་ཞིང་། དེའི་དོན་ནི་རྒྱ་གར་དུ་གྲོག་མ་རིགས་ཤིག་འདམ་ལས་མི་རེ་ཤོངས་པ་ལྟ་བུའི་ཚད་ཀྱི་ཁང་མིག་ཆུང་ངུ་བཟོ་བར་མོས་ཤིང་། དེས་འདམ་ལས་བཟོས་པ་བསྐམས་ན་མ་ཧེས་འཕྲུག་བརྡར་བྱས་ཀྱང་བསྐྱེལ་མི་ཐུབ་པའི་ཚོད་ཀྱི་སྲ་མཁྲེགས་ཡིན་པ་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པར་བཤད། གྲོག་མཁར་ཞེས་པ་དེའི་མིང་ཡིན་ཅིང་། དྲང་སྲོང་འདི་ཡང་བསམ་གཏན་ལ་ཞུགས་རྗེས་གྲོག་མས་ཁོང་གི་མཐའ་རུ་འདམ་ལས་མཁར་བརྩིགས་ཤིང་ཕུག་པ་ལྟ་བུར་བཟོས་པ་དང༌། ཁོང་ཉིད་དེའི་ནང་དུ་ལོ་ངོ་མང་པོར་བསམ་གཏན་ལ་བཞུགས་པ་མཚན་ལ་དེ་ལྟར་ཐོགས་པར་འདོད།

གོང་གི་བཤད་ཚུལ་འདི་དག་ལ་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པས་ང་ཚོ་རྩ་བ་ནས་ཡིད་ཆེས་རྒྱུ་དཀའ་ན་ཡང་། རྒྱུ་མཚན་འདི་ལ་བརྟེན་ནས་གྲོག་མཁར་ཞེས་པ་ལྷ་སྒྲུང་ནང་གི་མི་སྣ་ཞིག་ཏུ་བརྩིས་ཏེ་དེ་འདྲའི་མི་ཞིག་བྱུང་མ་མྱོང་བར་ཐག་བཅད་ན་མི་རུང་། ཡིན་ན་ཡང་གནའ་བོའི་རྒྱ་གར་གྱིས་ལོ་རྒྱུས་དེབ་ཐེར་དུ་འགོད་པར་མཐོང་ཆེན་མི་བྱེད་པས་དུས་ད་ལྟའི་བར་དུ་ང་ཚོ་ལ་གྲོག་མཁར་ཞེས་པའི་མི་ཞིག་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱུང་མྱོང་བ་དང༌། དེ་རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་ཡིན་པའི་བདེན་དཔང་ཁུངས་ཐུབ་ཅིག་མེད་ལ། དེ་ལོ་རྒྱུས་ཐོག་དངོས་སུ་བྱུང་མ་མྱོང་བ་དང༌། རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་མིན་པའི་བདེན་དཔང་ཁུངས་ཐུབ་ཅིག་ཀྱང་མེད། ཡིན་ན་ཡང་རཱ་མ་ཎའི་རྟོགས་བརྗོད་ཀྱི་གླེགས་བམ་གཉིས་པ་ནས་དྲུག་པའི་བར་གྱི་བརྗོད་བྱ་འབྲེལ་ཆགས་ཤིང་རྩོམ་གཤིས་གཅིག་གྱུར་ཡིན་པས། གལ་ཏེ་དེ་ལ་ངེས་གཏན་གྱི་རྩོམ་པ་པོ་ཞིག་ཡོད་ན་དེ་ནི་དྲང་སྲོང་གྲོག་མཁར་རེད་ཅེས་བརྗོད་ན་ཡང་འགལ་བ་མེད་པར་སྙམ། །ཞེས་གསལ་ལོ།།

ཉ། ཚིགས་བཅད་དང་ཡིག་འབྲུ་མང་ཉུང་།

ཐོག་མར་བམ་པོའི་གྲུབ་གཞི་ནི་ཚིགས་བཅད་ཡིན་ལ། ཚིགས་བཅད་གྲུབ་པ་ལ་ཚིག་རྐང་དང་། དེ་ཡང་ཚིག་འབྲུ་མང་ཉུང་གི་ཚད་གཞི་ལ་རག་པས། ཚིག་རྐང་དང་ཚིག་འབྲུ་དང་ཡིག་འབྲུ་གསུམ་གྱི་རྣམ་དབྱེ་གསལ་པོར་ཤེས་དགོས་པས་དེ་དག་གི་ཁྱད་པར་ནི། སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[65] ། ཚིག་རྐང་ནི། ཚིགས་བཅད་དམ་ཤླཽ་ཀ་གཅིག་ལ། ཚིག་རྐང་བཞི་རེ་ཡོད་ཅིང་། དེའི་རྐང་པ་རེ་རེ་ལ་ཚིག་རྐང་རེ་ཟེར། དཔེར་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་ལྟ་བུའོ། །ཚིག་འབྲུ་ནི། སངས་རྒྱས། ཆོས། ཚོགས། བྱང་ཆུབ། བདག །སྐྱབས། ལྟ་བུའོ། །ཡིག་འབྲུ་ནི། ཡི་གེ་སོ་སོ་བའམ་རེ་རེ་བ་སྟེ། དཔེར་ན། སེམས་ཞེས་པའི་ཚིགས་འབྲུ་དེ་ལ་ཡིག་འབྲུ་གསུམ་ཡོད་པ་ལྟ་བུ། ཚིག་རྐང་སོགས་གསུམ་ནི་ཆེ་ཆུང་གི་སྒོ་ནས་ཡིན་ཏེ། གོང་དུ་འགྲེལ་བཤད་བྱས་པ་ལྟར། ཡིག་འབྲུ་ནི་ཆུང་ཤོས། ཚིག་འབྲུ་འབྲིང་། ཚིག་རྐང་ནི་ཆེ་ཤོས་ཡིན་ནོ། །ཤླཽ་ཀ་དང་ཚིགས་བཅད་གཉིས་དོན་གཅིག །ཅེས་བྱུང་བ་ལྟར་ཚིགས་བཅད་ལ་ཡིག་འབྲུ་ཉེར་བརྒྱད་དང་། སོ་གཉིས། སོ་དྲུག་སོགས་སྣ་ཚོགས་ཤིག་ཡོད།

དེ་ཡང་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[66]། གཱ་ཐ་ཚིགས་སུ་བཅད་པའི་སྡེ་ཞེས་དང་། བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་པོ་གཉིས་པ་ལས[67]། གཱ་ཐ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་རྩ་བ་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་སྦྱར་ཏེ་བཤད་པས་ན་ཚིགས་སུ་བཅད་པའི་སྡེ་ཞེས་བྱ། ཞེས་གསུངས་པ་ལྟར་བམ་པོ་རེ་ལ་ཚིགས་བཅད་ཇི་ཙམ་ཡོད་མེད་དང་། ཚིགས་བཅད་རེ་ལ་ཚེག་བར་ཇི་ཙམ་ཡོད་མེད་ལ་བཞེད་པ་རིགས་གསུམ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས[68]།

རྒྱ་སྐད་ཚིགས་བཅད་རྩོམ་ཡིག་གི །འབྲི་ཚུལ་སྡེབ་སྦྱོར་གཞུང་དུ་གསལ། །
བོད་སྐད་ཚིགས་བཅད་རྐང་པ་བཞིར། །ཚེག་བར་གྲངས་ནི་ཆ་མཉམ་ཞིང་། །
ཚིག་རྐང་རེ་རེའི་ཚེག་བར་གྲངས། །ལྔ་ནས་སོ་གསུམ་བར་དུ་བཤད། །

ཅེས་གསུངས་པ་ལྟར། ཚིགས་བཅད་ལ་ཚེག་བར་ལྔ་ནས་སོ་གསུམ་བར་དུ་འབྲི་སྲོལ་ཡོད་པ་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་གསུངས་ལ། ཚིགས་བཅད་ཀྱི་ཚིག་རྐང་རེར་ཚེག་བར་ལ་མཚོན་ན། དང་པོ་ཆ་གསུམ་དང་ཡ་གཅིག་དང་། གཉིས་པ་ཆ་བཞི་ཅན། གསུམ་པ་ཆ་བཞི་དང་ཡ་གཅིག་བཅས་ཀྱི་འབྲི་སྲོལ་གསུམ་སྟེ། མདོར་ན་ཚེག་བདུན་དང་བརྒྱད་དང་དགུ་གསུམ་གྱི་ཚིགས་བཅད་འབྲི་ལུགས་རིགས་གསུམ་ལ་བརྟེན་ནས་ཡིག་འབྲུ་ཉེར་བརྒྱད་དང་། སོ་གཉིས། སོ་དྲུག་བཅས་བརྩི་སྲོལ་གསུམ་ཡོད་པ་ལས།

དང་པོ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[69]། ཚིགས་སུ་བཅད་པ་དེའང་མངོན་པ་ཀུན་བཏུས་ལས། རྐང་པ་གཅིག་ནས་དྲུག་པའི་བར་དུ་ཡོད་པ་བཤད་ཀྱང་། སྙན་དངགས་པའི་ལུགས་ལ་རྐང་པ་བཞི་པ་ཁོ་ན་ཡིན། ཞེས་གསུངས་པ་ལྟར། སློབ་དཔོན་དཎྜི་སྟེ་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་ལས[70]། ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲིཏྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །ཞེས་གསུངས་པ་ལྟར་ཚིགས་བཅད་གཅིག་ལ་རྐང་པ་བཞི་དང་། རྐང་པ་རེར་མེ་ལོང་མ་ལྟར་ཡིག་འབྲུ་བདུན་ཅན་འདི་ཉིད་འབྲི་སྲོལ་འགྲོ་རྒྱུགས་ཆེ་བས། འདི་ལྟའི་ཚིགས་བཅད་ལ་ཚེག་བར་བདུན་བཞི་ཉི་ཤུ་རྩ་བརྒྱད་ལ་ཚིགས་བཅད་གཅིག་དང་། ཚིགས་བཅད་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བརྩི་བར་གསུངས་པ་སྟེ། དེ་ཡང་ཉང་རལ་ཉི་མ་འོད་ཟེར་གྱིས་ (1124-1192) མཛད་པའི་ཆོས་བྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་[71]། ཞུ་ཆེན་གྱི་ལོ་ཙཱ་བས་བོད་དཔེ་ལ་བཀླགས། རྒྱ་དཔེ་ལ་པཎྜི་ཏས་ཞུ་ཏིག་བྱེད་པ། ལོ་ཙཱ་བས་ཚེག་བར་བདུན་ལ་ཚིག་རྐང་གཅིག །ཚིག་རྐང་བཞི་ལ་ཤླཽ་ཀ་གཅིག །ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་གཅིག །བམ་པོ་ཞེས་པའི་ཚད་ནི་ཤླཽ་ཀ་སུམ་བརྒྱ་དང་སུམ་ཅུ་རྩ་གཅིག །ཚིག་རྐང་སྟོང་གཅིག་གི་སུམ་བརྒྱ་ཆ་ལ་བམ་པོ་གཅིག་ཏུ་བཤད་དོ། །སློབ་དཔོན་ཞི་བ་ལ་སོགས་པས་བམ་པོ་ཞེས་པའི་ཚད་ནི་ཤླཽ་ཀ་སྟོང་གི་སུམ་ཆ་ལ་འདོད་དེ། ཆེ་ཆུང་གི་ཚད་ནི་ཚིག་རྐང་རིང་ཐུང་དང་མང་ཉུང་ལ་རྣམ་པར་བཞག་པར་བཤད་དོ། །དེ་རྣམས་ནི་བསྟན་བཅོས་རིན་པོ་ཆེའི་མཚོ་ལས་བཤད་དོ། །དེའི་དུས་སུ་ཆོས་ཀྱི་མཚན་ཐམས་ཅད་རྒྱ་དཔེ་ལ་ལེའུ་མཚམས་དང་། ཞབས་ན་ཡོད་པ་ལ་དམ་པ་ཡི་ཆོས་ཁུངས་བཙུན་པ་དང་རྒྱལ་པོ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་པ་དང་། དམ་པ་ཆོས་ཀྱི་སྐབས་ངོས་བཟུང་བ་དང་། སྐབས་བཙལ་སླ་བའི་མཚན་མེད་དུ་སྨོས་པ་དང་། གོ་སླ་བའི་དགོས་པ་ཡོད་པའི་སླད་དུ་བསྟན་པ་ལགས་སྐད་དོ། །ཞེས་གསུངས་པ་ལྟར། ཚེག་བར་བདུན་ལ་ཚིག་རྐང་གཅིག་དང་། ཚིག་རྐང་བཞི་ལ་ཤླཽ་ཀ་གཅིག་ཏུ་བརྩིས་པ་ལྟར་ན། ཚིག་ལྷུག་ཚེག་བར་ཉེར་བརྒྱད་ལ་ཤླཽ་ཀ་གཅིག་ཏུ་བརྩི་སྲོལ་ཡོད། དེ་ཡང་ལེགས་སྦྱར་ལ་ཚེག་ཁྱིམ་དྲུག་ཅན་ལ་བོད་ཚིག་བདུན་ཅན་དུ་གྱུར་པ་སོགས་ཡིག་འབྲུ་རེ་རེ་མང་དུ་འགྲོ་བ་དང་། ཚིག་ལྷུག་ཡིན་ན་རྗེས་ངག་གི་འགྲོ་ལུགས་ལྟར། རྐང་པ་རེར་ཡིག་འབྲུ་བདུན་ཏེ་བདུན་བཞི་ཉི་ཤུ་རྩ་བརྒྱད་ལ་ཤླཽ་ཀ་གཅིག་ཏུ་བརྩི་བཞིན་ཡོད།

གཞན་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[73]། ཐོག་མར་ཤླཽ་ཀའི་ (ཚིག་བཞི་) གྲངས་དང་། བམ་པོའི་ཚད་བསྟན་པ་ནི། དེའང་ཚེག་བར་བདུན་པ་ཚིགས་རྐང་བཞི་ལ་ཤླཽ་ཀ་གཅིག་དང་། དེ་སུམ་བརྒྱ་ལ་ནི་བམ་པོ་གཅིག་གི་ཚད་ཡིན་ལ། བམ་པོ་ལ་ཆེ་ཆུང་བྱུང་བ་རྣམས་ནི། ཚེག་བར་གྱི་ཡི་གེ་མང་ཉུང་ངམ་ཡང་ན་འགའ་ཞིག་ཚེག་བར་བགྲང་དཀའ་ནས་ཤོག་གྲངས་ཀྱི་སྟེང་ནས་བམ་ཚད་བརྩིས་པས་ཅུང་ཟད་འཆུགས་པར་གསལ་ལོ། །དེ་ལ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པའི་མདོ་སྡེ་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཤླཽ་ཀ་འབུམ། བམ་པོ་སུམ་བརྒྱ། ཉིས་ཁྲི་ལྔ་སྟོང་པ་ཤླཽ་ཀ་ཉིས་ཁྲི་ལྔ་སྟོང་། བམ་པོ་བདུན་ཅུ་རྩ་དྲུག །ཁྲི་བརྒྱད་སྟོང་པ་ཤླཽ་ཀ་དེ་སྙེད། བམ་པོ་དྲུག་ཅུ། ཤེས་རབ་ཁྲི་པ་ཤླཽ་ཀ་ཁྲི། བམ་པོ་སུམ་ཅུ་རྩ་གསུམ། བརྒྱད་སྟོང་པ་ཤླཽ་ཀ་སྟོང་ཕྲག་བརྒྱད། བམ་པོ་ཉི་ཤུ་རྩ་བཞི་ཞེས་གསུངས་པ་ལྟར་རོ།།

གཉིས་པ་ནི། ཆ་བཞི་སྟེ་རྐང་པ་རེར་ཡིག་འབྲུ་བརྒྱད་ཅན་གྱི་སྒྲོལ་མའི་འབྲི་སྲོལ་འདི་ཉིད་ཁྱབ་ཆེ་ཤོས་ཡིན་པས། འབྲི་སྲོལ་འདི་ཉིད་གཞི་རྩར་བཟུང་ནས་ཚིག་ལྷུག་ཡིག་འབྲུ་སོ་གཉིས་ལ་ཚིགས་བཅད་གཅིག་ཏུ་བརྩི་བ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས [74]། གནའ་རབས་བོད་ཀྱི་རྩོམ་ཡིག་རྣམས་ལ་ནང་གསེས་དོན་ཚན་མང་པོ་ཡོད་ན་དོན་ཚན་ཆེ་བ་རེ་ལ་ལེའུ་རེར་བརྩིས་ནས་དེའི་ནང་གསེས་ཀྱི་དོན་ཚན་ཆུང་བ་རྣམས་ལ་ས་བཅད་དུམ་བུ་སོ་སོར་བགོས་པ་ཡིན། ལེའུ་རེའི་ཡིག་འབྲུའི་གྲངས་ཚད་ནི། རྒྱ་གར་སྐད་ཀྱི་རྩོམ་ཡིག་ལ་ཚིགས་བཅད་ཡིན་ཚེ་ཚིག་རྐང་བཞི་རེར་ཤླཽ་ཀ་གཅིག་དང་། ཚིག་ལྷུག་མ་ཡིན་ན་ཚེག་བར་རེ་ལ་ཡིག་འབྲུ་རེར་བརྩིས་པའི་ཡིག་འབྲུ་སུམ་ཅུ་སོ་གཉིས་ལ་ཤླཽ་ཀ་གཅིག་ཏུ་བརྩིས་ཏེ་ཤླཽ་ཀ་སུམ་བརྒྱ་སྟེ་ཡིག་འབྲུ་ཚེག་བར་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་ཡིན་ཅིང་། བམ་པོ་རེ་ལ་ཆ་སྙོམས་ཀྱི་ལེའུ་གཉིས་རེ་དང་། ལེའུ་རེར་ཡིག་འབྲུ་ཚེག་བར་བཞི་སྟོང་བརྒྱད་བརྒྱ་ཡོད། བོད་སྐད་ཀྱི་རྩོམ་ཡིག་ལ་ནི། ཚིགས་བཅད་ཚིག་རྐང་བཞི་རེར་ཤླཽ་ཀ་རེར་བརྩིས་པ་གོང་དང་འདྲ་ཞིང་། ཚིག་ལྷུག་ཡིན་ན་ཚེག་བར་ཉི་ཤུ་རྩ་བརྒྱད་དེ་ལ་ཤླཽ་ཀ་རེ་དང་། ཤླཽ་ཀ་སུམ་བརྒྱ་ཐམ་པ་སྟེ་ཡིག་འབྲུ་ཚེག་བར་བརྒྱད་སྟོང་བཞི་བརྒྱ་ལ་བམ་པོ་གཅིག །བམ་པོ་རེར་ཆ་སྙོམས་ཀྱི་ལེའུ་གཉིས་རེ་དང་། ལེའུ་རེར་ཡིག་འབྲུ་ཚེག་བར་བཞི་སྟོང་ཉིས་བརྒྱ་རེ་ཡོད་ཅེས་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་འགའ་ཞིག་ལས་གསལ། ཞེས་གསུངས་སོ།།

དེ་བཞིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་འཕགས་པ་བརྒྱད་སྟོང་པའི་འགྲེལ་ཆེན་རྒྱན་སྣང་ལས་བཏུས་པའི་ཉེར་མཁོ་མདོ་དོན་ལྟ་བའི་མིག་འབྱེད་ལས[75]། ཤླཽ་ཀ་ལའང་མི་མཐུན་པ་མང་ཡང་རང་ལུགས་ནི། ཚིག་བཅད་ལྷུག་གཉིས་ལས་ཚིགས་བཅད་ལ་ཚིག་རྐང་རིང་ཐུང་གང་ཡིན་ཡང་རུང་སྟེ། ཚིག་རྐང་བཞི་ལ་ཤླཽ་ཀ་རེ་བྱས་ལ། ཚིག་ལྷུག་ལ་ནི། རྒྱ་ཡིག་གི་དབང་དུ་བྱས་ན་ཡི་གེ་སོ་གཉིས་དང་། བོད་ཡིག་ལ་ཚེག་བར་ཉེར་བརྒྱད་ལ་ཤླཽ་ཀ་རེ་བྱའོ། །ཞེས་རྒྱ་བོད་ཀྱི་ལུགས་གཉིས་ལ་རྒྱ་གར་འཕགས་ཡུལ་ལྟར་ན་ཡི་གེ་སོ་གཉིས་དང་། བོད་ཡིག་གི་དབང་དུ་བྱས་ན་ཡི་གེ་ཉེར་བརྒྱད་རེ་ལ་ཤླཽ་ཀ་རེ་བྱས་པས། བོད་སྐད་དུ་རྐང་པ་རེར་ཡི་གེ་རེ་ཉུང་དུ་འགྲོ་བར་གསུངས། དེ་ཡང་ཀུན་མཁྱེན་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པའི་ངལ་གསོ་བའི་ཡོངས་འདུའི་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ལས[76] ། བམ་པོ་ལ་ཚད་མཐའ་གཅིག་ཏུ་ངེས་པའང་མིན་ལ། མདོར་ན་རྒྱ་གར་གྱི་བསྟན་བཅོས་བོད་སྐད་དུ་བསྒྱུར་བ་ན་ཤླཽ་ཀ་འཕེལ་བའམ་ཉུང་ངུར་གྱུར་པས་ཚད་བཞག་མ་ནུས་པས་བམ་པོའི་ཚད་དུ་བཅོས་པ་ཡིན་ནོ། །ཞེས་མང་ཉུང་ལ་འགྱུར་བ་འགྲོ་བ་དང་། དེ་ལ་བརྟེན་ནས་རྒྱ་གཞུང་ལྟར་ཤླཽ་ཀའི་གྲངས་ཚད་འཇོག་མི་ནུས་པས་བོད་གངས་ཅན་གྱི་ལྗོངས་སུ་བམ་པོའི་ཚད་དུ་བཅོས་པར་གསུངས་སོ།།

གཞན་ཡང་ཚིགས་བཅད་གཅིག་ལ་ཚིག་རྐང་དང་ཡིག་འབྲུ་ཇི་ཙམ་བརྩི་བ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[77]། ཤླཽ་ཀ །ཚིགས་བཅད་ཡིན་ན་ཚིག་རྐང་བཞི་ལ་ཤླཽ་ཀའམ་ཚིགས་བཅད་གཅིག་དང་། ཚིག་ལྷུག་ལ་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤླཽ་ཀ་རེར་བརྩིས། ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བརྩིས། ཞེས་བྱུང་བ་ལྟར། དབུས་པ་བློ་གསལ་རྩོད་པའི་སེང་གེས་ (དུས་རབས་༡༣སྟོད།) མཛད་པའི་བསྟན་བཅོས་ཀྱི་དཀར་ཆག་ལས་[78] ཀྱང་། སྔོན་གྱི་གསུང་རབ་རྣམས་སུ་ཚིགས་བཅད་གཅིག་ལ་རྐང་པ་བཞི་དང་། རྐང་པ་རེར་ཚེག་བར་བརྒྱད་དུ་བརྩིས་པའི་ཚིགས་བཅད་གཅིག་ལ་ཚེག་བར་སུམ་ཅུ་སོ་གཉིས་ཡོད་ཅིང་། བརྒྱད་སྟོང་པར་ཚེག་བར་སོ་གཉིས་ཅན་བརྒྱད་སྟོང་ཡོད་པས་ཡུམ་བསྡུས་པར་བརྒྱད་སྟོང་པ་ཞེས་བཏགས་པར་མཛད། གཞུང་ཚད་འཇལ་བའི་སྲོལ་འདི་ཡང་གཙོ་བོ་ལེགས་སྦྱར་གྱི་དབང་དུ་བྱས་པར་སེམས། དེ་ལྟ་མིན་ན་བོད་སྐད་དུ་གོང་གི་རྐང་པ་གཅིག་ལ་ཚེག་བར་བདུན་དང་། ཚིགས་བཅད་གཅིག་ལ་རྐང་པ་ཉེར་བརྒྱད་ཡོད་པ་ཡིན། ཞེས་གསལ་བ་ལྟར་རོ།།

གསུམ་པ་ནི། ཚེག་བར་དགུ་ལ་རྐང་པ་རེ་དང་། རྐང་པ་བཞི་ལ་ཤླཽ་ཀ་གཅིག་སྟེ། ཚིག་ལྷུག་ཚེག་བར་སོ་དྲུག་ལ་ཤླཽ་ཀ་གཅིག་ཏུ་བརྩིས་པའི་ལུགས་ནི། ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[79]། ངོ་བོ་ཤེས་རབ་ཕྱོགས་ཀྱི་དཀར་ཆག་ལཿ རྒྱས་པ་འབུམ་ལ་བམ་པོ་ཤླཽ་ཀཿ ཚེག་བར་དགུ་ཡིས་བཅད་པའི་ཚིག་རྐང་ནིཿ ཤད་བར་བཞི་ལ་ཤླཽ་ཀ་ཟེརཿ དེ་བས་ཤླཽ་ཀ་འབུམ་ཡོད་པའི་ཕྱིརཿ བརྗོད་བྱ་རྒྱས་པ་འབུམ་ཞེས་བྱཿ ཞེས་གསུངས་པ་ལྟར། ཚེག་བར་དགུ་ལ་རྐང་པ་གཅིག་དང་། དེ་ཤད་ཀྱིས་བཅད་པའི་རྐང་པ་བཞི་ལ་ཤླཽ་ཀ་གཅིག་དང་། དེ་ལྟར་འབུམ་ཡོད་པས་རྒྱས་པ་འབུམ་ཞེས་མཚན་ཐོགས་པ་སྟེ། ཚེག་བར་ཆ་བཞི་དང་ཡ་གཅིག་ཅན་གྱི་ཚིགས་བཅད་ལ་དགུ་བཞི་སུམ་ཅུ་སོ་དྲུག་གི་དབང་དུ་བྱས་ནས་རྒྱས་པ་འབུམ་གྱི་མཚན་བཏགས་པར་གསུངས་སོ།།

ཡང་རྒྱ་གཞུང་གི་ཚིག་རྐང་རིང་ཤོས་ལ་ཚེག་བར་སོ་དྲུག་ཅན་ཡང་ཡོད་པ་ནི། བསྟན་འགྱུར་དཔེ་བསྡུར་མ་ལས[80]། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ། རྟོག་གེ་བའི་ཚོགས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་ལྔ་ནས་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་དཔལ་གྱི་མཐའ་ཅན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདིའི་གཞུང་ཚད་ནི་བླ་མའི་ཕྱག་དཔེ་ལ་ཚིག་རྐང་པ་བཞིའི་རེ་རེ་ནང་ཡི་གེ་སུམ་ཅུ་རྩ་དྲུག་ཏུ་གནས་ཤིང༌། རྐང་པ་བཞི་ཀ་བསྡོམས་པས་ཡི་གེ་སྟོང་སུམ་བརྒྱ་བཞི་བཅུ་རྩ་བཞི་བཞུགས་སོ། །བོད་ཀྱི་དཔེ་ལ་ནི་ཚིག་རྐང་རེ་རེ་ལ་ཚེག་བར་ཉིས་བརྒྱ་དགུ་བཅུ་རྩ་ལྔ་ཡོད་ཅིང༌། བསྡོམས་པས་ཚེག་བར་སྟོང་བརྒྱ་བརྒྱད་ཅུ་ཡོད་དོ། །ཞེས་བྱུང་བ་ལྟར། བསྟོད་པ་རྒྱུན་ཆགས་འདི་ཉིད་ནི་ཚིགས་རྐང་ཪིང་ཤོས་ཀྱི་ཚིགས་བཅད་ཀྱི་འབྲི་ལུགས་ཡིན་འདུག་པ་བཅས་སོ།།

ཏ། བམ་གྲངས་མང་ཉུང་དང་གླེགས་བམ་ཆེ་ཆུང་།

དེ་ལྟར་ཚེག་བར་མང་ཉུང་དང་ཚིག་རྐང་རིང་ཐུང་ལ་བལྟོས་ནས་བམ་ཚད་མང་ཉུང་དང་། དེ་ལ་བརྟེན་ནས་གླེགས་བམ་ཆེ་འབྲིང་གསུམ་ཆུང་གསུམ་འཇོག་པ་ལྟར། སོག་པོ་ཁུ་རེའི་བཀའ་འགྱུར་དཀར་ཆག་ལས[81]། དེ་ལྟར་ཕལ་པོ་ཆེའི་ལེའུ་ཇི་སྙེད་པ་འདི་ལ་ཀུན་མཁྱེན་བུས་ལེའུ་བཞི་བཅུ་རྩ་ལྔ་པ་ཡན་ཆད་དུ་ཤླཽ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་དང་སུམ་ཅུ་དང་ཤླཽ་ཀ་སུམ་ཅུ་ཡོད་པར་གསུངས་སྣང་བ་ཤླཽ་ཀ་སུམ་བརྒྱ་ལ་བམ་པོར་བཅད་པའི་དབང་གིས་ཡིན་ལ། དཀར་ཆག་ལྡན་དཀར་མར་བམ་པོ་བརྒྱ་དང་ཉི་ཤུ་རྩ་བདུན་དུ་མཛད་སྣང་། འདིར་ནི་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་དང་མཐུན་པར་ལེའུ་ཞེ་ལྔ་པ་ཡན་བམ་པོ་བརྒྱ་དང་བཅོ་ལྔ། དེ་ཕྱིན་བམ་པོ་གཅིག་བཅས་བརྒྱ་དང་བཅུ་དྲུག་ཡོད་ཅིང་། བམ་ཚད་ནི་ཕལ་ཆེར་ཤླཽ་ཀ་སུམ་བརྒྱ་ཙམ་དང་། འགའ་ཞིག་བཞི་བརྒྱ་དང་ཕྱེད་བཞི་བརྒྱ་པའང་ཡོད་པར་འདུག་གོ །ཞེས་གསུངས་སོ།།

དེ་བཞིན་གླེགས་བམ་ཆེ་ཆུང་གི་ཚད་ནི། བུ་སྟོན་རིན་ཆེན་དོན་གྲུབ་ཀྱིས་ (1290-1364) མཛད་པའི་ཤེར་ཕྱིན་ལུང་གི་སྙེ་མ༌ལས[82]། གཉིས་པ་ནི། བམ་པོ་ཆེ་བ་ནི། ཤླཽ་ཀ་སྟོང་གི་སུམ་ཆ་ལ་བྱས་པ་དང༌། ཆུང་བ་ཤླཽ་ཀ་སུམ་བརྒྱ་ལ་བྱས་པ་གཉིས་ལས། འདིར་ཐ་མ་སྟེ། རྒྱ་དཔེ་ལ་ཤླཽ་ཀ་སྟོང་ལྔ་བརྒྱ་ཞེས་འབྱུང་བས་སོ། །ཤླཽ་ཀ་ནི། ཚིགས་བཅད་ཡིན་ན། ཚིགས་བཅད་ཀྱི་རྐང་པ་བཞི་ལ་ཤླཽ་ཀ་གཅིག་གོ །ལྷུག་པ་ལ་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤླཽ་ཀ་གཅིག་གོ །ཞེས་གླེགས་བམ་ཆེ་ཆུང་གཉིས་སུ་དབྱེ་ནས་གསུངས་ལ། དེ་བཞིན་གུང་རུ་རྒྱལ་མཚན་དཔལ་བཟང་པོས་ (1383-1450) མཛད་པའི་བྱམས་པའི་དགོངས་རྒྱན་ལས[83]། བམ་པོ་ཆེ་བ་ཤླཽ་ཀ་སྟོང་གི་སུམ་ཆ་ལ་བྱས་པ་དང༌། ཆུང་བ་ཤོ་ལོ་སུམ་བརྒྱ་ལ་བྱས་པ་གཉིས་ལས། འདིར་ཐ་མ་སྟེ། རྒྱ་དཔེ་ལ་ཤླཽ་ཀ་སྟོང་ལྔ་བརྒྱ་ཞེས་འབྱུང་ཞིང་བམ་པོ་ལྔར་བྱས་པས་སོ། །དང་པོ་ནི་ལྔ་ཡོད་པའི་ཐོག་མ་སྟེ་འཆད་པར་འགྱུར་བའོ། །ཞེས་དང་། དེ་མཚུངས་དྭགས་པོ་ཕྱོགས་ལས་རྣམ་རྒྱལ་ (1456-1539) གྱིས་མཛད་པའི་མངོན་རྟོགས་རྒྱན་རྩ་འགྲེལ་གྱི་སྦྱོར་ཊཱིཀ་འཇིག་རྟེན་གསུམ་སྒྲོན་ལ་འཇུག་པ་ལས[85]། བམ་པོ་ལའང་ཤླཽ་ཀ་སྟོང་གི་སུམ་ཆ་ལ་བམ་པོར་བྱས་པ་དང་། ཤླཽ་ཀ་སུམ་བརྒྱ་ལ་བམ་པོར་བྱས་པ་གཉིས་ལས། འདིར་ཕྱི་མ་སྟེ། ཤླཽ་ཀ་སྟོང་ལྔ་བརྒྱ་ལ་བམ་པོ་ལྔར་བྱས་པས་སོ། །དང་པོ་ཞེས་པ་ནི། བམ་གྲངས་ལྔ་ཡོད་པའི་དང་པོ་འདི་ནས་འཆད་པའོ། །ཞེས་དཔེ་དང་བཅས་ཏེ་གསུངས་པ་ལྟར་རོ།།

གཞན་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་འཕགས་པ་བརྒྱད་སྟོང་པའི་འགྲེལ་ཆེན་རྒྱན་སྣང་ལས་བཏུས་པའི་ཉེར་མཁོ་མདོ་དོན་ལྟ་བའི་མིག་འབྱེད་ལས[86]། སྤྱིར་བམ་ཚད་ལ་མི་མཐུན་པ་དུ་མ་ཡོད་དེ། ཤླཽ་ཀ་བདུན་བརྒྱ་རེ་ལ་བམ་པོ་རེ་བྱས་པ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ཤླཽ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པ་དང་། ཤེས་རབ་སྙིང་པོ་ལྟ་བུ་ཤླཽ་ཀ་ཉེར་ལྔ་ལ་བམ་པོ་རེ་བྱས་པ་སོགས་དུ་མ་ཡོད་ཀྱང་། སྐབས་འདིར་ཤླཽ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པའོ། །ཞེས་གསུངས་པ་ལྟར་བམ་ཚད་ཆེ་ཤོས་ལ་ཤླཽ་ཀ་ ༧༠༠ དང་། བམ་ཚད་ཆུང་ཤོས་ཤེར་ཕྱིན་ཉེར་ལྔ་པ་སྟེ་ཤླཽ་ཀ་ཉེར་ལྔར་བམ་པོ་གཅིག་ཏུ་བྱས་པ་སོགས་ཆེ་ཆུང་སྣ་ཚོགས་བྱུང་ཡོད།

འོན་ཀྱང་སྤྱི་ཡོངས་ཀྱི་གླེགས་བམ་ཆེ་འབྲིང་ཆུང་གསུམ་གྱི་ཚད་གཞི་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[87]། པོ་ཏི་གཅིག །འདི་ལ་ཆེ་འབྲིང་ཆུང་གསུམ་ཡོད། ཆེ་བ་ལ་ཤོག་གྲངས་ལྔ་བརྒྱ་སྐོར་དང་། འབྲིང་བར་བཞི་བརྒྱ་དང་སུམ་བརྒྱ་བརྒལ་ཙམ། ཆུང་བར་སུམ་བརྒྱ་མ་ལོངས་པ་ནས་བརྒྱ་དང་ལྔ་བཅུ་ཡན། ཞེས་པོ་ཏི་ཆེ་ཆུང་ཤོག་གྲངས་མང་ཉུང་གི་ཐོག་ནས་འཇོག་པར་གསུངས་ཤིང་། ཡང་དེ་ཉིད་ལས[88]།  གླེགས་བམ། དེ་སྔོན་བོད་དུ་གསུང་རབ་ཀྱི་དཔེ་ཆ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་ཚེག་བར་སུམ་ཅུ་སོ་གཉིས་ནས་སོ་དྲུག་གང་རུང་ལ་ཤླཽ་ཀ་རེ་དང་། ཤླཽ་ཀ་སུམ་བརྒྱ་ལ་བམ་པོ་རེར་བྱས་ཏེ་གླེགས་ཤིང་གཉིས་ཀྱི་བར་དུ་བསྡམས་ནས་འཇོག་པ་ལ་གླེགས་བམ་གཅིག་ཏུ་བརྩིས་པ་དང་། རྗེས་སུ་གླེགས་བམ་ཆེ་བར་ཤོག་གྲངས་ ༥༠༠ ཡས་མས་དང་། འབྲིང་བར་ཤོག་གྲངས་ ༣༠༠ ནས་ ༤༠༠ ཙམ། ཆུང་བར་ཤོག་གྲངས་ ༢༠༠ ལྷག་ཙམ་ཡོད། བོད་ཡིག་གི་ཤོག་གྲངས་ནི་ཤོག་ངོས་རྒྱབ་མདུན་གཉིས་ཤོག་གྲངས་གཅིག་ཏུ་རྩི་བ་ཡིན། ཞེས་ཚེག་བར་མང་ཉུང་དང་། དེ་ལ་བརྟེན་ནས་བམ་པོ་མང་ཉུང་། དེ་ལ་བརྟེན་ནས་ཤོག་གྲངས་མང་ཉུང་དང་། གླེགས་བམ་ཆེ་འབྲིང་ཆུང་གསུམ་དབྱེ་ཚུལ་བཅས་གསལ་བར་གསུངས་སོ།།

མདོར་ན། ཆོས་རྗེ་ཉ་དབོན་ཀུན་དགའ་དཔལ་གྱིས་ (1285-1379) མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་ལས་[89] ། གཉིས་པ་ནི། བམ་པོ་ནི། སིལ་བུ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་བརྡ་རྙིང་སྟེ་དེ་ལ་བམ་པོ་ཆེ་བ་ཤླཽ་ཀ་སྟོང་གི་སུམ་ཆ་ལ་བྱས་པ་དང་། ཆུང་བ་ཤླཽ་ཀ་སུམ་བརྒྱ་ལ་བྱས་པ་གཉིས་གཙོ་ཆེ་ཞིང་གཞན་ཡང་ཡོད་མོད། དེ་གཉིས་ལས་འདིར་ཐ་མ་སྟེ་རྒྱ་དཔེ་ལ་ཤླཽ་ཀ་སྟོང་ལྔ་བརྒྱ་ཞེས་འབྱུང་བས་སོ། །ཤླཽ་ཀ་ནི་ཚིགས་བཅད་ཡིན་ན་རྐང་པ་བཞིའོ། །ལྷུག་པ་ཡིན་ན་ཚེག་བར་སོ་གཉིས་ལ་ཤླཽ་ཀ་གཅིག་ཏུ་བགྲང་ངོ༌། །ཆོས་བཤེས་ལ་ལར་སོ་གསུམ་ཞེས་འབྱུང་བ་ནི་མ་དག་པའོ། །དགོས་པ་གཞུང་ཚད་མང་ཉུང་རྟོགས་པ་དང་གཞུང་ཚིག་ལ་སྒྲོ་སྐུར་སྤང་བའི་ཕྱིར་ལོ་ཙྪ་བས་བྱས་ཀྱི་རྒྱ་དཔེ་ལ་མེད་དོ། །ཞེས་གསལ་བ་ལྟར་བམ་པོ་རེ་ལ་ཤླཽ་ཀ་མང་ཉུང་མི་འདྲ་བ་ཡོད་པ་སྟེ། དགེ་སློང་མ་ཡི་མདོ་ལྟ་བུ་ཤླཽ་ཀ་བརྒྱད་བརྒྱ་ལ་བམ་པོ་རེ་བྱས་པ་དང་། དགེ་སློང་ཕའི་མདོར་ཤླཽ་ཀ་བདུན་བརྒྱ་ལ་བམ་པོ་བྱས་པ་དང་། འགྲེལ་པ་དོན་གསལ་གྱི་རྒྱ་དཔེ་ཤླཽ་ཀ་ ༡༥༠༠ དང་བམ་པོ་ལྔ་ཡོད་ཀྱང་། བོད་ཡིག་ལ་ཤླཽ་ཀ་སུམ་བརྒྱ་རེ་ལ་བམ་པོ་རེ་བྱས་པ་དང་། ཤེས་རབ་སྙིང་པོ་ལྟ་བུ་ཤླཽ་ཀ་ཉི་ཤུ་རྩ་ལྔ་ལ་བམ་པོ་རེ་བྱས་པ་སོགས་སྣ་ཚོགས་སུ་སྣང་ངོ་།།

རྒྱ་གར་འཕགས་ཡུལ་དུ་དཀར་ཆག་རིག་པའི་ལམ་སྲོལ་ཡོད་ཚུལ་དང་། དེ་དག་ལ་གཞི་བཅོལ་ནས་བོད་ཀྱི་དཀར་ཆག་ལ་སྔ་བ་གསུམ་པོ་སྒྲིག་ཚུལ་སྐོར་གྱི་ཡིག་ཆ་མ་མཇལ་ཞིང་། བོད་ཀྱི་ལམ་སྲོལ་ལྟར་བམ་གྲངས་དང་། ཚེག་ཤད་ཀྱི་གྲངས་སོགས་ཞིབ་གསལ་འགོད་སྲོལ་རྣམས་ནི་བཙན་པོའི་སྐབས་སུ་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་གསར་གཏོད་མཛད་པ་ཞིག་ཡིན་ལ། བཀའ་བསྟན་གྱི་གཞུང་དུ་བམ་པོ་དང་ལེའུ་གཉིས་ཐ་དད་དུ་བྱས་ཏེ་བཀོད་ཡོད། དེ་ཡང་ལེའུ་གཅིག་ལ་བམ་པོ་གཉིས་གསུམ་ཡོད་པ་དང་། ཡང་ན་ལེའུ་གཉིས་གསུམ་ལ་བམ་པོ་གཅིག་ཡོད་པ་སོགས་སྣ་ཚོགས་ཡོད། དཔེར་ན། སྤྱོད་འཇུག་ལ་ལེའུ་བཅུ་ལ་བམ་པོ་གཉིས་སུ་བྱས་པ་བཞིན་ནོ།།

ཐ། གཞུང་ཚད་ལེའུ་དང་རབ་བྱེད་སོགས།

དེ་ཡང་ལེའུའི་སྐད་དོད་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) གིས་མཛད་པའི་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་ལས[90]། འཇིག་རྟེན་གྱི་ཁམས་ཀྱི་ལེའུའི་འགྲེལ་བཤད་རྫོགས་སོ་ཞེས་བྱ་བ་ནི་ལེའུ་བཤད་ཟིན་པར་བསྟན་པ་སྟེ། ལེའུའི་སྐད་དོད་པ་ཊ་ལ་ཅེས་པའི་པ་ཊ་གོས་སམ་སྣམ་བུ་ལ་འཇུག་ལ། ཇི་ལྟར་གོས་ཀྱིས་མཆུ་སྦྲང་ལ་སོགས་པའི་ཉེ་བར་འཚེ་བ་བཟློག་པ་དེ་བཞིན་དུ་བརྗོད་བྱའི་དོན་གསལ་བར་བསྟན་པས་སྒྲིབ་པ་དང་ངན་འགྲོ་ལས་སྐྱོབ་པ་དང་། ལཱ་ཏི་ལེན་པ་ལ་འཇུག་པས་འདིས་རྒྱུད་ཀྱི་དོན་ལེན་པར་བྱེད་པས་ན་ལེའུ་ཞེས་བྱ་སྟེ་ངེས་ཚིག་གིས་བཤད་པའོ། །ལེའུའི་སྐད་དོད་པ་རི་ཝ་ཏྲ་ཞེས་པ་ཡོངས་སུ་བསྒྱུར་བའམ་ཡོངས་སུ་བརྗེ་བས་ན་ལེའུ་ཞེས་བྱ་བ་དང་། ཡང་ལེའུའི་སྐད་དོད་པ་རི་ཚེ་ད་ཞེས་པ་ཡོངས་སུ་གཅོད་པ་སྟེ། བརྗོད་བྱའི་དོན་ཚན་སོ་སོར་ཡོངས་སུ་གཅོད་པས་ན་ལེའུ། ལེའུའི་སྐད་དོད་ཀྲ་མ་བྷེད་ཅེས་པ་རིམ་པར་ཕྱེ་བ་སྟེ། བརྗོད་བྱའི་དོན་རིམ་པ་སོ་སོར་ཕྱེ་སྟེ་སྟོན་པས་ན་ལེའུ་ཞེས་བྱའོ། །དེ་ལྟར་ལེའུར་སྐད་དོད་མི་འདྲ་བ་དུ་མ་ཡོད་པས་ངེས་ཚིག་ཀྱང་དུ་མར་འགྱུར་བ་ཡོད་ཀྱི། འདིར་རྒྱ་དཔེ་ལ་པ་ཊ་ལ་ཞེས་པ་ཡོད་དོ་ཞེས་གསུང་བས་ངེས་ཚིག་ཀྱང་གོང་གི་ཉིད་སྦྱར་བར་བྱའོ། །ཞེས་སྤྱིར་ལེའུའི་སྐད་དོད་མི་འདྲ་བ་མང་དུ་ཡོད་པར་གསུངས་ལ། དེ་བཞིན་རྗེའི་གསུང་འགྲེལ་པ་བཞི་སྦྲགས་ལས་[91]ཀྱང་ལེའུ་ཞེས་པ་གཙོ་བོར་བརྗོད་བྱ་ལ་བཏགས་པར་གསུངས་སོ།།

དེ་ལྟར་ཚིག་དོན་མི་འཁྲུགས་པར་བྱེད་པའི་རྟགས་ལེའུ་དང་། ཆོ་ག །དུམ་བུ། རིམ་པར་ཕྱེ་བ་སོགས་མང་དུ་ཡོད་པ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱིཀྐ་ལས[92]། བཞི་པ་ནི། འོ་ན་གཞུང་དེའི་ཚད་གང་སྙམ་པ་ལ། ཚད་ནི་བཞི་སྟེ། ལེའུ་དང༌། ཆོ་ག་དང༌། དུམ་བུ་དང༌། རིམ་པར་ཕྱེ་བའོ། །
ལེའུ་དེ་བཞིན་ཆོ་ག་དང༌། །དུམ་བུ་དེ་བཞིན་རིམ་པར་ཕྱེ། །
དེ་ནི་རྣམ་པ་བཞིར་འགྱུར་ཞིང༌། །གཞུང་ཉིད་ཀྱི་ནི་གྲངས་ཡིན་ནོ། །[93]
ཞེས་སོ། །པ་ཚབ་ཀྱིས་བསྒྱུར་བ་ལས། །དེ་ནི་རྣམ་པ་གཞིར་འགྱུར་བ། །གཞུང་ལའང་གྲངས་ཀྱིས་ཀྱང་ཡིན་ནོ། །ཞེས་དང༌། ཆག་འགྱུར་ལས། གཞུང་ཉིད་ཀྱིའང་གྲངས་ཀྱིས་སོ། །ཞེས་འབྱུང་བས་ཚད་ལ་བརྗོད་བྱའི་དོན་གྱི་གྲངས་དང༌། རྗོད་བྱེད་གཞུང་གི་གྲངས་ཀྱི་ཚད་གཉིས་སུ་བྱས་ཏེ།  དེ་གཉིས་རེ་རེ་ལ་ལེའུ་སོགས་བཞི་བཞིའོ། །དེ་ཡང་འདུས་པ་ལྟ་བུ་ཞིག་ལ་མཚོན་ན་གཞུང་གི་གྲངས་ཚད་ནི་ལེའུ་བཅུ་བདུན། ཆོ་གའི་སྐད་དོད་ཀལྤ་ཞེས་པ་རྟོག་པ་ལ་ཡང་འགྲོ་བས་རྟོག་པ་བཅུ་བདུན། དུམ་བུ་བཅུ་བདུན། རིམ་པར་ཕྱེ་བ་བཅུ་བདུན་ཏེ། མདོར་ན་གཞུང་ལ་ལེའུ་དུ་ཡོད་པའི་ཚད་དོ།།

དོན་གྱི་ཚད་ནི་དོན་གྱི་ལེའུ་སོགས་ཡིན་ལ། དེ་ཡང་པ་རི་ཙྪེདཿཡོངས་སུ་གཅོད་པ་སྟེ། དོན་གྱི་ཁྱད་པར་འདིས་མི་མཐུན་ཕྱོགས་འདི་དང་འདི་གཅོད་ཅེས་པའོ། །རྟོག་པ་བྱེད་པས་ན་རྟོག་པ་སྟེ་ཞི་སོགས་ཀྱི་ལས་ཚོགས་ཐབས་འདིས་སྒྲུབ་པར་བྱེད་པའི་རྟོག་པའམ་ཆོ་ག་ཞིབ་མོའོ། །དུམ་བུར་བྱེད་པས་ན་ཁཎྜ་སྟེ་དུམ་བུ་ཡིན་ལ། དེ་ཡང་རིམ་པ་ལྔ་དང་ཡན་ལག་དྲུག་ལ་སོགས་པ་ལམ་གྱི་རིམ་པ་ཚན་ཚན་དུ་བྱས་པའོ། །རིམ་པར་ཕྱེ་བ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པར་བྱས་པ་ལྟ་བུའོ། །བོད་ཀྱི་མཁས་པ་སྔ་མ་རྣམས་དེ་བཞིན་རྒྱུད་ཀྱི་ནུས་པ་ལ་ཚད་དུ་བྱས་པར་འཆད་ལ། ཤྲཱདྡྷ་ཀ་རས[94] །
ལེའུ་ནི་རྣམ་པ་བཅུ་བདུན་ཏེ། །ཆོ་ག་ཉི་ཤུར་མཁས་པས་བཤད། །
དུམ་བུ་ཕྱི་མའི་རྒྱུད་དང་ནི། །བཤད་པའི་རྒྱུད་རྣམས་གྲགས་པ་ཡིན། །
བསྐྱེད་དང་རྫོགས་པའི་སྒྲུབ་ཐབས་དང༌། །སྲིད་པ་སྐྱེ་འཆིའི་རིམ་པ་ཡི། །
དབྱེ་བ་བརྗོད་པ་རིམ་པ་ཡིན། །
ཞེས་བཤད་ཅིང༌། །སྒྲོན་གསལ་གྱི་འགྲེལ་བཤད་རབ་ཏུ་སྒྲོན་གསལ་ལས[95]། ཡོངས་སུ་གཅོད་པས་ལེ་འུ་སྟེ། །རྟོག་པ་ཉིད་ཀྱིས་ཆོ་གར་འགྱུར། །སྤྲོས་པ་མང་བས་དུམ་བུ་སྟེ། །སྒྲིབ་པ་མེད་པས་རིམ་པར་ཕྱེ། །ཞེས་འཆད་དོ། །ཞེས་གསུངས་པ་ལྟར། ལེའུ་དང་། ཆོ་ག །དུམ་བུ། རིམ་པར་ཕྱེ་བ། དེ་ཡང་བརྗོད་བྱ་རྗོད་བྱེད་དང་། ནང་གསེས་ཀྱི་དབྱེ་ཚུལ་སོགས་གསལ་བར་གསུངས་སོ།།

དེ་ཡང་ལེའུ་སོགས་དུམ་བུའི་མིང་གི་རྣམ་གྲངས་གང་དག་ཡོད་པ་དང་། དེ་དག་མདོ་སྔགས་གཞུང་ལུགས་སོ་སོར་ཐུན་མོང་མ་ཡིན་པ་ཇི་ལྟར་གསལ་བ་ནི། ཚིག་ལེའུར་བྱས་པ་དང་། ཤླཽ་ཀ །ཚིགས་བཅད་རྣམས་དོན་གཅིག་ཅིང་། མདོར་ན་ཚིགས་བཅད་གཅིག་དང་། ཚིག་རྐང་བཞི། རྒྱ་གར་སྐད་དུ་ཤླཽ་ཀ་གཅིག་རྣམས་དོན་གཅིག་ཡིན། དེ་ཡང་ལེའུ་ཞེས་པ་ནི་དུམ་བུའི་མིང་སྟེ། སྐབས་དང་། སྒོ། ཆོ་ག །ཆོ་ག་ཞིབ་མོ། རྟོག་པ། བརྟག་པ། བརྟགས་པ། འདུས་པ། སྡེ་ཚན། ཚོམས། རབ་ཏུ་བརྟགས་པ། རབ་ཕྱེད། རབ་བྱེད། རབ་འབྱམས། རིམ་པར་ཕྱེ་བ། སརྒ་རྣམས་ཕལ་ཆེར་མཚུངས་ཀྱང་། མདོ་སྔགས་གཉིས་དང་། གཞུང་ཆེན་བཀའ་པོད་ལྔ་སོགས་གཞུང་ལུགས་ཆེན་པོ་རྣམས་སུ་རང་རང་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐ་སྙད་རེ་བཀོལ་སྤྱོད་གནང་བའི་ལམ་སྲོལ་གཏན་འཇགས་ལྟ་བུ་ཡོད་པ་སྟེ། དཔེར་ན་རྒྱལ་བའི་བཀའ་འགྱུར་གྱི་དབང་དུ་བྱས་ཚེ། ཅོ་ནེའི་བཀའ་འགྱུར་དཀར་ཆག་ལས[96] ། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་པ་བརྟག་པ་རེ་རེ་ལ་རབ་བྱེད་གསུམ་གསུམ་སྟེ་རབ་བྱེད་སུམ་ཅུ་པ་པཎྜི་ཏ་ག་ཡ་དྷ་ར་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཞེས་གསལ་བ་ལྟར་ཀྱེ་རྡོར་གྱི་རྒྱུད་སོགས་རྒྱུད་དུ་མར་བརྟག་པའི་ཐ་སྙད་བྱེད་པ་དང་། བཀའ་འགྱུར་གྱི་ཆེད་དུ་བརྗོད་པའི་ཚོམས་ལས [97] ། དེ་བས་བདག་ཉིད་གདུལ་བར་བྱ། །རྟ་ཡི་ཚོམས་ཏེ་བཅུ་དགུ་པའོ། །ཞེས་གསུངས་པ་ལྟར་རྟ་ཡི་ཚོམས་དང་གླང་པོའི་ཚོམས་ཞེས་སོགས་ཚོམས་ཀྱི་ཐ་སྙད་མཛད། དཀོན་མཆོག་བརྩེགས་པའི་མདོར་ལེའུར་འདུས་པའི་ཐ་སྙད་བྱས་ཡོད། དཔེར་ན། དེ་ཉིད་ལས[98] ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་མངལ་ལ་གནས་པ་བསྟན་པའི་འདུས་པ་སྟེ་འདུས་པ་བཅུ་གསུམ་པ་རྫོགས་སོ། །ཞེས་གསུངས་པ་ལྟ་བུའོ།།

དེ་བཞིན་དགོངས་འགྲེལ་བསྟན་འགྱུར་གྱི་དབང་དུ་བྱས་ན། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས[99]། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་ཆོས་སྐུའི་སྐབས་ཏེ་བརྒྱད་པའོ། །ཞེས་སྐབས་ཀྱི་ཐ་སྙད་བྱེད་པ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལས[100]། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ། །ཞེས་རབ་བྱེད་ཀྱི་ཐ་སྙད་བྱེད་ཅིང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས[101]། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ། །ཞེས་གནས་ཀྱི་ཐ་སྙད་བྱས། དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པ་ལས[102]། དབུ་མ་ལ་འཇུག་པ་ལས་ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་བཅུ་པའོ། །ཞེས་སེམས་བསྐྱེད་ཀྱི་ཐ་སྙད་བྱེད། ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་ལས[103]། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་བརྒྱད་པའོ། །ཞེས་སྒོའི་ཐ་སྙད་བྱེད་པ་ལགས་སོ།།

གཞན་ཡང་བོད་ཀྱི་གསུང་འབུམ་གྱི་དབང་དུ་བྱས་ན། འགོས་ལོའི་དེབ་ཐེར་སྔོན་པོ་ལས[104]། དུམ་བུ་ལྔ་པ། དེབ་ཐེར་སྔོན་པོ་ལས། ཇོ་བོ་རྗེ་བརྒྱུད་པ་དང་བཅས་པའི་སྐབས། ཞེས་དུམ་བུའི་ཐ་སྙད་མཛད་ལ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སུ་རིམ་པར་ཕྱེ་བའི་ཐ་སྙད་བྱེད་དེ། དེ་ཉིད་ལས[105]། གཙོ་བོར་སྔགས་ཀྱི་ཐེག་པ་ལས་བརྩམས་པའི་མང་དུ་ཐོས་པ་ཡོངས་སུ་བཙལ་བའི་རིམ་པ་ཕྱེ་བ་སྟེ་བཞི་པའོ། །ཞེས་གསུངས་ལ། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས[106]། དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིང་བྱིན་རླབས་ཀྱི་བང་མཛོད་ཅེས་པ་ལས་ཕན་ཡོན་གྱི་ཁྱད་པར་འཕགས་པའི་སརྒ་བཅུ་གསུམ་པ། ཞེས་སརྒའི་ཐ་སྙད་མཛད་པ་སོགས་ཀྱིས་མཚོན་པར་བྱའོ།།

ད། པཎ་གྲུབ་ཀྱི་གསུང་དུ་གསལ་བའི་རབ་བྱེད་དང་ལེའུའི་མིང་།

དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཁྲོད་རབ་བྱེད་དང་། རབ་ཏུ་ཕྱེ་བ། ཚིག་ལེའུར་བྱས་པའི་མཚན་བཏགས་པ་རྣམས་ནི། ༡ མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ལས། དབང་བཞི་པའི་རབ་ཏུ་བྱེད་པ་དང་། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ།  དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ་བཅས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་པར་ཆོ་གའི་ཐ་སྙད་མཛད་ཡོད།

༢ འཕགས་པ་ལྷའི་གསུང་ལས། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ།  ༣ ལེགས་ལྡན་འབྱེད་ཀྱི་གསུང་། དབུ་མ་སྙིང་པོའི་ཚིག་ལེའུར་བྱས་པ། ༤ དཔལ་ལྡན་ཟླ་བ་གྲགས་པའི་གསུང་། ཕུང་པོ་ལྔའི་རབ་ཏུ་བྱེད་པ། ༥ རྒྱལ་སྲས་ཞི་བ་ལྷའི་གསུང་། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་དང་། ༦ མཁན་ཆེན་ཞི་བ་འཚོའི་གསུང་། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། ༧ སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། དེ་བཞིན་ཀ་མ་ལ་ཤཱི་ལའི་གསུང་མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་པ་བྲུལ་ཚོ་བདུན་དུ་ཕྱེ་ནས་མཛད་པ་སྟེ། བྲུལ་མཚོ་ཞེས་པའི་ཐ་སྙད་ཡོད། ༨ དབྱིག་གཉེན་གྱི་གསུང་། སུམ་ཅུ་པའི་ཚིག་ལེའུར་བྱས་པ་དང་། ཉི་ཤུ་པའི་ཚིག་ལེའུར་བྱས་པ། ལས་གྲུབ་པའི་རབ་ཏུ་བྱེད་པ།  ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། ༩ སློབ་དཔོན་ཕྱོགས་གླང་གི་གསུང་། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུ་བྱས་པ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།  ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༠ དཔལ་ལྡན་ཆོས་གྲགས་ཀྱི་གསུང་། རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འབྲེལ་པ་བརྟག་པའི་རབ་ཏུ་བྱེད་པ། རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། རྟོག་གེ་རབ་ཏུ་བྱེད་པ་སྡེ་བདུན། ༡༡ འཕགས་པ་གྲོལ་སྡེའི་གསུང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ། ༡༢ ཡོན་ཏན་འོད་ཀྱི་གསུང་། བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་སྦྱིན་པའི་རབ་ཏུ་ཕྱེ་བ་དགུ་པ། ༡༣ སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་དང་། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ། ༡༤ ཇོ་བོས་མཛད་པའི་དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་ཞེས་བྱ་བ་ཏིང་ངེ་འཛིན་གསུམ་དུ་ཕྱེ་ནས་མཛད་པ་སོགས་སོ།།

དེ་ཡང་མཁས་དབང་ཟམ་གདོང་རིན་པོའི་གསུང་བཤད་ལས[107]། བསྟན་བཅོས་རྩོམ་སྐབས་ས་བཅད་བཀྲམས་ནས་མཛད་སྲོལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བོད་མིས་སངས་རྒྱས་ཀྱི་བསྟན་པ་ལ་དམིགས་བསལ་གྱི་ཞབས་འདེགས་ཆེན་པོ་ཞིག་བསྒྲུབས་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད། རྒྱ་གར་འཕགས་ཡུལ་དུ་བསྟན་བཅོས་ཆེ་འབྲིང་ཆུང་གསུམ་གང་ཞིག་མཛད་ཀྱང་ལེའུ་དང་། རབ་ཏུ་བྱེད་པ། སྐབས། སེམས་བསྐྱེད་སོགས་ཀྱི་དབྱེ་བ་འབྱེད་པ་ལས། བསྟན་བཅོས་དང་བསྟན་བཅོས་ཀྱི་འགྲེལ་པ་གང་ཞིག་ཡིན་ཡང་བོད་གཞུང་དུ་མགོ་ནས་མཇུག་བར་ས་བཅད་ཀྱི་རིམ་པར་བསྒྲིགས་ཡོད། དེ་ལྟར་མིན་ན་ས་བཅད་ཀྱི་རིམ་པའི་ནང་དུ་གཞུང་གི་བརྗོད་བྱ་ཡོངས་རྫོགས་ཆ་ཚང་ལ། བང་རིམ་འགྲིག་པོ་དཀའ་བ་ཡིན། གདུལ་བྱ་དབང་པོ་རྣོན་པོ་རྣམས་ལ་དཀའ་ངལ་མེད་ཀྱང་། གདུལ་བྱ་དབང་པོ་རྟུལ་པོ་རྣམས་ལ་ས་བཅད་ཀྱི་རིམ་པ་ལྟར་གྱི་གོ་རིམ་མེད་ན་བརྗོད་དོན་ཡོངས་རྫོགས་རྟོགས་དཀའ་བར་བརྟེན་བོད་ཀྱི་མཁས་པ་རྣམས་ཀྱིས་ས་བཅད་ཀྱི་རིམ་པ་ལྟར་སྒྲིག་སྲོལ་འདི་ཉིད་རྩལ་དུ་བཏོན་པ་ཞིག་ཆགས་ཡོད། བཀའ་གདམས་གོང་མ་རྣམས་ཀྱི་གཞུང་ལུགས་ནང་དུ་ས་བཅད་ཡོད་མེད་གཉིས་ཀ་ཡོད་ལ། ས་བཅད་ཡོད་ཀྱང་ཞིབ་ཕྲ་མེད། རྗེ་བདག་ཉིད་ཆེན་པོའི་གསུང་གང་ཞིག་ཡིན་ནའང་ས་བཅད་མེད་པ་ཧ་ལམ་མེད་པ་ལྟ་བུ་ཆགས་ཞིག་ཡོད། རྗེ་བདག་ཉིད་ཆེན་པོའི་སྔོན་དུ་བྱོན་པའི་གཞུང་ཆེན་མཛད་པ་པོ་རྣམས་ཀྱི་སྐབས་སུའང་ས་བཅད་སྒྲིག་པའི་ལམ་སྲོལ་དར་ཟིན་ཡོད། ས་ཆེན་གོང་མ་རྣམས་དང་། མཆིམས་འཇམ་དཔལ་དབྱངས། ཀུན་མཁྱེན་མཚོ་སྣ་བ་སོགས་ཀྱིས་མཛད་པའི་གཞུང་ལུགས་ཆེན་མོ་རྣམས་སུ་ས་བཅད་བསྒྲིགས་ནས་ལྗགས་རྩོམ་མཛད་ཡོད་ཅེས་གསུངས་པ་བཅས་སོ།།  །།

དཔྱད་ཡིག་དང་ཞབས་མཆན།

[1] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༥
[2] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༩༠
[3] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༠༦
[4] གསུང་རྩོམ་ཕྱོགས་བསྒྲིགས་ལྷག་བསམ་དཀར་པོ།༼༡༽ ཞུ་སྒྲིག་པ་འཇམ་དཔལ་རབ་བརྟན། ༢༠༡༤ ལོ། ཤོག་ ༦༥
[5] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཉ༽ དེབ་ ༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༦༣༣
[6] ཚིགས་བཅད་གཉིས་ནི། འདུལ་བ་རྣམ་འབྱེད་ལས། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་ བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་པ་འདི་དག་གོ།
[7] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་།  ༡༩༩༧ ལོ། ཤོག་གྲངས་ ༡༡༠
[8] ཤེས་བྱ་ཀུན་ཁྱབ་རྩ་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦
[9] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༩༠
[10] གསུང་རྩོམ་ཕྱོགས་བསྒྲིགས་ལྷག་བསམ་དཀར་པོ།༼༡༽ ཞུ་སྒྲིག་པ་འཇམ་དཔལ་རབ་བརྟན། ༢༠༡༤ ལོ། ཤོག་ ༦༥
[11] རྒྱལ་རབས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ༡༩༩༩ ལོ། ཤེས་རིག་པར་ཁང་། ཤོག་གྲངས་ ༢༤
[12] རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧༣
[13] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༣༨༦
[14] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༠༩༦
[15] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤༦༩
[16] བཀའ་ཆེམས་བཀའ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་  ༣༡༥
[17] བཀའ་ཆེམས་བཀའ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་  ༣༡༩
18] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤༧༡
[19] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༦༥
[20] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༢
[21] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༢
[22] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༡༡༠༤
[23] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༡༡༠༥
[24] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༣༤
[25] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤
[26] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༠༩༨
[27] [1]བོད་ཀྱི་རི་མོ་སྤྱིའི་རྣམ་གཞག་བློ་གསལ་འཇུག་སྒོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༣༠༡
[28] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༨
[29] སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༥༡༩ [30]
[31] ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༣༦༦
[32] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༨༤
[33] ཀིརྟིའི་བྱེས་པ་གྲྭ་ཚང་། སློབ་སྤྱི་འབྲིང་བ་དཀོན་མཆོག་འཇིགས་མེད། ༢༠༠༢ ལོ། ཤོག་གྲངས་ ༤༨
[34] མངོན་རྟོགས་རྒྱན་གྱི་འགྲེལ་པ་འཇིག་རྟེན་གསུམ་སྒྲོན། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༣
[35] གཡག་ཊཱིཀ །རྫོང་སར་ཁམས་བྱེའི་གློག་ཀླད་པར་མ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣བ༡
[36] ཕྱི་ལོ་ ༢༠༡༧ ཟླ་བ་ ༨ ཚེས་ ༢༩ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བུདྡྷཱ་པཱ་ལི་ཏའི་བཀའ་ཁྲིད་སྐབས་གསུངས།
[37] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ། ༼༣༽ ཐེ་ཝན་པར་མ། ལོ། ༢༠༡༣ ལོ། ཤོག་གྲངས་ ༩༥
[38] འགྲེལ་པ་དོན་གསལ་གྱི་མཆན་འགྲེལ་ཐེམ་སྐས་མ། མོན་རྡི་རང་ཐུབ་གསུང་དར་རྒྱས་གླིང་སློབ་ཁང་། ༢༠༡༧ ལོ། ཤོག་ ༢
[39] སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༧༥༥ [40]
[41] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ༡༩༩༧ ལོ། ཤོག་གྲངས་ ༣༥
[42] རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༧
[43] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣ [44]
[45] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ཨང་ ༡༡༦ པ། ༢༠༠༠ ལོ། ཤོག་གྲངས་ ༧༨༦
[46] བྱམས་པ་བསམ་གཏན་གྱིས་ཞུས་སྒྲིག་དང་མཆན་བུ་བཏབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ I
[47] བསྟན་དར་ལྷ་རམས་པའི་གསུང་འབུམ། སྟོད་ཆ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༨༧
[48] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣
[49] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༤༧༢
[50] བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ། ༼ཚ༽ བཀྲས་ལྷུན་ཤིང་པར། དཔེ་རིང་ཤོག་གྲངས་ ༥བ༡
[51] གཡག་ཊཱིཀ །རྫོང་སར་ཁམས་བྱེའི་གློག་ཀླད་པར་མ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣བ༡
[52] གཞུང་འགྲེལ་སྐོར་ཤེར་ཕྱིན། གཡག་ཊཱིཀ །པོད། ༼༥༽ རྫོང་སར་ཁམས་བྱེའི་གློག་ཀླད་པར་མ། ཤོག་ ༡ན༤
[53] དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༢༠༡༡ ལོ། ཤོག་ ༣༦༥
[54] ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བསྟན་བཅོས་རྒྱས་འགྲེལ། ༼༡༽ ཀར་ཊཱིཀ །དཔེ་རིང་། ཤོག་ ༧བ༢
[55] ལེགས་བཤད་གསེར་ཕྲེང་། ༼ཙ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༡
[56] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ༡༩༩༧ ལོ། ཤོག་གྲངས་ ༣༥
[57] སྤྱོད་འཇུག་གི་གཞུང་ངོ་སྤྲོད། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༡༧ ཤོག་གྲངས་ ༡༠
[58] རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༧༢
[59] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༨༣
[60] དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༡ ལོ། ཤོག་ ༦༣
[61] འཁྲུངས་འདས་འདི་མཆིམས་འཇམ་དཔལ་དབྱངས་དང་། མཆིམས་ནམ་མཁའ་གྲགས་པ་གཉིས་མི་གཅིག་ཡིན་པའི་དབང་དུ་བྱས་པའོ།།
[62] མཛོད་འགྲེལ་མངོན་པའི་རྒྱན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༦༧
[63] མཧཱ་བྷ་ར་ཏ་དང་། རཱ་མ་ཎི་སོགས་སྤྱི་ལོའི་སྔོན་གྱི་ལོ་བཞི་བརྒྱ་ཙམ་ན་བྱུང་བར་ད་ལྟའི་རྒྱ་གར་ལོ་རྒྱུས་སུ་བཤད། ཅེས་ (སྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༥༨) གསལ།
[64] གཞོན་ནུའི་དུས་ཀྱི་རྟོགས་བརྗོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢
[65] དེ་ནས་ཤོ་ལོ་ཀ་ཞེས་པའི་ཐ་སྙད་ཐོག་མར་བྱུང་བ་དང་། དེ་ཡང་མྱ་ངན་གྱི་ཚིག་གམ་དོན་ཡིན་པར་གསུང་སྲོལ་ཡོད།
[65] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ། ༼༣༽ ཐེ་ཝན་པར་མ། ལོ། ༢༠༡༣ ལོ། ཤོག་གྲངས་ ༤༩༣
[66] སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༤
[67] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༡༨
[68] སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། ༼ཀ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༢༤
[69] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༥༩
[70] སྙན་ངག་མེ་ལོང་མའི་རྩ་འགྲེལ་ཕྱོགས་བསྒྲིགས། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ ལོ། ཤོག་ ༢
[71] ཉང་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས། ༡༩༨༨ ལོ། ཤོག་གྲངས་ ༣༩༢ [72]
[73] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༠༦
[74] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༩༨༦
[75] དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༢༠༡༡ ལོ། ཤོག་ ༣༦༥
[76] བཅུ་ཕྲག་རིག་མཛོད་ཆེན་མོ། ཕར་ཕྱིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༥
[77] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༠༠༣
[78] བྱམས་པ་བསམ་གཏན་གྱིས་ཞུས་སྒྲིག་དང་མཆན་བུ་བཏབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་ I
[79] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༧༦
[80] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝ༽ དེབ་ ༡༡ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༦༢༩
[81] སོག་ཁུ་རེའི་བཀའ་འགྱུར་དཀར་ཆག །པོད། ༼༡༠༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༣༤
[82] བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ། པོད། ༼ཚ༽ བཀྲས་ལྷུན་ཤིང་པར། ཤོག་གྲངས་ ༥བ༡
[83] གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༦བ༡ [84]
[85] མངོན་རྟོགས་རྒྱན་གྱི་འགྲེལ་པ་འཇིག་རྟེན་གསུམ་སྒྲོན། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༣
[86] དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༢༠༡༡ ལོ། ཤོག་ ༣༦༥
[87] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༢༧༣
[88] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༨༤
[89] ཕར་ཕྱིན་ཉ་ཊཱིཀ །སྟོད་ཆ། གསུང་པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༤
[90] མཁས་གྲུབ་རྗེའི་གསུང་འབུམ། ༼ཉ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༧༠
[91] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼ང༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༡༠
[92] ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱིཀྐ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༧༩
[93] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ ༡༥ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༨༣༡
[94] བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་ ༡༦ པ། ༡༩༩༨ ལོ། ཤོག་གྲངས་ ༢༤ ཕྲེང་ ༡༥
[95] བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་ ༡༦ པ། ༡༩༩༨ ལོ། ཤོག་ ༧༦༢ ཕྲེང་ ༢༡
[96] བཀའ་འགྱུར་དཔེ་བསྡུར་མ། དེབ་ ༡༠༦ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༣༡༨
[97] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ས༽ དེབ་ ༧༢ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༦༤༤
[98] བཀའ་འགྱུར་དཔེ་བསྡུར་མ། དཀོན་བརྩེགས། ༼ག༽ དེབ་ ༤༡ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༧༡༥
[99] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ ༧༩ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༨
[100] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ ༥༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༣
[101] བྱམས་ཆོས་སྡེ་ལྔ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠
[102] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ ༥༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༤༥
[103] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཛུ༽ དེབ་ ༨༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༦༤
[104] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༩༧
[105] རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ དགའ་ལྡན་ཚོགས་ཆེན། ༢༠༡༩ ལོ། ཤོག་གྲངས་ ༨༤
[106] མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག །བོད་ལྗོངས་མི་དབངས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༩༧༠
[107] སེར་བྱེས་དཔེ་མཛོད་ ༢༠༡༥ ལོར་མཁས་དབང་ཟམ་གདོང་རིན་པོ་ཆེས་དཀར་ཆག་སྐོར་གསུང་བཤད་ལས་བཏུས།

Loading

1 མཆན་བུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།