བོད་ཀྱི་གཞི་བདག་རིག་གནས་ཀྱི་འབྱུང་ཁུངས་དང་དེའི་ཁྱད་ཆོས་ངོ་སྤྲོད་བྱེད་པ།

0
3274

དང་པོ། གཞི་བདག་རིག་གནས་ཀྱི་ལོ་རྒྱུས་ཧ་ཅང་རིང་བ།

འཛམ་གླིང་གི་མི་རིགས་ཕལ་མོ་ཆེའི་གདོད་མའི་གཞི་བདག་གི་རིག་གཞུང་ལོ་རྒྱུས་དང་འདྲ་བར། བོད་ཀྱི་གཞི་བདག་གི་ལོ་རྒྱུས་ནི་ཤིན་ཏུ་རིང་ཞིང་ཆེས་སྔ་མོའི་དུས་ནས་བཟུང་བོད་མིའི་སྤྱི་ཚོགས་ཁྲོད་དུ་གཞི་བདག་དང་འབྲེལ་བའི་སྐོར་འཁོད་ཡོད་པ་སྟེ། བོད་དུ་མིའི་འགྲོ་བ་མ་བྱུང་གོང་དུ་མི་མ་ཡིན་གྱིས་དབང་སྒྱུར་བྱེད་བཞིན་ཡོད་ཚུལ་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་ལས་ཡང་ཡང་འབྱུང་ཞིང་། སྐབས་ལ་ལར་གཞི་བདག་དང་ལ་ལར་གནས་བདག ཡང་སྐབས་འགར་ཡུལ་ལྷ་དང་ཡུལ་བདག་མི་མ་ཡིན་སོགས་མིང་གི་རྣམ་གྲངས་དུ་མ་ཞིག་ཡོད་པ་དང་། ཀུན་མཁྱེན་པད་མ་དཀར་པོའི་<<ཆོས་འབྱུང་བསྟན་པའི་པད་མ་རྒྱས་པའི་ཉིན་བྱེད་>> [1]ལས། བོད་སྤྱི་འདི་དང་པོ་མི་མ་ཡིན་རྣམས་ཀྱིས་བཟུང་བས་མིང་ཡང་མི་འདྲ་སྟེ། སྔོན་བདུད་ཀྱིས་བཟུང་བས་དེའི་ཚེ་བདུད་ཡུལ་ཁ་རག་མགོ་དགུ་ཞེས་ཐོགས་སྐད་པ་ སོགས། དེ་དག་ལ་རྒྱལ་ཕྲན་སིལ་བཅུ་གཉིས་སུ་གྲགས་ཏེ་རིམ་པར་འོངས་པ་དེ་དག་ཐམས་ཅད་ནི་མི་མ་ཡིན་འབའ་ཞིག་གོ།། ཞེས་དང་། ཀུན་མཁྱེན་བོན་གྱི་སྟོན་པ་གཤེན་རབ་བོད་དུ་བྱོན་དུས་སུ་གཞི་བདག་དམ་འདོག་མཛད་པའི་ཚུལ་ནི། བོན་གྱི་<<མདོ་དྲི་མེད་གཟི་བརྗིད་>>[2]ལས། རྐོང་བཙུན་ལྷ་མོ་དམ་ལ་བཏགས་ནས། བསྟན་པའི་སྲུང་མར་བཞག་གོ། རྐོང་བཙུན་ལྷ་མོས་གཡུ་ཤུག་དྲུང་ཞིག་སྟོན་པ་ལ་ཕུལ་བས། སྟོན་པས་ཀྱང་མི་འགྱུར་བའི་བཀའ་རྟགས་སུ་བཞག་གོ། ཞེས་གསུངས་པ་དང་། <<མདོ་གཟེར་མིག་>> [3]ལས། གཤེན་རབ་ཀྱིས་ཞང་ཞུང་གི་བོན་པོ་ལ། བོན་དུ་ཙོ་དང་སྔགས་ཀྱི་ལུང་ཕོག ཡ་སྟགས་སུ་མུ་ཟེར་ལྷ་ཞལ་དང་ནམ་མཁའ་དཀར་ནག་བསྟན། དེ་ནས་གཙང་གི་ལུམ་དགུ་གྱེས་སུ་བྱོན་ནས། ཞལ་ནས་སྨོན་ལམ་བཏབ་པ། བོད་ཀྱི་བོན་པོ་ཐམས་ཅད་ཀྱང་། བསྟན་པ་བཞག་པའི་ད་རུང་གནས་མེད་པས། ནམ་ཞིག་ཐེག་པ་རིམ་དགུའི་བོན་དར་ནས་སྤྱོད་པར་ཤོག་གསུངས་ནས། བདུད་ཀྱི་འཁོར་བཅོམ་སྟོན་པའི་ཚོགས་བསྐྱེད་ཅིང་། ཆུ་དར་གྱི་པད་མ་གདན་དུ་བཏིངས་ནས། རྟ་ཡི་རྗེས་སུ་གཙང་པོའི་གཞུང་ལ་ཞོན་ཏེ་ཡས་མར་གཤེགས་སོ།། བོད་ཀྱི་ལྷ་འདྲེ་ལ་སོགས་པའི་སེམས་ཅན་མང་པོས་ཀྱང་། མདུན་ནས་བསུ་ཡིན་ལྷ་ཕྱག་བཙལ་ནས་མཆོད་པ་ཕུལ་ཏོ།། ད་ལྟ་བོད་ཀྱི་རི་ཐམས་ཅད་རྩེ་མོ་དུད་པ་ཡང་། གཡའ་རི་གངས་བྲག་ལ་གནས་པའི་ལྷ་འདྲེས། སྟོན་པའི་ཞལ་མཐོང་གིན་གུས་པ་ཕུལ་བའི་རྟགས་ཡིན་ནོ།། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་མཆོད་པ་གཉིས་ཀྱི་ལུང་ཕོག ཡས་སྟགས་སུ་ཤིང་རྩི་བན་བུན་དང་། ཞུགས་ཤིང་དང་གསེར་སྐྱེམས་བསྟན། ད་ལྟ་བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀུན། བོན་གྱིས་འབོད་ན་འགོ་ལ། མཆོད་ན་འགྲོ་ཡིན། བརྡུངས་ནས་ཐུལ་བ། སྟོན་པའི་ཞལ་མཐོང་བའི་དུས་སུ་དབང་དུ་བསྡུས་པའི་རྟགས་ཡིན་ནོ།།ཞེས་གསུངས་ཡོད།

རྨ་རྒྱལ་སྦོམ་ར།

སྲིད་པ་ཆགས་པའི་ལྷ་དགུར་མཚོན་ན་བོད་ཁམས་དང་པོར་ཆགས་དུས་ནས་བོད་ཡུལ་སྨད་བར་གསུམ་དུ་གནས་བཅས་ནས་བསྡད་ཡོད་པའི་ངོས་འཛིན་བྱེད་ཅིང་། དེ་ཡང་དང་པོར་དྲེགས་པ་གདུག་རྩུབ་ཅན་གྱི་རྣམ་པར་གནས་པ་ལ། བོན་གྱི་བླ་ཆེན་དག་གིས་བཀའ་བསྒོས་དམ་བཞག་མཛད་དེ་བོན་གྱི་སྲུང་མར་བསྐོས་ཤིང་། བོན་གྱིས་བོད་ཁམས་ཁྱབ་པའི་དུས་ཀྱི་བོད་ཀྱི་རྒྱལ་པོ་དག་དང་དེ་དག་གི་ཆབ་སྲིད་དར་རྒྱས་སོགས་ཀྱི་དགོས་འདུན་བསྒྲུབས་ཡོད། དེ་རྗེས་རྒྱ་གར་ནས་སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས་དུས་དང་པོར་བར་ཆད་བརྩམས། དེ་ནས་གྲོགས་པོར་གྱུར་ཏེ་སྡོང་གྲོགས་བྱས། དེ་ནས་ཆོས་རྒྱལ་རིམ་བྱོན་གྱིས་ཀྱང་རྒྱལ་ཁབ་དོན་ཆེན་སྒྲུབ་དུས་སུ་གསོལ་མཆོད་བྱས། བརྟན་མ་བཅུ་གཉིས་དང་ཚེ་རིང་མཆེད་ལྔ་སོགས་ཀྱང་དང་པོ་ཉིད་ནས་བོད་ཡུལ་དུ་གནས་བཅས་པའི་གཞི་བདག་འབའ་ཞིག་ཡིན་ཞིང་། ཀོང་བཙུན་དེ་མོ་ལྟ་བུ་དང་པོར་བོན་གྱི་མཁས་གྲུབ་དག་དང་རྗེས་སུ་སློབ་དཔོན་པད་མ་འབྱུང་གནས་སོགས་ནང་པའི་སྐྱེས་བུ་དམ་པ་ཚོས་བཀའ་བསྒོ་དམ་བཞག་མཛད་པ་ནས་བཟུང་སྟེ་ནང་པའི་སྲུང་མར་ཡང་བཀུར་བཞིན་ཡོད།

གཉིས་པ། གཞི་བདག་གི་ནང་གསེས་དབྱེ་བ། 

བོད་ཀྱི་གཞི་བདག་ལ་དབྱེ་ན་རིགས་གཉིས་ཏེ་ཕོ་མོ་རིགས་གཉིས་སམ་ཞི་དྲག་རིགས་ གཉིས། ཡང་ན་དཀར་ཕྱོགས་པ་དང་ནག་ཕྱོགས་པའི་རིགས་གཉིས་སུ་འདུ་ཞིང་། ཕོ་རིགས་སུ་གཏོགས་པའི་གཞི་བདག་གི་མཚན་གཞི་ནི་སྲིད་པ་ཆགས་པའི་ལྷ་དགུ་དང་ དེའི་སྟེང་དུ་ལྷ་གཞན་བཞི་བགྲངས་པའི་རྗེ་ཡི་མགུར་ལྷ་བཅུ་གསུམ་ལྟ་བུ་ཕོ་རིགས་ ཡིན་ཞིང་། མོ་རིགས་སུ་གཏོགས་པའི་གཞི་བདག་ནི་བོད་སྐྱོང་བསྟན་མ་བཅུ་གཉིས་དང་ཚེ་རིང་ མཆེད་ལྔ། མདོ་སྨད་མཚོ་སྔོན་ཕྱོགས་སུ་སྒོ་མེའི་ཨ་མ་ཟོར་དགུ། སྒེའུ་ལྷ་མོ་སྤུན་གསུམ། མང་རའི་ཨ་མ་མཁའ་འགྲོ་མ་སོགས་ཡིན། ཞི་བའི་རིགས་སུ་གཏོགས་པ་ནི་གཉན་ཆེན་ཐང་ལྷ་དང་རྡོ་རྗེ་གཡུ་སྒྲོན་མ་ལྟ་བུ། དྲག་པོའི་རིགས་སུ་གཏོགས་པ་ས་སྐྱའི་འབག་མོ་གསུམ་ལྟ་བུ། དཀར་ཕྱོགས་པ་ནི་རྗེ་ཡི་མགུར་ལྷ་བཅུ་གསུམ་སོགས་བོད་སྐྱོང་གཞི་བདག་ཕལ་མོ་ཆེ་དང་། ནག་པོའི་རིགས་སུ་གཏོགས་པ་ནི་མདོ་སྨད་མཚོ་སྔོན་མང་རའི་ཡུལ་ལྟ་བུར་མཚོན་ན་ཙོ་ ལུང་དམག་དཔོན་ཞེས་པ་ཞིག་ཡོད་པ་དེ་གཞི་བདག་ནག་ཕྱོགས་པ་ཞིག་ཡིན་པར་ཡོངས་གྲགས་ ཡིན། གཞི་བདག་དྲག་རྩལ་ཅན་དང་ནག་ཕྱོགས་པ་ཡིན་མིན་ནི་གཞི་བདག་དེ་གནས་སའི་རྫ་རིའི་ ཆེ་ཆུང་ཙམ་ཞིག་གིས་འབྱེད་རྒྱུ་མིན་པར་གཞི་བདག་དེའི་སེམས་རྒྱུད་རྩུབ་མི་རྩུབ་ཅིག་ལ་འཇོག་ཅིང་། དེ་ཡང་<<སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོའི་>>[4]ནང་དུ་བཞུགས་པའི། རྙིང་མའི་མཁས་གྲུབ་ཆེན་པོ་འཇིགས་མེད་རྒྱལ་པའི་མྱུ་གུའི་རྣམ་ཐར་ལས། དེ་ནས་སྟོད་ལུང་མཚུར་ཕུ་དང་ཡངས་པ་ཅན།། གནམ་མཚོ་སོགས་ངེས་མེད་ཀྱི་གནས་ཡུལ་འགྲིམ་སྟེ་ཕེབས་པའི་སྐབས་རྨི་ལམ་དང་སྣང་ ཤེས་འདྲེས་པའི་ཉམས་སྣང་ལ། བུ་མོ་གཟུགས་བྱད་ཤིན་ཏུ་མཚར་བ་མི་ལས་འདས་པ་ཞིག་གིས་ཁྱོད་ཀྱི་གདུལ་བྱ་ཁྱུང་པོའི་རི་རྩེ་དྲུག་ཡིན་པས་དེར་སོངས་ཞིག་ཅེས་ལུང་བསྟན་པ་ལྟར་དེ་ཕྱོགས་སུ་ཞལ་ཕྱོགས་ཏེ་ཕེབས། ལམ་བར་ནས་ཞབས་གཡས་པ་ཆུ་སེར་གྱིས་བསྙུངས་ཏེ་ཕེབས་མ་ཐུབ་པས་ལུང་པ་ཞིག་གི་ཁར་ཕ་ཝང་(བོང་)དཀར་པོ་གུར་ཙམ་ཞིག་འདུག་པའི་རྩར་བཞུགས། ཕྱག་ཞབས་གཉིས་ཀ་སར་བཙུགས་ནས་ཆུ་ཞིག་བླངས་ཏེ་གསོལ་ཇ་དོད་ཙམ་གསོལ། དགོང་མོར་ཐུགས་དམ་སྤྱི་དང་རྐང་གླིང་ཌཱ་དྲིལ་དང་བཅས་གཅོད་རྒྱས་པ་ཞིག་བཏང་སྟེ་གཟིམས། ཕྱི་ཉིན་ཀྱང་ཕེབས་མ་ཐུབ་པས་གསོལ་ཇ་ཞིག་བསྐོལ་ནས་འཚོ་ཆས་ཡོད་པ་འདི་མ་རྫོགས་ བར་འགྲོ་ནུས་པ་མི་འདུག་དགོངས་ཏེ་ཐུགས་དམ་ལ་བརྩོན་བཞིན་བཞུགས་པས། ལུང་པའི་རྐེད་པ་མིག་རྒྱང་གང་གི་མཚམས་དེར་འབྲོག་དུད་ཆེན་པོ་གཅིག་འདུག་པ་ལས་མི་ཞིག་མདུན་དུ་བྱུང་། དུད་ཚང་འདི་སུ་ཡིན་ཞེས་དྲིས་པར། དམར་གཡོ་དཔོན་ཚང་ཡིན། དཔོན་ནས་ཁྱེད་རང་གང་ནས་འོང་བ་ཡིན་སུ་རེད་བཅས་གནས་ཚུལ་དྲིས་ལ་ཇ་རྩམ་འདི་ སྤྲོད་ཤོག་གསུངས་འདུག་ཟེར། ང་ཁམས་རྫོགས་ཆེན་ནས་ཡིན་གནས་སྐོར་ལ་འགྲོ་བ་ཡིན་ཡང་རྐང་པ་ན་ནས་འདིར་ལུས་སོང་ ཞེས་གསུངས་པས་ཁོ་རང་ཕྱིར་ལོག་སོང་། ཅུང་ཞིག་ནས་མི་གཉིས་འོང་སྟེ་དཔོན་གྱིས་ཁྱོད་རང་འབོད་དུ་བཏང་བ་ཡིན་ཟེར་བ་ལྟར་ཕེབས། དཔོན་ཨ་འཛོམས་དང་རྡོ་རྗེ་རྣམ་རྒྱལ་སྤུན་གཉིས་ཀྱིས་གུས་བཀུར་ཚད་མེད་ཀྱིས་བླ་མ་ལགས་མདང་འཚུབ་སློངས་འདྲ་མ་བྱུང་ངམ། ཞུས་པར། གཟུགས་པོ་དཀའ་ངལ་གྱིས་ཐང་ཆད་པས་ཡིན་ནམ་ད་ནངས་ནམ་མ་ལངས་བར་གཉིས་སོང་འདུག འཚུབས་སློངས་ཅི་ཡང་མ་བྱུང་གསུངས། འོ་ཁྱེད་བླ་མ་ཡ་མཚན་ཅན་ཞིག་ཡིན་ངེས་རེད་གཏོགས་མདང་བཞུགས་སའི་ཕ་ཝང་དེ་ནིཕ་ཝང་ཀ་ཟི་ཟེར་བ་ཤིན་ཏུ་གདུག་རྩུབ་དང་དྲག་རྩལ་ཆེ་བ། མིག་རྒྱང་གང་ཚུན་མེ་འབུད་ས་དང་གུར་ཕུབ་ས་མེད་པ། ཕོག་ཐུག་ཅུང་ཟད་སོང་ཕྱིན་ཐོག་གིས་གསོད་པ་ལས་མེད། མདང་ངེད་རྣམས་ཁྱེད་ལ་རྒྱུ་མཚན་བཤད་དུ་ཡོང་བར་བསམས་ཀྱང་རྐང་གླིང་གི་སྐད་ཐོས་པས་གཉན་ས་གཅོད་པར་ཤེས་ཏེ་མ་འོང་བ་ཡིན་ཟེར། གྲུབ་རྗེ་མཆོག་གིས་ཕྲག་མདོ་ཁམས་རྫོགས་ཆེན་གྱི་གྲྭ་པ་དཀྱུས་མ་ཞིག་ལས་གཅོད་པ་སོགས་ཅི་ཡང་མིན། ཙ་རི་སོགས་གནས་འབྲེལ་རེ་ཨེ་ཐོན་སྙམ་ནས་འོང་བར་རྐང་ནད་ཀྱིས་མནར་བས་འགྲོ་མ་ནུས་པའི་ཁར། མདང་སུམ་རྒྱུས་མེད་དུ་སོང་གཤིས་ཕ་ཝང་ལ་ཕག་ཡོལ་བྱས་ནས་བསྡད་པ་མ་གཏོགས་གཉན་ སར་ཐོག་རྫིས་བྱས་པ་གཏན་ནས་མིན། ཞེས་གསུངས་པར། ཁྱེད་ནུས་ལྡན་ཡིན་མིན་གསུང་མི་དགོས། མདང་སུམ་ཐོག་སེར་མ་བྱས་པ་ཁོ་ནས་ཆོག ད་ཁྱེད་རེ་ཞིག་ངེད་སར་བཞུགས་དང་དཔོན་ཆུང་བས་ལྷ་རྗེ་ཤེས་པས་སྨན་བཅོས་གང་ དགོས་བྱེད། དེ་ནས་གང་དུ་ཕེབས་ཀྱང་ཕེབས་ཆོག་ཆོག་རེད་ཅེས་ཞུས་པ་ལྟར་ཟླ་བ་ཁ་ཤས་བཞུགས་པས་ སྙུན་ལས་གྲོལ། ཞེས་བྱུང་བས། རི་ཆེན་ལ་གནས་པའི་གཞི་བདག་ཕར་ཞོག་བོད་ཀྱི་རི་སྟེང་གི་ཕ་བོང་རེ་ལ་གནས་པའི་ གཞི་བདག་ཅིག་གིས་ཀྱང་ཁོ་རང་མ་དགའ་ཚེ་ཐོག་དང་སེར་བ་ཕབ་ནས་མི་གསོད་པ་སོགས་ བྱེད་ཐུབ་པར་འདུག དེ་བཞིན་གཞི་བདག་ལ་དབྱེ་ན་ལྷ་ཀླུ་གཉན་བཙན་ཏེ་རིགས་བཞི་རུ་དབྱེ་ཆོག་པར་འདུག་ ཅིང་། གོང་གསལ་བཞིན་བོད་ཀྱི་གཞི་བདག་འདི་དག་གནས་ས་ནི་གངས་རི་དང་བྲག་རི། སྤང་རི་དང་ནགས་རི། མཚོ་དང་མཚེའུ། བཙན་ཁང་དང་རྡོ་ཕ་བོང་སོགས་ལ་གནས་ཤིང་། བྱང་གི་གཉན་ཆེན་ཐང་ལྷ་དང་ཤར་གྱི་རྨ་རྒྱལ་སྦོམ་ར་གཉིས་ནི་གཉན་གྱི་རིགས་སུ་ གཏོགས། རྨ་རྒྱལ་ལ་མཚོན་ན་རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིལ། རྨ་སྔོན་མོ་ཉི་ཁྲི་དགུ་འབུམ་བཅས་རང་གི་སྡེར་གཏོགས་པ་ཧ་ཅང་མང་པོ་ཞིག་ཡོད་ ཚུལ་གླིང་སྒྲུང་སོགས་ལས་ཡང་ཡང་མཐོང་ཐུབ། ཡང་རྨ་ཆེན་གནོད་སྦྱིན་གྱི་ཁོངས་སུ་གཏོགས་པའི་གསུང་ཚུལ་ཡང་ཡོད་པ་ནི། <<ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་རྣམ>>[5]ལས། དེ་ནི་བཞག་བྲའི་བློན་པོ་མཐུ་ཤིན་ཏུ་བཙན་པ་ཞིག་ཡིན་ཟེར་རོ།།བཞག་བྲ་ནི་རྨ་ རྒྱལ་སྤོམ་རའི་བུ་དགུ་ཡི་ཐུ་བོར་གྲགས། སྤོམ་ར་རང་ཉིད་གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་བུ་ཡི་སྲས་སུ་གྱུར་པ། དེ་ཡང་གནོད་སྦྱིན་གྱི་ངོ་བོར་གནས་ཞེས་གུ་རུ་པདྨ་ཀ་རས་གསུངས་པས་དེས་ན་འདོད་ རྒྱལ་རྒྱལ་ཆེན་བཞིའི་རིགས་ལས་བྱུང་བར་སྨྲའོ།། ཞེས་བྱུང་། དེ་བཞིན་བྱང་གི་གནམ་མཚོ་ཕྱུག་མོ་དང་ཤར་གྱི་ཁྲི་ཤོར་རྒྱལ་མོ་སོགས་མཚོ་དང་ མཚེའུ་ལ་གནས་པའི་གཞི་བདག་གི་རིགས་ནི་ཀླུའི་ཁོངས་གཏོགས་ཡིན་ཞེས་བརྗོད་ཆོག མཚོ་སྨད་མཚོ་ལྷོའི་བྲག་དཀར་སྤུན་གསུམ་དང་སྒེའུའི་ལྷ་མོ་སྤུན་གསུམ་ལྟ་བུ་ གཞི་བདག་བུ་སྤུན་མཉམ་གནས་དང་བུ་མོ་སྤུན་མཉམ་གནས་བྱེད་པ་ཡང་ཡོད།

གཞི་བདག་དཀར་ཕྱོགས་པར་མཚོན་ན་རང་རང་གནས་སའི་ས་ཆ་དེར་དམ་པའི་ཆོས་སྤེལ་སའི་ དགོན་སྡེ་སོགས་གསར་འཛུག་བྱེད་པར་དགའ་གུས་བྱེད་པ་སྟེ། དེ་ཡང་<<ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་>>[6]ལས། ཟླ་བ་ལྔ་བའི་ཚེས་ལ་སླར་ཡང་རང་གི་གདན་ས་བཀྲ་ཤིས་འཁྱིལ་དུ་ཕེབས། ཞལ་ནས། དགོན་པའི་ས་འདུལ་གྱི་ཆེད་དུ་ངེད་མཚམས་ལ་སྡོད་རྒྱུ་ཡིན། གཞི་བདག་རྣམས་ཀྱིས་ས་ཆ་འདི་བྱིན་ན་ལེགས། མ་བྱིན་ན་འཕྲོག་དགོས་གསུངས་ནས་ས་འདུལ་གྱི་ཆེད་དུ་སྐུ་མཚམས་དམ་པར་མཛད་དོ།། མཚམས་གྲོལ་ནས། གནས་འདིའི་གཞི་བདག་ཐམས་ཅད་དཀར་ཕྱོགས་པར་སྣང་བས་དགའ་བཞིན་དུ་ངེད་ལ་གནས་སྟེར་བར་འདུག སྔོན་ཆད་སུ་ལ་ཡང་མ་བྱིན་པར་མི་མ་ཡིན་འདི་རྣམས་ཀྱིས་སྲུང་བསྡད་འདྲ་གསུངས། ཞེས་བྱུང་བས། གཞི་དཀར་ཕྱོགས་པ་དང་ནག་ཕྱོགས་པའི་ཁྱད་པར་ནི་གོང་གསལ་གནས་སྟངས་འདི་ལྟ་བུའི་ སྒོ་ནས་འཇོག་པར་བྱེད་དོ།།

གསུམ་པ། གུ་རུ་རིན་པོ་ཆེས་གཞི་བདག་མང་པོ་ཞིག་དམ་འདོགས་མཛད་པའི་སྐོར། 

རྒྱ་གར་གྱི་གྲུབ་ཐོབ་གྲགས་ཅན་སློབ་དཔོན་མཚོ་སྐྱེས་རྡོ་རྗེའམ་ཡོངས་གྲགས་སུ་ སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྒྱ་བལ་གྱི་གཞི་བདག་མང་པོ་ཞིག་དམ་འདོགས་མཛད་ ཅིང་། བོད་དུ་ཕེབས་སྐབས་དང་ཕེབས་རྗེས་སུ་བོད་ཀྱི་ས་གནས་གཞི་བདག་དྲག་རྩལ་དང་གདུག་ རྩུབ་ཅན་གང་མང་ཞིག་དམ་འདོགས་བཀའ་བསྒོ་མཛད་ཡོད་པའི་ཚུལ་ནི།  <<པད་མ་བཀའ་ཐང་>>[7]ལས། དེ་ནས་མང་ཡུལ་སྟོན་ལ་མཁར་དུ་བྱོན༔ ཞང་ཞུང་དགྲ་བླ་ཛ་མུན་ཞེས་བྱ་བས༔ སློབ་དཔོན་རི་བྲག་གཉིས་ཀྱི་བར་དུ་བཅར༔ བར་སྣང་བྱོན་པས་མོ་སྐྱེངས་སྲོག་སྙིང་ཕུལ༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ གཏེར་ཀ་ཆེན་པོ་ཞིག་གི་གཉེར་ཀ་གཏད༔ དེ་ནས་གནམ་ཐང་མཁར་ནག་ལ་ཁར་བྱོན༔ གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེ༔ སློབ་དཔོན་ཕྱག་མཛུབ་ལ་དཀྲིས་མཚོར་དོར་བས༔ མོ་བྲེད་དཔལ་མོ་དཔལ་ཐང་མཚོ་ནང་བྲོས༔ མཚོ་བསྐོལ་ཤ་རུས་བྱེ་སྟེ་བྲལ་བ་ལ༔ སློབ་དཔོན་རྡོ་རྗེ་བརྒྱབ་པར་མིག་གཡས་བཅར༔ མཚོ་ཁར་ཡར་བྱུང་ཞུ་བ་གསོལ་བ་ནི༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ བར་ཆད་མི་བགྱི་ཐུགས་དམ་དགོངས་པ་གློད༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གསང་མཚན་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ བཀའ་གཏེར་ཆེན་པོ་ཞིག་གི་གཉེར་བྱང་གཏད༔ དེ་ནས་འོ་ཡུག་བྲེ་མོ་ལ་གར་བྱོན༔ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབ༔ རི་ཡི་བར་དུ་བཙིར་བར་བྱས་པ་ལ༔ སོལ་དུམ་རེར་གྱུར་སྟོབས་ཟད་བྱིན་གྱིས་བརླབས༔ བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང༔ ཡ་མ་བཅུ་གཉིས་སྲོག་གི་སྙིང་པོ་ཕུལ༔ དམ་ལ་བཏགས་ནས་གཏེར་རེའི་གཉེར་ཁ་གཏད༔ དེ་ནས་འོ་ཡུལ་བྱེའུ་ཚང་རྫོང་ཀར་བསླེབས༔ ཞེས་དང་ཡང་། དེ་ནས་ཤམ་པོ་ལུང་དུ་བྱོན་ཙ་ན༔ ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ༔ ཁ་རླངས་སྣ་རླངས་ཁ་བ་བུ་ཡུག་འཚུབས༔ སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང༔ ཞགས་པས་བཟུང་ནས་ལྕགས་སྒྲོག་དམ་པར་བཅུག༔ དྲིལ་བུའི་ཕྱག་རྒྱས་ལུས་སེམས་བཙོགས་པ་ཡིས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཉེར་ཀ་གཏད༔ དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིར༔ མགོ་བོ་གྲུ་གུའི་ཡུལ་དུ་བསླེབས་པ་ལ༔ གཞུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་མཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེའུ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས༔ ཁྱོད་རང་ཕར་སོངས་ཚོགས་འཁོར་ཤོམ་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས༔ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང༔ མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར༔ དར་དཀར་རལ་གུ་ཞིག་གྱོན་ཕྱག་སྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ༔ ཞེས་སོགས་ལུང་འདྲེན་བྱེད་རྒྱུར་ངལ་བ་ཞིག་ཡོད་ཅིང་། ས་གནས་ཀྱི་གཞི་བདག་དམ་འདོགས་བཀའ་བསྒོ་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ བྱེ་བྲག་གི་གཉེར་ཁ། ཡང་སྒོས་གཏེར་གྱི་སྲུང་མར་བསྐོ་བ་འདི་ནི་གུ་རུ་རིན་པོ་ཆེ་གཅིག་པོ་མ་ཡིན་པར་ སྔ་འགྱུར་རྙིང་མའི་སློབ་དཔོན་མང་པོ་ཞིག་གི་ཁྱད་ཆོས་རེད།

བཞི་པ། བླ་མ་གཞན་པས་དམ་འདོགས་མཛད་པ། 

བླ་མ་གཞན་པས་ས་གནས་ཀྱི་གཞི་བདག་དམ་འདོགས་མཛད་པ་ནི་ཀླད་དུ་སྟོན་པ་གཤེན་རབ་ ཀྱིས་ཀོང་བཙུན་དམ་འདོག་མཛད་པའི་སྐོར་དང་། རྗེ་མི་ལ་རས་པས་ལིང་པ་བྲག་སྲིན་མོ་སོགས་དམ་འདོགས་མཛད་པ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་བལ་ཡུལ་གློ་རྒྱལ་པོས་གློ་ཡུལ་དུ་གདན་འདྲེན་ཞུས་དུས། ཆུ་མིག་བརྒྱ་རྩར་ཕེབས་ཚེ་གནས་བདག་རྣམས་ཀྱིས་བར་ཆད་བརྩམས་པར་དགོངས་པ་འཁྲུགས་ཚུལ་གྱིས་ཕྱག་གཡས་རྡོ་རྗེ་ཕྱར་ཏེ་ཡི་དམ་གྱི་སྐུར་བཞེངས་སྐུ་ལས་མེ་ འོད་འཕྲོ་བཞིན་ལྷ་སྲིན་དམ་འདོགས་གྱི་མགུར་གསུངས་པ་ཀུན་གྱི་མཐོང་ཐོས་ཀྱི་ཡུལ་དུ་གྱུར།[8]  ས་སྐྱའི་གོང་མ་རིམ་བྱོན་གྱིས་ས་སྐྱའི་འབག་མ་གསུམ་དམ་འདོགས་མཛད་པ་དང་། ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་འདྲེ་རྐང་ཐོ་དམ་འདོགས་མཛད་པ། གྲུབ་པའི་གོ་འཕང་མཐོན་པོར་སོན་པའི་བླ་མ་ཕལ་མོ་ཆེའི་རྣམ་ཐར་དུ་གཞི་བདག་དམ་ འདོགས་མཛད་པའི་སྐོར་འདི་ཡང་དང་ཡང་དུ་མཇལ་རྒྱུ་ཡོད་པས། རེ་རེ་བཞིན་གླེང་དགོས་པའི་རྒྱུ་མཚན་མ་མཐོང་བས་རེ་ཞིག་བཞག་གོ།།

ལྔ་པ། བོད་ཀྱི་ཕྱི་རོལ་རྒྱལ་ཁབ་ནས་ཡོང་བའི་གཞི་བདག 

བོད་ཀྱི་ལོ་རྒྱུས་ཁག་ལས་ཁྲི་སྲོང་ལྡེའུ་བཙན་གྱིས་སྦལ་ཏ་ཧོར་གྱི་སྒོམ་གྲྭ་ བཅོམ་ནས་ཆས་ཀ་མང་པོ་ཞིག་བོད་དུ་དྲངས་པའི་ཕྱི་བཞིན་འབྲངས་པའི་སྲུང་མ་འགའ་ ཞིག་ཡོད་པའི་ཁྲོད་ནས་གྲགས་ཆེ་བ་ཞིག་ནི་བསམ་ཡས་ཀྱི་པེ་ཧར་རྒྱལ་པོ་དེ་ཡིན་ ཞིང་། པེ་ཧར་དེ་བོད་ཀྱི་སྲུང་མར་གྱུར་རྗེས་སྲུང་མ་རང་དགའ་བ་ཙམ་ཞིག་ཏུ་མ་བསྡད་པར་ གངས་ལྗོངས་བསྟན་འགྲོའི་དོན་ཆེན་སྒྲུབ་ཕྱོགས་ཐད་འཇིག་རྟེན་དྲེགས་པ་ཞིག་གི་ ཚོད་ཀྱིས་རང་ནུས་གང་འཇོན་བྱས་ཡོད་པ་རེད། དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནི་<<པད་མ་བཀའ་ཐང་>>[9]ལས། དེ་ནས་ལྷ་ཁང་ནང་དུ་ཅོང་འདོགས་པ༔ མི་མ་ཡིན་གྱིས་འདོགས་སུ་མ་སྟེར་བས༔ སློབ་དཔོན་མཆིམས་ཕུར་ཡང་དག་སྒྲུབ་པ་མཛད༔ རུ་ལུ་ཚངས་པའི་དབྱངས་ཀྱིས་འདྲེན་སྟངས་བླངས༔ མི་མ་ཡིན་རྣམས་ཡེངས་ལ་བོར་ནས་སུ༔ གཞན་རྣམས་གཙུག་ལག་ཁང་དུ་ཅོང་འདོགས་བཅུག༔ སློབ་དཔོན་དགོངས་པ་ལྷ་འདྲེས་བཤིག་མ་ནུས༔ དེ་ནས་གཙུག་ལག་ཁང་གི་དཀོར་སྲུང་ལ༔ མཁན་སློབ་རྒྱལ་པོ་ཡོན་མཆོད་བཀའ་བགྲོས་མཛད༔ མཁན་པོ་བོ་དྷི་ས་ཏྭའི་ཞལ་ནས་ནི༔ བདུད་ལ་གཏད་ན་གསོད་པའི་རང་བཞིན་ཡིན༔ གཟའ་གཏུམ་ཀླུ་བདུད་བཙན་འཇམ་མ་མོ་འཇིགས༔ སློབ་དཔོན་ཆེན་པོ་པད་མའི་ཞལ་སྔ་ནས༔ རྗེ་ལ་ཞལ་ངོ་བདུད་ཀྱི་སྤྲུལ་པ་འབྱུང༔ ཐུགས་ལ་གདོན་གསོལ་མི་འཚམ་སྣ་ཚོགས་བྱེད༔ ཡུམ་བརྟན་འོད་སྲུང་ཞེས་བྱ་འཁྲུག་པ་འབྱུང༔ དེ་ཚེ་འདྲེ་ཡི་སྤྲུལ་པས་གླགས་རྙེད་ནས༔ གདུང་རབས་བརྒྱ་དང་བཅུ་ལྷག་སོང་ཙ་ན༔ ཧོར་ཡུལ་གནམ་ཐེའུ་དཀར་པོའི་རྒྱལ་པོ་འབྱུང༔ བོད་ཁམས་ཐམས་ཅད་ཧོར་གྱི་མངའ་འོག་འཇུག༔ ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན༔ རྒྱལ་པོ་ཤིང་བྱ་ཅན་ནི་སྤྱན་དྲངས་ནས༔ དེ་ལ་གཏད་ན་གཙུག་ལག་ཁང་མི་འཇིག༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན༔ པེ་ཧར་ཀ་ཅིའི་ཕྱི་བཞིན་འབྲངས་ནས་འོང༔ ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས༔ དེ་ནས་བྷ་ཏར་དམག་བརྒྱབ་སྒོམ་གྲྭ་བཅོམ༔ ཟས་ནོར་མང་པོ་དྲངས་ནས་འོངས་པ་ལས༔ ལ་ལ་སྨྱོར་བཅུག་ལ་ལ་འབོག་ཏུ་བཅུག༔ དེ་ནས་ཨུ་རྒྱན་པད་མ་འབྱུང་གནས་ཀྱིས༔ པེ་ཀར་གླིང་དུ་རྒྱལ་པོའི་རྟེན་བཙུགས་ཏེ༔ ཕྱི་རྟེན་སྲོག་ཆགས་དཀར་པོ་རྟེན་དུ་བཙུགས༔ ནང་རྟེན་སྨྱུག་རྒོད་དར་སྣ་དུ་མས་བརྒྱན༔ གསུང་རྟེན་སྐུ་འབག་མདོས་ལ་སོགས་པ་བཙུགས༔ ཞེས་གསུངས་ཡོད། གནས་ཆུང་ཆོས་སྐྱོང་གི་སྐོར་ནས་ཁོ་བོས་<<གནས་ཆུང་ཆོས་སྐྱོང་དང་གནས་ཆུང་སྐུ་རྟེན། ད་དུང་གནས་ཆུང་ཕྱག་ནས>>ཞེས་པའི་རྩོམ་ཡིག་གཞན་པ་ཞིག་ཀྱང་བྲིས་ཏེ་བོད་ཀྱི་དུས་བབ་དྲ་ཚིགས་སྟེང་དུ་སྤྱི་ལོ་ 2020 ཟླ་ 1 ཚེས་ 5 ལ་སྤེལ་ཡོད་པས་དེར་གཟིགས་རོགས་ཞུ།

ངག་རྒྱུན་ལྟར་ན། མདོ་སྨད་ཁྲི་ཀའི་ཡུལ་ལྷ་གསེར་ཞུ་ཅན་ཞེས་པ་དེ་ཡང་རྒྱ་ནག་གོང་མའི་བློན་པོའི་ ཚུལ་བཟུང་ནས་འགྲོ་དོན་མཛད་སྐབས་བློན་པོ་འགས་ཕྲག་དོག་གིས་གོང་མར་སྙན་ཕྲ་ཞུས་ པས་བསད་པ་དང་། ཕྱིས་སུ་མི་མ་ཡིན་མཐུ་ཅན་ཞིག་ཏུ་སྐྱེས། གསེར་ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་གོང་མའི་དབུ་བླར་བཞུགས་སྐབས་མི་ མ་ཡིན་པ་དེས་ཁོང་ལ་གྲོགས་མཛད་པས་མདོ་སྨད་དུ་ཕེབས་སྐབས་རྨ་ཆུར་གྲུ་བརྒྱབ་ནས་ འགྲོ་དུས་གྲུ་ཆུང་ཆུ་དཀྱིལ་ནས་བགྲོད་མ་ཐུབ་པས་ཁོང་གི་ཐུགས་སུ་ཞལ་བཞེས་དྲན་ ཏེ། ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཤིང་མཱ་ཐུན་ཙི་ཞེས་གྲགས་ཁྱོད། མ་ལས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།།བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་ སྒྲུབས།ཞེས་བསང་མཆོད་བཀྲ་ཤིས་གཡས་འཁྱིལ་མ་འདི་གསུངས་ཏེ་ཡུལ་ལྷའི་ཕོ་བྲང་གི་ ཤུལ་གྱི་ཕ་བོང་དཀར་པོ་དེར་ཡུལ་ལྷ་བསྟིམས་པར་མཛད་ཅེས་གྲགས། ངག་རྒྱུན་དེ་ལས་ཡུལ་ལྷའི་བསྟན་པ་དམངས་ཁྲོད་དུ་སྤེལ་གྱིན་པ་མངོན་པར་མཐོང་ ཐུབ།ཡུལ་ལྷ་འདི་ཉིད་ཁྲི་ཀ་ས་ཆར་དར་ནས་གནས་དེའི་བོད་མིས་མཆོད་བཀུར་བྱེད་པ་ དེ་རིམ་དུ་ཉེ་འགྲམ་ས་ཆར་ཁྱབ་པ་དང་།ད་ལྟ་མདོ་སྨད་ས་ཁུལ་དུ་ཨ་མྱེས་ཡུལ་ལྷར་ བཀུར་བའི་ས་ཡི་རྒྱ་ཁྱོན་ཆེ་སྟེ། དཔའ་ལུང་རྫོང་ཞུང་ཞན་ཁ་ཤྭ་མཐིལ་དུ་ཡུལ་ལྷའི་ཁང་ཞིག་བཞེངས་ཡོད་པ་དེ་ནི་ད་ལྟ་ཁྲི་ཀ་ཕུད་ཨ་མདོ་ས་ཆའི་ཨ་མྱེས་ཡུལ་ལྷ་ཁང་ཆེ་ཤོས་ཡིན། རེང་གོང་དུ་དྲུག་པའི་ཀླུ་རོལ་སྐབས་སུ་ཨ་མྱེས་ཡུལ་ལྷའང་ལྷ་རྩེད་ཀྱི་གྲས་སུ་གཏོགས། དེ་མིན་མཚོ་ལྷོ་ཁུལ་དུ་ཁྲི་ཀའི་ཉེ་འཁོར་གྱི་མང་ར་རྫོང་དང་། འབའ་རྫོང་། ཆབ་ཆ་རྗོང་། རྩ་གོར་ཐང་རྫོང་སོགས་སུ་ཡུལ་ལྷའི་ལྷ་ཁང་དང་། འབག་སྐུ། ལྡེབས་རིས་སོགས་བཞེངས་ནས་མཆོད་བཀུར་ཆེན་མོ་བྱེད་ལ་ཡུལ་ལྷ་འདི་མདོ་སྨད་ས་ཆར་ དར་ཁྱབ་ཆེན་མོ་སོང་ཡོད། [10]

དྲུག་པ། ཚེ་རིང་མཆེད་ལྔ་དང་མི་ལ་རས་པ། 

མི་ལ་རས་པ་དང་ཚེ་རིང་མཆེད་ལྔ་།

ཚེ་རིང་མཆེད་ལྔ་ལ་མཚོན་ན་སྔོན་ཆད་གུ་རུ་རིན་པོ་ཆེས་བཀའ་བསྒོས་དམ་བཞག་མཛད་ཟིན་པའི་གཞི་བདག་མོ་ཁག་ཅིག་ཡིན་ན་ཡང་། ཕྱི་རབས་སྒོམ་ཆེན་པ་དག་གི་ཉམས་ཚོད་ལེན་པའམ་ཡང་ན་རྟོགས་པའི་བོགས་དབྱུང་བའི་ ཆེད་དུ་བར་ཆད་ཀྱི་རྣམ་པར་འོངས་པ་ཞིག་སྟེ། <<རྗེ་མི་ལ་རས་པའི་རྣམ་ཐར་>>གྱི་ཚེ་རིང་མཆེད་ལྔས་དྲོད་ཉུལ་བ་ དང་ཞུས་ལན་གྱི་རིམ་པ་ཞེས་པའི་ལེའུ་ལས། [11] ་་་ ་་་ གནས་བྱིན་གྱིས་བརླབས་པ་སྨན་ལུང་ཆུ་དབར་གྱི་དབེན་པ་ན། རྗེ་རས་པ་ཆེན་པོ་མི་ལ་རྣལ་འབྱོར་བ་དེ་ཉིད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་རྩེ་ གཅིག་ཏུ་སྒོམ་ཞིང་བཞུགས་པ་ལས། ཆུ་ཕོ་འབྲུག་གི་ལོ་དབྱར་ཟླ་ར་བའི་ཡར་ངོ་། དགུང་ཚེས་བརྒྱད་ཀྱི་ནམ་གུང་ཡོལ་ཙ་ན། གདོན་ཆེན་པོ་བཅོ་བརྒྱད་ཀྱིས་གཙོ་བྱས་པའི་སྣང་སྲིད་ལྷ་འདྲེ་ལ་མ་ཚོགས་པ་མེད་ དེ། གནམ་འགྱུར་བ་དང་ས་གཡོ་བ་སོགས་པའི་ལྟས་དང་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་བྱུང་། དེ་རྣམས་ཀྱི་ནང་ནས་ཀྱང་ཤིན་ཏུ་འཇིགས་ཤིང་མི་བསྲུན་པའི་ཤ་ཟ་མོ་ལྔ་ཡིས་མི་ སྡུག་པའི་གཟུགས་སྣ་ཚོགས་སྟོན་ཅིང་། བསམ་གཏན་ལ་ཐོག་རྒྱུག་བྱེད་དུ་བྱུང་བ་ལ། དེ་ཡི་དུས་སུ་རྗེ་བཙུན་གྱིས་ལྷ་དང་ཌྰ་ཀི་ལ་དམག་སྦྲན་པའི་མགུར་འདི་གསུངས་སོ། །ཞེས་དང་། ཡང་། རྗེ་སུམ་ལྡན་བླ་མ་རིན་པོ་ཆེ། །མཚན་ཡོངས་སུ་གྲགས་པའི་ལྷོ་བྲག་པ། །ང་སྐལ་ལྡན་གདུང་བས་གསོལ་བ་འདེབས། །ཕ་མི་མངོན་དབྱིངས་ནས་ཐུགས་དགོངས་འཚལ། །ཡང་དབེན་པ་བྲིན་གྱི་ཆུ་དབར་དུ། །ང་བོད་ཀྱི་རྣལ་འབྱོར་རས་པ་ཡིས། །རྩེ་གཅིག་བསམ་གཏན་སྒོམ་དུ་འོང་། །ཁམས་འདུས་པ་ཉམས་ཀྱི་སྣང་བ་ལ། །ངོ་མཚར་གྱི་ལྟད་མོ་ཅི་ཡང་མཐོང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །འདིར་མ་ཚོགས་པ་ནི་གང་ཡང་མེད། །ཁྱད་པར་སྤྲུལ་བའི་བུད་མེད་ལྔ། །མི་སྡུག་སྤྲུལ་པའི་གཟུགས་སྟོན་ཅིང་། །མི་བདག་ལ་མཐོ་འཚམས་གླགས་ལྟ་སྟེ། །བར་གཅོད་ཐོག་རྒྱུག་བྱེད་དུ་བྱུང་། །ཀེང་རུས་བཞད་པའི་བུད་མེད་ཅིག །རི་རབ་པང་དུ་འདེགས་པ་མཐོང་། །དམར་མོ་ཁྲག་འཛག་ཅེ་སྤྱང་གདོང་། །རྒྱ་མཚོ་ཧུབ་ཀྱིས་འདེབས་པ་མཐོང་། །རབ་འཇིགས་གཤིན་རྗེའི་གཟུགས་ཅན་མ། །ཉི་ཟླ་ཆ་ལང་རྡེབ་པ་མཐོང་། །སོལ་བའི་བུད་མེད་གད་རྒྱངས་ཅན། །གཟའ་སྐར་ཐང་ལ་འབེབས་པ་མཐོང་། །ཤིན་ཏུ་སྒེག་པ་ལྷ་མོའི་གཟུགས། །བལྟ་བས་མི་ངོམས་བུད་མེད་ཅིག །འཛུམ་ཞིང་བསླུ་བྲིད་བྱེད་པ་མཐོང་། །གཞན་ཡང་སྤྲུལ་བའི་གནོད་སྦྱིན་རྣམས། །གཟུགས་མེད་ལག་པ་རྐྱོང་བ་མཐོང་། །རྩི་ཤིང་ནགས་ཚལ་བསྒུལ་བ་མཐོང་། །ས་རྡོ་བྲག་རི་དགོད་པ་མཐོང་། །ཕྱོགས་བཞི་འོབས་ཀྱིས་བསྐོར་པ་མཐོང་། །མཚམས་བཞི་གྱད་ཀྱིས་བསྲུངས་པ་མཐོང་། །ནམ་མཁའ་མེ་ཡིས་གང་བ་མཐོང་། །ས་གཞི་ཆུ་ཡིས་གང་བ་མཐོང་། །ཞེས་སོགས་གནས་བདག་ཚེ་རིང་མཆེད་ལྔས་ད་ལྟ་ང་ཚོའི་མངོན་སུམ་མིག་ལ་སྣང་རྒྱུ་ ཡོད་པ་ལྟ་བུའི་འཇིགས་པའི་ཆོ་འཕྲུལ་དུ་མ་ཡིས་རྗེ་བཙུན་གྱི་བསམ་གཏན་ལ་བར་ཆད་ བརྩམས་པ་དང་། ལྷ་འདྲེ་དེ་དག་གིས་འཇིགས་པའི་གླུ་བླངས་པ་ནི། ་་་ ་་་ ཞེ་རེངས་གདུག་པའི་སེམས་ལྡན་ཞིང་། །སྣ་ཚོགས་གཡོ་སྒྱུ་ངན་སྤྱོད་པ། །གཙོ་བོར་གདོན་ཆེན་བཅོ་བརྒྱད་ཡོད། །ཕྱོགས་སྐྱོང་བཅུ་ཡི་འཁོར་གདོན་ཡོད། །བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད། །ཁྱད་པར་ཤ་ཟ་ཆེན་མོ་ལྔ། །མི་ཤ་ཁྲག་གི་དྲི་ཚོར་ན། །རྐན་རྡེབ་བཟོད་པའི་གླགས་མེད་མ། །འཇིག་རྟེན་ལས་ཀྱི་སྲིན་མོ་ཡོད། །ངེད་འདིར་ཚོགས་ཀྱི་ལྷ་འདྲེས་གྲོས་བྱས་ནས། །རྩིས་ཤོ་ཡི་རྡེའུ་དཀར་ནག་སྤུངས། །བྱང་ཁྲམ་ཁ་བཏབ་པས་ཁྱོད་ལ་བབས། །ཐོ་རྒྱན་གཞི་བཏིངས་པས་ཁྱོད་ལ་ཟིན། །སྒོས་ཁ་ནང་ཆུད་པས་འཆོར་མི་སྲིད། །མི་ཁྱོད་ལ་རང་དབང་མེད་པའི་ཕྱིར། །བླ་དང་ཚེ་སྲོག་འཕྲོག་ཏུ་འོངས། །དབུགས་འགྱུ་བ་ཕྱི་ནང་གཅོད་དུ་འོངས། །ཡིད་རྣམ་ཤེས་རྟེན་དང་འབྲལ་དུ་འོངས། །ལུས་ཤ་ཁྲག་ཕུང་པོ་ཟ་རུ་འོངས། །མི་ཁྱོད་ཀྱི་ཚེ་དང་དབང་ཐང་ཟད། །འཆི་བདག་བདུད་ཀྱི་ཁ་རུ་ཚུད། །ལས་ཀྱི་ཞགས་པ་ནག་པོས་ཐེབས། །དོ་ནུབ་ནམ་གྱི་ཆ་སྨད་ལ། །འདི་ནས་ཕ་རོལ་འགྲོ་དགོས་པས། །ཁྱོད་སྔོན་ཆད་བྱས་པའི་ལས་རྣམས་ལ། །དུས་ད་ལྟ་འགྱོད་པ་ཡོད་ད་མེད། །ཁྱོད་གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །འཆི་བྲོད་ཀྱི་འབྲོ་ས་ཡོད་དམ་མེད། །ཞེས་སོགས་རྟོགས་པའི་གདེང་དང་མི་ལྡན་པའི་སྐྱེ་བོ་རང་དགའ་བས་ཐོས་ན་སྙིང་ འཇིགས་ཤིང་སྐྱི་གཡའ་བའི་སྟིང་ཚིག་དྲག་པོ་སྨྲས་པ་དང་། རྗེ་བཙུན་གྱི་ཐུགས་དགོངས་ལ། ་་་ ་་་ ད་ལྟར་གྱི་ལུས་གཟུང་འཛིན་ཞེན་པ་ལས་གྲུབ་པ། འབྱུང་བཞི་གདོས་བཅས་ལས་ཀྱི་ཕུང་པོ་འདི་སྐྱེས་པའི་ཐ་མ་འཆི་བ་ཡིན་པས། ཁྱོད་ཅག་ལྷ་འདྲེ་ལ་དགོས་ན་བྱིན་པས་ཆོག དངོས་པོ་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཅན་ལ། དུས་ད་ལྟར་རང་དབང་ཡོད་བཞིན་དུ་སེམས་ཀྱིས་སྦྱིན་པ་བཏང་ན། དོན་ཆེན་པོ་ལུས་ཀྱི་སྦྱིན་པར་འགྱུར་ལ། ད་ལྟ་གཟུང་འཛིན་འཁྲུལ་བའི་རྟོག་པ་ལ་ལྷ་འདྲེའི་གཟུགས་བརྙན་མཐོང་ཞིང་། གནོད་བྱ་གནོད་བྱེད་དུ་སྣང་བ་འདི་རྣམས་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་འཛག་པ་ ལྟར་འཁོར་བ་ཐོག་མ་མེད་པ་ནས། རྒྱུ་མ་རིག་པའི་དབང་གིས་བག་ཆགས་ངན་པའི་རྒྱུན་གོམས་པ་ལས་བྱུང་བའི་སྒྲིབ་པ་ སྒྲིབ་གཡོག་བློ་བུར་གྱི་རྣམ་པར་རྟོག་པ་སྤྲིན་དང་ན་བུན་ལྟ་བུ་ཡིན་གྱི། དེ་ལ་འཇིགས་ཤིང་སྐྲག་པའམ། ཡ་ང་བ་ཅི་ཡོད་སྙམ་དུ་གཞི་གནས་ལུགས་ཀྱི་ངང་དུ་ཐུགས་མཉམ་པར་བཞག་པས། མི་འཇིགས་པ་ཁོང་དུ་ཆུད་ཅིང་རྟོགས་པ་གདེང་དུ་གྱུར་པའི་མགུར་འདི་གསུངས་སོ། །ཞེས་སོགས་རྟོགས་པའི་གདེང་ཆེན་རྙེད་པའི་མགུར་གསུངས་པས། གཞི་བདག་ཚེ་རིང་མཆེད་ལྔ་ཡང་གུས་པའི་ཚུལ་གྱིས་ཁོང་གི་འཁོར་དུ་འདུས་ཏེ་སྐུའི་ ཕྱག་རྒྱར་ཁས་བླངས་ཤིང་། ཆུ་སྦྲུལ་དབྱར་ཟླ་ར་བའི་ཚེས་བཅུ་གཅིག་གི་ནུབ་མོ་ཡང་སྐྱར་འོངས་ཏེ། ་་་ ་་་ ངེད་ཀྱི་ཕོ་བྲང་བརྟེན་ས་ནི། །ལྡིང་མདོ་ཤོད་འདི་ཡི་གཡས་ལོགས་ན། །གངས་ཟུར་གསུམ་དགུང་དུ་རྩེ་མཐོ་བ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །སྤྲིན་དཀར་ལྡིང་གི་གོ་ལྕོག་མཛེས། །རྐེད་པ་མན་ཆད་རྨང་གཞི་ལ། །ན་བུན་སྐྱི་བུན་འཐིབས་པ་དེ། །གངས་མཐོང་མཐིང་རྒྱལ་མོ་ཞེས་སུ་གྲགས། །དེ་བུད་མེད་ངེད་ཀྱི་ཕོ་བྲང་ཡིན། །རྗེ་བཙུན་ཁྱེད་དང་མཇལ་བ་ཡང་། །ན་ནིང་དབྱར་ཟླ་ར་བ་ལ། །མཐོ་འཚམས་བར་ཆད་རྩོམ་དུ་འོངས། །ཉོན་མོངས་ཁོང་ཁྲོ་ཁྱེད་ལ་མེད། །སྤྱིར་ཡང་དཀར་པོའི་ཆོས་ཆར་ཕབ། །ཀུན་ཀྱང་འགྱོད་བཞིན་བཟོད་གསོལ་ཕུལ། །དེ་རིང་དྲུང་དུ་ལྷགས་པ་ཡང་། །མི་མཆོག་སྐྱོབ་པ་ཁྱོད་ཉིད་ཀྱི། །ཞལ་ནས་བབས་པ་བདུད་རྩིའི་ཆར། །བཏུང་བས་སྐོམ་ཞིང་གདུང་ལགས་ན། །དག་པ་བདུད་རྩིའི་ཆུ་རྒྱུན་གྱིས། །གདུང་བ་སོལ་ཅིག་སྐྱེས་བུ་མཆོག །ཅེས་སོགས་ཁོ་མོ་ཅག་གང་དུ་གནས་པའི་བླ་རི་དང་བཟོད་གསོལ་གསོལ་འདེབས་སོགས་ཞུ་ དོན་གླུར་ཕུལ་བ་དང་། ཡང་། ངེད་ཅག་རྣམས་ཀྱིས་ནི་སྔོན་དུར་ཁྲོད་ཆེན་པོ་སིང་ཧ་ལ་ཞེས་བྱ་བ་དེར་ཡེ་ཤེས་ ཀྱི་མཁའ་འགྲོ་མ་སེང་གེའི་གདོང་བ་ཅན་དང་། ཏ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་སྔོ་སངས་མ་ལ་སོགས་པའི་ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་དང་། རྣལ་འབྱོར་མ་བྷི་ན་བཛྲ་ལ་སོགས་པ་གྲུབ་པ་བརྙེས་པའི་རྗེ་བཙུན་མ་འགའ་ཞིག་ལས་ བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྗོད་པ་དང་། ལས་དཀར་ནག་གི་ཆོས་མང་དུ་ཐོས་པས། ད་དེ་ཙམ་དུ་གསུང་མི་འཚལ་གྱིས་ད་ལྟ་ལྟས་དང་ཆོ་འཕྲུལ་གྱི་རྣམ་པ་མི་སྡུག་པའི་ ཚུལ་སྟོན་པ་ལྟར་འདུག་ནའང་། ཁྱེད་རི་ཁྲོད་མྱུལ་བའི་བསམ་གཏན་པ་རྣམས་ཀྱི་ཉམས་ཀྱི་གདེང་ཅི་འདུག་བལྟ་ཞིང་ རྟོགས་པའི་བོགས་དབྱུང་བའི་ཕྱིར་དང་། བཀའ་བསྟན་པ་སྤྱིའི་བྱ་ར་བཏང་བའི་སླད་དུ་བསྟན་པ་མ་གཏོགས་ཞེ་ཐག་པ་ནས་གནོད་ འགྱུར་གྱི་ལས་ཅུང་ཟད་ཀྱང་མི་བགྱིད་པར་འཚལ་བས་ཅི་ནས་ཀྱང་བྱང་ཆུབ་མཆོག་ཏུ་ སེས་བསྐྱེད་པ་གནང་བར་འཚལ། །ཞེས་ཁོ་མོ་ཚོས་བྱང་སེམས་བསྐྱེད་ཚུལ་སོགས་སྔོན་བྱུང་གི་ལོ་རྒྱུས་བསྙད་པའི་ སྒོ་ནས་གསོལ་བ་བཏབ་ཅིང་། རྗེ་བཙུན་གྱིས་དགོངས་ཁྲོལ་བསྩལ་པའི་རྗེས་སུ། ཚེ་རིང་མཆེད་ལྔས་རེ་རེ་བཞིན། བདག་ནི་འདི་རྣམས་ཀྱི་གཙོ་མོ་ལགས་ཏེ། བདག་གི་མིང་ནི་བཀྲ་ཤིས་ཚེ་རིང་མ་ཞེས་བགྱི། སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡས་ལོགས་ཀྱི་བུད་མེད་ཅིག་ན་རེ། བདག་གི་མིང་ནི་མཐིང་གི་ཞལ་བཟང་མ་ཞེས་བགྱི། སྣང་གསལ་པྲའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། དེའི་གཡས་ལོགས་ན་འཁོད་པ་ཞིག་ན་རེ། བདག་གི་མིང་ནི་ཅོད་པན་མགྲིན་བཟང་མ་ཞེས་བགྱི། བང་མཛོད་ནོར་གྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། གཙོ་མོའི་གཡོན་ལོགས་ཀྱི་བུད་མེད་ཅིག་ན་རེ། བདག་གི་མིང་ནི་མི་གཡོ་ཟླ་བཟང་མ་ཞེས་བགྱི། རྨ་གཡང་ཟས་ཀྱི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། ཡང་དེའི་གཡོན་ལོགས་ན་འཁོད་པ་ཞིག་ན་རེ། བདག་གི་མིང་ནི་གཏད་དཀར་འགྲོ་བཟང་མ་ཞེས་བགྱི། རྐང་བཞི་དུད་འགྲོ་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཟེར་སྐད། ཅེས་དངོས་གྲུབ་མི་འདྲ་བ་རྣམ་པ་ལྔ་ཕུལ་བ་དང་། དེའི་རྗེས་སུ་བཀྲ་ཤིས་ཚེ་རིང་མས་རྗེ་བཙུན་གྱི་སྔགས་ལམ་བགྲོད་པའི་ཕྱག་རྒྱ་མ་ བྱས་པ་དང་། དེ་ཡང་བཀྲ་ཤིས་ཚེ་རིང་མ་གཅིག་པོ་མ་ཡིན་པར་གཞི་བདག་མོ་ལ་ཕྱི་གངས་ཀྱི་འབྲོག་ སྨན་ཟུལ་ལེ་མ་དང་། ལིང་པ་བྲག་གི་སྨན་མོ་དང་། བལ་པོ་ལམ་པའི་མཚོ་སྨན་མ་དང་། ཡོལ་མོ་གངས་རའི་གཞི་བདག་སྟེ་གཞི་བདག་མོ་འདི་ལྔས་རྗེ་བཙུན་མི་ལ་རས་པའི་གསང་ སྔགས་ཐབས་ལམ་གྱི་ཕྱག་རྒྱ་མ་བྱས་ཚུལ་ཁོང་གི་རྣམ་ཐར་དུ་འཁོད་འདུག་པས། རྩ་རླུང་ལ་རང་དབང་ཐོབ་པའི་གྲུབ་ཐོབ་ཚོར་མཚོན་ན་གཞི་བདག་མོ་འདི་རིགས་ཀྱིས་ དམ་པའི་ཆོས་སྒྲུབ་པའི་གྲོགས་ཁྱད་པར་བ་བྱེད་ནུས་ཤིང་། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དུ་ཡང་རྡོ་རྗེ་གཡུ་སྒྲོན་མས་ཁོང་གི་གྲོགས་བསྒྲུབས་ཚུལ་དང་ལྷ་བཙུན་པའི་བར་སྐབས་ཚིག་བཅད་དུ་གཡུ་སྒྲོན་མས་གསང་སྔགས་ཀྱི་མྱུར་ལམ་སྒྲུབ་པའི་གྲོགས་བྱས་ཚུལ་ཡང་མཚོན་ཙམ་ཞིག་བྲིས་འདུག་པ་ནི་འདི་ལྟ་སྟེ། རྗེ་བཙུན་རྡོ་རྗེ་གཡུ་སྒྲོན་མ། །ཁྱོད་ཀྱི་བྲན་དུ་འཁོལ་གྱུར་ཏེ། །བདེ་བ་ཆེན་པོའི་གྲོགས་གྱུར་ཅིང་། །ཞི་སོགས་ལས་ཀུན་བསྒྲུབས་པར་མཛད། ། ཅེས་འབྱུང་། [12]

བདུན་པ། ས་གནས་ཀྱི་དཔའ་བོ་གཞི་བདག་ཏུ་གྱུར་པ། 

ས་གནས་ཀྱི་དཔའ་བོ་གཞི་བདག་ཏུ་གྱུར་པའི་རིགས་འདི་བོད་ཀྱི་སྲོལ་རྒྱུན་རིག་ གཞུང་གི་ཁྲོད་དུ་ཧ་ཅང་རྒྱུན་ལྡན་ཞིག་ཡིན་ཞིང་། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་སྟོང་བཙན་མདོ་ཁམས་གཡེར་མོ་ ཐང་དུ་ཕེབས་ནས་གྲོངས་རྗེས་གཞི་བདག་ཏུ་གྱུར་པའི་ངོས་འཛིན་བྱས་ཏེ་བློན་པོ་ གསེར་ཆེན་ཞིག་མཚོ་ལྷོའི་འབྲོག་སྡེ་དུ་མས་གསོལ་མཆོད་བྱེད་བཞིན་ཡོད་ཅིང་། ལོ་རེ་བཞིན་བློན་པོ་གསེར་ཆེན་གྱི་ལབ་ཙེ་བསྟོད་པའི་མཛད་སྒོ་འཚོག་པ་སོགས་ཡོད་ ན་ཡང་། <<དེབ་ཐེར་དམར་པོ་གསར་མ་>>ལས།[13] དེ་ནས་དབོན་སྲས་གུང་སྲོང་གུང་བཙན་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན། ལྷ་སར་མེས་ཀྱི་མཆོད་པ་འཛུགས་པ་སོགས་དཀོན་མཆོག་གསུམ་ལ་གུར་པར་མཛད། རྒྱལ་སྲིད་ལོ་བཅོ་ལྔ་བཟུང་སྟེ་ཉེར་བདུན་པ་ལ་གཙང་གི་ས་ཆར་འདས། རྒྱལ་པོ་འདིའི་དུས་སུ་རྒྱ་དམག་བོད་དུ་བྱུང་སྟེ་དམར་པོ་རི་མེ་ལ་བསྲེགས། ཇོ་བོ་ཤྰཀྱ་མུ་ནེ་འཕྲུལ་སྣང་དུ་སྦས་པ་མ་རྙེད་ཀྱང་ཇོ་བོ་མི་བསྐྱོད་རྡོ་རྗེ་ སྔ་དྲོ་གཅིག་གི་སར་ཁྱེར་ཞེས་རྒྱའི་དེབ་ཐེར་ལས་འབྱུང་། སླར་བློན་པོ་མགར་གྱིས་བོད་དམག་འབུམ་ཚོ་ཁྲིད་དེ་རྒྱ་ཡི་ཡུལ་ཁམས་བཅོམ། མགར་རང་ཡང་དམག་ཐོག་ཏུ་འདས་ཞེས་གྲགས། ཞེས་བྱུང་བས་མགར་དམག་ཐོག་ཏུ་གྲོངས་སམ་ས་མཐར་འཁྱམས་ནས་གྲོངས་པ་ནི་ད་དུང་ བརྟག་དཔྱད་ཀྱི་གནས་སོ།། མཚོ་ལྷོའི་མང་རའི་ཀླུ་ཚང་འབྲོག་སྡེ་ནས་ཡིན་པའི་ཀླུ་ཨ་རྒྱ་ཞྭ་རྒན་ཅན་ཞེས་པ་ དེ་ཡང་གཞི་བདག་ཏུ་གྱུར་པའི་མིང་ལ་ཀྱ་ཚང་དཔའ་བོ་དགྲ་འདུལ་ཞེས་བཏགས་ནས་བསང་ གསོལ་དང་ལབ་ཙེ་བསྟོད་པ་སོགས་བྱེད་བཞིན་ཡོད།

བརྒྱད་པ། དེ་དག་གི་གསོལ་མཆོད་ཡིག་རིགས་རྩོམ་མཁན་དང་གཞི་བདག་ཁོག་ཞུགས།

གཞི་བདག་རྣམས་ལ་བསང་ཡིག་འབྲི་བའི་རྩོམ་སྟངས་འདིས་བོད་ཀྱི་རྩོམ་རིག་ལོ་ རྒྱུས་ཀྱི་ཁྲོད་དུ་མངོན་གསལ་དེ་འདྲ་ཆེན་པོ་མེད་པའི་སྒོ་ནས་གོ་གནས་གལ་ཆེན་ ཞིག་བཟུང་ཡོད། དེ་ཡང་གཞི་བདག་ལ་བསང་གསོལ་བྱེད་དུས་བླ་མ་དགེ་བའི་བཤེས་གཉེན་དག་གིས་བརྩམས་པའི་བསང་ཡིག་འདོན་པའི་ལུགས་སྲོལ་ཞིག་དང་། ཡང་ཡིག་ཐོག་ཏུ་མེད་པར་ངག་རྒྱུན་གྱི་བསང་འབོད་བྱེད་སྟངས་རིགས་གཉིས་འདུག ཡིག་ཐོག་གི་བསང་མཆོད་ནི་བོད་ཀྱི་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་གྲུབ་ཀྱི་ སྐྱེས་བུ་དམ་པ་རྣམས་ཀྱིས་དགོས་དབང་གིས་བརྩམས་པར་མཛད་པ་དང་། དེ་ཡང་བསང་ཡིག་མང་ཤོས་ཀྱི་ཡོངས་གྲགས་རྩོམ་སྟངས་ནི་མདོར་བསྡུ་ན་སྡེ་ཚན་བདུན་ དུ་འདུ་བ་སྟེ། གལ་སྲིད་བསང་ཡིག་དེར་ཁྱོན་བསྡོམས་ཤོ་ལོ་ཀ་བདུན་ཡོད་པའི་དབང་དུ་བྱས་ན། ཐོག་མའི་ཤོ་ལོ་ཀ་གཅིག་གིས་གཞི་བདག་དེ་བཀའ་བསྒོ་དམ་འདོགས་མཛད་མཁན་གྱི་བླ་མ་ དེ་དང་དེ་དག་གི་བཀའ་དང་དམ་ཚིག་དྲན་བཞིན་འདིར་ཕེབས་ཞེས་གནས་ཡུལ་ག་གེ་མོ་ དེའི་ཁྱད་ཆོས་བརྗོད་པའི་སྒོ་ནས་སྤྱན་འདྲེན་དང་། གཉིས་པ་དེས་གཞི་བདག་དེའི་ཆ་ལུགས་བརྗོད་པ། གསུམ་པ་དེས་འཁོར་གཡོག ལྔ་པ་དེས་གཞི་བདག་དེར་མཆོད་འབུལ། དྲུག་པ་དེས་རང་གི་འདོད་དོན་ཞུ་བ། བདུན་པ་དེས་གཞི་བདག་དེར་བཀའ་བསྒོ་དམ་འཇོག་མཛད་པའི་བླ་མ་དང་ཡི་དམ་སོགས་ཀྱི་ མཚན་ནས་སྨྲོས་ཏེ་བདེན་ཚིག་གིས་མཐའ་བརྒྱན་པ་ལྟ་བུར་འདུག་ཅིང་། བསང་གསོལ་ཕལ་མོ་ཆེའི་ཚིག་ཕྲེང་རེར་ཚེག་བར་དགུ་རེ་ཡོད་ཅིང་། སྐབས་རེར་དང་པོར་ཚིག་ལྷུག་དང་དེ་ནས་ཚིག་བཅད། ཁོ་བོའི་དགེ་རྒན་བཀའ་དྲིན་ཅན་མང་རའི་དགེ་བཤེས་བྱམས་པ་འཕྲིན་ལས་མཆོག་གིས་ མཛད་པའི་དམ་ཅན་སྐྱེས་བུ་ཆེན་པོའི་བསང་མཆོད་དེར་ཚེག་བར་དྲུག་ཡོད་པ་སྟེ། རྣལ་འབྱོར་བདག་གི་དགྲ་ལྷ། །དམ་ཅན་རྡོ་རྗེ་ལེགས་པ། །ཞེས་སོགས་བྲིས་གནང་འདུག ཡང་བསང་གསོལ་ལ་ལའི་མགོར་གཞི་བདག་དེ་དང་དེའི་གནས་ཡུལ་གྱི་ཁྱད་ཆོས་ཞིབ་བརྗོད་ བྱས་ཡོད་པ་ཡང་འདུག་ཅིང་། དེའི་དཔེ་མཚོན་ཞིག་ནི་བླ་མ་གསེར་ཁང་བས་མཛད་པའི་<<བློན་པོ་གསེར་ཆེན་ གྱི་བསང་གསོལ་བསྡུས་པ་>>[14] བཀླགས་ན་ཤེས་ཐུབ་པ་སྟེ། ཀྱཻ། རིན་ཆེན་ཕ་ཝང་ལུང་པའི་རི། །སྟེང་ན་སྤྲིན་ནག་གློག་འབྲུག་འཁྲིགས། །རྩེ་ན་བྱ་རིགས་སྐད་སྙན་སྒྲོག །སྐེད་ན་རི་དྭགས་མང་པོ་རྒྱུག །མདུན་དུ་གཡུ་མཚོ་སྔོན་མོ་འཁྱིལ། །རྩི་ཤིང་སྨན་སྣ་རྒྱས་པའི་རི། །དེ་འདྲའི་ཉམས་དགའི་ཕོ་བྲང་ན། །གསེར་ཆེན་བཙན་རྒོད་དྲག་རྩལ་ཅན། །ཕྱག་གཡས་བཙན་མདུང་དམར་པོ་ཕྱར། །གཡོན་པས་གཏེར་གྱི་ནེའུ་ལེ་བསྣམས། །དབུ་ལ་གསེར་གྱི་མཐིང་ཞྭ་མནབས། །ལུས་ལ་དར་དམར་བེར་གོས་གསོལ། །ཞབས་ལ་སག་ལྷམ་དམར་པོ་གྱོན། །ཆིབས་སུ་རྟ་མཆོག་དཀར་པོ་བཅིབས། །འཁོར་དུ་བཙུན་མོ་སྲས་བློན་བཅས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །གཤེགས་ནས་གདན་ལ་བཞུགས་སུ་གསོལ། །བཞུགས་ནས་བསང་དང་གསེར་སྐྱེམས་བཞེས། །བཞེས་ནས་སངས་རྒྱས་བསྟན་པ་བསྲུང་། །བསྲུངས་ལ་རྣལ་འབྱོར་སྡོང་གྲོགས་མཛོད། །ནད་རིམས་འཁྲུག་རྩོད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །ཁམས་གསུམ་དབང་དུ་འདུ་བ་དང་། །སྙན་གྲགས་རླུང་རྟ་དར་བ་དང་། །མི་ནོར་ཟས་གོས་བདག་ལ་སྩོལ། །རྣལ་འབྱོར་བདག་གི་དགྲ་ལྷ་མཛོད། །སྡང་བའི་དགྲ་བོ་རྩད་ནས་ཆོད། །གནོད་པའི་བགེགས་རྣམས་ཐལ་བར་རློགས། །རྐྱེན་ངན་བར་ཆད་ཞི་བ་དང་། །ཕྱོགས་བཞིའི་དགྲ་བགེགས་ཆམ་ལ་ཕོབས། །ཁ་སྨྲས་མི་ཁ་གོད་ཁ་བཟློག །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་བློན་པོ་གསེར་ཆེན་གྱི་བསང་གསོལ་བསྡུས་པ་འདི་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱང་ཤར་གྱི་ཆར་གཏོགས་པའི་སྔར་དཀར་ཐང་མར་ཁུའི་མཚོ་མོ་རུ་གྲགས་པའི་ས་ དེར་ཕེབས་བསུ་འབྱོར་སྐབས་གསེར་ཁང་བས་བྲིས་སོ།།

༡ <<སྐྱེས་ལྷ་གླང་ཆེན་གཉན་པོའི་བསང་མཆོད་བཞུགས་སོ།།>>

བསྭོ༔དགེ་ལེགས་འདོད་དགུའི་འབྱུང་གནས་དཔལ་གྱི་རི།། གཡོ་མེད་ལྷུན་སྟུག་གཡའ་རི་སྔོན་པོ་ལ།། རྣལ་འབྱོར་སྐྱེས་ལྷ་གླང་ཆེན་གཉན་པོ་ནི།། སྐུ་མདོག་དཀར་བོ་རིན་ཆེན་ཁྲབ་རྨོག་གསོལ།། ཕྱག་གཡས་དར་མདུང་གཡོན་པས་ནོར་གཞོང་འཛིན།། རླུང་གི་ཤུགས་ཅན་ཅང་ཤེས་སྔོན་པོ་བཅིབས།། ཞལ་ནས་དགྱེས་པའི་འཛུམ་མདངས་མེ་རེ་རེ།། ཟ་འོག་དར་གྱི་ན་བཟའ་ལྷབ་སེ་ལྷབ།། རིན་ཆེན་གསེར་གྱི་རྒྱན་ཆ་སི་ལི་ལི།། གཡས་ན་ཐུགས་ཀྱི་དགྱེས་སྡེ་གསང་བའི་ཡུམ།། མཚར་སྡུག་རྒྱན་གྱི་གཟི་འོད་ཁྱུགས་སེ་ཁྱུགས། གཡོན་ན་ལྷ་སྲས་ཟླ་བའི་བཞིན་རས་ཅན།། སྒེག་པའི་ཉམས་ལྡན་མཛུམ་མདངས་ཡ་ལ་ལ།། ལས་བྱེད་སྤྲུལ་བའི་བློན་པོ་སྟག་གདོང་ཅན།། སྐུ་མདོག་དམར་སྨུག་ཟ་བེར་སྔོན་པོ་གསོལ།། རྟ་ནག་ཕྱུར་དཀར་ཞོན་ནས་སྟོང་གསུམ་ཉུལ།། འཁོར་བཅས་དམག་ཚོགས་རྟ་རྒྱུགས་ཤ་ར་ར།། གཡུང་དྲུང་བོན་གྱི་སྟག་གདོང་ཆ་ལུགས་ཅན།། ལག་ན་རྔ་ཤིང་ཐོགས་པའི་ཕོ་ཉའི་ཚོགས།། སྣ་ཚོགས་རོལ་མོའི་འཆམ་སྟབས་འུ་རུ་རུ།། གཞན་ཡང་སྤྲུལ་བ་ཡང་སྤྲུལ་ཕོ་ཉའི་ཚོགས།། སྣ་ཚོགས་ཉམས་ཀྱི་རོལ་བ་ཤུག་སེ་ཤུག། ཡུལ་ལྷ་གཞི་བདག་དྲེགས་པ་སྡེ་བརྒྱད་སོགས།། གནམ་ས་བར་སྣང་གང་བའི་ཚོགས་རྣམས་ཀུན།། དངོས་བཤམས་ཡིད་ཀྱི་སྤྲུལ་བ་ལས་བྱུང་བའི།། དྲི་བཟང་བསང་རྫས་དུད་པ་མཁའ་ལ་འཁྲིགས།། ལྷ་མིའི་ཞལ་ཟས་སྣ་ཚོགས་རི་ལྟར་སྤུངས།། ཇ་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་བསྐྱིལ།། རིན་ཆེན་སྣ་ཚོགས་གསེར་སྐྱེམས་མཁའ་ལ་གཏོར།། མཛེས་པའི་གར་དང་སྙན་པའི་རོལ་མོ་དང་།། ཡིད་འོང་མཆོད་པའི་ཁྱད་པར་འདི་བཞེས་ལ།། རྣལ་འབྱོར་བདག་གི་ལུས་དང་གྲིབ་མ་བཞིན།། ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད།། རྒྱབ་ཀྱི་བསྟེན་པ་མདུན་གྱི་མཁར་བ་མཛོད།། ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་མ་མཛོད།། ནད་གདོན་ཆག་ཆེ་བར་ཆད་ཀུན་ལས་སྐྱོབས།། བསོད་ནམས་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད།། [15]མཛད་པ་པོ་མི་གསལ།

གོང་སྨོས་བཞིན་གཞི་བདག་དེ་དང་དེར་བཀའ་བསྒོ་དམ་འདོགས་མཛད་པའི་རྩ་བརྒྱུད་ ཀྱི་བླ་མའི་མཚན་བརྗོད་ཅིང་། དེ་དག་གི་དྲུང་ནས་ཁས་བླངས་པའི་དམ་ཚིག་གིས་བསྐུལ་ཏེ་སྤྱན་འདྲེན་པའི་བསང་ཡིག་ དག་གི་དཔེ་མཚོན་ནི་འོག་གི་གཏོར་བསྔོས་འདི་གཉིས་ཡིན་ཏེ། དེ་ཡང་།

༢ <<ཨ་མྱེས་རྨ་ཆེན་གྱི་གཏོར་བསྔོས།>>

ཨོཾ་གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་།། བློ་བཟང་རྒྱལ་བའི་དབང་བོས་བཀའ་བསྒོས་བཞིན།། བསྟན་པ་སྐྱོང་མཛད་ལྷ་ཡི་དགེ་བསྙེན་ཆེ།། འཁོར་བཅས་ཐོགས་པ་མེད་པར་གཤེགས་སུ་གསོལ།། སྤྲིན་དཀར་གཡོ་འདྲའི་རྫུ་འཕྲུལ་རྟ་ཡི་སྟེང་།། དར་མདུང་མདའ་གཞུ་ཞགས་པ་འཛིན་མཛད་ཅིང་།། དཀར་གསལ་རབ་བརྗིད་མཛེས་པའི་རྣམ་འགྱུར་གྱིས།། འཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་བརྟན་པར་བཞུགས།། ཕྱི་ནང་གསང་བའི་མཆོད་པའི་སྤྲིན་དཀྲིགས་ཤིང་།། གསེར་སྐྱེམས་བདུད་རྩིའི་བཏུང་བ་རྒྱ་མཚོར་བསྐྱིལ།། ཤ་ཁྲག་གཏོར་མ་རི་ལྟར་སྤུངས་པ་ཡིས།། རྨ་གཉན་དགྲ་ལྷའི་རྒྱལ་བོ་འཁོར་བཅས་མཆོད།། འབར་བའི་མེ་ནང་བསངས་རྫས་སྟོང་ཕྲག་དང་།། དྲི་ཞིམ་སྤོས་སྣ་བསྲེགས་པའི་དུད་སྤྲིན་སོགས།། དབང་སྔོན་ཆུ་འཛིན་མཁའ་ལ་བསྙེགས་འདྲ་བའི།། གཞི་བདག་དགེ་བསྙེན་ཆེན་པོ་འཁོར་བཅས་བསངས།། རྣམ་འདྲེན་ཐམས་ཅད་གཟིགས་པའི་སྤྱན་སྔ་རུ།། དང་བོར་ཐུགས་བསྐྱེད་ས་བཅུའི་མཐར་སོན་ཡང་།། འབྲོག་གནས་ཚུལ་བཟུང་རྨ་ཆེན་སྦོན་ར་ཞེས།། ཆོས་འཁོར་སྐྱོང་མཛད་སྲུང་མ་ཁྱོད་ལ་བསྟོད།། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཆེན་པོ།། བློ་གསལ་མཁས་མང་ནོར་བུས་ཡོངས་གང་ཞིང་།། བཤད་སྒྲུབ་འདོད་དགུའི་ལོངས་སྤྱོད་ཕུན་ཚོགས་བརྒྱའི།། དར་རྒྱས་སྲིད་མཐའི་བར་དུ་གནས་པར་མཛོད།། ལྷག་བསམ་དག་པའི་྾྾།། ཚངས་དང་དབང་བོ་྾྾།། ཡུལ་ལྷ་རྨ་རྒྱལ་ལ་སོགས་྾྾།། གཡེལ་བ་྾྾ཤོག །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད།[16]

༣ <<དགེ་བསྙེན་ཕྱིང་དཀར་བའི་གཏོར་བསྔོས།>>

ཧཱུཾ་མར་མེ་མཛད་སོགས་རྩ་རྒྱུད་བླ་མ་ཡི།། བཀའ་སྡོད་ལྷ་ཡི་དགེ་བསྙེན་ཕྱིང་དཀར་བ།། ནེའུ་སེར་ཇོ་བོ་རྒྱལ་མཚན་ཞེས་གྲགས་པ།། འཁོར་བཅས་འདིར་བྱོན་མཐུན་པའི་དམ་རྫས་བཞེས།། དངོས་དང་ཡིད་ཀྱིས་སྤྲུལ་བའི་མཆོད་པའི་སྤྲིན།། ཕྱི་ནང་གསང་བ་ནམ་མཁའ་གང་བ་དང་།། གཏོར་ཚོགས་གསེར་སྐྱེམས་མཚོ་ལྟར་འཁྱིལ་བ་འདི།། བདུད་རྩིར་བྱིན་བརླབས་འཁོར་དང་བཅས་ལ་འབུལ།། གསེར་ཞུན་འབར་འདྲའི་ཡེ་ཤེས་མེ་ནང་དུ།། རྨད་བྱུང་སྤོས་སྣ་བསངས་རྫས་བརྒྱ་ཕྲག་དག། བསྲེགས་པའི་དུད་སྤྲིན་འཆི་མེད་ལམ་གང་བའི།། ཆོས་སྐྱོང་དགེ་བསྙེན་ཆེན་པོ་འཁོར་བཅས་བསངས།། སྤྱན་རས་གཟིགས་དབང་ཐུགས་ཀྱི་ཕོ་ཉ་ནི།། སྣ་ཚོགས་སྤྲུལ་བའི་གར་གྱིས་རྣམ་རོལ་བ།། ཆོས་འཁོར་སྐྱོང་ཞིང་རྣལ་འབྱོར་བུ་བཞིན་དུ།། སྐྱོང་མཛད་དགྲ་ལྷ་ཆེན་པོ་ཁྱེད་ལ་བསྟོད།། རྣམ་དག་བསླབ་ཁྲིམས་ལྡན་པའི་གླིང་འདི་ཉིད།། རྟག་ཏུ་སྲུང་སྐྱོབ་དར་ཞིང་རྒྱས་པ་དང་།། བདག་ཅག་གཞིས་བྱེས་གང་དུ་ཅི་བྱེད་ཀྱང་།། གཡེལ་མེད་གྲོགས་མཛོད་བསམ་དོན་ཆོས་བཞིན་སྒྲུབས།། གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དང་།། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ།། མཐུ་ལྡན་སྲུང་མ་གནས་གསུམ་མཁའ་འགྲོའི་ཚོགས།། དབྱེར་མེད་ཞབས་ཀྱི་པདྨོའི་བཀའ་དྲིན་དང་།། སྲས་བཅས་རྒྱལ་བའི་རྣམ་དཀར་དགེ་ཚོགས་ཀྱིས།། ཚུལ་བཞིན་བསྒྲུབ་ལ་མཐུན་པའི་བསམ་པ་ཡིས།། ཐུབ་བསྟན་རྒྱ་མཚོའི་དཔལ་དུ་ཡུན་རིང་དུ།། གནས་ཤིང་འཕྲིན་ལས་ཕྱོགས་བཅུར་རྒྱས་གྱུར་ཅིག།། བསླབ་པ་གསུམ་ལྡན་ངུར་སྨུག་འཛིན་པ་ཡི།། མཛེས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་།། རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར།། ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག།།ལྰ་མོའི་ཡོངས་འཛིན་བློ་བཟང་མཁས་ གྲུབ་རྒྱ་མཚོས་མཛད།[17]

གོང་ནས་བྱུང་བ་ལྟར་གཞི་བདག་ལ་མཆོད་པ་འབུལ་ཅིང་འཕྲིན་བཅོལ་བྱེད་པའི་ཆོ་ག་ འདི་དག་གི་མིང་ལ་ཡང་བསང་ཡིག་དང་བསང་མཆོད། གསེར་སྐྱེམས། གཏོར་བསྔོས། བསྐང་གསོ། བརྒྱགས་བརྔན་ཞེས་པའི་མིང་སྣ་ཚོགས་ཤིག་ཡོད་ཅིང་། ཚིག་མི་འདྲ་བ་ཙམ་མ་གཏོགས་ནང་དོན་ཕལ་ཆེར་ཕྱོགས་གཅིག་ལ་འདུས་ཤིང་། དེ་ཡང་བསང་ཞེས་པའི་ཚིག་འདིས་གཞི་བདག་ལ་མི་གཙང་བའི་མནོལ་གྲིབ་སོགས་ཕོག་པ་ བསང་བར་བྱེད་པ་སྟོན་ཅིང་། དེ་ཡང་<<མནོལ་བསང་>>[18]ལས།  བསང་ངོ་བསང་ངོ་རྨུགས་པ་བསང༌། །བསང་ངོ་བསང་ངོ་འཐིབས་པ་བསང༌། །བསང་ངོ་བསང་ངོ་བྱིངས་པ་བསང༌། །བསང་ངོ་བསང་ངོ་ཉམས་གྲིབ་བསང༌། །བསང་ངོ་བསང་ངོ་འཁོན་གྲིབ་བསང༌། །བསང་ངོ་བསང་ངོ་དམེ་གྲིབ་བསང༌། །ཞེས་དང༌། དུ་བ་གནམ་དུ་སོང་བ་ཡིས། །ནམ་མཁའ་གང་བའི་ལྷ་རྣམས་བསང༌། །ལྷ་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །མེ་སྟག་བར་སྣང་འཕྲོ་བ་ཡིས། །བར་སྣང་གང་བའི་ལྷ་རྣམས་བསང༌། །གཉན་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །མེ་ལྕེ་ས་ལ་འཁྱིལ་བ་ཡིས། །ས་གཞི་གང་བའི་ཀླུ་རྣམས་བསང༌། །ཀླུ་ལ་གྲིབ་ཀྱིས་ཕག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །ཅེས་དང༌། དེ་ལྟར་ལྷ་སྲུང་འཁོར་བཅས་ཀུན། །རྨུགས་པ་འཐིབས་པ་ཁམས་བདེ་མཛོད། །འཐིབས་པ་བསལ་ནས་ཉམས་དགའ་འོ། །བསང་གིས་མི་བསང་གང་ཡང་མེད། །ཁྲུས་ཀྱིས་མི་དག་གང་ཡང་མེད། །ཅེས་པ་འདིས་བསང་གི་དམིགས་ཡུལ་དང་དེའི་དེའི་ཕན་ནུས་སོགས་ཟུར་ཙམ་བསྟན་ཡོད། གསེར་སྐྱེམས་ཀྱིས་གཞི་བདག་ལ་ཕུལ་བའི་ཆང་དང་འོ་མ་སོགས་བཏུང་བའི་རིགས་སྟོན་ལ། གཏོར་མས་བཟའ་བའི་རིགས། བརྒྱགས་བརྔན་གྱིས་བཟའ་བཏུང་དང་གོ་མཚོན་དང་སེམས་ཅན་གྱི་རིགས་སོགས་གཞི་བདག་ལ་ ཕུལ་བའི་མཆོད་པའི་དངོས་པོ་ཡོངས་སུ་རྫོགས་པ་བསྟན་ཅེས་བརྗོད་ན་མི་འགྲིག་པ་ ཆེར་མི་འདུག བསང་ཡིག་རྩོམ་སྟངས་གཞན་ཞིག་ནི་ཐོག་མར་རང་ཉིད་ཡི་དམ་དུ་བསྐྱེད་ཅིང་སྣོད་ བཅུད་བསང་སྦྱངས་སོགས་གྲུབ་རྗེས་གཞི་ནས་ཡུལ་ལྷ་གཞི་བདག་དེ་དང་དེ་སྤྱན་འདྲེན་ གསོལ་མཆོད་བསྐང་བཤག་སོགས་ཆོས་སྐྱོང་ཡེ་ཤེས་པ་མགོན་པོ་དང་ལྷ་མོ་སོགས་ལ་བྱེད་ པ་ཇི་ལྟ་བར་བྱ་བའི་རིགས་ཤིག་ཀྱང་འདུག

གཞི་བདག་ཁོག་ཞུགས་བྱེད་པ་འདི་ཡང་བོད་རིགས་ཀྱི་འཚོ་བའི་ཁྲོད་དུ་སྐྱིད་སྡུག་ ལེགས་ཉེས་ཀྱི་ལུང་བསྟན་ཞུ་སྲོལ་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ཡིན་ཞིང་། དེ་ཡང་ལྷ་བ་ཞེས་པའི་མི་ཞིག་ལ་གཏན་འཇག་ལྷ་འབེབ་བྱེད་པ་དང་། ཡང་སྐབས་རེར་མི་རང་ག་བར་གཞི་བདག་དེ་དག་གློ་བུར་དུ་ཁོག་ཞུགས་བྱས་ཏེ་ལུང་ བསྟན་རྒྱག་པ་སོགས་རིགས་མི་འདྲ་བ་ཡོད་ཅིང་། ལྷ་བ་དེར་དང་པོ་བླ་མ་ཞིག་གིས་རྩ་སྒོ་ཕྱེས་ཏེ་ཡི་དམ་རྟ་མགྲིན་ལྟ་བུའི་རིགས་ ཀྱི་བསྙེན་པ་སྔོན་དུ་སོང་བ་ཞིག་ཡིན་ན་ལྷ་བ་ཚད་ལྡན་དུ་རྩི་ཞིང་། ལྷ་བའི་རིགས་ལ་ཡང་ཕ་མེས་ནས་ལྷ་བ་ཡིན་པའི་རིགས་གཅིག་དང་། མི་ཐོག་དེ་རང་ལ་ལྷ་བ་ཡིན་པའི་རིགས། ལྷ་གློ་བུར་ཁོག་ཞུགས་བྱས་པའི་རིགས་སོགས་ཡོད། གཞི་བདག་ཁོག་ཞུགས་བྱེད་དུས་གཞི་བདག་དེ་ས་གནས་གང་གི་ཡིན་ན་ས་གནས་དེ་རང་གི་ ཡུལ་སྐད་བཤད་པ་དང་། དཔེར་ན་ཁྲི་ཀའི་ཡུལ་ལྷ་ལྟ་བུ་ཁོག་ཞུགས་བྱས་ཚེ་ཡུལ་ལྷ་རྒྱ་ཡུལ་ནས་ཡོང་བའི་ རྒྱུ་མཚན་གྱིས་རྒྱ་སྐད་འབའ་ཞིག་བཤད་པ་ལྟ་བུ་ཡོད་ལ། སྐབས་རེར་གཞི་བདག་ཁོག་ཞུགས་མ་བྱས་ཀྱང་ལྷ་བས་རང་གི་ལ་རྒྱ་སྲུང་ཕྱིར་གཞི་བདག་ ཁོག་ཞུགས་བྱས་ཁུལ་གྱིས་ལུང་བསྟན་བརྒྱབ་པ་དེ་འདྲ་ཡང་ཡོང་གི་ཡོད།

དགུ་པ། གཞི་བདག་གི་ཐང་ཀ་དང་སྐུ་འདྲ། 

སྤྱིར་གཏང་བོད་ཀྱི་རིག་གཞུང་གི་ཁྲོད་དུ་སངས་རྒྱས་བྱང་སེམས་དང་ཆོས་སྲུང་ནོར་ ལྷའི་རིགས་ཀྱི་འབག་སྐུ་བཞེངས་སྲོལ་དེ་དར་ཁྱབ་ཆེན་པོ་ཡོད་པ་གང་ཞིག་ལ། བོད་ཁམས་སུ་གནས་པའི་ཡུལ་ལྷ་གཞི་བདག་ཕལ་མོ་ཆེའི་ཐང་ཀ་བཞེངས་སྲོལ་ལས་གཞི་བདག་ གི་འབག་སྐུ་བཞེངས་སྲོལ་ཅུང་དཀོན་པོར་མཆིས། རྒྱུ་མཚན་ནི་དགོན་སྡེ་ཁག་གི་ནང་དུ་བཞེངས་ཡོད་པའི་སྲུང་མའི་འབག་སྐུ་དག་ནི་ ཆོས་སྐྱོང་ཡེ་ཤེས་པ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ཡུལ་དུ་འཛིན་ཆོག་པའི་རིགས་ ཀྱི་འདྲ་བརྙན་ཡིན་པ་ལས། ཚེ་འདི་ཁོ་ནའི་སྡོང་གྲོགས་ཙམ་ཞིག་ལས་བྱེད་མི་ཐུབ་པའི་གཞི་བདག་འཇིག་རྟེན་ པའི་རིགས་ཀྱི་འབག་སྐུ་དང་ཐང་སྐུ་ནི་དགོན་སྡེ་ཁག་ཏུ་བཞེངས་སྲོལ་ཧ་ཅང་དཀོན་ པོར་འདུག་ཅིང་། གལ་སྲིད་དགོན་སྡེ་ཞིག་གིས་གཞི་བདག་འཇིག་རྟེན་པའི་རིགས་ཤིག་གསོལ་མཆོད་བྱེད་ སྲོལ་ཡོད་ན་ཡང་གཞི་བདག་དེའི་ཐང་ཀ་བཤམས་པ་མ་གཏོགས་འབག་སྐུ་བཞེངས་སྲོལ་ཕལ་ ཆེར་མི་འདུག ཡིན་ན་ཡང་མཚོ་སྔོན་ཁྲི་ཀའི་ཡུལ་ལྷ་གསེར་ཞུ་ཅན་དུ་གྲགས་པའི་རྒྱ་ཡི་གཞི་བདག་ བོད་ཀྱིས་ཀྱང་གསོལ་མཆོད་ཤུགས་ཆེན་བྱེད་པ་དེ་དང་། ཁམས་སྐྱེ་རྒུ་མདོའི་ཉེ་འཁོར་གྱི་གཞི་བདག་ཕུ་ཚོ་སྟག་རྩེ་ཞེས་པ་སོགས་གཞི་བདག་ ཁག་ཅིག་གི་འབག་སྐུ་བཞེངས་སྲོལ་ཡོད་ཅིང་། དེའི་རྒྱུ་མཚན་གཅིག་ནི་གཞི་བདག་འདི་དག་གསོལ་མཆོད་བྱེད་མཁན་གྱི་མང་ཚོགས་ཕལ་ མོ་ཆེས་འབྲོག་པ་ལྟ་བུར་དུས་བཞིར་སྤོ་སྐྱོད་བྱེད་མི་དགོས་པར་ས་གནས་གཅིག་ཏུ་ སྡོད་ཁང་ཕུབས་ཏེ་འཚོ་བ་རོལ་བཞིན་ཡོད་པས། གཞི་བདག་གི་ཆེད་དུ་འབག་སྐུ་བཞེངས་པའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད། ཡིན་ན་ཡང་ཁྲི་ཀའི་ཡུལ་ལྷར་མཚོན་ན་ལྷ་ཁང་ཞིག་གི་ནང་དུ་འབག་སྐུ་གཅིག་བཞེངས་ ཡོད་པ་དང་། ཕུ་ཚོ་སྟག་རྩེའི་འབག་སྐུ་ཆུང་ཆུང་རེ་རེ་སྐྱེ་རྒུ་མདོའི་མི་ཚང་ཕལ་མོ་ཆེས་ཉར་ ཚགས་བྱས་ཡོད་འདུག་ཅིང་། གཞི་བདག་འདི་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི། ཁྲི་ཀའི་ཡུལ་ལྷ་ནི་རྒྱ་ཡུལ་ནས་ཤེས་ལྡན་པ་ཞིག་གིས་ཡིག་རྒྱུགས་མ་འཕྲོད་པར་ གྲོངས་པ་ཞིག་གི་སྐྱེ་བ་རྗེས་མ་ཡིན་པར་ཡིད་ཆེས་བྱེད་པ་དང་། རྒྱ་རིགས་ས་གནས་ཀྱི་དཔོན་པོ་ཞིག་གཞན་དག་གི་ཕྲ་མའི་རྐྱེན་གྱིས་ཁྲིམས་ལ་ཐོགས་ ནས་བསད་པ་ཞིག་ཡིན་ཡང་ཟེར། གང་ལྟར་གཞི་བདག་འདིའི་ཆ་ལུགས་ཀྱང་རྒྱ་རིགས་ནི་རྒྱ་བེར་དམར་པོ་དང་རྒྱ་ཞྭ་ནག་ པོ་རྒྱབ་ཐུར་ཅན་གྱོན་པ་ཞིག་རེད། ཁམས་ཕྱོགས་ཀྱི་རྒ་སྐྱེ་རྒུའི་ཕུ་ཚོ་སྟག་རྩེ་ཡང་སྡེ་དགེའི་ཕྱོགས་ནས་འཁྱམས་འོངས་པའི་གཞི་བདག་ཅིག་ཡིན་པས། ཕྱོགས་གཞན་ནས་སྐྱེ་རྒུ་མདོར་ཡོང་བའི་མི་རྣམས་ལ་ལྷག་པར་མགོན་སྐྱབས་བྱེད་པའི་ཡིད་ཆེས་བྱེད་བཞིན་འདུག གཞན་གོང་སྨྲོས་བཞིན་རྗེ་ཡི་མགུར་ལྷ་བཅུ་གསུམ་དང་ཚེ་རིང་མཆེད་ལྔ་སོགས་གཞི་ བདག་ཕལ་མོ་ཆེའི་ཐང་ཀ་བཞེངས་པ་མ་གཏོགས་འབག་སྐུ་བཞེངས་སྲོལ་དེ་ཙམ་མི་འདུག ཡིན་ན་ཡང་དམ་ཅན་རྡོ་རྗེ་ལེགས་པ་ནི་ཆོས་སྐྱོང་ཡེ་ཤེས་པར་ངོས་འཛིན་གྱིས་དགོན་ སྡེ་ཁག་ཏུ་འབག་སྐུ་བཞེངས་སྲོལ་ཅུང་ཁྱབ་ཆེན་པོར་གནས་ཤིང་། རྙིང་མ་པའི་ཆོས་བརྒྱུད་ལ་མཚོན་ན་མ་གཟའ་དམ་གསུམ་ནི་ཆོས་སྐྱོང་གི་གཙོ་བོར་ འཛིན་བཞིན་ཡོད།

བཅུ་པ། གཞི་བདག་གི་ཆ་ལུགས་དང་ནང་མི། 

བོད་ཀྱི་གཞི་བདག་དང་བོད་མི་གཉིས་ཀྱི་འཚོ་བ་རོལ་སྟངས་ཆེས་ཐག་ཉེ་བའི་དབང་གིས་ གཞི་བདག་གི་ཆ་ལུགས་ཀྱང་བོད་མིའི་ཆ་ལུགས་དང་ཆེས་འདྲ་བ་དུ་མ་ཞིག་ཡོད་པ་སྟེ། དཔེར་ན་རྗེ་ཡི་མགུར་ལྷ་བཅུ་གསུམ་ལས་ཕལ་ཆེ་བས་དབུ་ལ་ཆོས་རྒྱལ་མེས་དབོན་རྣམ་ གསུམ་སོགས་ཀྱི་དུས་སུ་གྱོན་པའི་དར་དམར་པོའམ་དཀར་པོའི་ལ་ཐོད་ཅན་དང་། ཡང་ན་ཕྱིང་ཞྭ་དཀར་པོ་རྩེ་མོར་སྟོང་སྐུད་དམར་པོས་བརྒྱན་པ་དང་སྐུ་ལ་ཕྱུ་བ་ མནབས་ཡོད་ཅིང་། ཕྱིང་ཞྭ་འདི་རིགས་དེང་སང་ཨ་མདོའི་འབྲོག་པའི་ཁྲོད་དུ་གྱོན་མཁན་ཧ་ཅང་མང་། དེ་བཞིན་བོད་མིའི་འགྲུལ་བཞུད་སྐབས་ཀྱི་མེད་དུ་མི་རུང་བའི་རྟ་ཕོ་ཡང་བཅིབས་ ཡོད་ལ། བོད་མིའི་གཡུལ་འཁྲུག་སྐབས་སུ་བེད་སྤྱོད་གཏོང་པའི་མདའ་གཞུ་དང་གྲི་རིང་མདུང་ རིང་སོགས་མཚོན་ཆའི་རིགས་ཐོགས་ཡོད། གཞི་བདག་མང་པོ་ཞིག་གིས་ལག་གཡོན་པར་ནོར་བུའི་གཞོང་བ་ཐོགས་པ་ནི་བོད་ཡུལ་དུ་ ནོར་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་ལྟ་བུ་ཞིག་ཡིན་ན་མ་གཏོགས་འགྲེལ་བཤད་ དམིགས་བསལ་བ་ཅང་མ་མཐོང་། འདིར་སྐབས་སུ་བབས་པ་དགའ་ལྡན་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་ཞིག་དྲངས་ན། <<རྒྱལ་བསྟན་སྐྱོང་བའི་སྲུང་མའི་སྐུར་བསྟན་པ་འཕྱིང་དཀར་ཇོ་བོ་ཆེན་པོའི་བསྐང་གསོ་ཆ་ཚང་དངོས་གྲུབ་རྣམ་བཞིའི་བང་མཛོད་>>ཅེས་པ་[19] ལས། ལྷ་ཆེན་འཕྱིང་དཀར་སྐུ་མདོག་གངས་ཀྱི་ལྷུན་པོ་ལ་ཟླ་འོད་འབུམ་གྱིས་འཁྱུད་པ་ལྟ་ བུ། འཛུམ་ཁྲོའི་ཆ་ལུགས་ཅན་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་ཙནྡན་གྱི་བེ་ཅོན་ཀླད་ལ་ འཕྱར་བས་གནོད་བྱེད་དགྲ་བགེགས་ཐལ་བར་རློག་ཅིང་། གཡོན་ནོར་བུས་གང་བའི་རིན་པོ་ཆེའི་སྣོད་མཆོག་ཐུགས་ཀར་བཟུང་ནས་སྒྲུབ་པ་པོ་ལ་ དངོས་གྲུབ་སྩོལ་བ། དབུ་ལ་དར་དཀར་གྱི་ཐོད་དང་རིན་པོ་ཆེའི་རྩེ་ཕྲན་བཅིངས་ཤིང་སྐུ་ལ་ཟ་འོག་གི་ཙེ་ བེར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྟག་དོང་དང་གཟིག་ཤུབས་རལ་གྲིས་རྐེད་ལ་མཛེས་ཤིང་དཔའ་བོའི་ཆས་ཀྱིས་བརྒྱན་པ། མཐའ་སྐོར་དུ་རི་བཙུན་ཕྱུག་མོ་དང་སྟག་རི་མཚོ་སྨན་སོགས་བཙུན་མོ་སྲས་བློན་རུ་ འདྲེན་དྲེགས་པའི་ཚོགས་ཀྱིས་བསྐོར་བ་ཞེས་དང་། མདོ་སྨད་ཐར་ཤུལ་དགོན་པའི་ཕྱིང་དཀར་བའི་ཐང་ཀའི་ངོས་སུ་ཕྱིང་དཀར་བ་ཕྱིང་ཞྭ་ ཅན་ཞིག་བྲིས་འདུག

གཉན་ཆེན་ཐང་ལྷའི་གནས་ཁང་དང་དེའི་ཆ་ལུགས་ནི། <<ན་ལེན་དྲའི་བསྟན་སྲུང་རྣམས་ཀྱི་གཏོར་བསྔོ་>>[20]ལས། མདུན་གྱི་ནམ་མཁར་ཤེལ་གྱི་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ཅོག་འབར་བ། རྩ་བ་བདུད་རྩིའི་རྒྱ་མཚོ་འཕྱུར་བ། སྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་པ། རྩེ་མོ་སྤྲིན་དཀར་རིན་པོ་ཆེའི་རྩི་ཆར་འབབ་པ། ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་ཤིང་། འཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི། ཤེལ་གྱི་མཆོད་རྟེན་གྱིས་བསྐོར་པ། དེའི་མདུན་ལ་ཉི་ཟླ་པད་མའི་གདན་ལ། སྟོབས་ལྡན་རྟ་མཆོག་ངང་དཀར་སྒ་རྒྱན་དུ་མས་མཛེས་པའི་སྟེང་དུ་རྡོ་རྗེ་འབར་བ་ རྩལ་སྐུ་མདོག་ཤེལ་གྱི་རི་ལྟར་དུ་བརྗིད་པ། ཞལ་འཛུམ་ཞིང་མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་རབ་ཏུ་བཀྲ་བ་ལ་དབུ་སྐྲ་ཐོར་ཚུག་དར་དཀར་པོས་བཅིངས་པ། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པས་མཚན་པའི་སྦ་ལྕགས་ནམ་མཁར་འཕྱར་བ། གཡོན་ཤེལ་གྱི་ཕྲེང་བ་འདྲེན་པ། ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་བེར་གསོལ་བ། སྤྱི་བོར་ནོར་བུ་འབར་བའི་ཏོག་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་བཅས་པ། སྐུ་གཞོན་ཞིང་མཛེས་པ། རྒྱལ་པོ་རོལ་བའི་ཆ་ལུགས་ཀྱིས་བཞུགས་པ། དེའི་ཁོར་ཡུག་ཏུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། དམག་ཚོགས་བྱེ་བ་འབུམ་སྡེ། ཐམས་ཅད་ཀྱང་དཔུང་ཚོགས་ཡན་ལག་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ། སྟེང་དང་ཕྱོགས་ཀུན་ཏུ་སྤྲུལ་པའི་དུང་ཁྲ་དཀར་པོ་དང་། དུང་སྤྱང་ཕོ་མོ་དང་འབྲོང་གཡག་ཞོལ་ཆེན་མང་པོ་ལྡིང་ཞིང་ངར་བའི་ཚོགས་སུ་གྱུར། ཞེས་དང་། ཡང་བསམ་ཡས་པེ་ཧར་གྱི་ཆ་ལུགས་ནི་གོང་དེབ་ནང་འཁོད་པའི་དེའི་<<བསྐང་གསོ>>[21]ལས། དགྲ་ལྷའི་རྒྱལ་པོ་པེ་དཀར་ཁྱོད། །ཡང་ཅིག་སྤྲུལ་པ་འགྱེད་པའི་ཚེ། །ཆིབས་སུ་བ་གླང་སྣ་རིང་ཆིབས། །སྐུ་ལ་དར་ནག་བེར་ཆེན་གསོལ། །མན་ཏྲི་དམར་པོའི་ག་ཤ་ཅན། །ཕྱག་ན་ཤིང་གི་གསེག་ཤིང་བསྣམས། །དབུ་ལ་རྨོག་ཞུ་ལྡེམས་སེ་ལྡེམ། །འཁོར་དུ་བེནྡེ་མང་པོར་བསྐོར། །ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་པ། །སྐྱེས་པ་དཔའ་བོ་སྟག་ཆས་བརྒྱ། །ལག་ན་མདའ་སྒྲ་ཤ་ར་ར། །ཁ་ནས་བསོ་སྒྲ་དེ་རི་རི། །ཁྱོད་ཀྱི་གཡོན་གྱི་རུ་འདྲེན་པ །ཉན་ཐོས་དགེ་སློང་དགྲ་བཅོམ་བརྒྱ། །ལག་ན་སྤར་བུ་གསེག་ཤིང་བསྣམས། །ཞལ་ནས་བདེན་པ་ཤ་ར་ར། །ཞེས་དང་། ཡང་པེ་ཧར་གང་ལས་བྱུང་བ་དང་ཁོའི་མིང་གི་རྣམ་གྲངས་ནི། ཡང་ཅིག་དགེ་བསྙེན་ཆེན་པོ་ཁྱོད། །དགུང་སྔོན་མཐོན་པོའི་ཡང་སྟེང་ནས། །བྷ་དྲ་ཧོར་གྱིས་སྤྱན་ཡང་དྲངས། སྒོམ་གྲྭའི་སྲུང་མར་བཞུགས་སུ་གསོལ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །བྷ་དྲ་ཧོར་གྱི་སྒོམ་གྲྭ་བཅོམ། །ལྷ་བཅའི་ཕྱི་ལ་འབྲངས་ཏེ་བྱོན། །སློབ་དཔོན་པད་མ་འབྱུང་གནས་ཀྱིས། །བསམ་ཡས་གླིང་དུ་སྤྱན་ཡང་དྲངས། །བྱང་ཤར་གླིང་དུ་རྟེན་ཡང་བཙུགས། །དགེ་བསྙེན་ཆེན་པོར་མཚན་ཡང་བཏགས། །དགྲ་ལྷ་ཆེན་པོར་མངའ་ཡང་གསོལ། །དཀོར་མཛོད་སྲུང་མར་དབང་ཡང་བསྐུར། །ཞེས་བྱུང་ལ། དེ་དག་གིས་པེ་ཧར་གྱི་ལོ་རྒྱུས་རྒྱབ་ལྗོངས་གསལ་བོར་རྟོགས་ཐུབ་ཅིང་། པེ་ཧར་གྱི་འཁོར་དུ་བན་དེའི་ཆ་ལུགས་ཅན་གྱི་ཉན་ཐོས་དགྲ་བཅོམ་ཡོད་པ་དང་ཧོར་ ཡུལ་དུ་ཡོད་དུས་དེ་རུ་སྒོམ་གྲྭ་ཡོད་ཚུལ་བརྗོད་པ་འདིས། གནའ་སྔ་མོའི་སོག་ཡུལ་དུ་ཞིན་ཅང་ངམ་ལི་ཡུལ་བརྒྱུད་དེ་སངས་རྒྱས་ཆོས་ལུགས་དར་ ཁྱབ་བྱུང་བའི་ལོ་རྒྱུས་ཡོད་པ་དེར་བདེན་པའི་རྒྱབ་རྟེན་ཞིག་ཀྱང་རྙེད་ཡོད་པ་ རེད། དེ་ཡང་བོད་དང་ཞིང་ཅང་སོག་ཡུལ་གསུམ་གྱི་ས་མཚམས་ཏུན་ཧོང་སོགས་སུ་ནང་པའི་བསྟན་པ་རྒྱ་ཆེར་དར་བའི་ལོ་རྒྱུས་ལ་དཔྱད་ན་ཤེས་ཐུབ་སྙམ། བྷ་ཏ་ཧོར་གྱི་ཡུལ་འདི་སྐབས་རེར་ལི་ཡུལ་དང་སྐབས་རེར་སོག་ཡུལ་དུ་འགྲེལ་བའི་ ལུགས་གཉིས་ཀྱང་ཡོད་པ་ཤེས་པར་གྱིས། ཡང་བོད་ཀྱི་གཞི་བདག་གི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པའི་བཙན་རོལ་བ་སྐྱ་ རོལ་བ་སྐྱ་བདུན་གྱི་གང་དུ་གནས་པའི་ཡུལ་དང་དེ་དག་གི་ཆ་ལུགས་ནི། མངའ་རིས་པཎ་ཆེན་གྱི་གཏེར་གཞུང་ལས་བྱོན་པའི་<<བཙན་གསོལ>>  <<ན་ལེན་དྲའི་བསྟན་སྲུང་རྣམས་ཀྱི་གཏོར་བསྔོའི>>[22]ཁྲོད་དུ་བཞུགས་པའི་ལས།  ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །བཙན་ཡུལ་ཟངས་ཐང་དམར་པོ་ན། །པདྨ་དབང་གི་བཀའ་ཉན་པ། །ཆེ་བཙན་རོལ་བ་སྐྱ་བདུན་ནི། །ཕལ་ཆེར་སྐུ་མདོག་དམར་པོ་ལ། །ཕྱག་ན་བ་དན་ཞགས་པ་བསྣམས། །སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས། །ཚུར་གཤེགས་ཚུར་བྱོན་གནས་འདིར་བྱོན། །ཞེས་པ་ཞིག་སྣང་ཞིང་། བཙན་རྒྱུ་བའི་དུས་ཚོད་དེ་དགོང་མོ་ས་སྲོད་ཀྱི་དུས་ཡིན་ཟེར་ནས་དེ་དུས་སུ་ གཏོར་མ་ཟུར་གསུམ་རྩེ་མོ་འཁྱིལ་བ་བཟོས་ནས་བཙན་མཆོད་འདོན་སྲོལ་འདུག དེ་མིན་བོད་ཁམས་སྤྱི་ནས་ཆོས་ལུགས་རིས་མེད་ཀྱིས་འདོན་སྲོལ་ཡོད་པ་ནི་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་གཞི་བདག་ལྷ་སྲིན་སྡེ་བརྒྱད་ལ་བསང་མཆོད་དང་འཕྲིན་བཅོལ་བྱེད་པའི་ཆོ་ག་<<སྡེ་བརྒྱད་གསེར་སྐྱེམས>>ཞེས་པ་དེ་ ཡིན་ཞིང་། དེའི་ནང་དུ་ཕྱི་ནང་གསང་བའི་སྡེ་བརྒྱད་དང་མཆོག་གི་སྡེ་བརྒྱད་དང་སྤྲུལ་པའི་ སྡེ་བརྒྱད་ཅེས་སྡེ་ཚན་ལྔ་རུ་ཕྱེས་ནས་ཡོད་པ་དང་། སྡེ་བརྒྱད་གསེར་སྐྱེམས་འདི་བཏོན་ན་སད་སེར་གངས་ཆར་སོགས་འབེབ་གཅོད་ལས་སླ་བོར་ བྱེད་པ་ནི་བོད་མི་མང་པོར་མྱོང་བས་གྲུབ་ཡོད།

བཅུ་གཅིག་པ། ས་སྐྱའི་འབག་མོ་གསུམ། 

ས་སྐྱ་པར་མཚོན་ན་གུར་ལྷ་བརྒྱད་སོགས་ཆོས་སྲུང་མང་པོ་ཞིག་ཡོད་ཅིང་། ཆོས་སྐྱོང་འདི་དག་གིས་ས་སྐྱ་པའི་ནང་གསེས་ས་སྐྱ་དང་ངོར་པ་ཚར་པ་གསུམ་གྱི་ཆོས་ ནོར་མི་གསུམ་ལ་སྲུང་སྐྱོང་བྱེད་བཞིན་ཡོད་ཅིང་། ས་སྐྱའི་འབག་མོ་གསུམ་གྱིས་དེ་དག་དང་ཅུང་མི་འདྲ་བར་གཙོ་ཆེ་བར་ས་སྐྱའི་གདུང་ རྒྱུད་དག་ལ་སྲུང་སྐྱོབ་དང་འཕྲིན་ལས་སྒྲུབ་བཞིན་ཡོད། འབག་མོ་གསུམ་ནི་ནམ་མཁའ་སྒྲོལ་མ་དང་ཤངས་མོ་རྡོ་རྗེ་བུ་ཁྲིད། མུས་མོ་སྲི་སྐྱིད་གསུམ་ཡིན་ཞིང་དེ་དག་གི་ངོ་སྤྲོད་ནི། དཔལ་ལྡན་ས་སྐྱ་པའི་ཆོས་རིག་གདུང་གསུམ་གྱི་སྲུང་མའི་གཙོ་བོ་གུར་གྱི་མགོན་པོ་ ལ་ཕྱི་སྡོད་གསང་བའི་བཀའ་སྡོད་ལས་མཁན་མང་པོ་ཞིག་ཡོད་པའི་ནང་ནས། མདུན་གྱི་རུ་འདྲེན་འཇིག་རྟེན་དྲེགས་པ་མོ་རྒྱུད་ཀྱི་ལྷ་ཚོགས་སུ་གཏོགས་པ་བུད་ མེད་ནག་མོ་སྤར་བ་གདེངས་པ་བརྒྱ་ཡོད་པ་ལས། དེ་དག་གི་གཙོ་མོའི་ཚུལ་དུ་ཡོད་པ་མུས་མོ་སྲི་སྐྱིད་དུ་གྲགས་པ་འདི་ནི་གུར་ མགོན་ལྕམ་དྲལ་གྱི་སྤྲུལ་པ་ཡིན་པར་གྲགས་ཤིང་། དེའི་ཆ་ལུགས་ནི། རླུང་ནག་འཚུབ་མ་ཀེང་རུས་བམ་ཆེན་ཁྲིར། །དམ་ཅན་སྲི་སྐྱིད་མུས་མོ་ནག་མོ་ནི། །འཇིགས་གཟུགས་སྨིན་འཁྱོག་མགོ་སྐྱ་བརླང་མོའི་ཚུལ། །ཁ་གདངས་རལ་བ་སྤྲུག་ཅིང་སྦར་མོ་གཡོབ། །མི་བཟད་ཀི་འདེབས་དགྲ་སྙིང་ལྐོག་མར་འདྲེན། །ཞེས་དང་། ནམ་མཁའ་སྒྲོལ་མ་ནི། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་དཔོན་སློབ་རབ་འབྱམས་པ་བསོད་ནམས་འོད་ཟེར་ཞེས་ པ་ཞིག་སྡེ་བ་ལྷ་ཁང་པ་དང་ལྷ་ས་རྫོང་པ་། སྐྱེད་འཕྲང་བ་སོགས་ཀྱིས་སྔགས་འཆང་དུ་འཁྲུལ་ནས་བཀྲོང་དུས་སྨོན་ལམ་ལོག་པར་ བརྒྱབ་པའི་དབང་གིས་འབའ་ཡུལ་དུ་འདྲེ་མོ་ནམ་མཁའ་སྒྲོལ་མ་ཞེས་པར་སྐྱེས་ཏེ་མི་ ཕྱུགས་ལ་གནོད་འཚེ་བྱེད་སྐབས། སྔགས་འཆང་གི་གདུང་སྲས་གྲགས་པ་བློ་གྲོས་ཀྱི་སྲས་འཇམ་དབྱངས་མཐུ་སྟོབས་དབང་ ཕྱུག་ཅེས་པ་ཁམས་ཕྱོགས་སུ་ཕེབས་དུས་གསོན་འདྲེ་མ་དེ་འདུལ་ཆེད་ཕྱག་རྒྱར་བཞེས་ ཏེ་ལྷན་ཁྲིད་མཛད་ཅིང་། རྗེས་སུ་མོ་ཤི་རྗེས་པགས་པ་བཤུས་ནས་དེ་ལ་འདྲ་འབག་བཟོས་ནས་དེ་ལ་འབག་མོའི་རྣམ་ ཤེས་བཀུག་བསྟིམས་ཀྱིས་དམ་འཇོག་གནང་སྟེ། ངམ་རིང་རྫོང་ཁོངས་གཅུང་ཡུལ་ཆེན་དུ་ས་སྐྱའི་མགོན་ཁང་ཞིག་ཡོད་པ་རུ་གནས་འཆའ་ རུ་བཅུག་སྟེ་གུར་མགོན་གྱི་འཁོར་གྱི་གཙོ་མོ་མུས་མོ་སྲི་སྐྱིད་ཀྱི་འཁོར་དུ་ འཇོག་གནང་མཛད་ལ། དེའི་ཆ་ལུགས་ནི། སྐུ་མདོག་སྨུག་ནག་ཁྲོས་པའི་གཟུགས། །ཁ་གདངས་སྡང་མིག་ཕྱོགས་བཅུར་བསྒྲད། །སྦར་མོ་གདེངས་ཤིང་དྲག་པོ་ལ། །འོ་དོད་འབོད་ཅིང་གར་སྟབས་རྒྱུག །ཅེས་པ་ལྟར་དང་། ཤངས་མོ་རྡོ་རྗེ་བུ་ཁྲིད་ནི། ས་སྐྱའི་ཁྲི་ཆེན་དབང་སྡུད་སྙིང་པོས་རྡོ་རྗེ་བུ་ཁྲིད་གསོན་པོའི་དུས་སུ་ཤངས་ ཀྱི་གནས་སྒོ་སྐྱིད་ནས་འགུག་ཤོག་གནང་སྟེ་སྲི་སྐྱིད་ཀྱི་འཁོར་ཚོགས་སུ་བཀའ་ བསྒོས་ཤིང་དམ་ལ་བཏགས་པ་དང་། དེའི་གསོལ་ཁའི་ནང་དུ། ཤངས་གནས་སྒོ་སྐྱིད་དང་ཕུག་གནས་ནས། །རྡོ་རྗེ་བུ་ཁྲིད་དུས་ཀྱི་དབང་མོ་ནི། །བཛྲ་པུནྟྲ་གང་དུ་ཐབས་མེད་གཟུགས། །ཞེས་དང་། དམ་ལྡན་རྣལ་འབྱོར་སྐྱོང་བའི་ཕྱིར། །འཇིགས་རུང་ཞེ་སྡང་སྲིན་མོར་སྤྲུལ། །སྲོག་གཅོད་བདུད་མོ་ཤངས་མོ་འོ། །ཞེས་སོགས་དང་། འབག་མོ་འདི་གསུམ་གྱིས་ས་སྐྱའི་ཁྲི་ཆེན་རིམ་བྱོན་ལ་གྲོགས་འཕྲིན་ལས་བསྒྲུབས་ ཚུལ་མང་པོ་ཞིག་རྣམ་ཐར་ཁག་ཏུ་ཡོད་ལ། ས་སྐྱའི་བླ་གྲྭ་ཕྱོགས་ཕེབས་སྐབས་ན་ཆུང་གི་རྣམ་པ་བསྟན་ནས་ལམ་འཕྲང་ནོར་བ་ སོགས་བྱུང་དུས་ཡུལ་དེའི་བུ་མོ་ཚོའི་གཟུགས་བསྟན་ཏེ་ལམ་སྟོན་སོགས་བྱས་ནས་མི་ སྣང་བར་ཡལ་འགྲོ་བ་དང་། ས་སྐྱའི་མི་ནོར་སོགས་ལ་དགྲ་ཇག་གི་གནོད་པ་བྱུང་སྐབས་འཇིགས་ཤིང་སྐྱི་གཡའ་བའི་ གཟུགས་བསྟན་ནས་བླ་སྲོག་གཅོད་པར་བྱེད་ཅིང་། སྔོན་དུས་ཕུན་ཕོའི་ཁྲི་ཆེན་ཀུན་དགའ་བསོད་ནམས་ཀྱིས་རྭ་སྒྲེང་ཁྲི་ཐོག་སྔོན་མ་ ཞིག་གི་སྐབས་སུ་ལྷ་ལྡན་ཏྲེ་ཧོར་དར་ཧན་མཁན་པོ་ཨ་དར་ཟེར་བ་ཞིག་གི་མགོ་བོ་སྲི་ གནོན་མཛད་དེ་གཏོར་མ་འཕེན་སྐབས་ཚེར་མ་ཁལ་རྒྱབ་གྲངས་ལྔ་བཅུ་སྐོར་སྤུངས་པའི་ མེ་དཔུང་ཆེན་པོའི་འགྲམ་དུ་ཁྲི་ཆེན་མཆོག་ནས་གར་འཆམ་གནང་བར་ཕེབས་ལམ་མི་ཚོགས་ ཀྱིས་འགག་པར་འཆམ་པ་མི་གསུམ་གྱིས་སྲི་སྐྱིད་དང་ནམ་མཁའ་སྒྲོལ་མ། རྡོ་རྗེ་བུ་ཁྲིད་གསུམ་གྱི་འདྲ་འབག་གྱོན་ནས་ལམ་བཤང་སྐབས་འབག་མོ་གསུམ་མངོན་ སུམ་དུ་ཞུགས་པ་ལྟ་བུར་འདྲ་འབག་གི་མགོ་ལུས་ནས་མེ་སྟག་འཕྲོ་ཞིང་དུ་བ་འཕྱུར་བ་ སོགས་བྱུང་བ་དང་། མཚན་མོ་ལྷ་སའི་ནང་དུ་ཀི་དང་ཤུ་སྒྲ་སྒྲོག་པ་དང་། མེ་འོད་འཕྲོ་བ་སོགས་བྱུང་བར་གྲགས་ཤིང་། རབ་བྱུང་བཅུ་དྲུག་པའི་ནང་ཕུན་ཕོའི་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག་ ས་སྐྱའི་ཁྲི་པ་གནང་དུས། བོད་གཞུང་གིས་རུ་གནོན་གྲོམ་པ་རྒྱང་གི་པདྨའི་སྒྲུབ་གནས་སོགས་ལ་རབ་གནས་དང་། ཡུལ་དེར་ཆར་འབེབས་སུ་འབྱོན་དགོས་བཀོད་རྒྱ་འབྱོར་དོན་བཞིན་རླུང་གནོན་མཛད་པར་ ནུབ་མོ་དེ་རང་དྲག་ཆར་བབས་ཤིང་། དེ་སྐབས་ལྷ་རྩེ་རྫོང་སོགས་ཚང་མས་སྣེ་ལེན་ལེགས་པོ་ཞུས་ཡོད་ཀྱང་། ཕེབས་ལམ་ཁེལ་ཡུལ་མདོ་མ་ཡུལ་སྡེ་ནས་ཕེབས་བསུ་སོགས་མེད་པར་འཕྱ་སྨོད་སྣ་ཚོགས་ བྱས་རྐྱེན་ཡུལ་དེའི་མགོ་གཙོ་སྤེལ་བྱང་ཟེར་བའི་མི་ཚང་ཞིག་གི་ནང་དུ། ཉིན་མོ་བུ་མོ་སྤུན་གསུམ་ཡོས་བརྔོ་སྣོད་རྫ་སླང་མེ་སྟག་གིས་གང་བ་རྒྱབ་ལ་ཁུར་ ནས་འགྲོ་འོང་དང་། མཚན་མོ་ཁྱིམ་ཚང་སོ་སོའི་ནང་དུ་ཤངས་མོ་སོགས་ཡིན་ཟེར་ནས་ཨ་མ་དང་བུ་མོ་སོགས་ལ་ ཞུགས་ཚུལ་གྱིས་ཀི་སྒྲ་སྒྲོག་པ་དང་། འཇིགས་སྐུལ་གྱི་གཏམ་སྣ་ཚོགས་བཤད་པ་མ་ཟད། ལ་ལ་ཤི་བ་དང་། ལ་ལ་སྨྱོ་ཞིང་གཡང་གཟར་ལ་མཆོངས་པ་དང་། ཕྱུགས་རིགས་ལ་གོད་ཁ་དང་ལོ་ཉེས་སོགས་ཡུལ་དེར་མི་འདོད་པའི་ལྟས་ངན་སྣ་ཚོགས་ བྱུང་ཞིང་། རྗེས་སུ་ཁྲི་ཆེན་མཆོག་ལ་བཤག་འབུལ་བྱས་པས་སོར་ཆུད་སོང་སྐད། དེ་རྗེས་ཁྲི་ཆེན་འདིའི་གདུང་སྲས་ད་ལྟ་ཨ་རིར་བཞུགས་པ་བདག་ཆེན་འཇིགས་བྲལ་ སྟོན་འཁོར་ཁམས་ཕྱོགས་སུ་ཕེབས་སྐབས་ལམ་བར་ཁ་བ་ཆེན་པོ་བབས་ཏེ་འགྲོ་ལམ་འགགས་ པར་ནུབ་མོར་འབག་མོ་གསུམ་ལ་གསོལ་ཁ་བཏང་བས་སང་ཞོགས་ཁ་བ་འབབ་མཚམས་ཆད་ནས་ཉི་མ་ ཤར་སོང་ཞེས་ཁོང་གི་ཞལ་ལས་བདག་ལ་གསུངས་པ་དང་། ཁོང་གི་བདག་མོ་འཇམ་དབྱངས་དཔལ་མོ་ལགས་ཀྱིས་སྐབས་རེར་བྲེལ་ཟིང་གིས་འབག་མོའི་ གསོལ་ཁ་ཆད་ཚེ་ལམ་སེང་རྟགས་མཚན་སྟོན་གྱི་འདུག་ཅེས་གསུངས་སོང་ལ། དེ་བཞིན་བདག་ཆེན་འདིའི་སྐུ་སྲིང་ཨ་རིར་གནས་སྡོད་རྗེ་བཙུན་འཆི་མེད་ལགས་ནས་ཀྱང་། སྔོན་ཆད་ཁོང་ཞོགས་པ་སྔ་བོར་ཕྱག་ལས་ལ་ཕེབས་དུས་སུ་རང་ཉིད་གཅིག་པོ་ཡིན་པས། སྐབས་རེར་འབག་མོ་ཞིག་གིས་རྒྱན་ཆ་སིལ་སིལ་རྗེས་སུ་འབྲངས་ནས་ཡོང་གིན་འདུག་ ཅེས་ཀྱང་གསུངས་སོང་།

བཅུ་གཉིས་པ། གཞི་བདག་གི་ཆེད་དུ་བརྩིགས་པའི་ལབ་རྩེའམ་དཔའ་མཁར། 

བོད་ཡུལ་གྱི་ལབ་ཙེ་མང་ཆེ་བ་ནི་རི་བོ་དེར་གནས་པའི་གཞི་བདག་དང་རི་འདབས་སུ་ གནས་པའི་ཡུལ་སྡེ་དག་གི་ཆེད་དུ་བརྩིགས་པ་ཞིག་ཡིན་ཞིང་། མདོ་སྨད་མཚོ་སྔོན་ཕྱོགས་སུ་ལབ་ཙེ་ལ་དཔའ་མཁར་ཡང་ཟེར་བས། ཞིབ་ཏུ་དཔྱད་ན་གནའ་སྔ་མོར་རི་ཡི་རྩེ་མོར་དཔའ་བོ་དག་གནས་སའི་མཁར་རྫོང་བརྩིག་ པའི་སྲོལ་དེ་ལབ་ཙེ་བརྩིག་པའི་སྲོལ་དུ་གྱུར་པ་ཞིག་ཀྱང་ལོས་ཡིན་བསམས། དེ་ཡང་ལབ་ཙེ་ཞིག་བརྩིག་པ་ལ་སྦྱོར་དངོས་རྗེས་གསུམ་ཚང་དགོས་པའི་གོ་རིམ་ཞིག་ ཡོད་པ་མ་གཏོགས། གང་བྱུང་དུ་རི་མགོར་ལབ་ཙེ་རྩིག་སྲོལ་ཕལ་ཆེར་མེད་ཅེས་བརྗོད་ཆོག དེ་ཡང་གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་ཞིག་ལ་བླ་མ་སྐྱེས་ཆེན་དེ་འདྲ་ཆེད་དུ་ གདན་འདྲེན་ཞུས་ནས་ས་གཞི་བརྟག་བསླང་སྦྱང་གསུམ་སོགས་སྔོན་འགྲོའི་བྱ་འགུལ་ཁག་ ཅིག་གི་རྗེས་སུ་གཞི་ནས་ཕོ་སྐྱེས་དག་གིས་ས་བརྐོ་བ་སོགས་བྱེད་དགོས་ཤིང་། དེ་ཡང་ལབ་ཙེའི་རྨང་གཞིར་གོ་མཚོན་དང་གཏེར་བུམ་སོགས་སྦ་བ་དང་། ལབ་ཙེའི་སྲོག་ཤིང་ལ་རྒྱུ་ཙན་དན་དང་ཡང་ན་ཤུག་པ་དང་གསོམ་ཤིང་སོགས་ལས་གྲུབ་པ་ ཞིག་གི་ངོས་སུ་དགེ་ཚུལ་སློང་ཚད་ལྡན་ཞིག་གིས་གཟུགས་སྔགས་སོགས་འབྲི་དགོས། གཏེར་བུམ་གྱི་རིགས་ཀྱང་སྒྲོལ་བའི་བུམ་གཏེར་དང་ས་བདག་སྙིང་གཏེར། ཀླུ་དབང་རྒྱལ་པོའི་གཏེར་བུམ་སོགས་ཚད་ལྡན་གཞུང་ལས་གསུངས་པ་བཞིན་བསྒྲུབས་ཏེ་ སྦ་དགོས། དེ་ནས་སྐྱེས་ཆེན་དམ་པའི་ན་བཟའ་དང་རྟེན་འདུས་རིལ་བུ། གཞི་བདག་དེ་དང་དེའི་འདྲ་བརྙན། ཤོག་འབུམ་དང་སྰཙྪ་ཁྲི་འབུམ་གང་འདུས་སོགས་དགོས་ཤིང་། གཤམ་དུ་བདག་གི་ཕ་ཡུལ་མང་རའི་ཀླུ་ཚང་སྡེ་བའི་བྲག་སེར་ལབ་ཙེ་ཞེས་པ་བརྩིགས་ པའི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་གནད་བསྡུས་ཤིག་བཀོད་ཚེ་ཀློག་མཁན་དག་གི་ སེམས་ལ་འབབ་རྒྱུ་ཞིག་ཡོད་པར་སྙམ།

དེ་ཡང་<<མང་རའི་ལོ་རྒྱུས>>[23] ལས། རི་འདི་བྲག་སེར་པོས་གཡོགས་པའི་ཆ་ནས་བྲག་སེར་ཞེས་རྗེས་གྲུབ་ཀྱི་མིང་སྙན་པོ་ ཞིག་བཏགས་ཡོད་པ་དང་། རི་འདིའི་ཁ་དོག་དང་མིང་སོགས་ལས་ཀྱང་བླ་སྤྲུལ་དང་གྲྭ་བཙུན་གྱི་བླ་རིར་ངེས་ ཤིང་། ཡུལ་འདིར་བླ་ཆེན་དགུང་གྲངས་དགུ་བཅུ་བརྒལ་བ་དང་བརྒྱད་ཅུར་སོན་པ་བཅས་བཞུགས་པ་ འདི་ཡང་གཅིག་བྱས་ན་རི་འདིའི་ནུས་མཐུ་ཡང་ཡིན་སྲིད་དོ།། དཔའ་མཁར་འདི་ཉིད་གསར་བསྟོད་ཀྱི་སྦྱོར་བ་བརྩམས་པ་ནས་བཟུང་། ༧ལྰ་མོའི་ཡོངས་འཛིན་རིན་པོ་ཆེ་དང་སྐུ་ཕྱོགས་རྙེ་ཚང་། འཇའ་མོ་ཚང་། ཀླུ་རྩེ་ཚང་། སྒར་བ་ཚང་། སྔགས་འཆང་ཆོས་དཔལ་བཅས་དང་། གཞན་ཀླུ་ཚང་དགོན་གྱི་དགེ་སློང་དུ་མས་ཐུགས་ཁུར་ཆེ་བཞེས་ཀྱིས་གསུང་བཀོད་གནང་ བ་ལྟར། དད་ལྡན་སེར་སྐྱ་ཐུན་མོང་ནས་ཉིན་ཉི་ཤུའི་རིང་འབད་འབུངས་བྱས་མཐར་ལབ་ཙེ་གསར་ བསྟོད་ཀྱི་ཉེར་བསྡོགས་རྣམས་ཡོངས་སུ་གྲུབ་པ་སྟེ། ཐོག་མའི་དཔའ་མཁར་གྱི་རྨང་གཞིའི་ཕོ་བྲང་བརྐོ་འབྲུའི་ཐད་ཀྱི་ལས་རིམ་སོགས་ཀླུ་ ཚོ་བཞིའི་མི་སྣ་ཁག་བགོས་ཀྱིས་བསྒྲུབས་ཏེ་ཕོ་བྲང་ཐུར་དུ་བརྐོ་ཚད་དང་རྩིག་ གྱང་འབུར་དུ་ཐོན་ཚད་སོགས་ཚད་ལྡན་དང་སྤུས་ལེགས་སུ་བསྐྲུན་པ་དང་། དེ་རྗེས་འཇའ་མོ་སྤྲུལ་བའི་སྐུ་གཙོ་བྱས་དགེ་སློང་བཞི་སྡེ་ཞིག་གིས་བོད་ཟླ་ལྔ་ པའི་ཚེས་ལྔ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་བྲག་སེར་བཀྲ་ཤིས་ལྷ་ སྒང་གི་དབུ་རྩེར་ཕེབས་ཏེ་ས་གཟིགས་དང་རྗེ་བླ་མའི་ས་གསུམ་ན་འགྲན་ཟླ་མེད་པའི་ ལེགས་བཤད་སྔགས་རིམ་ཆེན་མོའི་གཞུང་ལྟར་ས་བརྟག་བསླངས་སྦྱང་གསུམ་སྔོན་དུ་བཏང་ རྗེས། རྙེ་དགོན་གཞུང་ནས་བླ་སྤྲུལ་དང་གྲྭ་བཙུན་ཡོངས་ཀྱི་སྤྱི་སྐལ་དུ་ཤིང་རྒྱུ་ཤུག་ པ་དང་གསོམ་དཀར་ལས་བྱས་པའི་སྲོག་ཤིང་དང་སྤྱི་མདའ་རིན་ཐང་བྲལ་བ་གཉིས་ཕུལ་བ་ དང་། དེ་མིན་བཀྲ་ཤིས་པར་བྱེད་པའི་ཡན་ལག་ཏུ་ཕོངས་སེལ་སྒྲོལ་མའི་བུམ་གཏེར་དང་ས་ བདག་སྙིང་གཏེར། ས་ལྷའི་བུམ་གཏེར། ཀླུ་དབང་རྒྱལ་པོའི་བུམ་གཏེར་སོགས་གཏེར་བུམ་དགུ་དང་། གཞུང་ལྟར་བསྒྲུབས་པའི་གནོད་སྦྱིན་འཁོར་ལོ། ཚོགས་བདག་འཁོར་ལོ། གནམ་འཁོར་དང་བཅས་པ་དང་། ཆོས་རྗེ་བླ་མ་རིན་པོ་ཆེ་དང་རྙེ་ཚང་རྣམ་གཉིས་ཀྱི་རྟེན་འདུས་རིལ་བུ་སྣ་མང་། རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མནབས་བཟའ་དང་དབུ་ཞྭའི་ཚལ་བུ། དབུ་སྐྲ། སྐྱེས་ཆེན་གཞན་པའི་རྟེན་འདུས་སྣ་ཚོགས། རྙེ་སྐུ་ཕྲེང་རིམ་བྱོན་གྱི་མནབས་བཟའ་དང་རྟེན་འདུས་རིལ་བུ། དབུ་སྐྲའི་ཆུན་པོ། ལྰ་མོ་སྐུ་ཕྲེང་རིམ་བྱོན་གྱི་རྟེན་སྣ་གང་མང་དང་རྫས་འགངས་ཆེན་རིགས། ལྰ་མོའི་ཡོངས་འཛིན་རིན་པོ་ཆེའི་ཕྱག་ཏུ་ཡོད་པའི་རྟེན་འདུས་དང་རྫས་བྱིན་ཆེན་ ལོ་རྒྱུས་དང་ལྡན་པ་མང་པོ་གནང་པས་ལབ་ཙེའི་ནང་བསྟན་སྙིང་པོར་སྲིད་པ་གསུམ་ན་ རིན་ཐང་བྲལ་བའི་ངོ་མཚར་བྱིན་རྫས་མང་པོ་ཞིག་འདུས་ཤིང་ཚོགས་པར་གྱུར་ཏོ།།

དཔའ་མཁར་ནང་རྟེན་དུ་གོང་བ་སྡེ་བས་སྦྱིན་བདག་བྱས་པའི་ལྷ་ཆེན་བྲག་དཀར་སྤུན་ གསུམ་རྔམ་སྟབས་སུ་བཞུགས་པའི་འདྲ་སྐུ་དང་ཆིབས་རྟ་རྣམ་གསུམ། རྟ་གཟུངས་ཚར་གསུམ། གསེར་ཐང་ཆུ་ཤེལ་གྱི་མཐའ་རྒྱན་ཅན་དང་། ངོས་ལེབ་གཅིག་བཅས་ནང་བཞུགས་དང་། མཚལ་དཔར་གྱི་ཤོག་འབུམ། འཕགས་མཆོག་ཐུགས་རྗེ་ཆེན་པོ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། གདུགས་དཀར། སེང་གདོང་མ། ཀླུ་དབང་རྒྱལ་པོ། ལོ་གྱོན་མ་བཅས་ཀྱི་ཤོག་འབུམ་དང་། སྰཙྪ་འབུམ་ཐེར་བཅུ་གསུམ། མ་རུ་ཙྱཻ་བྱེ་བའི་རྡེའུ་འབུམ་དང་འོག་ཏུ་དགྲ་བྲུབ་རྒྱས་པ། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་བཞི་བརྒྱ་རྩ་བཞིའི་ནད་ལས་གྲོལ་བའི་རྟེན་འབྲེལ་དུ་ སྨན་རྫས་ཚད་ལྡན། སྣོད་བཅུད་ཀྱི་ཕྱྭ་གཡང་བརྟན་བྱེད་དུ་གཟུངས་སྔགས་དུ་མ་དང་། དཀར་གསུམ་མངར་གསུམ་དང་བཟང་དྲུག་སྨན་སྣས་གཙོས་འབྲི་མར་སོགས་ལས་གྲུབ་པའི་ཞུན་ ཐུད་ཆེ་ཆུང་དུ་མ། མདོ་སྔགས་བསྟན་པའི་སྲོག་ཤིང་༧ལྰ་མོའི་ཡོངས་འཛིན་རིན་པོ་ཆེའི་ཐུགས་བཀོད་ལྟར། <<སྲོག་ཤིང་གི་གཟུངས་འབུམ་ཤེལ་དཀར་མེ་ལོང>>གཞི་བྱས་ཏེ། གོང་བའི་དགེ་བཤེས་བསོད་ནམས་ཡེ་ཤེས་ཀྱིས་ལེགས་པར་བཞེངས་བྲིས་མཛད་ཅིང་། གནས་བརྟན་འདུལ་འཛིན་ཆེན་པོ་༧ཆོས་རྗེ་རྡོ་རྗེ་འཆང་གིས་དཔལ་མཁར་གྱི་མཚན་བྱང་ དར་ཡིག་གནང་བཀོད་བསྩལ་པ་དང་། སྔ་ཕྱིར་ཉིན་བཅོ་ལྔའི་རིང་ཕྱི་ནང་གི་རྟེན་བཞེངས་སོགས་ལས་རིམ་མཐའ་དག་གི་འགན་ འཛིན་གཙོ་བོ། འཇའ་མོ་ཏྰ་བླ་མ་སྐུ་ཕྲེང་གཉིས་ཀྱི་ཁུ་བོར་གྱུར་པ་གོང་བའི་སྔགས་འཆང་ཆོས་དཔལ་ དང་། འགན་འཛིན་གཞོན་པ་ལྰ་མོའི་༧གོང་ས་སྐུ་ཕྲེང་དགུ་པའི་སྐུའི་ཞང་པོ་གོང་བའི་བསམ་ འགྲུབ་གཉིས་ཀྱིས་གཙོས་ཁོངས་མི་རྣམས་ལས་ཡུལ་སྟེང་དུས་ཚོད་སྐར་ཆ་ཙམ་ཡང་འབྲལ་ བ་མེད་པར་གནས་ཤིང་། ལབ་ཙེའི་ནང་རྟེན་དུ་བླ་སྤྲུལ་སྤྱིའི་སྐུ་སྐལ་དུ་ལྷ་མདའ་རིང་ཚད་སྤྱི་ཁྲི་ དགུ་ཅན་གཅིག་དང་། སྡེ་བཞིའི་མངའ་ཐང་དར་ལ་དྲགས་པའི་ཐར་ཤུལ་ཚོ་གསུམ་དང་ནང་སྒོས་སུ་ཀླུ་ཚང་ཚོ་ བཞིའི་སྡེ་སྐལ་དང་ལབ་ཙེ་ལ་དགོས་ངེས་ཀྱི་རྫས་མཆོག་རིགས་སྣ་ཚོགས་དང་། གོང་བ་སྡེ་བའི་དུད་ཁྱིམ་རེ་ནས་རིང་ཚད་མུས་དྲུག་ཅན་གྱི་གསོམ་ཤིང་གི་མདའ་རིང་ རེ་རེ་སྟེ་ཁྱོན་བསྡོམས་མདའ་མོ་བརྒྱ་དང་ཉི་ཤུ། མདུང་བཅུ་གསུམ། རལ་གྲི་བཅུ་གསུམ། དགྲ་སྟ་བཅུ། ཁ་ཌྰཾ་བཞི། གཞུ་བཞི། དེ་མིན་འཁོར་ལོ་དང་ཞགས་པ། འུར་ཆ་སོགས་རང་བྱུང་མཚོན་དགུ་དང་། ལྷ་ཐོ་རྩིག་ཚུལ་གྱི་ཆོ་ག་ལས། སྤྲོ་ན་རྩེ་གསུམ་དགྲ་སྟ་མེ་མདའ་སོགས་ཀྱང་བྱའོ།།ཞེས་གསུངས་པ་ལྟར། མེ་མདའ་དགུ། མཚན་ཐོ་བྲིས་པའི་དར་དཀར་བཏགས་པའི་མདའ་བཟང་པོ། བྱ་གཟུགས། དར་ལྕོག་རྩེ་མོར་དགོད་རྒྱུའི་གདུགས་ཟ་ར་ཚག་ཉི་ཟླ་ཏོག་དང་བཅས་པ་སྟེ། མདོར་ན་ལབ་ཙེ་བརྩིག་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་གཅིག་ཀྱང་མ་ཚང་བ་མེད་པར་ ཚོགས་པར་བྱས་སོ།། ཞེས་པ་འདིས་ལབ་ཙེ་ཚད་ལྡན་ཞིག་བརྩིག་པའི་ཆ་རྐྱེན་དག་གསལ་བོར་བསྟན་ཡོད་ཅིང་། རི་རྩེ་རེར་རྡོ་སྤུངས་རེ་ཡོད་པར་ཡང་ལབ་ཙེ་རུ་འབོད་པའི་དུས་འདིར། གོང་གསལ་གྱི་བྲག་སེར་ལབ་ཙེ་ལྟ་་བུའི་ཚད་ལྡན་གྱི་ལབ་ཙེ་བརྩིག་མཁན་ཧ་ཅང་དཀོན་ པར་སྣང་ངོ་།།

བཅུ་གསུམ་པ། གཞི་བདག་གི་དར་རྒུད་དང་ཡུལ་མིའི་དར་རྒུད་ཀྱི་འབྲེལ་བ། 

བོད་མིའི་བཤད་རྒྱུན་དུ་ལྷ་དང་མི་གཉིས་སྐྱིད་སྡུག་གཅིག་ཅེས་པ་ཞིག་ཡོད་ཅིང་། དེའི་གོ་དོན་ནི་ས་གནས་ཀྱི་ཡུལ་ལྷ་གཞི་བདག་ལ་བདེ་སྐྱིད་འཛོམས་དུས་ས་དེའི་ ཡུལ་མི་ལ་ཡང་བདེ་སྐྱིད་ལྡན་ལ། ས་དེའི་ཡུལ་མི་རྣམས་དཀའ་སྡུག་དང་འཕྲད་དུས་ཡུལ་དེའི་གཞི་བདག་དག་ཀྱང་བཀྲེས་ སྐོམས་ཀྱིས་གཟིར་བར་འགྱུར་ཞེས་པ་དེ་རེད། དེ་ཡང་༡༩༣༠གྲངས་ནང་བཞུགས་པའི་ཁམས་ཀྱི་གྲུབ་ཐོབ་ཆེན་པོ་ནྰ་ལུང་སངས་རྒྱས་བཟང་ པོ་ཞུ་བ་ ཁོང་གིས། ས་གནས་ཀྱི་གཞི་བདག་འདི་ཚོ་སྤྲང་པོ་ཆགས་འདུག གཞི་བདག་སྤྲང་པོ་ཆགས་ན་ཡུལ་ཁམས་མི་བདེ་ཞེས་གསེར་དངུལ་གྱི་ཅ་དངོས་མང་པོ་ཞིག་ རིའི་སྟེང་དུ་གཏོར་རྗེས་མི་གཞན་དག་སོང་ནས་བཙལ་ན་རྙེད་རྒྱུ་ཅི་ཡང་མེད་པར་ གཞི་བདག་གིས་ཁྱེར་ཚར་འདུག་ཅེས་ཁོང་གི་རྣམ་ཐར་དུ་འདུག་ལ[24]། གོང་དུ་དྲངས་པའི་རྗེ་མི་ལ་རས་པ་དང་ཚེ་རིང་མཆེད་ལྔའི་སྐབས་ཀྱི་བཀྲ་ཤིས་ཚེ་ རིང་མ་ནད་ཀྱིས་ཟིན་རྗེས་ཡུལ་དེར་ནད་རིགས་འདྲ་མིན་ཁྱབ་ཚུལ་དང་། རྗེ་མི་ལ་རས་པའི་བཀའ་དྲིན་གྱིས་ཚེ་རིང་མའི་ནད་སོས་རྗེས་ཡུལ་དེའི་ནད་རིམས་ ཀྱང་རྒྱུན་ཆད་པ་སོགས་ཀྱི་སྐབས་སུ་ཡང་དེའི་སྐོར་ཧ་ཅང་གསལ་བོར་བསྟན་འདུག

བཅུ་བཞི་པ། གཞི་བདག་གི་འགྲུལ་བཞུད། 

བོད་ཀྱི་གཞི་བདག་འདི་ཚོའི་ཁྲོད་དུ་རང་རང་གནས་པའི་ས་གནས་དེ་རང་དུ་བསྐལ་པའི་ བར་དུ་སྡོད་པའི་རིགས་ཤིག་དང་། རང་ཉིད་སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་ཆེན་དག་གི་ཕྱིར་འབྲངས་ ནས་ཨ་རི་ལ་སོགས་པའི་ཕྱི་རྒྱལ་དུ་ཡོང་ཐུབ་པའི་རིགས་ཤིག་ཀྱང་འདུག་པ་ནི་གོང་ གི་ས་སྐྱའི་འབག་མོ་གསུམ་གྱིས་མཚོན་ཐུབ་ལ། སྔོན་ཆད་ཆོས་རྒྱམ་དྲུང་པ་སྐུ་བཞུགས་དུས་བོད་ཀྱི་གཞི་བདག་མང་པོ་ཞིག་ནུབ་ ཕྱོགས་སུ་བསླེབས་འདུག་གསུངས་ནས་ཁོང་གི་ཆོས་ཚོགས་ཡོད་སར་བོད་ཀྱི་གཞི་བདག་གི་ ཆེད་དུ་དར་མདུང་མང་པོ་ཞིག་བསླངས་པའི་སྐོར་ཡང་ཐོས་སོ།། ས་གནས་གཞན་དུ་ཡོང་མི་ཐུབ་པ་དེ་དག་ས་གནས་རེ་རེའི་གཞི་བདག་གིས་འགོག་གིན་ཡོད་ ཚུལ་ཐོས་ལ། ལྰ་མོའི་ཡོངས་འཛིན་ཚང་གིས་རིག་གནས་གསར་བརྗེའི་དུས་སྐབས་སུ་མདོ་སྨད་མཚོ་ ལྷོའི་མང་རའི་རོང་སྡེ་ཞིག་ཏུ་ངལ་རྩོལ་སྒྱུར་བཀོད་གནང་བཞིན་བཞུགས་ཡོད་དུས། ཁོང་གི་དགོན་པའི་རྒྱབ་རིར་གནས་པའི་གཞི་བདག་དགེ་བསྙེན་ཕྱིང་དཀར་པ་ཞེས་པ་དེ་ ཐང་ཀའི་ངོས་སུ་བྲིས་པའི་ཚུལ་ཇི་ལྟ་བུར་རྟ་དཀར་པོ་ཞིག་ལ་ཆིབས་ཤིང་དར་མདུང་ རིང་པོ་ཞིག་བསྣམས། སྐུས་བར་སྣང་ཁེངས་ཤིང་འུར་སྒྲས་ས་གཞི་གཡོ་བཞིན་ཁོང་བཞུགས་སར་ཕེབས་པ་དེ་ཐར་ ཤུལ་སྡེ་བའི་འབྲོག་མོ་ཞིག་གིས་དངོས་སུ་མཐོང་སྟེ་མི་གཞན་ལ་བརྗོད་པ་ལྟ་བུ་མང་ པོ་ཞིག་ཡོད།

བཅོ་ལྔ་བ། གཞི་བདག་གི་ཁྲལ་དང་དེ་འགོག་མཁན། སེར་སྲུང་བ་དང་སྔགས་པ། 

བོད་ཡུལ་དུ་དབྱར་ཁར་དྲག་ཆར་དང་སེར་བ་སོགས་བྱུང་སྟེ་ལོ་ཏོག་བརྡུངས་པ་དང་། དགུན་ཁར་གངས་ཆེན་བབས་ཏེ་ཕྱུགས་ཟོག་མང་པོར་འཆི་སྐྱོན་བྱུང་དུས། ས་གནས་མི་མང་པོ་ཞིག་གིས་དེ་ནི་ལྷ་སྲིན་སྡེ་བརྒྱད་དམ་དེའི་ནང་གསེས་གཞི་བདག་ གིས་ལོ་ཁྲལ་དང་ཟོག་ཁྲལ་བསྡུས་པར་ངོས་འཛིན་བྱེད་པ་དང་། དེ་ལྟར་མི་ཡོང་བའི་ཆེད་དུ་སྡེ་བརྒྱད་གསེར་སྐྱེམས་དང་ལྷ་སྲུང་བརྒྱག་བརྔན་ སོགས་འདོན་པ་མ་ཟད། སྡེ་བར་རེ་རེའམ་ཡང་ན་སྡེ་བ་འགའ་རེར་ཐུན་མོང་གི་སེར་སྲུང་འཇོག་སྲོལ་ཡོད། སེར་སྲུང་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་རིང་མོ་ཞིག་ཡོད་པའི་ཁུངས་གཏུགས་ས་ ཞིག་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཀློག་མྱོང་མཁན་ཞིག་ཡིན་ན་མིག་སྔར་གློག་ བརྙན་བཞིན་འཆར་ཐུབ་པ་ཞིག་རེད།

སེར་སྲུང་དེ་ཡང་མི་རབས་མང་པོར་སྔགས་པ་ཚད་ལྡན་གྱི་སྐྱེས་རྒྱུན་མ་ཆད་པ་དེ་ འདྲ་བྱུང་ན་རབ་དང་། དེ་མིན་ཡང་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པའི་སྔགས་པ་ཚད་ལྡན་ཞིག་ངེས་པར་དུ་ ཡིན་དགོས། དེ་ཡང་སྔགས་པ་དེས་ལོ་གཅིག་གི་གཞི་བདག་ཁྲལ་ལེན་མཁན་དག་ལ་ཁ་གཏད་གཅོག་དགོས་ ཤིང་། དེའི་གླ་རྔན་ལ་སྡེ་བ་དེ་དང་དེས་སེར་སྲུང་ལ་འབུལ་བ་མི་དམན་པ་ཞིག་སྤྲོད་དགོས། ལུགས་སྲོལ་འདི་ནི་ཨ་མདོ་རེབ་ཀོང་ཕྱོགས་སུ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ད་ ལྟ་བར་དུ་མི་ཉམས་པར་བྱུང་ཡོད་ལ། ད་ལྟ་སེར་སྲུང་བའི་མི་རབས་རྗེས་མ་ཚོས་ཚན་རིག་གི་བྱེད་ཐབས་ཀྱིས་སད་དང་སེར་བ་ འགོག་ཐབས་དེ་བྱེད་སླ་ཞིང་མྱུར་བ་ཞིག་ཏུ་མཐོང་སྟེ་ཕ་མེས་ནས་བརྒྱུད་པའི་སེར་ སྲུང་གི་གདམས་པ་ཟབ་མོའི་རྒྱུན་འཛིན་བྱེད་འདོད་མེད་པའི་གནས་ཚུལ་ཡང་འབྱུང་བཞིན་ཡོད་པ་ནི་<<སེར་སྲུང་མཐའ་མ་>>ཞེས་པའི་དངོས་བཤུས་གློག་ བརྙན་དེར་བལྟས་ན་ཤེས་ཐུབ།

ཁོ་བོའི་སྐྱེས་ཡུལ་གྱི་གཞི་བདག་སྐད་གྲགས་ཅན་ཨ་མྱེས་བྲག་དཀར་ཞེས་པ་དེ་གནས་ སའི་རྫ་རི་དཀར་པོ་ཞིག་ཡོད་ཅིང་། སྐབས་རེར་དེའི་ཉེ་འཁོར་གྱི་ས་ཆ་ལ་ལར་སེར་པོ་དྲག་པོ་བབས་ཏེ་ལོ་ཏོག་རྨེག་མེད་ དུ་བཅོམ་པའི་རྗེས་སུ་གཞི་བདག་དེའི་གནས་ཡུལ་རི་དེའི་ཁོང་གསེང་གི་བྲག་གསེབ་ ཏུ་ནས་ཀྱི་སྙེ་མ་ཕུང་པོར་སྤུངས་ནས་ཡོད་པ་མཐོང་རྒྱུ་ཡོད་ཅེས་རྒན་རབས་པ་མང་ པོ་ཞིག་གིས་གླེང་བར་བྱེད་ལ། བླ་མ་མང་པོའི་རྣམ་ཐར་དུ་ས་ཆ་ག་གེ་མོའི་གཞི་བདག་དེ་བཙན་པོ་ཞིག་ཡོད་པས་བླ་མ་ དེ་དང་དེའི་ཆིབས་རྟ་གློ་བུར་དུ་ཤི་སོང་ཞེས་པ་ལྟ་བུ་གང་མང་ཞིག་མཐོང་རྒྱུ་ ཡོད་པ་རེད། དཔེར་ན། <<ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པའི་རྣམ་ཐར་>>དུ། ཡང་སྐྱབས་མཆོག་གོང་མ་གཉན་ཐོག་ཏུ་ཕེབས་སྐབས་ཤིག་ཆིབས་པ་ནོར་བུ་ཤི་བ་ལ། དེ་ཅིའི་ལྟས་ཞེས་བཀའ་འདྲི་ཡང་ཡང་གནང་བར་ཞུ་མཁན་མ་བྱུང་། ལྷ་བ་རྒྱ་སྨྱོན་གྱིས་ཡུལ་དེའི་མི་མ་ཡིན་པ་ཞིག་གི་གནོད་པ་ཡིན་ནམ་ཞུས་འདུག་ ཀྱང་། [25] ཞེས་སོགས་ཀྱིས་མཚོན་ནོ།།

བཅུ་དྲུག་པ། གཞི་བདག་གི་བུ་རྒྱུད། 

བོད་རིགས་དམངས་ཁྲོད་དུ་ཕོ་རྒོད་པོའམ་དཔའ་བོ་དགྲ་བོས་གླགས་མི་རྙེད་པ་རེ་ བྱུང་དུས་དེ་ནི་གཞི་བདག་གི་བུ་ཡིན་པའི་ཡིད་ཆེས་བྱེད་པ་དང་། དེ་ཡང་རྨོངས་དད་ཙམ་ཞིག་མ་ཡིན་པར་མི་འདི་རིགས་ཀྱི་ཨ་མ་དེ་ཚོའི་སར་དངོས་དང་ རྨི་ལམ་དུ་གཞི་བདག་དེ་དག་ཡོང་ནས་འདོད་པའི་བདེ་བར་རོལ་རྗེས་སུ་གཞི་ནས་བུ་ དཔའ་བོ་དེ་དག་སྐྱེས་ཡོད་པའི་ལོ་རྒྱུས་ཁུངས་ལྡན་ཧ་ཅང་མང་། དཔེར་ན་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་གྱིས་བསད་རྗེས་རྒྱལ་ པོའི་བཙུན་མོ་རྟ་རྫིར་མངགས་པའི་རྨི་ལམ་དུ་ཡར་ལྷ་ཤམ་པོ་དང་མཉམ་དུ་འདོད་པ་ སྤྱད་རྗེས་སུ་སྲས་རུ་ལས་སྐྱེས་ཞེས་པ་དེ་འཁྲུངས་ཚུལ་ལོ་རྒྱུས་ཡིག་ཚང་དུ་ཡོད་ པ་སྟེ། དེ་ཡང་<<རྒྱལ་རབས་གསལ་བའི་མེ་ལོང་>>[26]ལས། དེར་བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་ཕྲོགས་ནས། རྒྱལ་པོའི་བཙུན་མོ་ལ་རྟ་རྫི་བཅོལ་ལོ། །དེར་ཡུམ་བཙུན་མོ་དེས་རྟ་འཚོར་ཕྱིན་ནས། གཉིད་ལོག་པའི་རྨི་ལམ་ན། ཡར་ལྷ་ཤམ་པོའི་སྤྲུལ་པ་མི་དཀར་པོ་ཅིག་དང་འབྲེལ་བ་རྨིས། གཉིས་སད་ཙ་ན། སྔས་མགོ་ནས་གཡག་དཀར་པོ་ཞིག་ལངས་ནས་སོང་བ་མཐོང་། དེ་ནས་ཟླ་བ་བརྒྱད་སོང་ཙ་ན། ཡུམ་བཙུན་མོ་དེ་ལ་ཁྲག་གོང་པོ་ལག་མགོ་ཙམ་འགུལ་ཤེས་པ་ཅིག་སྐྱེས་བྱུང་བ་ བསྐྱུར་བར་ནི་ཤ་ནས་ཆད་སྙིང་རྗེ་བར་བྱུང་། གསོ་བ་ལ་ནི་ཁ་མིག་གང་ཡང་མི་འདུག་ནས། འབྲོང་རུ་དྲོན་མོ་ཅིག་ཏུ་བཅུག གོས་ཐུང་གི་ངར་པས་དྲིལ་བཞག་པས། ཞག་འགའ་སོང་དུས་བལྟས་པས་ཁྱེའུ་ཞིག་བྱུང་འདུག ཅེས་པ་ཞིག་ཡོད་པ་ནི་འདི་བོན་གྱི་མཁས་པས་བྲིས་པའི་གྲི་གུམ་བཙན་པོའི་ཡར་སྔོན་ གྱི་ལོ་རྒྱུས་མ་བརྩིས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་བོད་མི་དང་གཞི་བདག་ལུས་ འབྲེལ་བྱས་པ་ལས་ཕྲུ་གུ་བྱུང་བའི་དཔེ་མཚོན་ཐོག་མའི་གྲས་ཤིག་ཡིན་ཞིང་། རུ་ལས་སྐྱེས་འདི་ཡང་གཞི་བདག་གི་བུ་རྒྱུད་ཡིན་པས་དཔའ་རྩལ་ཤིན་ཏུ་ཆེ་བས་རྗེས་ སུ་ཕ་གསོད་ཀྱི་ལག་དམར་ལོ་ངམ་དཔུང་དང་བཅས་པ་རྩ་མེད་དུ་བཏང་བ་ལོ་རྒྱུས་ཁྲོད་ དུ་གསལ་བོར་ཡོད་ཅིང་། དེའི་རྗེས་སུ་བོད་རྒྱལ་པོ་ལེགས་དྲུག་དང་ལྡེ་བརྒྱད་ཀྱིས་མི་མིན་གཞི་བདག་གི་ བུ་མོར་གཉེན་སྒྲིག་བྱས་པའི་ཚུལ་ནི་<<ཡར་ལུང་ཆོས་འབྱུང་>>[27]ལས། སྤུ་དེ་གུང་རྒྱལ་དང་འོམ་ཐང་སྨན་མཚོའི་སྲས་ཨེ་ཤོ་ལེགས། དེ་དང་རྨུ་ལྕམ་བྲ་མ་ནི་སྲས་དེ་ཤོ་ལེགས། དེ་དང་ཀླུ་སྨན་མེར་མོའི་སྲས་ཐི་ཤོ་ལེགས། དེ་དང་བཙན་མོ་གུར་སྨན་གྱི་སྲས་གུང་རུ་ལེགས། དེ་དང་མཚོ་སྨན་འབྲོང་མའི་སྲས་འབྲོང་ཞེར་ལེགས། དེ་དང་སྨན་བུ་མོའི་སྲས་ཨི་ཤོ་ལེགས། དེ་རྣམས་སའི་ལེགས་དྲུག་ཡིན། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། ཨི་ཤོ་ལེགས་དང་རྨུ་ལྕམ་སྨད་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་གཉན་མང་པོའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མོའི་སྲས་སེ་སྣོལ་པོ་ལྡེ། དེ་དང་འོ་ཟ་ཏེ་མོ་མཚོའི་སྲས་ལྡེ་སྣོལ་ནམ། དང་དེ་ཁྲི་སྨན་རྗེ་མའི་སྲས་ལྡེ་སྣོལ་པོ། དེ་དང་ས་བཙུན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་སྐོང་གི་སྲས་ལྡེ་སྤྲིན་བཙན། དེ་དག་ནི་ལྡེ་བརྒྱད་དོ། །ལྡེ་བརྒྱད་དུར་བཏབ་ཆུ་བོའི་གཞུང་ལ་བཏབ། ལྡེ་སྤྲིན་བཙན་དང་ཉི་བཙུན་མང་མ་རྗེའི་སྲས་རྒྱལ་ཏོ་རི་ལོང་བཙན། ་་་ ་་་ འདིའི་ཡན་གྱི་རྒྱལ་པོ་དེ་རྣམས་ཀྱིས་ལྷ་ཀླུའི་བུ་མོ་བཞེས་ཏེ། བཙུན་མོའི་རྟེན་དོག་ལ་མ་འཚལ་ཟེར་ཏེ། ས་ལ་རོ་མ་བྱུང་སྐད། ཅེས་དང་། <<མདོ་སྨད་ཆོས་འབྱུང་>>[28]ལས། དུ་ཡང་མགོ་ལོག་གི་གཞི་བདག་གཉན་པོ་གཡུ་རྩེའི་བུ་མོ་ཞིག་གིས་མགོ་ལོག་གི་ འབྲོག་པ་ཞིག་དང་མཉམ་སུ་གཉེན་སྒྲིག་བྱས་ཏེ་བུ་སྐྱེས་ཚུལ་བྲིས་ཡོད་པ་སྟེ། ཨ་འབུམ་སྡེ་བཅས་སྨར་གྱི་མཚོ་ཁར་འོངས། བུ་གསུམ་ཡོད་པའི་ཆེ་བ་འབུམ་སྐྱབས། འབྲིང་བོ་འབུམ་དགེ། ཆུང་བ་འབུམ་ཡག ཆེ་བ་གཉིས་ཀྱིས་ཁྱིམ་རེ་བཟུང་། ཆུང་བ་ཕ་ཁྱིམ་དུ་བསྡད་པས་མགོ་ལོག་ཁ་གསུམ་དུ་གྲགས། རྭ་མདོ་ཡན་མངའ་འོག་ཏུ་བཅུག་པས། མགོ་ལོག་ཨ་འབུམ་དེ་མཚོ་ཆེན་འཁྱིལ་བ་འདྲ། །བོད་ལ་ལ་མཚོ་ཁའི་སྦྲང་མ་འདྲ། །ཞེས་གླུ་ལེན། ཨ་འབུམ་གཡུ་རྩེའི་རི་ལྟད་ཅིག་ལ་ཕྱིན་སྐབས་ལུང་ཁའི་བྱེའུ་མཚོ་ཟེར་བའི་ཁར་ བྲོ་བཏབ། ཁོ་རང་གཉིད་དུ་སོང་བའི་རྨི་ལམ་དུ། ཞེས་པ་ནས། ནུབ་དེར་རྨི་ལམ་དུ། སང་གཡུ་འབྲུག་སྔོན་མོ་ཟེ་བ་རྒྱས་པ་ཞིག་འོང་། དེ་ལ་རེག་ཟེར་ཀྱང་རེག་མ་ནུས། དེ་ནུབ་སང་མཚོ་མགོ་བྲག་གའུའི་རྩར་ཤོག བསང་ཐོངས་དང་སྦྲུལ་ཞིག་རྒྱུག་འོང་། དེ་ལ་མདའ་དར་གཡོབས་ཤིག་ཟེར་བ་ལྟར་བྱས་པས་གཉན་མོ་ལག་ཏུ་ཆུད། བུའི་ཁྱིམ་ཐབ་བྱས། མིང་ལ་གཉན་མོ་དངོས་གྲུབ་ཟེར། ཆུ་གླང་ཞིག་ནོར་ཁྱུར་འོངས། ནོར་འཕེལ་ཏེ་འབྱོར་བ་རྒྱས། བུ་ཆེ་བ་ཤི་བའི་གེགས་སེལ་དུ་འབུམ་བྲིས་འཕྲལ་གཉན་མོ་ལ་བུ་བཙས་པས་འབུམ་སྐྱབས་ དང་། ཕག་ལོར་སྐྱེས་པས་ཕག་ཐར་དུ་བཏགས། ཨ་འབུམ་ལོ་གོ་གསུམ་ལོན་དུས་གཉན་རྩེས་ཟེར་བ་ལྟར་གཉན་མོ་གཉན་ཡུལ་དུ་བཏང་། གོ་བདུན་དུས་ཉིན་གཅིག རྨ་རྒྱལ་སྐྱོབས་པ་དང་སྤྱན་རས་གཟིགས་དབང་རྣམས། །དབྱེར་མེད་ཐ་དད་མེད་བདག་གི་ཡི་དམ་ཡིན། །དེ་རིང་དེ་དག་གི་དྲུང་དུ་ང་འགྲོ་ཡིན། །བུ་དང་ཚ་བོ་འབངས་ཐམས་ཅད་བདེ་བར་སྨོན། །ཞེས་གླུ་བླངས་ཏེ་འདས། །ཞེས་བྱུང་བས། གཞི་བདག་དང་འབྲེལ་འདྲིས་ཧ་ཅང་ཉེ་བོ་བྱས་ཚེ་ཤི་དུས་རྣམ་ཤེས་གཞི་བདག་གི་འཁོར་ དུ་འགྲོ་ཟེར་བའི་བཤད་རྒྱུན་དེ་ཡང་ཁུངས་མེད་བརྡོལ་གཏམ་ཞིག་མ་ཡིན་ནོ།། དེ་མིན་བོད་མོར་གཞི་བདག་གིས་བདག་ཉར་བྱེད་པའི་བཤད་སྟངས་ཤིག་ཡོད་པ་དེའི་ཁུངས་ སྐྱེལ་ལྟ་བུར། མདོ་སྨད་ཟི་ལིང་ཉེ་འགྲམ་སྟོང་སྐོར་ས་ཆའི་ཨ་འབྲུག་རྒྱ་ཡག་སྡེ་བའི་བུ་མོ་ཞིག་ ས་དེའི་གཞི་བདག་གི་བློར་བབས་ཏེ་མོའི་རྩར་མི་སུ་སོང་ཡང་མོའི་འབྱུང་གཞི་མི་ བདེ་བ་དང་། མི་དེ་དག་གི་གཟུགས་གཞི་ཡང་མི་བདེ་བ་དང་ཐ་ན་མོའི་ཕ་ཡང་མི་བདེ་བར་འགྱུར་བ་ དང་། མཐའ་མར་མོའི་ཨ་མས་མོ་ལ་མཚམས་གཡོག་ལྟ་བུ་བྱས་ཏེ་སྡོད་བཞིན་ཡོད་ཟེར་ལ། བུ་མོ་དེ་དང་གཞི་བདག་གི་བར་གྱི་འབྲེལ་བའི་གཏམ་རྒྱུད་ནི་ལོ་ངོ་བརྒྱ་ཕྲག་གི་ སྔོན་གྱི་སྐད་ཆ་ཞིག་མ་ཡིན་པར་དེང་སྐབས་སྤྱི་ལོ་ཉིས་སྟོང་བཅུའི་ལོ་འདིའི་ནང་ དུ་བྱུང་བའི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནོ།། གཞན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་ཞབས་ཞུ་གཙོ་བོའི་གྲས་ཡིན་པ་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱིས་དམར་གསོད་བཏང་བའི་ནག་ཆུ་ཁའི་ཀ་རྒྱ་འགྲམ་ནག་ཅེས་པའི་མི་དབང་ཤེད་ཅན་དེ་ཡང་གཞི་བདག་གི་བུ་རྒྱུད་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། ཁོ་བོའི་ཕ་ཡུལ་ཕྱོགས་སུ་བྱིས་པ་སྐྱེས་དུས་སུ་ས་གནས་དེ་དང་དེའི་གཞི་བདག་གི་མིང་ནས་དྲས་ཏེ་བུན་ཁྲང་སྐྱིད་དང་ཡུལ་ལྷ་ཐར་སོགས་ཀྱི་མིང་འདོག་པའི་ལུགས་སྲོལ་ཞིག་ཀྱང་ཡོད་དོ།།

བཅུ་བདུན་པ། གཞི་བདག་གི་གསོལ་མཆོད་དཀར་བསང་དང་དམར་བསང་། 

གོང་དུ་དྲངས་པའི་གཞི་བདག་གི་བསང་ཡིག་ཁག་ཅིག་ཏུ་ཤ་ཁྲག་དམར་གྱི་གཏོར་མ་དང་ དཀར་གསུམ་མངར་གསུམ་གྱི་བསང་རྫས་ཞེས་དམར་བསང་དང་དཀར་བསང་གི་རྫས་མི་འདྲ་བ་ རིགས་གཉིས་སོ་སོར་བསྟན་ཡོད་ཅིང་། རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་དུས་སུ་གཞི་བདག་ལ་དམར་བསང་འབུལ་བའི་ལུགས་སྲོལ་ ཡོད་པ་ནི། ཁྲི་རལ་བ་ཅན་གྱི་རིང་ལ་བོད་རྒྱ་བར་སྤྱི་ལོ822ལོར་ཞི་བདེའི་ཆིངས་ཡིག་འཇོག་ སྐབས་རྟ་དང་སྤྲེལ་ཁྱི་གསུམ་བསད་དེ་བཙན་པོའི་སྐུ་བླ་ཡར་ལྷ་ཤམ་པོ་དང་ཉི་ཟླ་ གཟའ་སྐར་དཔང་དུ་བཙུགས་ནས་མནའ་བོར་བའི་ལོ་རྒྱུས་ཡོད་པས་ཤེས་ཐུབ་ལ། རང་རང་གི་སྒེར་དོན་གྱི་ཆེད་དུ་ཡང་དམར་བསང་འབུལ་བའི་སྲོལ་ཡོད་པ་ནི། སྔོན་ཆད་བོད་ཁམས་སྤྱི་དང་ཁྱད་པར་དུ་ཨ་མདོའི་ཕྱོགས་སུ་གྲོང་པ་གཞན་དང་ཡུལ་ ཕྱོགས་གཞན་དུ་སོང་ནས་རྟ་ནོར་སོགས་འཕྲོག་རྒྱུར་གོམས་པའི་ཇག་པ་དག་གིས་རང་རང་ གི་གཞི་བདག་ལ་ཤ་ཁྲག་དྲོན་མོས་དམར་བསང་འབུལ་སྲོལ་དར་ཁྱབ་ཆེན་པོ་ཡོད་ཅིང་། ཁྲི་ཀའི་ཡུལ་ལྷར་མཚོན་ན་མི་ཞིག་གི་རྟ་རྐུན་མས་ཁྱེར་ཚེ་རྟ་བདག་ཡུལ་ལྷའི་ མདུན་དུ་སོང་ནས་དམར་བསང་ཕུལ་ཏེ་རྟ་རྐུན་དེ་ལྷང་ལ་འབུད་དུ་འཇུག་རོགས་ཞེས་ གསོལ་འདེབས་བྱེད་ཅིང་། རྟ་བདག་སོང་རྗེས་རྟ་རྐུན་འོངས་ཏེ་དམར་བསང་ཕུད་ནས་ང་རང་ལྷང་ལ་འབུད་དུ་མ་འཇུག་རོགས་ཞེས་འཕྲིན་བཅོལ་བྱེད་བཞིན་འདུག་ཅེས་ཡུལ་ལྷའི་ལྷ་ཁང་གི་དཀོར་གཉེར་ཞིག་གིས་བརྗོད་སོང་ཟེར་བས། གཞི་བདག་འདི་ཚོར་ཡང་སྐབས་རེར་བཟུང་ན་ལག་པ་འཚིག་ཅིང་བཏང་ན་རྫ་མ་འཆག་པའི་དུས་ ཀྱང་ཡོད་འདུག ང་བརྒྱད་ལོར་མདོ་སྨད་དུ་ཟིང་འཁྲུག་བྱུང་དུས་ངོ་ལོག་པ་གྲགས་ཅན་ཇ་ཕུག་བན་དེ་ ཟེར་བ་དེས་རྒྱ་དམག་བསད་ནས་སྙིང་དྲོན་མོ་ཁྲག་དང་བཅས་པ་དང་ཀླད་ཞོ་སོགས་ཀྱིས་ རང་གི་སྐྱེས་ལྷར་མཆོད་ཀི་རེད་ཅེས་རྒན་རབས་པ་འགའ་རེའི་ངག་ལས་ཐོས་མྱོང་། སྔོན་མར་མདོ་སྨད་ར་རྒྱ་དགོན་པ་འདེབས་མཁན་ཨ་རིག་དགེ་བཤེས་ཆེན་མོ་ཞེས་པ་དེར་ ཨ་ལགས་སྨན་ཤུལ་ཚང་གི་སྤྲུལ་སྐུ་ངོས་འཛིན་གནང་རོགས་ཞེས་ཐེངས་མང་པོར་ཞུས་ཀྱང་ཞལ་བཞེས་མ་གནང་ཞིང་། མཐའ་མར་ཁོང་གིས། ཁྱེད་ཅག་གི་བླ་མ་དེས་ཁོང་འཚོ་གནས་ཀྱི་རིང་ལ་དམར་བསང་གཏོང་རྒྱུ་མང་དྲགས་པས་ དམྱལ་བར་སྐྱེས་འདུག་པས་སྤྲུལ་སྐུ་མེད། དེ་ལས་ར་རྒྱ་དགོན་པའི་འདབས་ཀྱི་མི་ཚང་ཞིག་ལ་ཕྲུ་གུ་འདི་འདྲ་ཞིག་ཡོད་པར་ཨ་ ལགས་སྨན་ཤུལ་གྱི་ཡང་སྲིད་ཀྱི་མིང་ཐོགས་ལ་ཁྲི་འདོན་བྱོས་དང་བསྟན་པ་ལ་ཕན་ ཐོགས་ཡོད་པ་ཞིག་ཏུ་འགྱུར་ཞེས་གསུངས་པ་རེད་ཅེས་མདོ་སྨད་ཀྱི་བསྟན་པའི་མངའ་བདག་ལྰ་མོའི་ཡོངས་འཛིན་ཚང་གི་ཞལ་ལས་བདག་གིས་ཐོས། གནས་སྟངས་འདིར་དམིགས་ཏེ་ཉེ་ཆར་ཁོ་བོས་སྐད་འཕྲིན་བརྒྱུད་དེ་ <<ཡུལ་ལྷ་གཞི་བདག་མཆོད་སྟངས>>ཞེས་པ་ཞིག་སྒྲ་འཇུག་གིས་བོད་ཕྱི་ནང་གང་སར་འགྲེམ་སྤེལ་བྱས་པ་ཡིན།

བཅོ་བརྒྱད་པ། གཞི་བདག་སམ་ཆོས་སྐྱོང་ལ་ཆེ་བསྟོད་བྱེད་སྟངས། 

སྲིད་པ་ཆགས་པའི་ལྷ་དགུ་སོགས་ས་གནས་ཀྱི་གཞི་བདག་མང་པོ་ཞིག་ལ་གསོལ་མཆོད་བྱེད་ དུས་ཡི་དམ་གྱི་ལྷ་ཆེ་གེ་མོའི་སྤྲུལ་པ་ཡིན་ལུགས་ཀྱི་བསྟོད་བསྔགས་བྱེད་སྟངས་ ཤིག་ཡོད་ཅིང་། དེ་ཡང་དགེ་བསྙེན་འཕྱིང་དཀར་པའམ་འཕྱིང་དཀར་ཇོ་བོ་ཆེན་པོ་ལྟ་བུར་མཚོན་ན་དེའི་ <<བསྐང་གསོ།>> གོང་དུ་དྲངས་པ་ལས། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །དུས་མཐར་རྒྱལ་བསྟན་སྐྱོང་བའི་སྲུང་མ་ཆེར། །སྟོན་མཛད་འཕྱིང་དཀར་རྒྱལ་པོ་སྤྱན་འདྲེན་ན། །དམ་ཚིག་ལྡན་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་ཉེ་བའི་སྲས་བརྒྱད་ཀྱི་ཡ་གྱལ་བྱང་སེམས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ པར་བསྔགས་ཤིང་། རྡོ་རྗེ་དྲེགས་ལྡན་ལྟ་བུར་མཚོན་ན། <<གནས་ཆུང་ཆོས་སྐྱོང་ཆེན་པོའི་བསྐང་གསོ་རྒྱས་བསྡུས་འཚམས་པ་དྲེགས་པའི་ སྡེ་དཔོན་དགྱེས་པའི་བཞད་སྒྲ་>>[29] ལས། རྒྱལ་ཀུན་གསུང་གི་ངོ་བོ་སྣང་མཐའ་ཡས། །མི་བསྲུན་དགྲ་སྡེའི་གཤེད་དུ་དྲེགས་པའི་ཚུལ། །དགྲ་ལྷའི་རྒྱལ་པོ་རྡོ་རྗེ་དྲེགས་ལྡན་ནི། །ཞེས་མགོན་པོ་འོད་དཔག་མེད་ཀྱི་སྤྲུལ་པར་བསྔགས་པ་དང་། དེ་ལས་ཀྱང་ཆེ་བསྟོད་བྱེད་ཚུལ་གཞན་ཞིག་ནི་རྡོ་རྗེ་དྲེགས་ལྡན་གྱི་བསང་མཆོད་ གོང་དུ་དྲངས་མ་ཐག་པ་དེའི་ནང་དུ། དེ་ན་སྣ་ཚོགས་པདྨ་རྒྱས་པའི་ཁ། །ཟུམ་གྱིས་དོགས་ནས་ནམ་མཁའི་ནོར་བུ་ཡང་། །གདན་དུ་འོངས་ལ་བདུད་རྣམས་མ་བཟོད་ནས། །རོ་ཡི་རྣམ་པས་ཉལ་ཏེ་བསྒྲིབས་པ་བཞིན། །དེ་སྟེང་རྒྱལ་བ་ཀུན་གྱི་འཕྲིན་ལས་ནི། །མ་རུངས་དྲེགས་པའི་གཙོ་བོར་མངོན་བཞེངས་པ། །མཐུ་སྟོབས་དཔག་ཡས་རྡོ་རྗེ་དྲེགས་ལྡན་ཆེ། །གར་དགུའི་ཉམས་ཀྱི་རྣམ་པར་འགྱིང་ལ་བསྟོད། །ཅེས་པ་སྟེ། དྲེགས་པའི་སྡེ་དཔོན་ཞིག་ལ་སངས་རྒྱས་ཀུན་གྱི་ནུས་པ་ཡོད་པ་ལྟ་བུའི་ཚུལ་གྱིས་ མཆོད་བསྟོད་བྱེད་ཚུལ་ཡང་ཡོད་ཅིང་། བསྐང་གསོལ་འདིའི་ནང་དུ། སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་འཕྲུལ་གར། །སྣང་སྲིད་དྲེགས་པའི་གཙུག་ན་ཆེ་བའི་ལྷ། །རྒྱལ་དབང་པདྨའི་བཀའ་ཉན་དམ་ཚིག་ཅན། །དཔེ་ཧར་ཆོས་ཀྱི་རྒྱལ་པོ་དེང་འདིར་དགོངས། །ཞེས་རྡོ་རྗེ་གྲགས་ལྡན་དང་དཔེ་ཧར་གཉིས་གཅིག་ཏུ་བསྟན་ཡོད་པས། བྷ་ཏ་ཧོར་གྱི་སྒོམ་གྲྭ་ནས་མཆོད་རྫས་ཀྱི་ཕྱིར་འབྲངས་ཏེ་འོངས་པའི་བསྟན་སྲུང་ འདིར་མགོན་པོ་འོད་དཔག་མེད་དང་ཡང་ན་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་འདུས་པའི་ བདག་ཉིད་དུ་བསྔགས་བརྗོད་ཕུལ་ཡོད་པར་དཔགས་ན། བོད་ཀྱི་གཞི་བདག་རིག་གནས་སམ་ཆོས་སྐྱོང་རིག་གནས་འདིའི་རྒྱབ་ལྗོངས་ཇི་འདྲ་ ཞིག་མཐུག་པ་དེ་ནི་ཟུར་བལྟས་ལེབ་མཐོང་རེད། དེ་བཞིན་ཁོ་བོའི་ཕ་ཡུལ་གྱི་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱེད་ དུས། ཆོས་སྐྱོང་ཕ་མ་འདྲ་བོ། ཡུལ་ལྷ་གཞི་བདག་ཕ་མ་འདྲ་བོ་ཞེས་སེམས་གཏིང་ནས་གསོལ་འདེབས་བྱེད་པ་འདིས་ཀྱང་ བོད་མིའི་འཚོ་བའི་ཁྲོད་དུ་གཞི་བདག་གིས་གོ་ས་ཇི་འདྲ་ཞིག་ཟིན་ཡོད་མེད་དེ་ཧ་ ཅང་ལས་སླ་བོའི་སྒོ་ནས་ཤེས་ཐུབ་ཀྱི་རེད།

བཅུ་དགུ་པ། བོད་ཀྱི་གཞི་བདག་རིག་གནས་ཀྱི་ཉམས་རྒུད། 

དུས་རབས་ཀྱི་འཕོ་འགྱུར་དང་འགྲོག་སྟེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ རིག་གནས་ཁག་མང་པོ་ཞིག་ཉམས་རྒུད་དང་ཐ་ན་རྩ་བརླག་ཏུ་གྱུར་དང་འགྱུར་བཞིན་པའི་ ཁྲོད་དུ། བོད་ཀྱི་གཞི་བདག་འདི་ཡང་ལུང་པ་ཆུས་ཁེངས་ན་རྡོ་ལེབ་སྐམ་པོར་ལུས་ས་མེད་ཅེས་པ་ བཞིན་ག་ལེར་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅིང་། དཔེར་ན་རིག་གནས་གསར་རྗེའི་དུས་རབས་སུ་བོད་ཀྱི་རི་མགོ་ཡོད་ཚད་ཀྱི་གཞི་བདག་ གི་ཆེད་དུ་བརྩིགས་པའི་ལབ་ཙེ་མཐའ་དག་མེར་བསྲེགས་ཆུར་བསྐྱུར་ཀྱིས་རྩ་མེད་གཙང་ དག་བཟོས་ཡོད་ལ། གཞི་བདག་གི་འབག་སྐུ་དང་ཐང་མཆོད་རྫས་སོགས་ཕལ་མོ་ཆེ་གཏོར་བཅོམ་རྨེག་མེད་བཟོས་ ཡོད། དེ་བཞིན་མི་རབས་རྙིང་པ་དག་རིམ་བཞིན་མི་མཐོང་ཕྱི་མའི་ཡུལ་དུ་བསྐྱོད་དང་ སྐྱོད་བཞིན་པའི་སྟེང་དུ་མི་རབས་གསར་པ་དག་གི་ཁྲོད་དུ་བོད་ཀྱི་སྲོལ་རྒྱུན་ རིག་གཞུང་སྤྱི་དང་ཁྱད་པར་དུ་གཞི་བདག་རིག་གནས་ལ་བརྩེ་དུང་ཅན་ཧ་ཅང་ཉུང་ནས་ ཉུང་དུ་འགྲོ་བཞིན་ཡོད་པ་དཔེར་ན། མདོ་སྨད་ཀྱི་རོང་འབྲོག་ས་ཁུལ་ལ་མཚོན་ན་ནམ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་དང་ མི་མང་གི་དུས་སྟོན་ལྟ་བུའི་སྐབས་སུ། བསང་ཁྲི་ཆེན་པོ་རེ་བརྩིགས་ཏེ་བོད་ཁམས་ཀྱི་གཞི་བདག་སྤྱི་དང་ཁྱད་པར་དུ་ས་གནས་ དེའི་གཞི་བདག་རྣམས་ལ་གསོལ་མཆོད་བྱེད་པའི་ལུགས་སྲོལ་ཞིག་ཡོད་ཅིང་། མི་རྒན་པ་དག་གིས་བསང་བཏང་རྗེས་སུ་བསང་ཁྲིར་སྐོར་བ་རྒྱག་ཞོར་རང་རང་གི་སྐྱེས་ ལྷ་ཡུལ་ལྷ་གཞི་བདག་དག་གི་མིང་ནས་བཟུང་སྟེ་ལྷ་འབོད་ཀླུ་འབོད་རྒྱ་ཆེར་བྱེད་ སྲོལ་ཞིག་ཡོད་ཅིང་། དེ་ཡང་ཕ་མེས་ནས་བརྒྱུད་དེ་འོངས་པའི་བསང་ཚིག་ཡིད་དབང་འཕྲོག་པ་མང་པོ་ཞིག་བློ་ ནས་ཆུ་རྒྱུགས་པ་ལྟར་སྐྱོར་བར་བྱེད་མོད། དེང་དུས་ཀྱི་རོང་འབྲོག་པའི་གསར་བུ་ཚོར་སྐར་མ་འགའི་རིང་ལ་སྐྱོར་རྒྱུར་བསང་ ཚིག་ཀྱང་བློ་རུ་ཡོད་མཁན་ཧ་ཅང་དཀོན། སྔོན་ཆད་ཡིན་ན་ཕ་མེས་དག་གིས་རང་རང་གི་བུ་དང་ཚ་བོ་དག་ལ་ལོ་རྒྱུས་ཀྱི་རྒྱབ་ ལྗོངས་མཐུག་པའི་བསང་ཚིག་འདི་དག་བརྒྱུད་སྤྲོད་བྱས་ན་ཡང་། དེང་སྐབས་དུས་རབས་གསར་པར་ཁ་གཡར་ནས་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་གཞི་ བདག་རིག་གནས་འདིར་མཐོང་ཆུང་བྱེད་མཁན་ལོ་ནས་ཟླ་རེར་ཇེ་མང་ཡིན་པ་འདི་ནི་བོད་ མགོ་ནག་འདི་སྲིད་པ་ཆགས་པའི་ལྷ་རྒན་དག་དང་ཁ་ཐག་རིང་དུ་སོང་བའི་ངན་རྟགས་ཡིད་ སེམས་སྐྱོ་དགོས་པ་ཞིག་ཏུ་མཐོང་གི་འདུག ལྷག་པར་དུ་དེང་དུས་ཀྱི་འབྲོག་པ་རོང་བར་བསྒྱུར་ཅིང་རོང་པ་གྲོང་ཁྱེར་ཅན་དུ་ འགྱུར་པའི་སྣང་ཚུལ་འདིས་གངས་རི་དང་རྫ་རིར་གནས་བཅས་པའི་ཡུལ་ལྷ་གཞི་བདག་དང་ གངས་ཅན་པའི་མི་རིགས་འདི་གཉིས་བར་གྱི་མཛའ་བརྩེའི་འབྲེལ་ཐག་ཀྱང་ཇེ་རིང་ནས་ཇེ་ རིང་དུ་བཏང་དང་གཏོང་བཞིན་ཡོད་པས། བོད་ཀྱི་གཞི་བདག་རིག་གནས་ལ་ཞིབ་འཇུག་གནང་མཁན་དག་གིས་གཞི་བདག་རིག་གནས་ཀྱི་ རྨང་གཞི་ངོ་མ་དེ་གང་ཡིན་མཁྱེན་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད་དོ།།

དུས་ཀྱི་ཆུ་བོ་ཐུར་དུ་འབབ་པའི་ཀློང་། །
གཞི་བདག་རིག་གནས་བྲིས་པའི་རི་མོ་བཞིན། །
འཇིག་ཅིང་རྒུད་པའི་ཟློས་གར་མཐོང་བའི་མོད། །
ལག་སོར་ངལ་བ་སྤངས་ཏེ་ཚུལ་འདི་བྲིས། །
ཞེས་པ་ནི་མཇུག་གི་གཏམ་མོ།།

དཔྱད་ཡིག་དང་ཞབས་མཆན།

[1] བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གི་1992 ལོའི་པར་མའི་ཤོག་ངོས་234 – 235
[2] སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ 2016 ལོའི་པར་མ། གླེགས་བམ་བརྒྱད་པ། ཤོག་ངོས་ 227-228
[3] དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་ 1991 ལོའི་པར་མ། ཤོག་ངོས་ 497
[4] ལུང་རྟོགས་བསྟན་པའི་ཉི་མས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་ 2004 ལོའི་པར་མ། ཤོག་ངོས་536 – 537
[5] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་ 2006 ལོའི་པར་མའི་ཤོག་ངོས་3
[6] ཀུན་མཁྱེན་འཇིགས་མེད་དབང་པོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་ 1986 ལོའི་པར་མའི་ཤོག་ངོས་164
[7] གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཏོན། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ 1988 ལོའི་པར་མའི་ལེའུ་དྲུག་ཅུ་པ་ “བོད་ཀྱི་ལྷ་ འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་པ་བཏགས་པའི་ལེའུ” སོགས་སུ་གསལ་བོར་ཡོད་པ་ སྟེ། ཤོག་ངོས་ 367
[8] <<ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱི་ངོ་སྤྲོད་མདོར་བསྡུས། >> ལུང་རྟོགས་རྒྱ་མཚོས་བརྩམས། ཐེ་ཝན་ཀཿཐོག་རིག་འཛིན་ཆེན་པོའི་ཆོས་ཚོགས་ཀྱི་ 1999 ལོའི་པར་མ། ཤོག་ངོས་12 -14
[9] གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཏོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ 1988 ལོའི་པར་མ། ཤོག་ངོས་384 – 385
[10] <<ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བྱུང་འཕེལ་རགས་ཙམ་དཔྱད་པ།>> ལྷ་མོ་ཐར་གྱིས་བརྩམས། ཀྲུང་གོའི་བོད་ལྗོངས་དྲ་བ་སྤྱི་ལོ་༢༠༡༠ཟླ་༨ཚེས་༢༤ཉིན།
[11] <<རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།>> རས་པའི་རྒྱན་ཅན་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལོའི་ 1989 ལོའི་པར་མའི་<<མི་ལ་རས་པའི་རྣམ་ཐར>> ཤོག་ངོས་451 – 521
[12] <<ཚངས་དབྱངས་རྒྱ་མཚོའི་གསང་རྣམ>> ལྷ་བཙུན་ངག་དབང་རྡོ་རྗེས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གི་ 1981 ལོའི་པར་མ། ཤོག་ངོས་ 47 -49
[13] བསོད་ནམས་གྲགས་པས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ 1989 ལོའི་པར་མ། ཤོག་ངོས་ 24
[14] དབུ་ཅན་ཤིང་པར་ཞིག བསང་ཡིག་ཤིང་པར་འདི་རིགས་ལས་མང་པོ་ཞིག་ས་གནས་གང་དུ་དུས་ཚོད་ནམ་ཞིག་ལ་བརྐོས་པ་མི་གསལ་བ་དང་། བསང་ཡིག་རྩོམ་པ་པོའི་མཚན་ཡང་སྐབས་རེར་མ་གཏོགས་བསང་ཡིག་གི་མཇུག་ཏུ་མི་འདུག་པས། ཞིབ་འཇུག་པ་ཞིབ་ཚགས་ཅན་རྣམས་ཀྱི་འདོད་པ་དེ་ཙམ་ཞིག་ཁེངས་ཀྱི་མེད།
[15] རྩོམ་པ་པོ་མི་གསལ་བའི་མདོ་སྨད་མཚོ་སྔོན་ས་ཆའི་དབུ་ཅན་ཤིང་པར།
[16] མདོ་སྨད་མཚོ་སྔོན་ས་ཆའི་དབུ་ཅན་ཤིང་པར་ཤོག་ངོས། 12  – 14
[17] མདོ་སྨད་མཚོ་སྔོན་ས་ཆའི་དབུ་ཅན་ཤིང་པར། ཤོག་ངོས་ 1 – 3
[18] མདོ་སྨད་མཚོ་སྔོན་ས་ཆའི་དབུ་ཅན་ཤིང་། ངོས་ཤོག་ངོས་2 – 3
[19] ལྷ་སའི་ཤིང་པར་སྣ་རིང་། ཤོག་ངོས་ 2 –  3
[20] བལ་ཡུལ་པར་མ་པར་སྐྲུན་གྱི་ལོ་ཚིགས་མི་གསལ་བ་ཞིག  ཤོག་ངོས་90 – 91
[21] གོང་གསལ་པར་མའི་ཤོག་ངོས་ 97 – 99
[22] གོང་གསལ་པར་མའི་ཤོག་ངོས་103
[23] བླ་ནག་པ་ཡེ་ཤེས་བཟང་པོས་བརྩམས། ཞང་ཀང་ཐེན་མ་དཔེ་སྐྲུན་ཁང་གི་ 2001 ལོའིི་པར་མ། ཤོག་ངོས 232 – 236
[24] ཁོང་གི་རྣམ་ཐར་སྐོར་སྐྱེ་རྒུ་མདོ་སོགས་ཀྱི་མི་མང་པོར་བཅར་འདྲི་བྱས་པའི་ཟིན་དེབ་ཅིག་ཏུ་གསལ།
[25] <<ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པའི་རྣམ་ཐར།>>  མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་ 1991 ལོའི་པར་མ། ཤོགངོས་21-22
[26] ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གི་ 2002 ལོའི་པར་མ། ཤོག་ངོས་56
[27] ཤྰཀྱ་རིན་ཆེན་སྡེས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ 1988 ལོའི་པར་མ། ཤོག་ངོས་ 47
[28] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་ 1982 ལོའི་པར་མ། ཤོག་ངོས་ 235 -236
[29] བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱིས་བརྩམས། ལྷ་སའི་ཤིང་པར་སྣ་ཐུང་།  ཤོག་ངོས་ 2-4

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།