གནད་བསྡུས། དཔྱད་རྩོམ་འདིར་སློབ་དཔོན་ཕྱོགས་གླང་གིས་ཚད་མ་རིག་པའི་ལྟ་གྲུབ་གལ་ཆེ་ཤོས་རྟགས་ཡང་དག་གི་ཆ་རྐྱེན་ཚུལ་གསུམ་ནང་ཚན་ཚུལ་གཉིས་པ་རྗེས་ཁྱབ་དང་ཚུལ་གསུམ་པ་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྒྲ་རིག་པའི་ཐ་སྙད་ཉིད་དམ་ཁོ་ན་ཞེས་པའི་ངེས་གཟུང་གི་ཚིག་འཕྲད་བཀོད་དེ་རྗེས་ཁྱབ་དང་ལྡོག་ཁྱབ་མཚན་ཉིད་ཆ་ཚང་གཏན་འབེབས་གནང་ཐུབ་མོད། ཚུལ་དང་པོ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཉིད་དམ་ཁོ་ན་ཞེས་པའི་ངེས་གཟུང་དངོས་སུ་མ་གསུངས་པར་བརྟེན། བརྒྱུད་འཛིན་སློབ་དཔོན་ཆོས་གྲགས་ཀྱིས་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུའང་ཉིད་དམ་ཁོ་ན་ཞེས་པའི་ངེས་གཟུང་གི་ཚིག་འཕྲད་བཀོད་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་མཚན་ཉིད་ཀྱང་ཆ་ཚང་གཏན་འབེབས་གནང་ཐུབ་ཚུལ་དང་། ལྷག་པར་སློབ་དཔོན་ཆོས་གྲགས་ཀྱིས་རང་བཞིན་འབྲེལ་པ་ཞེས་པའི་ཆོས་སྐད་གལ་ཆེ་འདི་གསར་དུ་རྙེད་པ་ལ་བརྟེན་ནས། གཏན་ཚིགས་ཡང་དག་ཐམས་ཅད་བསྡུས་ན་འབྲས་རང་མ་དམིགས་པའི་གཏན་ཚིགས་རྣམ་པ་གསུམ་ཉིད་དུ་གྲངས་ངེས་ཞིང་། དེའི་རྒྱུ་མཚན་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་ལ་བདག་གཅིག་གི་འབྲེལ་པའམ་རང་བཞིན་བཞིན་འབྲེལ་པ་དང་དེ་བྱུང་གི་འབྲེལ་པ་གཉིས་སུ་ངེས་པའི་སྲོལ་ཕྱེ་བ་སོགས་ཀྱིས་མཚོན་རིགས་པའི་དབང་ཕྱུག་རྣམ་གཉིས་ཚད་མའི་ལྟ་གྲུབ་ཚབ་མཚོན་ཁག་གཅིག་བདམས་བཀོད་བྱས་སོ།།
[བརྡ་ཆད་གཙོ་བོ།] ཕྱོགས་གླང་། ཆོས་གྲགས། ཚད་མ་རིག་པ། [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6 [ཡིག་ཚང་མཚན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0003-14
དང་པོ། རིགས་པའི་དབང་ཕྱུག་རྣམ་གཉིས་ཚུལ་གསུམ་སོ་སོའི་མཚན་ཉིད།
གཅིག
སློབ་དཔོན་ཕྱོགས་གླང་གི་ཚུལ་གསུམ་སོ་སོའི་མཚན་ཉིད། དེ་ཡང་སློབ་དཔོན་ཕྱོགས་གླང་(Ca.480-540 A. D.)གི་ཚད་མ་ཀུན་བཏུས་ལེའུ་གཉིས་པ་རང་དོན་རྗེས་དཔག་ལེའུ་(D No. 4203, Ce 4a1-3)ལས།རྗེས་དཔག་རྣམ་གཉིས་རང་དོན་ནི།། ཚུལ་གསུམ་རྟགས་ལས་དོན་མཐོང་བའོ།། ཞེས་པ་ནས། རྗེས་དཔག་བྱ་དང་དེ་མཐུན་ལ།། ཡོད་དང་མེད་ཉིད་ལ་མེད་པའོ།། ཞེས་དང་དེའི་སྐབས་ཀྱི་རང་འགྲེལ་(D No. 4204,Ce 27a5-6)ལས། དེ་ལྟར་རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་བའོ།། འཆད་པར་འགྱུར་བའི་མཚན་ཉིད་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བའི་དོན་མཐོང་བ་དེ་ནི་རང་གི་དོན་རྗེས་སུ་དཔག་གོ།། ཞེས་དང་།(D No. Ce 29a4-6)རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ།། དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་གི་རྗེས་ལ་དེའི་རིགས་དང་མཐུན་པ་ལ་ཡང་སྤྱིའི་ཚུལ་གྱིས་ཕྱོགས་ཐམས་ཅད་དམ་ཕྱོགས་གཅིག་ལ་ཡོད་པར་གྲུབ་པའོ།། ཅིའི་ཕྱིར་ཞེ་ན། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་གཟུང་བའི་ཕྱིར་རོ།། དེ་དང་མཐུན་པ་ལ་ཡོད་པ་ཁོ་ནའོ་ཞེས་ནི་བརྗོད་པར་མི་བྱ་བའི་ཕྱིར་རོ།།མེད་པ་ཉིད་ལས་མེད་པ་ཞེས་པས་ནི་སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཉིད་ཡིན་གྱི་གཞན་ལ་ཡང་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་པའི་དོན་ནོ།། ཞེས་སོགས་ཚུལ་གཉིས་པ་རྗེས་ཁྱབ་དང་ཚུལ་གསུམ་པ་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྒྲ་རིག་པའི་ཐ་སྙད་ཉིད་(eva)དམ་ཁོ་ན་(eva)ཞེས་པའི་ངེས་གཟུང་གི་ཚིག་འཕྲད་བཀོད་པ་སོགས་ཀྱིས་མཚོན་སྔར་མེད་ཀྱི་ཆོས་སྐད་མཐའ་ཡས་པ་ཞིག་གསར་གཏོད་མཛད།
གང་ལྟར་དེ་རྗེས་ཕྱི་ནང་གཉིས་ཀའི་ཚད་མ་རིག་པ་ལ་མཁས་པའི་རྟོག་གེ་བ་རྣམས་ཀྱིས་སློབ་དཔོན་ཕྱོགས་གླང་གི་ཚད་མ་རིག་པའི་ལྟ་གྲུབ་གཞི་རྩར་བཟུང་ནས་ཚད་མ་རིག་པར་འཆད་རྩོམ་གནང་བ་སོགས་ཀྱིས་མཚོན་མཛད་རྗེས་གཞལ་བར་མི་ནུས། འོན་ཀྱང་ཚུལ་དང་པོ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཉིད་(eva)དམ་ཁོ་ན་(eva)ཞེས་པའི་ངེས་བཟུང་དངོས་སུ་མ་གསུངས་པར་བརྟེན་རིགས་པ་ཅན་པའི་སློབ་དཔོན་ཨུདྡྱོ་ཏ་ཀ་(Uddyotakara ca. 550-610 A. D.)ཡི་རིགས་པའི་རྣམ་འགྲེལ་དུ་རྩོད་པ་བཀོད་པ་དང་དེའི་རྩོད་སྤོང་བརྒྱུད་འཛིན་ཆེན་པོ་སློབ་དཔོན་ཆོས་གྲགས་ཀྱིས་གནང་སྟེ་ཁ་སྐོང་གནང་ཚུལ་རྗེས་སུ་འཆད་ཀྱི་ཡིན།
དེ་དག་གི་དོན་ཡང་རྒྱལ་ཚབ་རྗེའི་ཚད་མ་མདོའི་རྣམ་བཤད་(Toh. No. 5437, Nga 34b3)ལས། རང་དོན་རྗེས་དཔག་གི་མཚན་ཉིད་ནི། ཚུལ་གསུམ་ཚང་བའི་རྟགས་ལས། ལྐོག་གྱུར་གྱི་དོན་གསར་དུ་མཐོང་བའི་ཤེས་པའོ།། མི་གསལ་བ་དོན་དག་འདིས་རྟགས་སུ་བྱེད་རྟོགས་པར་བྱེད་པས་རྟོགས་ཏེ། ཚུལ་གསུམ་པ་ཅན་ནོ།།ཞེས་དང་(Nga 38a6)ཕྱོགས་ཆོས་ཀྱི་མཚན་ཉིད། རྗེས་སུ་དཔག་པར་བྱ་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ལ། འགོད་ (Nga 38b1)ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ངེས་པའོ།། དེ་ཡང་མངོན་སུམ་རྗེས་སུ་དཔག་པའི་སྟོབས་ཀྱིས་ངེས་པའོ།། བྱེ་བྲག་ནི་གང་དཔག་པར་འདོད་པའི་ཆོས་སོ།།
རྗེས་ཁྱབ་ཀྱི་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་ཤེས་འདོད་ཆོས་ཅན་དང་མཐུན་པའི་ཕྱོགས་ཁོ་ན་ལ་འགོད་ཚུལ་ཡོད་པར་ངེས་པ་དང་། ཁོ་ནའི་ངེས་བཟུང་ནི། ཤེས་འདོད་ཆོས་ཅན་ཡོད་པ་གྲུབ་ཟིན་པ་སྡུད་པའི་ངེས་བཟུང་ཡིན་གྱི། དེ་ལ་ཡོད་པ་གཅོད་པ་ནི་མ་ཡིན་ཏེ། མི་མཐུན་ཕྱོགས་ལ་ཡོད་པ་དགག་པའི་དོན་ཅན་ཡིན་ནོ།། དཔེར་ན་དྲང་སྲོད་ནོར་ལྷ་ལ་བུ་གཉིས་སྐྱེས་ཏེ། ན་ར་དང་ནི་སྲེད་མེད་བུ་ཁོ་ནའོ།། ཞེས་པའི་ངེས་བཟུང་གིས་ན་ར་བུ་ཡིན་པ་མི་གཅོད་པ་བཞིན་ནོ།། རྩོད་གཞི་མཐུན་ཕྱོགས་མ་ཡིན་པར་འདོད་པ་ནི། འདིའི་དོན་རྣམ་ངེས་སུ་བཤད་པ་(D No.4211, Ce 169a7-b1; PVin. II, p.6དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་གཟུང་བའི་ཕྱིར་ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ།། དེ་ལ་ཡོད་པར་གྲུབ་པ་སྡུད་པའི་ངེས་པར་གཟུང་བས་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན། དང་པོ་རང་ལ་བུ་གཉིས་སྐྱེས་འགྱུར་ཏེ། ན་ར་དང་ནི་སྲེད་མེད་བུ་ཉིད་དོ།། ཞེས་བྱ་བ་ལྟ་བུའོ།།)ཞིབ་ཏུ་མ་རྟོགས་པའོ།།
ལྡོག་ཁྱབ་ཀྱི་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མེད་པ་སྟེ། མི་མཐུན་ཕྱོགས་ཉིད་ལ་མེད་པ་ཁོ་ནར་ངེས་པའོ།། འདིའི་རང་འགྲེལ་དུ་མེད་ལ་ཞེས་པ་ནི། སླར་ཡང་དེའི་ཕྱིར་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཡིན་གྱི། གཞན་ལ་ཡང་མ་ཡིན་ལ། འགལ་བ་ལ་ཡང་མ་ཡིན་ནོ།། ཞེས་པའི་དོན་ཏོ།། ཞེས་འབྱུང་བ་ལ་བདག་གི་འདྲེན་པ་དམ་པ་རྗེ་བཙུན་ཆེན་པོའི་གསུང་གིས། ཚིག་འདི་ལྟར་འབྱུང་བ་ནི། སློབ་དཔོན་དབང་ཕྱུག་སྡེའི་འདོད་པ་ཚད་མ་རྣམ་ངེས་སུ་རྒྱས་པར་བཀག་པའི་ཕྱོགས་སྔ་མ་དང་མཐུན་པར་གནང་བས་དབང་ཕྱུག་སྡེས་རང་འགྲེལ་ལ་བསྣོན་པ་བཏབ་པ་ཡིན་གྱི། རང་འགྲེལ་དངོས་མ་ཡིན་ཞེས་གསུངས་སོ།། རྗེ་ཐམས་ཅད་མཁྱེན་པ་ནི། དེ་རང་ལུགས་སུ་ཁས་བླངས་ཀྱང་སྐྱོན་མེད་དེ། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་པས་མི་མཐུན་ཕྱོགས་ལ་ལྡོག་པ་གྲུབ་ཀྱང་། (Nga 39a1-5 )མེད་པ་ལ་མེད་པ་ཞེས་ལོགས་སུ་སྨོས་པའི་དགོས་པ་ནི། མི་མཐུན་ཕྱོགས་ཙམ་ལས་ལྡོག་པ་ཡིན་གྱི། གནས་པ་དང་འགལ་བ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པ་མ་ཡིན་ནོ།། ཞེས་ཚུལ་གསུམ་པ་ངེས་པའི་དོན་ཅན་དུ་བསྟན་པ་ཁོ་ན་དེའི་དགོས་པར་འདོད་པ་བཀག་པ་ཡིན་གྱི། སྤྱིར་ཚུལ་གསུམ་ངེས་པའི་དོན་ཅན་དུ་འདོད་པ་བཀག་པ་མིན་ནོ་ཞེས་གསུང་ངོ་།། སློབ་དཔོན་རང་གི་བཞེད་པ་ནི། འདོད་པ་དེ་བཀག་ནས་ཁྱབ་པ་གང་རུང་གཅིག་དངོས་སུ་བསྟན་པས། ཅིག་ཤོས་ཤུགས་ལ་འཕེན་པའི་སྦྱོར་བ་གཉིས་ཀྱི་དབྱེ་བ་རྟོགས་པའི་དོན་དུ་མེད་ལ་མེད་པ་ལོགས་སུ་སྨོས་པར་རྣམ་ངེས་སུ་བཤད་དོ།། ཕྱོགས་ཆོས་ལ་རྟགས་ཁོ་ན་རྩོད་གཞི་ལ་ཡོད་པ་དང་། རྩོད་གཞི་ཁོ་ན་ལ་ཡོད་ཅེས་དམིགས་ཏེ། རྩོད་གཞིའི་ཕྱོགས་གཅིག་ཁོ་ན་ལ་ཡོད་པ་ལ་ཡང་། ཕྱོགས་ཆོས་གྲུབ་པར་འགྱུར་པས་རྟགས་རྩོད་གཞི་ལ་ཡོད་པ་ཁོ་ནར་ངེས་ནས་ཁྱབ་པ་གང་རུང་གཅིག་དངོས་སུ་བསྟན་པས། ཅིག་ཤོས་ཤུགས་ལ་འཕེན་པའི་སྦྱོར་བ་གཉིས་ཀྱི་དབྱེ་བ་རྟོགས་པའི་དོན་དུ་མེད་ལ་མེད་པ་ལོགས་སུ་སྨོས་པར་རྣམ་ངེས་སུ་བཤད་དོ།། ཞེས་གསུངས་སོ།།
གཉིས།
སློབ་དཔོན་ཆོས་གྲགས་ཀྱི་ཚུལ་གསུམ་སོ་སོའི་མཚན་ཉིད། དེ་ཡང་སློབ་དཔོན་ཆོས་གྲགས་ཀྱི་(ca. 600-660)རིགས་ཐིགས་(D No. 4212,Ce 231a7-232a1)ལས། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ།། ཞེས་གསུངས། དེའི་དོན་ཡང་རྒྱལ་ཚབ་རྗེའི་རིགས་ཐིགས་འགྲེལ་པ་(Toh. No. 5455, Ñ a 22a5)ལས། ཕྱོགས་ཆོས་ཀྱི་མཚན་ཉིད་ནི། རྗེས་སུ་དཔག་པར་བྱ་བ་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དང་། ཚིག་གི་ཟུར་ལ་རྟགས་ཤེས་འདོད་ཆོས་ཅན་ལ་ཡོད་པ་དང་། ཡོད་པ་ཁོ་ན་དང་། དེ་ལྟར་ངེས་པ་བཞི་ལས་དང་པོ་མིག་ཤེས་ཀྱི་གཟུང་བྱས་སྒྲ་མི་རྟག་(22b1)པར་སྒྲུབ་པ་ལྟ་བུ་ཆོས་ཅན་ལ་མེད་པ་ལ་ཕྱོགས་ཆོས་གྲུབ་པ་སེལ་(སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་པའམ་འཐད་ལྡན་ཆུང་བ་[D 4231, We 47b7]ལས། དེ་ལ་ཡོད་པའི་ཚིག་གིས་ནི་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་བ་ཡིན་ནོ།།)ལ། གཉིས་པས་(རིགས་ཐིགས་རྒྱ་ཆེ་འགྲེལ་པ་[We48a1]ལས། ཉིད་ཀྱི་ཚིག་གིས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ཏེ། ཇི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་རོ་ཞེས་ལྗོན་ཤིང་ཕྱོགས་སུ་བྱས་པ་ལ་ལོ་མ་འཁུམ་པའི་མཚན་ཉིད་ཀྱི་ཉལ་བ་ནི་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི་མཚན་མོ་ལོ་མ་འཁུམ་པ་ལ་བརྟེན་པ་མ་ཡིན་ཏེ། འགའ་འགའ་ཙམ་ཁོ་ནར་ཟད་པ་ལྟ་བུའོ།།)ལྗོན་ཤིང་ཆོས་ཅན་སྲོག་ལྡན་ཡིན་ཏེ། མཚན་མོ་ལོ་མ་འཁུམས་ནས་ཉལ་བའི་ཕྱིར་ཅེས་པ་ལྟ་བུ་རྩོད་གཞི་ལ་ཁྱབ་བྱེད་དུ་མེད་པ་སེལ་བ་ལ་ཕྱི་མ་གཉིས་(རིགས་ཐིགས་རྒྱ་ཆེར་འགྲེལ་པ་[We 48a2-3]ལས།ཡོད་པའི་ཚིག་གི་རྗེས་ལ་ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་ཆོས་བསལ་བ་ཡིན་ནོ།། ཅི་སྟེ་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་སྨྲས་ན་ནི་མཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ།། ངེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བ་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ།།)ཀྱིས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་སེལ་ལོ།། མ་གྲུབ་པའི་གཏན་ཚིགས་ལྟར་སྣང་གི་དབྱེ་བ་དེ་ལ་བརྟེན་ནས་ཤེས་པར་བྱའོ།།
རྗེས་ཁྱབ་ཀྱི་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང་། འདིར་ཡང་རྟགས་མཐུན་ཕྱོགས་ལ་ཡོད་པ་དང་། དེ་ཁོ་ན་ལ་ཡོད་པ་དང་། དེ་ལྟར་ངེས་པ་བཞི་ལས་། དང་པོས་(རིགས་ཐིགས་ཀྱི་རྒྱ་ཆེར་པ་འགྲེལ་པ་[We 48a3-4]ལས།འདིར་ཡང་ཡོད་པ་སྨོས་པས་འགལ་བ་བསལ་བ་ཡིན་ཏེ།དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ།།)བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་རྟགས་ཡིན་པ་སེལ་ལ། གཉིས་པས་(རིགས་ཐིགས་རྒྱ་ཆེར་འགྲེལ་པ་[We 48a4]ལས། ཉིད་སྨོས་པས་ཐུན་མོང་གི་མ་ངེས་པ་ཉིད་བསལ་ཏེ། དེ་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན།གཉིས་ཀ་ལ་ཡོད་པ་ཡིན་ནོ།།)ཐུན་མོང་གི་མ་ངེས་པ་ཡིན་པ་སེལ་ཏེ། དེ་ནི་གཉིས་ཀ་ལ་ཡོད་པའོ།། ཕྱི་མ་གཉིས་(རིགས་ཐིགས་རྒྱ་ཆེར་འགྲེལ་པ་[We 48a4-6]ལས། ཡོད་པ་སྨོས་པ་ལས་སྔར་ངེས་པར་གཟུང་བ་སྨོས་པ་ནི་ཡོད་པ་ཡིན་ཡང་མཐུན་པའི་ཕྱོགས་ལ་མ་ཁྱབ་པ་རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་ཉིད་དུ་བསྟན་པ་ཡིན་ནོ།། ཕྱིས་ངེས་པས་གཟུང་བ་བྱས་ན་ནི་དོན་འདི་འགྱུར་ཏེ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་གཏན་ཚིགས་མ་ཡིན་པར་འགྱུར། ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསལ་བ་ཡིན་ཏེ།)ཀྱིས་མཐུན་ཕྱོགས་ལ་མེད་པར་དོགས་པ་དང་། མི་མཐུན་ཕྱོགས་ལ་ཡང་ཡོད་པར་དོགས་པ་སེལ་ལོ།། རྟགས་ཁོ་ན་མཐུན་ཕྱོགས་ལ་ཡོད་ཅེས་མི་བྱ་སྟེ། མཐུན་ཕྱོགས་ལ་ཆ་གཉིས་པའི་གཏན་ཚིགས་ལ་རྗེས་ཁྱབ་མ་གྲུབ་པར་འགྱུར་བའི་ཕྱིར་རོ།། རྟགས་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་ཞེས་མི་བྱ་སྟེ། ཉེས་པ་དེ་ཉིད་དུ་འགྱུར་བས་གཞན་ལྡན་རྣམ་གཅོད་ཚུལ་དུ་སྦྱར་བར་བྱའོ།།
ལྡོག་ཁྱབ་མཚན་ཉིད་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། དེ་ལ་ཡང་མི་མཐུན་ཕྱོགས་ལ་མེད་པ་དང་། མེད་པ་ཁོ་ན་དང་། དེ་ལྟར་ངེས་པ་བཞི་ལས། དང་པོས་(རིགས་ཐིགས་རྒྱ་ཆེར་འགྲེལ་པ་[We 48a7]ལས། དེ་ལ་མེད་པ་སྨྲས་པའི་ཕྱིར་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་ནོ།།)བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་རྟགས་ཡིན་པ་སེལ་ལ། གཉིས་པས་(རིགས་ཐིགས་རྒྱ་ཆེར་འགྲེལ་པ་[We 48a7-b1]ལས། ཉིད་སྨོས་པའི་མི་མཐུན་པའི་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་བསྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་ནི་མི་མཐུན་པའི་ཕྱོགས་གཅིག་སྲོག་ལ་སོགས་པ་ལ་ནི་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ལ་ནི་མེད་པ་ཡིན་ནོ།།)མི་རྟག་པས་རྩོལ་བྱུང་སྒྲུབ་པ་ལྟ་བུ་མི་མཐུན་ཕྱོགས་ལ་ཆ་གཉིས་པའི་ཐུན་མོང་མ་(23a1-2)ཡིན་པའི་མ་ངེས་པ་ཡིན་པ་སེལ་ཏེ། མི་མཐུན་ཕྱོགས་ལ་ཁོ་ན་ལ་མེད་ཅེས་སྨོས་ན། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་མེད་པ་ལ་ལྡོག་ཁྱབ་མ་གྲུབ་པར་འགྱུར་བས། ཁྱབ་བྱེང་དུ་ལྡོག་པའི་ལྡོག་ཚུལ་སྦྱར་པ་ཡིན་ལ། ཕྱི་མ་གཉིས་(རིགས་ཐིགས་རྒྱ་ཆེར་འགྲེལ་པ་[We 48b3]ལས། ངེས་པས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བ་ཡིན་ནོ།།)ཀྱིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་པ་སེལ་ལོ།། རྟགས་ཁོ་ན་མི་མཐུན་ཕྱོགས་ལ་མེད་ཅེས་ཀྱང་སྦྱར་བར་མི་བྱའོ།། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་ན་མི་ཐུན་ཕྱོགས་ལས་ལྡོག་པ་གྲུབ་ཟིན་པའི་ཕྱིར། ཞེས་གསུངས་སོ།།
གསུམ།
སློབ་དཔོན་ཆོས་གྲགས་ཀྱི་ཁྱད་ཆོས་གཏན་ཚིགས་གསུམ་དུ་ངེས་པ། དེ་ཡང་སློབ་དཔོན་ཆོས་གྲགས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་ཚད་མ་རྣམ་འགྲེལ་་་་(D No. 4210, Ce 94a3-4, PV pp. 114-115, I, 1) ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད།། མེད་ན་མི་འབྱུང་ངེས་ཕྱིར་རོ།། གཏན་ཚིགས་ལྟར་སྣང་དེ་ལས་གཞན།། ཞེས་པའི་སྙན་གྲགས་ཅན་གྱི་རྣམ་འགྲེལ་ལེའུ་དང་པོའི་ཤླཽ་ཀ་དང་པོས་བསྟན། གཞུང་དོན་ཡང་ཊིཀ་ཆེན་རིགས་པའི་རྒྱ་མཚོ་(Toh. No.5505, Tha 32a5)ལས། ཕྱོགས་ཆོས་ཞེས་སོགས་ཤླཽ་ཀ་གཅིག་སྟེ། དེ་ལ་རྐང་པ་དང་པོས་རྟགས་ཡང་དག་གི་མཚན་ཉིད་དང་། གཏན་ཚིགས་ཞེས་པས་མཚོན་བྱ་དང་། དེ་ནི་རྣམ་གསུམ་ཉིད་ཅེས་པས་དབྱེ་བའི་གྲངས་ངེས་དང་། དེ་ནས་རྐང་པ་གཅིག་གིས་གྲངས་ངེས་པའི་རྒྱུ་མཚན་དང་། རྐང་པ་ཐ་མས་དེ་དག་གི་བཟློག་ཕྱོགས་སྟོན་པར་བྱེད་ཅིང་། (Tha32b1-4)ལྷག་མ་རང་དོན་ལེའུའི་གཞུང་མཐའ་དག་གིས་ཤླཽ་ཀ་གཅིག་པོ་འདི་རྒྱས་པར་འཆད་པ་ཡིན་ནོ།།
དེ་ཡང་། འདི་ལྟར། རང་དོན་རྗེས་སུ་དཔག་པ་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན་ནོ།། རྗེས་དཔག་གི་རྟེན་དུ་གྱུར་པའི་གཏན་ཚིགས་དེ་ཡི་མཚན་ཉིད་ནི་གང། དབྱེ་བ་ནི་དུ་ཞིག་ཅེ་ན། རྟགས་རང་གི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ངེས་པའི་ཕྱོགས་ཆོས་དང་ཕྱོགས་ཀྱི་མིང་ཅན་ཤེས་འདོད་ཆོས་ཅན་དེའི་ཆ་སྟེ། བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པ་ཡི་ཚུལ་གསུམ་ཚང་བ་ནི་གཏན་ཚིགས་ཡང་དག་གི་མཚན་ཉིད་ཡིན་ནོ།། དེ་ལྟ་བུའི་གཏན་ཚིགས་དེ་ནི་འབྲས་རང་མ་དམིགས་པའི་གཏན་ཚིགས་རྣམ་པ་གསུམ་ཉིད་དུ་གྲངས་ངེས་ཏེ་མེད་ན་མི་འབྱུང་བའི་འབྲེལ་པ་བདག་གཅིག་དང་དེ་བྱུང་གཉིས་སུ་ངེས་པའི་ཕྱིར་རོ།། ཡང་ན་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་དེ་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གསུམ་པོ་དེ་ཁོ་ན་ལ་ངེས་པའི་ཕྱིར་རོ།། ཞེས་དང་(Tha 30b6-31a1)ཚད་མ་མདོར། གཞན་དོན་རྗེས་དཔག་འཆད་པའི་སྐབས་སུ། གཏན་ཚིགས་ཀྱི་དབྱེ་བ་ཕྱོགས་ཆོས་ཅན་དགུར་ཕྱེ་བ་ཙམ་ཞིག་གསུངས་ཀྱང་། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་ཕྱེ་ནས། དེ་དག་ཏུ་གྲངས་ངེས་པའི་གྲངས་ངེས་ཀྱི་རྣམ་གཞག་མདོར་དངོས་སུ་མ་གསུངས་པས་འདིར་དེ་ལྟ་བུའི་གྲངས་ངེས་ཀྱི་རྣམ་གཞག་རྒྱས་པར་འཆད་པ་ཡིན་ལ། ཞེས་མཁས་གྲུབ་རྗེས་མཛུབ་སྟོན་གནང་བ་བཞིན་གཏན་ཚིགས་ཡང་དག་ནི་འབྲས་རང་མ་དམིགས་པའི་གཏན་ཚིགས་རྣམ་པ་གསུམ་ཉིད་དུ་གྲངས་ངེས་པ་དང་དེའི་རྒྱུ་མཚན་མེད་ན་མི་འབྱུང་བའི་འབྲེལ་པ་བདག་གཅིག་གི་འབྲེལ་པའམ་རང་བཞིན་བཞིན་འབྲེལ་པ་དང་དེ་བྱུང་གི་འབྲེལ་པ་གཉིས་སུ་ངེས་པའི་སྲོལ་ཕྱེ་ཡོད།
ལྷག་པར་རང་བཞིན་འབྲེལ་པ་(Svabhāvapratibandha)ཞེས་པའི་ཆོས་སྐད་གལ་ཆེ་འདི་སློབ་དཔོན་ཆོས་གྲགས་ཀྱིས་གསར་རྙེད་པ་ལ་བརྟེན་ནས་རྒྱ་གར་གྱི་ཚད་མ་རིག་པའི་རྗེས་སུ་དཔག་ཚུལ་ལྟ་གྲུབ་ཀྱི་ལུས་ཡོངས་སུ་རྫོགས་པར་གྲུབ་ཏེ་འཕེལ་རིམ་བཞི་པར་སླེབས། དེའི་ཁུངས་ཡང་རྣམ་འགྲེལ་རང་འགྲེལ་(D No. 4216, Ce 262a4-7;R.Gnoli ed.The Pramāṇavārttikam of Dharmakīrti, The first chapterwith the autocommentary Text and Critical Notes SerieOrientale Roma 23, Roma, 1960, p.2.)ལས། དེ་དག་ནི་འབྲས་བུ་དང་། རང་བཞིན་དང་། མི་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ཏེ། དཔེར་ན་དུ་བ་ལས་ནི་འདི་ན་མེ་ཡོད་དོ།། ཤིང་ཤ་བ་ཡིན་པའི་ཕྱིར་འདི་ནི་ཤིང་ཡིན་ནོ།། ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱིར་(ཀྱི་)གྱུར་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ།།
གལ་ཏེ་ཡོད་ན་དམིགས་པར་རུང་བའི་ཡོད་པ་ཅན་ཁོ་ནར་འགྱུར་གྱི།གཞན་དུ་ནི་མ་ཡིན་ནོ།། དེས་ན་དམིགས་པའི་མཚན་ཉིད་ཀྱིར་(ཀྱི་)འགྱུར་བའི་ཡོད་པ་ཅན་ཞེས་བཤད་པ་ཡིན་ནོ།།དེ་ལས་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཡིན་ཏེ། རང་བཞིན་དང་འབྲེལ་པ་(Svabhāvapratibandha Gnoli ed.p. 2, l. 20.)ཡོད་པ་དོན་གྱིས་དོན་འཁྲུལ་པ་མེད་དེ། དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། ཞེས་དང་།(D Ce 270a3-6)དེའི་ཕྱིར་དེ་ནི་རང་བཞིན་འབྲེལ་པའི་(Svabhāvapratibandha Gnoli, op.cit;p. 16, l. 28.)ཕྱིར་འཁྲུལ་པ་མེད་དོ།། རྒྱུ་ཡིས་ནི། འབྲས་བུ་འཁྲུལ་པ་མེད་པའི་ཕྱིར།། རྒྱུ་ལྡོག་པ་ལས་འབྲས་བུ་ལྡོག་པར་བྱེད་དོ།། གཞན་དུ་ན་དེ་ནི་དེའི་འབྲས་བུ་ཉིད་མ་ཡིན་པར་འགྱུར་རོ།། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ནི་ངོ་བོ་ཉིད་ངེས་པར་བྱེད་དེ། དེ་བས་ན་གཉི་ག་རང་བཞིན་འབྲེལ་པ་(Svabhāvapratibandha Gnoli ed.པ p. 17, l. 8.) ཁོ་ནས་ལྡོག་ གོ།(Ce 95b4-5, PV pp. 116-119; PV, I, 24-25)དེ་ལྟ་མིན་ན་གཅིག་ལོག་པས།། ཇི་ལྟར་གཞན་ནི་ལྡོག་པར་འགྱུར།། མི་ལ་རྟ་མི་བདོག་ཅེས་ཏེ།། ཕྱུགས་ཀྱང་བདོག་པ་མིན་ནམ་ཅི།།དེ་བཞིན་གཅིག་གཅིག་ཉེ་བའི་ཕྱིར།། ཇི་ལྟར་གཞན་ནི་ཉེ་བར་འགྱུར།། མི་ལ་ཕྱུགས་ནི་བདོག་ཅེས་ཏེ།། དེ་བཞིན་རྟ་ཡང་བདོག་གམ་ཅི། དེའི་ཕྱིར་རང་བཞིན་འབྲེལ་པ་(Svabhāvapratibandha Gnoli, op.cit; p.17, l.12.)ཁོ་ནས་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ།། ཞེས་གསུངས།
གང་ལྟར་གཏན་ཚིགས་ཡང་དག་གི་ཁྱབ་པའི་ཆ་རྐྱེན་འབྲེལ་བ་ལ་བརྟེན་ནས་རྒྱ་གར་དུ་ཚད་མ་རིག་པར་འཕེལ་རིམ་བཞི་བྱུང་ཡོད་རྫས་དང་དང་རྫས་ཀྱི་འབྲེལ་བའི་ཆ་རྐྱེན་ལ་གཞི་བཅོལ་བའི་བྱེ་བྲག་པའི་མདོ་དང་། ཅིག་ཤོས་ཙ་ར་ཀའི་(Carika ca 100 A.D.)སྨན་གཞུང་དང་། རིགས་པའི་མདོ་དང་། ཐབས་ཀྱི་སྙིང་པོ་བཅས་རྩོད་རིག་བརྒྱུད་པར་སྒྲུབ་ངག་ཡན་ལག་ལྔའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པར་ཚད་མ་རིག་པར་འཕེལ་རྒྱས་ཕྱིན་པ་གང་ཞིག་ལ། གཏན་ཚིགས་ཡང་དག་གི་ཚད་དང་། སྒྲུབ་བྱེད་ཆ་རྐྱེན་ཁྱབ་པའི་སྐོར་མི་གསལ། འདི་དག་རྒྱ་གར་གྱི་ཚད་མ་རིག་པའི་འཕེལ་རིམ་དང་པོའི་སྐབས་དང་། འཕགས་པ་ཐོགས་མེད་ཀྱང་འཕེལ་རིམ་དང་པོའི་སྐབས་ཀྱི་ཁོངས་སུ་གཏོགས། འཕེལ་རིམ་གཉིས་པའི་སྐབས་སུ་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དང་། ཁྱབ་པའི་ཆ་རྐྱེན་མེད་ན་མི་འབྱུང་བའི་ཆོས་སྐད་དང་། སྒྲུབ་ངག་ཡན་ལག་ལྔ་ནས་གསུམ་དུ་བསྡུས་ཡོད། དེ་དག་ནང་པའི་མཁས་པས་སྲོལ་ཕྱེ་བར་མ་ཟད་ཤོད་མི་དགོས་པར་སྐབས་དེའི་མཁས་པའི་ཚབ་མཚོན་སློབ་དཔོན་དབྱིག་གཉེན་གྱིས་སྲོལ་ཕྱེ་བ་རེད།
འཕེལ་རིམ་གསུམ་པའི་སྲོལ་འབྱེད་ནི་ཤོད་མི་དགོས་པར་སློབ་དཔོན་ཕྱོགས་གླང་གིས་སྲོལ་ཕྱེ་བ་རེད། རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ནང་ནས་ཚུལ་མཐའ་མ་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ངེས་བཟུང་ཚིག་ཕྲད་ཉིད་དང་། ཕྱོགས་ཆོས་གཏན་ཚིགས་དགུ་དང་། སེལ་བའི་རྣམ་གཞག་དང་། རང་རིག་མངོན་སུམ་སོགས་ཀྱིས་མཚོན་སྔར་མེད་ཀྱི་ཚད་མ་རིག་པའི་ལྟ་གྲུབ་བགྲང་ལས་འདས་པ་ཞིག་སྲོལ་ཕྱེ། སློབ་དཔོན་འདིའི་ཚད་མ་རིག་པའི་ལྟ་གྲུབ་ཤུགས་རྐྱེན་ཕྱི་ནང་གཉིས་ཀར་ཐེབས་པ་ནི་བསམ་བརྗོད་ཡུལ་ལས་འདས། འཕེལ་རིམ་བཞི་པ་ནི་ཤོད་མི་དགོས་པར་སློབ་དཔོན་ཆོས་གྲགས་ཀྱིས་སྲོལ་ཕྱེ་བ་རེད། སློབ་དཔོན་འདིའི་ཁྱད་ཆོས་གཙོ་བོ་ནི་གཏན་ཚིགས་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་རྣམ་པ་གསུམ་ཉིད་དུ་གྲངས་ངེས་ཤིང་དེའི་རྒྱུ་མཚན་མེད་ན་མི་འབྱུང་བའི་འབྲེལ་པ་བདག་གཅིག་གི་འབྲེལ་པ་དང་དེ་བྱུང་གི་འབྲེལ་པ་གཉིས་སུ་ངེས་པ་སོགས་ཀྱིས་མཚོན་སྔར་མེད་ཀྱི་ཚད་མ་རིག་པའི་ལྟ་གྲུབ་བགྲང་ལས་འདས་པ་ཞིག་སྲོལ་ཕྱེ། སློབ་དཔོན་འདིའི་ཚད་མ་རིག་པའི་ལྟ་གྲུབ་ཤུགས་རྐྱེན་ཕྱི་ནང་གཉིས་ཀར་ཐེབས་པ་ནི་སློབ་དཔོན་ཕྱོགས་གླང་ལས་ཀྱང་ལྷག་པར་ཤོད་ཅི་དགོས་སོ།།
གཉིས་པ། རིགས་པའི་དབང་ཕྱུག་རྣམ་གཉིས་ཚད་མའི་ལྟ་གྲུབ་ཚབ་མཚོན།
གཅིག
ཚད་མ་དང་གཞལ་བྱའི་རྣམ་གཞག དེ་ཡང་ཀུན་བཏུས་རང་འགྲེལ་(D 4203, Ce 14a7-15a1)ལས།མངོན་སུམ་དང་ནི་རྗེས་སུ་དཔག ཚད་མ་གཉིས་ཁོ་ནའོ།།གང་གི་ཕྱིར་ཞེ་ན། མཚན་ཉིད་གཉིས་གཞལ་བྱ། རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ།། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མངོན་སུམ་ལ། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པའོ་ཞེས་ཤེས་པའོ།། ཞེས་དང་། དེའི་དགོངས་པ་ཡང་མཁས་གྲུབ་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་(Toh.No. 5501, Tha 20b2)ལས། དེ་ལ་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པས་ཚད་མ་མངོན་རྗེས་གཉིས་སུ་ངེས་པར་སྒྲུབ་པའི་དོན་བཤད་པ་དང་། རང་མཚན་དང་སྤྱི་མཚན་གཉིས་ཀྱི་སྒྲ་དོན་བཤད་པ་དང་། རང་སྤྱི་སོ་སོའི་ངོ་བོ་གཏན་ལ་དབབ་པ་དང་གསུམ་གྱི་དང་པོ་ནི།(རྣམ་འགྲེལ། [D No.4210, Ce 118b3; PV pp. 42-43, III, 1a]) གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།། ཞེས་པས་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པའི་རྟགས་ཀྱིས་ཚད་མ་མངོན་རྗེས་གཉིས་སུ་ངེས་པར་སྒྲུབ་པའི་དོན། (རྣམ་འགྲེལ། [Ce 120b3; PV pp. 48-49,III, 54cd])དེ་ནི་རང་གཞན་ངོ་བོ་ཡིས།། རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད།། ཅེས་སོགས་ལས་ཤེས་དགོས་ཤིང་།དེ་ཡང་འདི་ཡིན་ཏེ། མངོན་སུམ་ཚད་མར་སོང་བའི་གཞལ་བྱ་རང་མཚན་དང་། རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་སྤྱི་མཚན་ཡིན་པས་ཁྱབ་པའི་ཕྱིར་ཚད་མ་མངོན་རྗེས་གཉིས་སུ་ངེས་པའི་རྟགས་སུ་རང་སྤྱི་གཉིས་སུ་ངེས་པ་བཀོད་པ་མ་ཡིན་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་སྒྲ་མི་རྟག་པ་རང་མཚན་ལ་རྗེས་དཔག་ཚད་མ་ཡིན་པའི་ཕྱིར་རོ།།
མངོན་སུམ་ཚད་མའི་གཞལ་བྱ་ཡིན་ན་རང་མཚན་དང་། རྗེས་དཔག་ཚད་མའི་གཞལ་བྱ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ་པས་ཀྱང་དེ་ལྟར་བཤད་པ་མ་ཡིན་ཏེ། བུམ་པས་དག་པའི་ས་ཕྱོགས་ཀྱི་བུམ་མེད་ལྟ་བུ་སྤྱི་མཚན་འགའ་ཞིག་ཀྱང་མངོན་སུམ་ཚད་མའི་གཞལ་བྱར་འགྱུར་བ་དང་། སྒྲ་མི་རྟག་པ་ལྟ་བུ་རང་(Toh.Tha 21a1-5) མཚན་འགའ་ཞིག་ཀྱང་རྗེས་དཔག་ཚད་མའི་གཞལ་བྱར་འགྱུར་བ་ཡོད་པའི་ཕྱིར་རོ།། དེས་ན་རང་མཚན་གཟུང་ཡུལ་དུ་བྱས་ནས་གཞལ་བྱ་འཇལ་བ་དང་། སྤྱི་མཚན་གཟུང་ཡུལ་དུ་བྱས་ནས་གཞལ་བྱ་འཇལ་བའི་འཇལ་ཚུལ་གཉིས་སུ་ངེས་པའི་རྟགས་ཀྱིས།ཚད་མ་མངོན་རྗེས་གཉིས་སུ་ངེས་པར་སྒྲུབ་པ་ཉིད།(རྣམ་འགྲེལ། D Ce 118b3;PV pp. 42-43, III, 1a) གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས།། ཞེས་པའི་དོན་ཡིན་ཏེ།(རྣམ་འགྲེལ། D Ce 120b3; PV pp. 48-49, III, 54cd) དེ་ནི་རང་གཞན་ངོ་བོ་ཡིས།། རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད།། ཅེས་བཤད་པས་སོ།། དེས་ན། (རྣམ་འགྲེལ། D Ce 118b3; PVpp. 42-43, III, 1b)དོན་བྱེད་ནུས་དང་མི་ནུས་ཕྱིར།། ཅེས་སོགས་ཀྱི་དོན་ཀྱང་། དོན་བྱེད་ནུས་པའི་(arthakriyākṣāma)ཆོས་གཟུང་ཡུལ་དུ་བྱེད་པ་དང་མི་ནུས་པའི་ཆོས་གཟུང་ཡུལ་དུ་བྱེད་པའི་སྒོ་ནས་གཞལ་བྱ་འཇལ་བ་གཉིས་སུ་ངེས་པའི་ཕྱིར། ཅེས་སོགས་སུ་ཤེས་པར་བྱའོ།།
གཉིས་པ་སྒྲ་དོན་བཤད་པ་ནི། ཅིའི་ཕྱིར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཅེས་བྱ་ཞེ་ན། རང་གི་ངོ་བོ་དགག་བྱ་སོགས་གཞན་ལ་བལྟོས་མེད་དུ་རང་དབང་དུ་འཆར་རྒྱུ་ཡོད་པའི་མཚན་ཉིད་དེ་རང་བཞིན་ཅན་ཡིན་པས་རང་གི་མཚན་ཉིད་དང་། རང་གི་ངོ་བོ་རང་དབང་བ་མ་ཡིན་པར་སྤྱི་ཙམ་གྱི་རང་བཞིན་ཅན་ཡིན་པས་སྤྱིའི་མཚན་ཉིད་ཅེས་བྱའོ།། ཞེས་སོགས་མཚོན་རྒྱས་པར་གསུངས་པ་ལྟར་དང་། ཚད་མའི་གཞལ་བྱ་ལ་རང་མཚན་(svalakṣaṇa)དང་སྤྱི་མཚན་(sāmānyalakṣaṇa)གཉིས་སུ་ངེས་པའི་རྒྱུ་མཚན་གྱིས་ཚད་མ་ལའང་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སུ་ངེས་པའི་སྲོལ་དང་པོར་ཕྱེ་སྲོལ་ཕྱེ་བ་རེད། རང་མཚན་དང་སྤྱི་མཚན་དོན་ཡང་མངོན་པའི་གཞུང་ནས་བཤད་པ་དང་མི་འདྲ། མངོན་སུམ་ཚད་མའི་སྣང་ཡུལ་བུམ་པ་ལྟ་བུ་ནི་རང་མཚན་ཡིན་ལ། རང་ཉིད་དངོས་སུ་སྣང་བའི་མངོན་སུམ་ལ་སྣང་བའི་ཚེ་ཆོས་གཞན་འཆར་བ་ལ་མི་ལྟོས་པར་འཆར་བའི་མཚན་ཉིད་ཅན་ཡིན། དེ་ཉིད་དངོས་སུ་འཇལ་བའི་མངོན་སུམ་ནི་འཁྲུལ་རྒྱུ་བཞི་པོ་གང་གིས་ཀྱང་མ་བསླད་པའི་མ་འཁྲུལ་པའི་ཤེས་པའོ།། སྤྱི་མཚན་ནི་བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ལྟ་བུ་ཡིན། དེ་ཡང་སྤྱི་མཚན་ཞེས་བྱ་སྟེ། བུམ་པ་རང་གི་ངོ་བོའི་སྒོ་ནས་རྟོགས་པར་བྱར་མེད་པར་སྤྱིའི་སྒོ་ནས་རྟོགས་པའི་མཚན་ཉིད་ཅན་ཡིན། དེ་ལ་སྤྱི་བྱ་སྟེ་བུམ་པའི་གསལ་བ་རྣམས་ཀྱི་སྤྱི་ཡིན་པས་དེ་ལྟར་བཤད། འོ་ན་གང་ཟག་གི་བདག་མེད་ཕྲ་མོ་སྤྱི་མཚན་ཡིན་པས་མདོ་སྡེ་པའི་ལུགས་ལ་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་གང་ཟག་གི་བདག་མེད་ཕྲ་མོ་དངོས་སུ་མ་རྟོགས་པར་བཞེད་དམ་ཞེ་ན་བཞེད་པ་ཡིན་ཏེ། རྒྱལ་ཚབ་རྗེའི་ཚད་མ་མདོའི་རྣམ་བཤད་(Toh.Nga 11a5-6)ལས། ཉན་ཐོས་མདོ་སྡེ་པ་ལྟར་ན་གཟུགས་དང་ཤེས་པ་སོགས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་གཟུགས་ཀྱི་ངོར་དགག་གཞི། རང་མཚན་དེ་ཉིད་སྣང་བ་ཡིན་གྱི། མེད་དགག་གིས་བསྡུས་པའི་བདག་མེད་ནི་ཤུགས་ལ་རྟོགས་པར་འདོད་པའོ།། ཞེས་གསུངས་པ་ལྟར་འཐད།
ཅིག་ཤོས་རིགས་པའི་དབང་ཕྱུག་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་( Ce 107b3-5; PV pp. 2-3, II, 1-5)ལས། ཚད་མ་བསླུ་མེད་ཅན་ཤེས་པ།། དོན་བྱེད་ནུས་པར་གནས་པ་ནི།། མི་སླུ་སྒྲ་ལས་བྱུང་བ་ཡང་།། མངོན་པར་འདོད་པ་སྟོན་ཕྱིར་རོ།། སྨྲ་བ་པོ་ཡི་བྱེད་པའི་ཡུལ།། དོན་གང་བློ་ལ་རབ་གསལ་བ།། དེ་ལ་སྒྲ་ནི་ཚད་མ་ཉིད།། དོན་གྱི་དེ་ཉིད་རྒྱུ་ཅན་མིན།། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི།། མི་འདོད་བློ་ནི་ཚད་མ་ཉིད།། བླང་དང་དོར་བྱའི་དངོས་པོ་ཡི།།འཇུག་ལ་དེ་གཙོ་ཡིན་ཕྱིར་དང་།། ཡུལ་རྣམ་ཅན་ནི་ཐ་དད་པས།། བློ་ཡི་རྟོགས་པ་ཐ་དད་ཕྱིར།། དེ་ཡོད་ན་འདི་ཡོད་ཕྱིར་རོ།། རང་ལས་རང་གི་ངོ་བོ་རྟོགས།། ཐ་སྙད་ལས་ནི་ཚད་མ་ཉིད།། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན།།མ་ཤེས་དོན་གྱི་གསལ་བྱེད་ཀྱང་།། རང་གི་ངོ་བོ་རྟོགས་འོག་ཏུ།། ཞེས་གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཅེས་ཚད་མའི་མཚན་ཉིད་དང་དོན་བྱེད་ནུས་པ་ཞེས་པའི་སྔར་མེད་ཀྱི་ཆོས་སྐད་ཀྱི་རྣམ་གཞག་གི་སྲོལ་ཕྱེ། དེའི་དོན་ཡང་ཐར་ལམ་གསལ་བྱེད་(Toh.No.5450,Cha 128b1-5)ལས། མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐབས་དང་བཅས་པའི་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ལ། དེ་ལྟ་བུའི་ཡུལ་མ་ལུས་པ་ལ་ཡང་ཐུབ་པ་ཉག་གཅིག་ཚད་མ་ཡིན་ན། མཚན་ཉིད་གང་དང་ལྡན་པས་ཚད་མར་འགྱུར་བའི་ཚད་མ་སྤྱིའི་མཚན་ཉིད་དེ་གང་ཞེ་ན། སྔོ་འཛིན་མངོན་སུམ་ཚད་མ་ཆོས་ཅན། ཚད་མ་ཡིན་ཏེ་གསར་དུ་སླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཤེས་པ་ཚད་མ་ཡིན་ན། ཚད་མའི་མཚན་ཉིད་བསྟན་བཅོས་སུ་སྨོས་པ་དོན་མེད་པར་ཐལ། རང་རིག་མངོན་སུམ་གྱིས་ཤེས་པ་གྲུབ་པ་ན། དེ་དང་གྲུབ་སྡེ་རྫས་གཅིག་པའི་མི་སླུ་བ་ཉིད་ཀྱང་གྲུབ་ཟིན་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། རང་གི་ངོ་བོ་མྱོང་བ་ཙམ་གྱིས་མི་སླུ་བ་རྫོགས་པར་རྟོགས་པ་མ་ཡིན་པར་ཐལ། བཙོ་བསྲེག་ལ་སོགས་པའི་དོན་བྱེད་ནུས་པར་རང་གིས་ཇི་ལྟར་གཞལ་བ་ལྟར་གནས་པ་ནི་ལས་ལ་མི་སླུ་བ་ཡིན་ལ། དེ་རང་གི་ངོ་བོ་མྱོང་ཙམ་གྱིས་རྟོགས་པའི་ངེས་པ་མེད་པའི་ཕྱིར། ཞེས་སོགས་ཞིབ་པར་གསལ།
དེ་བཞིན་རྣམ་ངེས་ལེའུ་དང་པོའི་མཇུག་(D Ce 167a6-b1)ལས། འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ནོ།། འདི་ལ་ཡང་ཕ་རོལ་རྨོངས་པས་འཇིག་རྟེན་སླུ་བར་བྱེད་པའི་ཕྱིར་རོ།། བསམས་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་པས་དབེན་ཞིང་དྲི་མ་མེད་ལ་ལྡོག་པ་མེད་པའི་དོན་དམ་པའི་ཚད་མ་མངོན་སུམ་དུ་བྱེད་དོ།། དེ་ཡང་ཆ་ཙམ་བསྟན་པ་ཡིན་ནོ།། ཞེས་དོན་དམ་དམ་པའི་ཚད་མ་རྣམ་གཞག་གི་སྲོལ་ཕྱེ། དེའི་དོན་ཡང་རྣམ་ངེས་དར་ཊཱིཀ་(Toh. Toh.No.5453,Ja 149a5-6)ལས། ཐ་སྙད་པའི་ཚད་མ་རྒྱས་པར་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། དོན་དམ་པའི་ཚད་མ་མངོན་དུ་བྱེད་པའི་ཆེད་དུ་ཡིན་པའི་ཕྱིར། ཞེས་དང་།(Toh. Ja 149b2-5) དོན་དམ་པའི་ཚད་མ་དེ་ཡང་ཆོས་ཅན། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་སོགས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་འབྱུང་བའི་ཕྱིར། དབང་པོའི་མངོན་སུམ་དང་རང་རིག་པའི་མངོན་སུམ་གྱིས་རྟགས་ཀྱི་ཚུལ་རྣམས་མཐར་ཐུག་པར་གྲུབ་པར་བྱས། འདུས་བྱས་མི་རྟག་པ་དང་ཟག་པ་དང་བཅས་པ་སྡུག་བསྔལ་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་དང་ཆོས་ཐམས་ཅད་བདག་མེད་པ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་ཁོང་དུ་ཆུད་པའི་བསམ་པ་ལས་བྱུང་བའི་ཤེས་རབ་དང་། དོན་འདི་ཉིད་གོམས་པར་བྱས་པ་ལས་བྱུང་པའི་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་རྣམས་ལ་བརྟེན་ནས་འབྱུང་པ་ཡིན་ནོ། ཞེས་དང་།(Toh.Ja 149b5-6)དོན་དམ་པའི་ཚད་མ་དེ་ཡང་ཆོས་ཅན། བསྟན་བཅོས་འདིར་མ་བསྟན་པའི་སྐྱོན་མེད་དེ། རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་མཚན་གཞི་ངོས་བཟུང་བའི་སྒོ་ནས་ཆ་ཙམ་ཞིག་བསྟན་པ་ཡིན་པའི་ཕྱིར། རྒྱས་པར་མ་གསུངས་པ་ནི་རྣམ་འགྲེལ་ལ་ཞལ་འཕངས་མཛད་པ་བཞིན་དུ་དེར་རྒྱས་པར་གཏན་ལ་ཕབ་པ་ལས་ཤེས་པར་བྱ་དགོས། ཞེས་གསུངས་པ་རྣམས་ནི་དེ་དེ་བཞིན་དུ་འཐད་དོ།།
གཉིས།
མངོན་སུམ། དེ་ཡང་ཀུན་བཏུས་(D Ce 1a4-2a2)ལས། མིང་དང་རིགས་སོགས་སུ་སྦྱོར་པའི།།རྟོག་པ་དང་བྲལ་མངོན་སུམ་མོ།། ཐུན་མོང་མིན་པའི་རྒྱུ་ཡིན་ཕྱིར།། དེ་ཡི་ཐ་སྙད་དབང་པོས་བྱས།། དེར་དོན་དུ་མས་བསྐྱེད་པའི་ཕྱིར།། རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན།།དུ་མའི་ངོ་བོའི་ཆོས་ཅན་ནི།། དབང་པོ་ལས་རྟོགས་སྲིད་མ་ཡིན།། རང་རང་རིག་བྱ་ཐ་སྙད་ཀྱིས།། བསྟན་མིན་ངོ་བོ་དབང་པོའི་ཡུལ།། ཡིད་ཀྱང་དོན་དང་ཆགས་ལ་སོགས།།རང་རིག་རྟོག་པ་མེད་པ་ཡིན།། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན།། མ་འདྲེས་པ་ཡི་དོན་ཙམ་མཐོང་།། རྟོག་པའང་རང་རིག་ཉིད་དུ་འདོད།། དོན་ལ་མ་ཡིན་དེ་རྟོག་ཕྱིར།། ཞེས་དང་། ཀུན་བཏུས་རང་འགྲེལ་(D No. 4204,Ce 15a4-16a2)དེ་ལ། མངོན་སུམ་རྟོག་དང་བྲལ་བའོ།།ཤེས་པ་གང་ལ་རྟོག་པ་མེད་པ་དེ་མངོན་སུམ་མོ།།(སློབ་དཔོན་ཕྱོགས་གླང་གིས་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་དངོས་སུ་མ་གསུངས་པ་གཤམ་དུ་འཆད།)རྟོག་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མིང་དང་རིགས་སོགས་སུ་སྦྱོར་བའོ།།
འདོད་རྒྱལ་བའི་སྒྲ་རྣམས་ལ་མིང་གི་ཁྱད་པར་དུ་བྱས་ནས་དོན་རྗོད་པར་བྱེད་དེ། ལྷ་སྦྱིན་ཞེས་བྱ་བ་དང་། རིགས་ཀྱི་སྒྲ་རྣམས་ལ་ཅི་སྟེ་བ་ལང་ཞེས་བྱ་བ་དང་། ཡོན་ཏན་གྱི་སྒྲ་རྣམས་ལ་ཡོན་ཏན་གྱིས་ཏེ་དཀར་པོ་ཞེས་བྱ་བ་དང་། བྱ་བའི་སྒྲ་རྣམས་ལ་བྱ་བའི་སྒོ་ནས་ཏེ་འཚེད་པ་ཞེས་བྱ་བ་དང་། རྫས་ཀྱི་སྒྲ་རྣམས་ལ་རྫས་ཀྱི་སྒོ་ནས་ཏེ། དབྱུག་པ་ཅན་རྭ་ཅན་ཞེས་བྱ་བ་ལྟ་བུའོ།། འདི་ལ་ཁ་ཅིག་ན་རེ་འབྲེལ་པ་ཁྱད་པར་དུ་བྱས་པའི་སྒྲ་ཡིན་ནོ་ཞེས་ཟེར་རོ།། གཞན་དག་ནི་དོན་གྱིས་སྟོང་པའི་སྒྲ་འབའ་ཞིག་གིས་དོན་རྣམས་ཁྱད་པར་དུ་བྱས་ཤིང་བརྗོད་དོ་ཞེས་འདོད་དོ།། གང་ལ་རྟོག་པ་དེ་དག་མེད་པ་དེ་མངོན་སུམ་མོ།། ཅི་གང་གི་ཕྱིར་གཉིས་ལ་བརྟེན་ནས། སྐྱེད་པའི་རྣམ་པར་ཤེས་པའི་དབང་པོ་ལ་བརྟེན་པའོ་ཞེས་བརྗོད་ཀྱི་ཡུལ་ལ་བརྟེན་པ་ཞེས་ཅི་ནས་ཡིན་(Ce 15b1)ཞེ་ན། ཐུན་མོང་ཡིན་པའི་རྒྱུའི་ཕྱིར།། དེ་ཡི་ཐ་སྙད་དབང་པོ་ལས།།ཡུལ་གཟུགས་ལ་སོགས་པ་ནི་མ་ཡིན་ནོ།། འདི་ལྟར་ཡུལ་ནི་རྒྱུད་གཞན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་ཐུན་མོང་ཡིན་ནོ།། ཐུན་མོང་མ་ཡིན་པ་ལ་ཐ་སྙད་བྱེད་པ་ཡང་མཐོང་སྟེ། དཔེར་ན་རྔའི་སྒྲ་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ།།དེ་ལྟ་བས་ན་མངོན་སུམ་རྟོག་པ་དང་བྲལ་བར་འཐད་པ་ཡིན་ནོ།།
ཆོས་མངོན་པ་ལས་ཀྱང་། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ།། དོན་ལ་དོན་དུ་འདུ་ཤེས་ཀྱི་དོན་ལ་ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ནོ་ཞེས་གསུངས་སོ།། གལ་ཏེ་དེ་གཅིག་ཏུ་མི་རྟོག་ན་རྣམ་པར་ཤེས་པ་ལྔ་པོ་དེ་འདུས་པ་ལ་དམིགས་པ་ཇི་ལྟར་ཡིན། གང་ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་སོ་སོ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་ཀྱང་ཇི་ལྟར་གསུངས་ཤེ་ན། དེར་དེ་ན་དུ་མས་བསྐྱེད་པའི་ཕྱིར།། རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན།། དེ་རྫས་དུ་མས་བསྐྱེད་པར་བྱ་བའི་ཕྱིར་ན་རང་གི་སྐྱེ་མཆེད་ལ་སྤྱིའི་སྤྱོད་ཡུལ་ཅན་ཞེས་བརྗོད་ཀྱི། ཐ་དད་པ་ལ་ཐ་མི་དད་པར་རྟོགས་པ་ལས་ནི་མ་ཡིན་ནོ།། དོན་འདི་ཉིད་སྨྲས་པ། དུ་མའི་ངོ་བོའི་ཆོས་ཅན་ནི།། དབང་པོ་ལས་རྟོགས་སྲིད་མ་ཡིན།། རང་རང་རིག་བྱ་ཐ་སྙད་ཀྱིས།། བསྟན་བྱ་མིན་ན་དབང་པོའི་ཡུལ།། དེ་ལྟར་ན་རེ་ཞིག་དབང་པོ་ལྔ་ལས་སྐྱེས་པའི་མངོན་སུམ་གྱི་ཤེས་པ་རྟོག་པ་མེད་པ་ཡིན་ཡང་གཞན་གྱི་འདོད་པ་ལ་བརྟེན་ནས་འདིར་ཁྱད་པར་བྱས་པ་སྟེ། དེ་དག་ནི་ཐམས་ཅད་དུ་རྟོག་པ་མེད་པ་འབའ་ཞིག་གོ །ཡིད་ཀྱང་དོན་དང་ཆགས་ལ་སོགས།། རང་རིག་རྟོག་པ་མེད་པ་ཡིན།། ཡིད་ཀྱང་ཡུལ་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ། རྟོག་པ་མེད་པ་འབའ་ཞིག་གོ ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་།བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་དབང་པོ་ལ་མི་ལྟོས་པའི་ཕྱིར། རང་རིག་པའི་མངོན་སུམ་མོ།། (རྟོག་པ་རང་རིང་མངོན་སུམ་གྱི་མྱོང་བྱ་ཡིན་པས་རང་རིག་དུ་བཏགས་པ་ཡིན་གྱི། རང་རིང་མངོན་སུམ་དངོས་མིན་པ་གཤམ་དུ་འཆད།)དེ་བཞིན་དུ། རྣལ་འབྱོར་རྣམས་ཀྱི་བླ་མ་ཡིས།། བསྟན་དོན་ཐ་དད་ཙམ་ཞིག་མཐོང་།། རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལུང་ལས་རྣམ་པར་རྟོག་པ་དང་མ་འདྲེས་པའི་དོན་ཙམ་མཐོང་བ་ནི་མངོན་སུམ་མོ།། རེ་ཞིག་གལ་ཏེ་འདོད་ཆགས་ལ་( Ce 16a1-2) སོགས་པའི་རང་རིག་པ་མངོན་སུམ་ཡིན་ན་རྟོག་པའི་ཤེས་པ་ཡང་མངོན་སུམ་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། རྟོག་པའང་རང་རིག་ཉིད་དུ་འདོད།། དོན་ལ་མ་ཡིན་དེ་རྟོག་ཕྱིར།། དེ་ཡུལ་ལ་ནི་འདོད་ཆགས་ལ་སོགས་པ་ཉིད་བཞིན་དུ་མངོན་སུམ་མ་ཡིན་ཡང་རང་རིག་གོ་ཞེས་བྱ་བའི་སྐྱོན་ནི་མེད་དོ།། དེ་དག་ནི་མངོན་སུམ་མོ།།ཞེས་པའི་བར་གྱིས་བསྟན།
དེའི་དོན་ཡང་ཚད་མ་མདོའི་རྣམ་བཤད་(Nga 7b6)ལས། དང་པོ་ནི། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པ་ནི། མངོན་སུམ་མོ།། དངོས་བསྟན་སྤྱིར་བཏང་བའི་ཚིག་ལས་མ་བྱུང་ཡང་། འོག་ནས་དམིགས་བསལ་གྱིས་(Nga 8a1) འཕངས་པའི་མ་འཁྲུལ་བ་ཡང་། འདིར་སྦྱར་བར་བྱའོ།། རང་འགྲེལ་(Ce 15a4)དུ་རྟོག་པ་ཞེས་པ་ནི་ཇི་ལྟ་བུ་ཞིག་ཅེ་ན། ཞེས་འབྱུང་བ་ལྟར་བྲལ་བྱ་རྟོག་པ་ངོས་བཟུང་བ་ནི། མིང་སྦྱོར་རྟོག་པ་དང་རིགས་དང་ཡོན་ཏན་སོགས་སྦྱོར་བའི་དོན་སྦྱོར་རྟོག་པའོ།། སོགས་པས་མིང་སྦྱོར་རྟོག་པ་ཡང་བསྡུས་ཀྱང་། ནུས་པ་མི་མཚུངས་པར་བསྟན་པའི་ཆེད་དུ་ལོགས་སུ་བྱས་སོ།།འདོད་རྒྱལ་བའི་སྒྲ་རྣམས་ལ་མིང་གི་ཁྱད་པར་དུ་བྱས་ནས་དོན་བརྗོད་པར་བྱེད་དེ། ལྷས་བྱིན་ཞེས་པ་ལྟ་བུའོ།། སྔར་བཤད་པ་ལྟར་སྔ་མ་མིང་སྦྱོར་རྟོག་པ་དང་། ཕྱི་མ་དོན་སྦྱོར་རྟོག་པ་ངོས་བཟུང་བ་ལ་བཤད་པར་བྱ་ཞིང་། ཡང་སྔ་མ་རང་ལུགས་ཀྱི་རྟོག་པའི་མཚན་ཉིད་དང་། ཕྱི་མ་གཞན་གྱིས་བཏགས་པ་ངོས་བཟུང་ནས་དེ་དང་འདྲ་བར་སྟོན་པའོ།། གཞན་གྱིས་བཏགས་པའི་རྟོག་པའི་བདག་རྐྱེན། རིགས་ཀྱི་སྨྲ་བའང་ཞེས་པ་དང་། ཡོན་ཏན་གྱི་སྒྲ་(སྨྲ་)བ་ལང་དཀར་པོ་ཞེས་པ་དང་། བྱ་བའི་སྒོ་ནས་འབྲས་འཚེད་ཞེས་པ་དང་། རྫས་ཀྱི་སྒྲ་སྦྱོར་བའི་འབྲེལ་པ་དང་། འདུ་བའི་འབྲེལ་པ་གཉིས་ཀྱིས་དབྱེ་བས་དབྱུག་པ་ཅན་དང་། རྭ་ཅན་ཞེས་པ་ལྟ་བུའོ།། གཞན་དག་གིས་རིགས་དང་ཡོན་ཏན་སོགས་དོན་གཞན་གྱིས་ཁྱད་པར་དུ་བྱས་ནས། སྒྲས་བརྗོད་ཅིང་དབང་ཤེས་ཀྱིས་ཀྱང་འཛིན་པས་དབང་ཤེས་རྟོག་པར་འདོད་དོ།།
རང་ལུགས་ལ། སྒྲ་དེ་དག་གི་བདག་རྐྱེན་ལ་བརྟེན་ནས་རྟོག་པས་བཏགས་པའི་ཁྱད་གཞི་ཁྱད་ཆོས་བཟུང་ཡུལ་དུ་བྱེད་ཅིང་། དེ་ཡང་མིང་དང་བསྲེས་ནས་འཛིན་པས་མིང་སྦྱོར་རྟོག་པའོ།། བརྡ་ལ་བྱང་བའི་རྟོག་པ་དང་བྲལ་བར་མ་ཟད་བརྡ་ལ་མ་བྱང་བ་རྣམས་ཀྱིས་བརྗོད་བྱ་དང་། རྗོད་བྱེད་འདྲེར་རུང་བ་འཛིན་པའི་རྟོག་པ་དང་བྲལ་བར་ཡང་བསྟན་ཏོ།། རྩ་བའི་ཚིག་(Nga 8b1)འདི་ལྟར་ན། སྔོ་འཛིན་དབང་ཞེས་ལྟ་བུ་རྟོག་བྲལ་དུ་བསྒྲུབས་ནས།དེ་དང་མ་འཁྲུལ་བ་ཚོགས་པས་མངོན་སུམ་དུ་མཚོན་པས་མཚན་ཉིད་རྗེས་བརྗོད་ཀྱི་སྒོ་དང་། མཚོན་བྱ་སྒྲུབ་པའི་སྒྲས་བསྟན་པ་ཡིན་ནོ།། རྣམ་ངེས་(D No. 4211, Ce 154a7-b1)ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། ཞེས་འབྱུང་བ་ལྟར་ན། མཚན་གཞི་གྲུབ་ཟིན་རྗེས་སུ་བརྗོད་ནས། མཚན་ཉིད་མ་འཁྲུལ་བསྒྲུབ་པར་བྱེད་པ་སྒྲུབ་པའི་སྒྲས་བསྟན་པ་ཡིན་ནོ།། གཉིས་ཀ་ལྟར་ཡང་། རྟོག་བྲལ་མ་འཁྲུལ་བའི་ཤེས་པས། སྔོ་འཛིན་དབང་ཤེས་ལྟ་བུ་མངོན་སུམ་དུ་མཚན་པ་ལ་ཁྱད་པར་མེད་དོ།། ཞེས་དང་། (Nga 8b4)བདག་རྐྱེན་དང་དམིགས་རྐྱེན་གཉིས་ཀ་ལས་སྐྱེས་པའི་སྒོ་ལྔའི་ཤེས་པ་ལ་དབང་ཤེས་ཞེས་རྟེན་གྱི་སྒོ་ནས་སྟོན་གྱི། ཡུལ་ཤེས་ཞེས་ཡུལ་གྱི་སྒོ་ནས་མི་སྟོན་པ་ཅི་ཞེ་ན། གཉིས་ལས་སྐྱེས་པ་ཁྱད་པར་མེད་ཀྱང་སྒོ་ལྔའི་ཤེས་པ་དེའི་ཐ་སྙད་དབང་ཤེས་ཞེས་དབང་པོའི་སྒོ་ནས་ཐ་སྙད་བྱས་པ་ལ་དགོས་པ་ཡོད་དེ།དབང་པོ་གཟུགས་ཅན་བ་དེའི་ཐུན་མོང་མིན་པའི་རྒྱུ་ཡིན་པས་དེའི་སྒོ་ནས་ཐ་སྙད་བྱས་པས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར། དབང་ཤེས་ཞེས་པའི་མིང་སྦྱོར་བར་འོས་ཏེ། མིང་དེས་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར། ཡུལ་ཤེས་ཞེས་དངོས་མིང་དུ་སྦྱར་བར་མི་འོས་ཏེ། དེ་ལ་བརྟེན་ནས་ཐུན་མོང་མ་ཡིན་པར་གོ་མི་ནུས་པའི་ཕྱིར། ཅེས་པའི།ཡུལ་རྣམས་(Nga 9a1-4)ནི། རྒྱུ་གཞན་དང་ཡང་ཐུན་མོང་པ་ཡིན་ལ། གཟུགས་ཤེས་ཞེས་སྨོས་ན། ཅི་མིག་ལ་བརྟེན་ནས་སམ། ཡིད་ལ་བརྟེན་ནས་ཡིན་སྙམ་དུ་རེ་བ་དང་བཅས་པར་འགྱུར་གྱི་བདེ་བླག་ཏུ་མི་གོ་བས་སོ།། འཇིག་རྟེན་ན་ཡང་རྔའི་སྒྲ་ནས་ཀྱི་མྱུ་གུ་ཞེས་ཐུན་མོང་མ་ཡིན་པའི་རྒྱུ་སྟོན་པ་མཐོང་གི། དབྱུག་གུའི་སྒྲ་དང་སའི་མྱུ་གུ་ཞེས་སྨོས་ན། དོན་གཞན་ལ་ཡང་གོ་བར་འགྱུར་བས་སོ།།
དབང་པོ་གཟུགས་ཅན་ལས་སྐྱེས་པའི་ཤེས་པར་བསྟན་པས་ཀྱང་། རྟོག་བྲལ་དུ་གོ་བར་བྱེད་དེ། ཆོས་མངོན་པའི་མདོ་ལས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པའི་ཚིག་སྔ་མ་གཉིས་ཀྱིས། དོན་རང་མཚན་གཟུང་ཡུལ་དུ་བྱེད་པའི་མ་འཁྲུལ་བ་བསྟན་ལ། ཕྱི་མ་གཉིས་ཀྱི་རྟོག་བྲལ་དུ་བསྟན་པ་ཡིན་ནོ།།ཞེས་དང་།(Nga 10a5) དབང་པོའི་མངོན་སུམ་དུ་མ་ཟད་ཡིད་དབང་གི་བདག་རྐྱེན་དང་། དབང་སྔོན་གྱི་དེ་མ་ཐག་རྐྱེན་ལས་སྐྱེས་པའི་ཡིད་ཀྱང་གཟུང་དོན་དང་། བཅས་པའི་རྐྱེན་གསུམ་ལས་སྐྱེ་བས་མངོན་སུམ་སྟེ། ཀྱང་གི་སྒྲ་ནི་བསྡུ་བའི་དོན་ཏེ། དབང་པོའི་མངོན་སུམ་དུ་མ་ཟད་ཅེས་པའོ།། ཡིད་ཀྱི་མངོན་སུམ་ནི་རང་གི་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་དང་། དེའི་སྟེང་གི་ཡུལ་འཛིན་ནུས་སུ་སྐྱེད་པའི་ཆ་བདག་རྐྱེན་དང་། རང་གི་དེ་མ་ཐག་རྐྱེན་གྱི་གཟུང་དོན་གྱི་རིགས་འདྲ་(Nga 10b1) སྐད་ཅིག་གཉིས་པ་དམིགས་རྐྱེན་དུ་ཡོད་པ་ལས་སྐྱེས་པ་ཡིན་ལ། དེ་ཡང་དཔྱད་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་གྱི།སོ་སོ་སྐྱེ་བོའི་དངོས་སྟོབས་ཀྱི་ཚད་མས་རྟོགས་པར་བྱ་བ་མ་ཡིན་ནོ།།(ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་[D 4231,We 43a7]ལས། ཡིད་ཀྱི་མངོན་སུམ་ནི་གྲུབ་པའམ་མ་གྲུབ་པའི་མཐའ་ལས་གྲགས་པ་ཡིན་ནོ།། འདི་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ།།) ཞེས་དང་། (Nga 10b2-6)འདོད་ཆགས་དང་ལ་སོགས་པས་ཞེ་སྡང་དང་གཏི་མུག་དང་།བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་འཛིན་པའི་རྣམ་པ་ནི། རང་རིག་པའི་མངོན་སུམ་ཡིན་ཏེ། རང་གི་གཟུང་ཡུལ་རང་མཚན་ལ་ལྟས་ཏེ་གཉིས་སྣང་ནུས་པའི་ཤེས་པ་ཡིན་པའི་ཕྱིར། རྟོག་པ་མེད་པ་ཡིན་ཏེ་གཟུང་ཡུལ་རང་ཚན་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར།
རང་འགྲེལ་(D Ce 15b6-7)དུ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་ནི།དབང་པོ་ལ་མི་ལྟོས་པའི་ཕྱིར་རང་རིག་མངོན་སུམ་མོ་ཞེས་བཤད། ཆགས་སོགས་རྟོག་པ་ཡིན་པས་རང་རིག་མངོན་སུམ་དུ་མི་རུང་ལ། དེ་དག་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་སྟོན་པ་ཡང་མ་ཡིན་ཏེ། རིགས་པ་དུ་མ་དང་འགལ་བའི་ཕྱིར་རོ།། དེས་ན་འདིའི་ཐད་ཀྱི་འགྲེལ་བཤད་(D No. 4268, Ye 25b3-4)དུ། སློབ་དཔོན་རྒྱལ་དབང་བློས།འདོད་ཆགས་ལ་སོགས་པ་ཡང་རང་རིག་པའོ་ཞེས་པ་སྟེ།རང་ཉིད་ལ་རིག་པ་ནི་རང་རིག་གོ།། འདིས་རིག་པར་བྱ་བས་ན་རིག་པ་སྟེ། འཛིན་པའི་རྣམ་པར་ཡང་དག་པར་བཤད་པ། ཉམས་སུ་མྱོང་བའི་རང་བཞིན་ཉིད་[དོ།།]ཅེས་ཆགས་སོགས་རང་རིག་རིག་བྱར་བཤད་ཀྱི། རིག་བྱེད་དུ་མ་བཤད་ལ། འཛིན་རྣམ་ཉིད་རིག་བྱེད་དུ་བཤད་པ་ལྟར་རོ།། ཞེས་དང་(Nga 11a3-5) ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་བ་རྣམས་ཀྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་དེས་བསྟན་པའི། འཕགས་པའི་བདེན་པ་བཞི་སྒྲ་སྤྱི་དང་། དོན་སྤྱི་གང་དང་ཡང་མ་འདྲེས་པའི་དོན་ཙམ་གསལ་བར་མཐོང་བའི་ཤེས་པ་ནི་རྣལ་འབྱོར་མངོན་སུམ་སྟེ། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས། ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་རོ།། (དུལ་བ་ལྷའི་རིགས་ཐིགས་རྒྱ་ཆེར་འགྲེལ་[D 4230, We 6b4-7]ལས། ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བ་རྣལ་འབྱོར་པའི་ཤེས་པའོ་ཞེས་བྱ་བ་ལ་ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏེ། འཕགས་པའི་བདེན་པ་བཞི་པོ་དག་གོ །དེ་བསྒོམ་པ་ནི་ཡང་དག་པའི་དོན་བསྒོམ་པ་སྟེ། བསྒོམ་པ་ཞེས་བྱ་བ་ནི་གོམས་པའོ།དེའི་རབ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བའི་རྣལ་འབྱོར་པའི་ཞེས་བྱ་བ་ལ་ཡང་དག་པ་སྟེ།དྲན་པ་ཉེ་བར་གཞག་པ་དང་། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པའི་གནས་སྐབས་སོ།། དེའི་མཐའ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་སྟེ། མཐའ་ནི་ཆོས་ཀྱི་མཆོག་ཆོས་སོ།། དེ་ལས་སྐྱེས་པ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བའོ།། རྣལ་འབྱོར་ནི་ཏིང་ངེ་འཛིན་ལ་བྱའོ།། དེ་གང་དག་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་པ་རྣམས་སོ།། དེ་དག་གི་ཤེས་པ་ནི་རྣལ་འབྱོར་པའི་ཤེས་པ་སྟེ།)ཞེས་དང་།(Nga 11b2-5)ཆགས་སོགས་རང་རིག་མངོན་སུམ་ཡིན་ན། རྟོག་པ་ཡང་དེར་འགྱུར་རོ་ཞེ་ན།བདེན་ཏེ་ཤེས་པ་གང་བརྡ་འཛིན་པའི་རྟོག་པའི་གཟུང་བྱ་འཛིན་མི་ནུས་པ་དེ་ནི་རྟོག་པ་མ་ཡིན་ལ། རྟོག་པ་འང་བརྡ་འཛིན་པའི་ཤེས་པའི་གཟུང་ཡུལ་དུ་མི་རུང་བས། རང་ཉིད་རང་ལ་རྟོག་པར་འགྱུར་བ་མ་ཡིན་ནོ།། དེས་ན་རྟོག་པ་འང་རང་རིང་མངོན་སུམ་གྱི་མྱོང་བྱ་ཡིན་པས་རང་རིག་ཉིད་དུ་བཏགས་པ་ཡིན་གྱི། དེའི་མྱོང་བྱེད་འཛིན་པའི་རྣམ་པ་ཡང་རང་རིག་མངོན་སུམ་ཉིད་དུ་འདོད་པས། དེ་ལ་དངོས་མིང་འཇུག་པ་ཡིན་ནོ།།
རྟོག་པ་ནི། གཟུང་ཡུལ་ལ་ལྟོས་ནས་རྣམ་པར་བཞག་ལ། གཟུང་ཡུལ་གྱི་དོན་ལ་རང་རིག་མངོན་སུམ་མ་ཡིན་ཏེ། དེའི་སྤྱི་དང་། དོན་སྤྱི་གཟུང་ཡུལ་དུ་བྱེད་པས་དེ་ལ་རྟོག་པ་ཡིན་པའི་ཕྱིར།། རྣམ་འགྲེལ་( PV, III, 287a-dཤེས་གང་གང་ལ་སྒྲ་དོན་འཛིན།། དེ་ནི་དེ་ལ་རྟོག་བ་ཡིན།།རང་གི་ངོ་བོ་སྒྲ་དོན་མིན།། དེ་ཕྱིར་དེ་ལ་ཀུན་མངོན་སུམ།)དུ། ཤེས་གང་གང་ལ་སྒྲ་དོན་འཛིན།། ཞེས་བཤད་པ་ལྟར་རོ།། ཞེས་གསུངས་པ་རྣམས་ནི་འཐད་པ་ཁོ་ན་ཡིན་ནོ།།
གསུམ།
མངོན་སུམ་ལྟར་སྣང་། དེ་ཡང་ཀུན་བཏུས་(D Ce 2a2)ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་།།རྗེས་དཔག་རྗེས་སུ་དཔག་ལས་བྱུང་།། དྲན་དང་མངོན་འདོད་ཅེས་བྱ་བའོ།། མངོན་སུམ་ལྟར་སྣང་རབ་རིབ་བཅས།།ཞེས་གསུངས་པའི་དོན་ཡང་རིགས་རྒྱན་( Toh. No. 5528,Nga 49a2-b2)ལས། སྨིག་རྒྱུ་ལ་ཆུར་འཛིན་གྱི་རྟོག་པ་ལྟ་བུ་འཁྲུལ་བའི་ཤེས་པ་དང་། འདི་ནི་བུམ་པའོ་སྙམ་པའི་རྟོག་པ་ལྟ་བུ་ཀུན་རྫོབ་པའི་ཤེས་པ་དང་། རྗེས་དཔག་ནི་རྟགས་འཛིན་སེམས་དང་། རྗེས་སུ་དཔག་པ་ལས་བྱུང་བ་རྟགས་ཅན་རྗེས་དཔག་དང་། འདས་པའི་དོན་དྲན་པའི་ཤེས་པ་དང་། མ་འོངས་པའི་དོན་མངོན་པར་འདོད་པའི་ཤེས་པ་སྟེ།རྟོག་པ་མངོན་སུམ་ལྟར་སྣང་དྲུག་དང་། རྟོག་མེད་མངོན་སུམ་ལྟར་སྣང་གཅིག་སྟེ། མངོན་སུམ་ལྟར་སྣང་བདུན་བསྟན་པ་ཡིན་ནོ།། བསྟན་པའི་དགོས་པ་གང་ཞེ་ན།རིགས་སྒོར།(D No. 4208, Ce 88b6)[1] མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར།། སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།། ཞེས་གསུངས་པའི་རྟོག་གེའི་ཚིག་དོན་བརྒྱད་ཀྱི་ནང་ནས་ལྟར་སྣང་བཞི་བསྟན་པའི་དགོས་པ་ནི། ལྟར་སྣང་བཞི་པོ་དེ་ཡང་དག་ཏུ་འཁྲུལ་ནས་དེའི་རྗེས་སུ་ཞུགས་ན་མི་འདོད་པའི་དོན་འཐོབ་ཅིང་འདོད་པའི་དོན་མི་འཐོབ་པས་ལམ་གྱི་གོལ་ས་ཤེས་པར་བྱ་བའི་ཕྱིར་ཡིན་ལ། ཁྱད་པར་དུ་འདིར་མངོན་སུམ་ལྟར་སྣང་བསྟན་པའི་དགོས་པ་ནི། སློབ་དཔོན་ཕྱོགས་གླང་གིས་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་དངོས་སུ་མ་(Nga 49b1)གསུངས་ཀྱང་།སྤྱིར་བཏང་དམིགས་བསལ་གྱི་ཚུལ་དུ་བསྟན་པ་དང་། རང་ཉིད་ཀྱིས་མ་འཁྲུལ་པ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་བསྟན་པ་གཉིས་དགོངས་པ་མཐུན་པར་བྱ་བའི་ཕྱིར་དུ་བསྟན་པ་ཡིན་ནོ།།
ཚད་མ་མདོར། མངོན་སུམ་ལྟར་སྣང་བདུན་བསྟན་པའི་དགོས་པ་ནི། རྟོག་བྲལ་གྱི་རྣམ་པར་བཅད་བྱ་རྟོགས་པའི་ཕྱིར་དུ་རྟོག་པ་མངོན་སུམ་ལྟར་སྣང་དྲུག་དང་། མ་འཁྲུལ་བའི་རྣམ་པར་བཅད་བྱ་རྟོགས་པའི་ཕྱིར་དུ་རྟོག་མེད་མངོན་སུམ་ལྟར་སྣང་གཅིག་བསྟན་པ་ཡིན་ནོ།། དེ་ཡང་རིགས་པ་ཅན་པས་རྟོག་པའི་ཁྱད་པར་འགའ་ཞིག་མངོན་སུམ་དུ་འདོད་པས། དེ་རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་མཐུན་དཔེར་ཤེས་པར་བྱ་བའི་ཕྱིར་དུ་རྟོག་པ་ཕྱི་མ་བཞི་བསྟན་པ་ཡིན་ལ། རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་རྩོད་གཞི་ཤེས་པའི་ཕྱིར་དུ་འཁྲུལ་བའི་ཤེས་པ་དང་། ཀུན་རྫོབ་པའི་ཤེས་པ་གཉིས་བསྟན་པ་ཡིན་ནོ།།
འོ་ན་རྣམ་འགྲེལ་དུ་རྟོག་པ་ཕྱི་མ་བཞི་པོ་གཅིག་ཏུ་བསྡུས་ནས་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རང་ཡུལ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བར་མཚུངས་པའི་ཕྱིར་དང་། རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་མཐུན་དཔེར་རིགས་གཅིག་པའི་ཕྱིར་རོ།། རྟོག་པ་སྔ་མ་གཉིས་གཅིག་ཏུ་བསྡུས་ནས་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རིགས་པ་ཅན་པས། སྨིག་རྒྱུ་ལ་ཆུར་འཛིན་གྱི་རྟོག་པ་མངོན་སུམ་མ་ཡིན་ཡང་དབང་ཤེས་སུ་འདོད་ལ། ཀུན་རྫོབ་པའི་ཤེས་པ་དབང་པོའི་མངོན་སུམ་དུ་འདོད་པས། རྟོག་པ་མངོན་སུམ་ལྟར་སྣང་དུ་སྒྲུབ་པའི་རྩོད་གཞི་དེ་ལ་མི་འདྲ་བའི་ཆ་གཉིས་ཡོད་པ་དེ་ཤེས་པའི་ཕྱིར་དུ་སྔ་མ་གཉིས་སོ་སོར་བསྟན་པ་ཡིན་ནོ།། རྟོག་མེད་མངོན་སུམ་ལྟར་སྣང་བསྟན་པའི་དགོས་པ་ནི། མ་འཁྲུལ་བ་མངོན་སུམ་གྱི་མཚན་(Nga 50a1-3)ཉིད་ཀྱི་ཟུར་དུ་རྟོགས་པར་བྱ་བའི་ཆེད་ཡིན་ཏེ། ཚད་མ་མདོར།མིང་དང་རིགས་སོགས་སྦྱོར་བ་ཡི།། རྟོག་པ་དང་བྲལ་མངོན་སུམ་མོ།། ཞེས་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་དུ་དངོས་སུ་མ་བསྟན་ཀྱང་། མངོན་སུམ་ལྟར་སྣང་རབ་རིབ་བཅས།། ཞེས་རབ་རིབ་ཅན་གྱི་ཤེས་པ་དེ།རྟོག་པ་མངོན་སུམ་ལྟར་སྣང་གི་སྡེ་ཚན་ལས་ལོགས་སུ་བསྟན་པས་རྟོག་པ་མངོན་སུམ་ལྟར་སྣང་མ་ཡིན་པར་རྟོགས་ནུས་ལ། མངོན་སུམ་ལྟར་སྣང་དུ་བསྟན་པས་རྟོག་མེད་ཡིན་ཡང་འཁྲུལ་ན་མངོན་སུམ་མ་ཡིན་ནོ་ཞེས་རྟོགས་ནུས་པའི་ཕྱིར་རོ།། ཞེས་དང་། ཞིབ་ཆ་རྣམ་འགྲེལ་ཐར་ལམ་གསལ་བྱེད་(Toh. Cha 285a6-287b5)ལས་གསུངས་པ་ལྟར་འཐད།
ཅིག་ཤོས་སློབ་དཔོན་ཆོས་གྲགས་བཞེད་པ་ནི་རིགས་ཐིགས་(D 4212, Ce 231a2-5)ལས། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ།། དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ།། རྟོག་པ་ནི། ཤེས་པ་ལ་བརྗོད་པ་དང་འདྲེར་རུང་བ་སྣང་བ་སྟེ་དེ་དང་བྲལ་བའོ།། རབ་རིབ་དང་མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུག་པ་ལ་སོགས་པས་འཁྲུལ་པ་མ་སྐྱེས་པའི་ཤེས་པ་ནི་མངོན་སུམ་མོ།། དེ་ནི་རྣམ་པ་བཞི་སྟེ།དབང་པོའི་ཤེས་པ་དང་། རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན། དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པ་དང་། ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བ་རྣལ་འབྱོར་པའི་ཤེས་པའོ།། དེའི་ཡུལ་ནི་རང་གི་མཚན་ཉིད་དེ། དོན་གང་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་ལ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ།། དེ་ཉིད་དོན་དམ་པར་ཡོད་པ་སྟེ་དངོས་པོའི་མཚན་ཉིད་ནི་དོན་བྱེད་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར་རོ།། གཞན་ནི་སྤྱིའི་མཚན་ཉིད་དེ། དེ་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ།། ཞེས་གསུངས་པ་བཞིན་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་དགོས་པའི་སྲོལ་ཕྱེ། དེ་དག་གི་དོན་ཡང་རྒྱལ་ཚབ་རྗེའི་ཚད་མ་རིགས་ཐིགས་འགྲེལ་པ་(Toh. 5455, Ña 13a3)ལས་ཤེས་དགོས།
བཞི།
དགག་པ་གཉིས། དེ་ཡང་ཀུན་བཏུས་ལེའུ་བཞི་པའི་རང་འགྲེལ་དཔེ་དང་དཔེ་ལྟར་སྣང་བརྟག་པ་(Ce 60a4-7)ལས། ཆོས་མཐུན་པ་ནི་རེ་ཞིག་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ།། གལ་ཏེ་གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་པར་བུམ་པ་ལ་སོགས་པ་ལ་མཐོང་བ་དེ་བཞིན་དུ་ཆོས་མི་མཐུན་པ་ལ་ཡང་རྟག་པ་རྩོལ་བ་ལས་མ་བྱུང་བར་ནམ་མཁའ་ལ་མཐོང་བའི་ཕྱིར་འདིར་ཡང་སྒྲུབ་བྱེད་ཀྱི་སྒོ་ནས་བསྒྲུབ་བྱ་སྒྲུབ་པར་བརྗོད་པར་བྱའོ།། ཆོས་མཐུན་པར་གདོན་མི་ཟ་བར་གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་གོ་ཞེས་བསྟན་ན་ནི་ཆོས་མི་མཐུན་པས་ཀྱང་གདོན་མི་ཟ་བར་བསྒྲུབ་བྱ་མེད་པ་ལ་མེད་པར་སྟོན་པར་འགྱུར་ཏེ། གཏན་ཚིགས་དེ་ཉིད་བསྒྲུབ་བྱ་མེད་པ་ལ་མེད་པར་བསྟན་པ་ཡིན་ནོ།། མ་ཡིན་དགག་ཅིང་དགག་པ་དང་།། དེ་བཞིན་མཚན་ཉིད་མེད་ལ་ཡང་།། དེ་ལྟར་སྔ་མ་ནི་མ་ཡིན་པར་དགག་པ་ཡིན་ལ་ཕྱི་མ་ནི་མེད་དགག་གི་དགག་པ་ཡིན་པར་བརྗོད་དོ།། ཞེས་མེད་དགག་(prasajya-pratiṣedha)དང་མ་ཡིན་དགག་(paryudāsa)གི་ཆོས་སྐད་ཀྱང་ཀུན་བཏུས་ཀྱིས་ཐོག་མར་སྲོལ་ཕྱེ་རྗེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ལྟ་གྲུབ་དེའི་སྒོ་ནས་སློབ་དཔོན་སངས་རྒྱས་བསྐྱངས་བཀག་པ་ནི་གྲགས་ཆེ།
དེ་ལྟར་སློབ་དཔོན་གྱིས་གཞན་སེལ་གྱི་སྲོལ་ཕྱེ་ནས་བརྒྱུད་འཛིན་རྣམས་ཀྱིས་དེའི་ཚུལ་ལས་བརྩམས་པའི་ཉམས་ཞིབ་རིམ་པས་མཛད་པའི་གྲུབ་འབྲས་ཀྱི་རྩེ་མོ་དེ་ཁོ་ན་ཉིད་བསྡུས་པ་བོད་འགྱུར་ལེའུ་ཉི་ཤུ་པ་དང་ལེགས་སྦྱར་ལེའུ་བཅོ་ལྔ་པ་སྒྲའི་དོན་བརྟག་པ། (D No. 4266, Ze 37b4-38a7,kk. 1004-1024) ལས། འདི་ལྟར་སེལ་བ་(apoha)རྣམ་གཉིས་ཏེ།། མ་ཡིན་དགག་(paryudāsa)དང་མེད་པའོ།། (niṣedha)མ་ཡིན་དགག་པའང་རྣམ་གཉིས་ཏེ།། བློ་(buddhi)དང་དོན་(artha)གྱི་དབྱེ་བས་སོ།། ཞེས་པ་ནས། དེ་ལྟར་འཁྲུལ་པས་ངེས་པ་ཡིན།། ཞེས་སོགས་མཐའ་ཆོད་པར་གསུངས།དེའི་དོན་ཡང་ཐུགས་སྲས་ཀ་མ་ལ་ཤཱི་ལའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་(D No. 4267, Ze 337a6-339a1)དུ་ཞིབ་ཏུ་གསུངས་སོ།།[2] ཞེས་རིགས་པའི་དབང་ཕྱུག་རྣམ་གཉིས་ཚད་མ་རིག་པའི་ལྟ་གྲུབ་ཁྱད་པར་ཚབ་མཚོན་ཁག་གཅིག་ཅེས་པའི་དཔྱད་ཐུང་འདི་ནི་ཀྲུང་གོའི་བོད་རིག་པའི་རྩོམ་སྒྲིག་ཁང་གིས་ཁྱེད་ནས་ཀྱང་ཚད་མ་རིག་པའི་སྐོར་ལ་དཔྱད་ཐུང་ཞིག་འབྲི་དགོས་ཞེས་བསྐུལ་མ་གནང་བའི་བཞེད་དགོངས་སྐོང་ཕྱིར་བོད་ཀྱི་རྟོག་གེ་བ་རྒད་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་སྤྱི་ལོ་2017ཟླ་བ་10ཚེས་19ཉིན་གཡར་ཁྲལ་ཙམ་དུ་ཕྱོགས་བསྒྲིགས་བགྱིས་སོ།།
བསྡུས་ཡིག
D The sDe dGe edition of the Tibetan Tripiṭaka.
སྡེ་དགེ་པར་མའི་བཀའ་འགྱུར་དང་བསྟན་འགྱུར།
Toh. A Catalogue of The Tohoku University CollectionTibetan Works on Buddhism, Tohoku Univ. 1953
ཐོ་ཧོ་ཁུའི་དཀར་ཆག དཀར་ཆག་འདིར་གསལ་བའི་རྗེ་ཡབ་སྲས་གསུང་འབུམ་ལྷ་ས་པར་མ།
མཆན་འགྲེལ།
[1] ཚད་མ་རིགས་པ་ལ་འཇུག་པའི་ལུང་ཡིན་ཅིང་རིགས་སྒོ་བོད་སྐད་དུ་མ་བསྒྱུར་ཅིང་རྒྱ་ནག་འགྱུར་དུ་བཞུགས།
[2] དུས་རབས་དགུ་པའི་འགོར་རྩོམ་སྒྲིག་མཛད་པའི་བྱེ་བྲག་ཏུ་རྟོགས་པ་བྱེད་པ་(D No. 4346, sNa-tshogs Co 70bb3-4; Mahāvyutpatti No. 4509:prasajya-pratiṣedhaḥ/ medpar-dgagpa; No. 4510: paryudāsa-pratiṣedhaḥ/mayinpar-dgagpa )ལས། པྲ་ས་ཛཡ་པྲ་ཏི་ཥེ་དྷཿ པྲཡུ་དཱ་ས་པྲ་ཏི་ཥེ་དྷཿ ཞེས་པ་ནས། མེད་པར་དགག་པ། མ་ཡིན་དགག་པར་དགག་པ། ཞེས་གསལ་ཡང་། ལེགས་སྦྱར་མ་ཡིན་དགག་པར་དགག་གི་སྐད་དོད་དུ་པྲཡུ་དཱ་ས་ཙམ་ལས་པྲཡུ་དཱ་ས་པྲ་ཏི་ཥེ་དྷཿ ཞེས་པ་རྒྱ་གཞུང་གང་དུ་ཡང་མ་བཞུགས་པས་ན་བྱེ་བྲག་ཏུ་རྟོགས་པ་བྱེད་པའི་ཡི་གེ་བས་ཡིག་ནོར་དེ་རང་ཡིག་ནོར་རྒྱུན་འབྱམས་སུ་ཕྱིན་འདུག རྒྱུ་མཚན་གསལ་ཤོས་ཤིག་ནི་སློབ་དཔོན་ཞི་བ་འཚོའི་ཁོ་ན་ཉིད་བསྡུས་པའི་(Tattvasaṃguraha, k. 365b mayinpar-dgagpa=paryudāsa)ཚིགས་བཅད་365ལས་མ་ཡིན་དགག་པར་དགག་གི་སྐད་དོད་དུ་པྲཡུ་དཱ་ས་ཞེས་གསལ་བས་ཀྱང་ཤེས་ནུས། ཞིབ་ཆ་སློབ་དཔོན་ཆེན་མོ་ཁ་ཆེ་ཡ་མའི་(Y. Kajiyama)དཔྱད་རྩོམ་(Orientalistische Literaturzeitung(81, Jahrgang 1986, Nr. 2, pp, 183-185)འདིར་བསྡུས་གསལ་དུ་བཀོད་འདུག་པས་དེར་གཟིགས།
– – – – –
བོད་རིག་པའི་དྲ་ལྗོངས་འདི་ལ་བསྔགས་བརྗོད་དང་མ་འོངས་པར་ཚོགས་ཆེན་དེ་འདྲ་ལ་མཉམ་བཞུགས་བྱེད་ཐུར་པར་འདོད་པ་ཡོད་ལགས།
དྲ་རྒྱ་ཧ་ཅང་ལེགས་པོ་འདུག རྗེས་སུ་ཡི་རངས་ཞུ།