ཡེར་ཁེན་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་གྱུར་ཚུལ།
ཉེ་སྔོན་སྐད་འཕྲིན་ཚོགས་པ་ཞིག་ཏུ་ལ་དྭགས་དམག་འཁྲུག་ལས་འཕྲོས་ཏེ། རྒྱལ་བ་ལྔ་པའི་སྐབས་སུ་མངའ་རིས་སྐོར་གསུམ་མ་ཟད། ཡེར་ཁེན་[[1]]ཕྱོགས་ན་ཆབ་འབངས་མི་ཁྱིམ་ས་ཡ་གཉིས་ཙམ་ཡོད་སྐོར་དང་། ཕྱི་ལོ་2017 ལོར་སྲོང་བཙན་སྒམ་པོ་(617-50)དང་། ལྔ་པ་ཆེན་པོ་(1617-82)འཁྲུངས་ནས་ལོ་1400 དང་400 ཧྲིལ་པོ་འཁོར་བར་རྗེས་དྲན་བྱེད་རིན་ཡོད་པའི་སྐོར་ལས་འཕྲོས་ཏེ་ཡེར་ཁེན་སྐོར་བཤད་སྐབས་མགོ་བོ་གཡུག་མཁན་མང་པོ་བྱུང་བས། ད་ལམ་དེའི་ཁུངས་ལུང་རེ་གཉིས་ཤིག་འགོད་རྒྱུ་ཡིན། སྤྱིར་མི་ཁྱིམ་རེ་ལ་ཆ་སྙོམས་མི་གྲངས་གསུམ་རེ་བརྩིས་ན་བོད་མི་ས་ཡ་དྲུག་[[2]]ལའང་མི་ཁྱིམ་ས་ཡ་གཉིས་ལས་མེད་པས། དེ་དང་གྲངས་མཉམ་པའི་ཆབ་འབངས་གཞན་ཞིག་ཡོད་པར་ཡིད་མི་ཆེས་པ་ཁག་མེད་ལ། ཕྱོགས་གཞན་ནས་དེང་སང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དེའི་སྐོར་མ་བཤད་པས་ཀྱང་ཡིན་ངེས། ལྔ་པ་ཆེན་པོའི་དབང་ཤུགས་དང་བཀའི་ཁྱབ་ཚད་སྐོར་གནད་ལ་ཁེལ་ཞིང་ཚིག་ཉུང་དོན་གསལ་ཤོད་མཁན་ཞིག་ནི་མདོ་སྨད་པ་ཡོན་ཏན་རྒྱ་མཚོ་(1933-02)ཡིན་ཡང་འདིའི་སྐོར་གསལ་པོ་ཞིག་བཤད་མེད་ལ། ཞྭ་སྒབ་པའི་(1908-89)སྲིད་དོན་རྒྱལ་རབས་དང་། དེའི་ཁ་གཏད་དུ་བྱས་པའི་རྒྱལ་རབས་གཡུ་ཕྲེང་སོགས་སུའང་མ་མཐོང་། བོད་ཀྱི་བསྟན་རྩིས་རེའུ་མིག་རྣམས་སུ་ཉུང་མཐར་“ལོ་དེར་ཡེར་ཁེན་གྱི་མི་ཁྱིམ་ས་ཡ་གཉིས་བོད་ཀྱི་ཆབ་འབངས་སུ་གྱུར་”ལྟ་བུའམ། ཡང་ན། “ལྔ་པ་ཆེན་པོའི་འབངས་སུ་གྱུར་”ལྟ་བུ་ཞིག་དགོས་ཚོད་ལའང་མ་བྱུང་སྟབས་དེ་བས་ཀྱང་ལྷག་པར་བཤད་དགོས་པའི་ཚོར་སྣང་བྱུང་།
ཕྱི་རྒྱལ་བ་ཡེར་ཁེན་གྱི་ལོ་རྒྱུས་སྨྲ་བ་མང་པོས་ཡུལ་དེའི་རྒྱལ་པོ་བོད་ལ་བྲོས་ནས་ལྔ་པ་ཆེན་པོར་རོགས་རམ་ཞུས་ཚུལ་སོགས་མང་དུ་བཤད་ཀྱང་། ཡེར་ཁེན་ཇུན་གར་གྱི་འོག་ཏུ་གྱུར་ཚུལ་ལས་བོད་ཀྱི་འབངས་སུ་གྱུར་[[3]]ཚུལ་བཤད་པ་ཞིག་མ་མཐོང་ལ། དེང་སང་བོད་པ་དཔྱད་བརྗོད་འབྲི་མཁན་ཚོས་ཀྱང་དགའ་ལྡན་བོ་ཤོག་ཐུ་ཁང་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཙམ་དང་། ཇུན་གར་ཚེ་དབང་རབ་བརྟན་སྐབས་བོད་ལ་དཔུང་འཇུག་བྱས་ཚུལ་ཙམ་ལས། ཇུན་གར་གྱིས་ཡེར་ཁེན་སོགས་ལྔ་པ་ཆེན་པོར་ཕུལ་ཚུལ་བཤད་པ་ཞིག་མ་མཐོང་བས་སྒོ་ཙམ་ཞིག་སྨོས་ན་བསམས། གང་ལྟར་ལོ་རྒྱུས་ཁག་ཏུ་ག་འདྲ་འཁོད་ཡོད་པའི་དཔེ་བརྗོད་ལྟ་བུ་འགའ་རེ་དྲངས་པ་ལས། ཞིབ་ཕྲ་དང་རྒྱས་བཤད་བྱེད་ལོང་མེད་ལ་དགོས་དོན་ཡང་མི་འདུག་སྙམ།
ལྔ་པ་ཆེན་པོའི་རང་རྣམ་ལས།[[4]] “དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་མགོ་དཀར་གྱི་ཡུལ་གྲུ་རྣམས་རང་ཞབས་སུ་བསྡུས་ཏེ་ཡེར་ཁེན་གྱིས་གཙོས་གྲོང་ཁྱེར་ཕྱེད་ཉིས་སྟོང་། མི་ཁྱིམ་ས་ཡ་གཉིས་བཅས་སྟེར་བྱིན་བྱེད་པར་བློ་བཟང་ཤེས་རབ་ཅན་གྱིས་སྔོན་ཆིང་གིར་གྱི་དུས་འོག་ཏུ་ཚུད་པ་ཙམ་ནས་ད་ལྟའི་བར་རྒྱལ་པོ་སུས་ཀྱང་ལུང་མ་སོང་བ་ད་ལམ་ཚེམས་མེད་ཀྱིས་དབང་དུ་བསྡུས་པ་འཕངས་པ་མེད་པར་འབུལ་ཞེས་དྲིལ་བསྒྲགས་ཐོ་གཏད་པ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ལས་འཕྲོས་ཏེ་བསྔགས་བརྗོད་ཀྱི་སྒོ་ཕྱེ་ནས་ལེགས་སོའི་ལན་བཏབ། ་་་ཕོ་བྲང་ཆེན་པོའི་རྩེ་ཤོད་ལྷ་ས་སོགས་ནས་དར་འཕྱར་གྱི་ལྡ་ལྡི་ཕྱོགས་ཀུན་གཡོ་ཞིང་རོལ་ཆ་གནམ་ས་འགུལ་བ་ཙམ་དུ་བསྒྲགས། ་་་བྱ་སྤྱོད་ཐམས་ཅད་ཀྱི་སར་ངོ་ལྐོག་མེད་པ་ཟླ་བོ་རྣམས་ལ་རྒྱུས་ཡོད་པ་ལྟར་ད་ལམ་ཡང་རྩོལ་བར་མ་བལྟོས་པའི་རྙེད་པ་ཆེ།” ཞེས་གསལ། ལུང་དེ་ལས། “ཡེར་ཁེན་གྱིས་གཙོས།” “མི་ཁྱིམ་ས་ཡ་གཉིས།” “སྟེར་བྱིན།” “འཕངས་པ་མེད་པར་འབུལ་ཞེས་དྲིལ་བསྒྲགས།” “ཐོ་གཏད།” “ཕོ་བྲང་ཆེན་པོའི་རྩེ་ཤོད་ལྷ་ས་སོགས་ནས་དར་འཕྱར་གྱི་ལྡ་ལྡི་ཕྱོགས་ཀུན་གཡོ་ཞིང་རོལ་ཆ་གནམ་ས་འགུལ་བ་ཙམ་དུ་བསྒྲགས།” “ལེགས་སོའི་ལན་བཏབ།” “རྩོལ་བར་མ་བལྟོས་པའི་རྙེད་པ་ཆེ།” ཞེས་སོགས་གཙོ་ཚིག་རྣམས་ལ་དགོངས་པ་བཞེས་ན་འགྲེལ་བཤད་མང་པོ་མི་དགོས་པ་འདུག
བདེན་དཔང་གི་ཚུལ་དུ་ལུང་འགའ་དྲངས་ན། པཎ་ཆེན་དཔལ་ལྡན་ཡེ་ཤེས་(1738-80)ཀྱི་ཤམ་བྷ་ལའི་ལམ་ཡིག་ལས།[[5]] “ཀླ་ཀློ་བྷ་ལག་བྷོ་གར་[[6]]གྱི་ཡུལ་གྲུ་ཡོད་ཅིང་དེ་དང་འདབས་ཆགས་པ་ན་བྷ་དག་ཤན་[[7]]ཞེས་བྱ་བ་དང་། དེ་ནས་ཡེར་ཁེན་ཞེས་པ་ཀུན་གཟིགས་རྒྱལ་མཆོག་ལྔ་པའི་ཆབ་འབངས་སུ་གྱུར་པ་དེ་རྣམས་མཆིས་ཏེ་”ཞེས་དང་། སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་(Th18)ཀྱིས།[[8]] “གཞན་ཡང་རྒྱལ་པོ་སུས་ཀྱང་དབང་དུ་མ་བསྒྱུར་པའི་བྱང་ཕྱོགས་མགོ་དཀར་གྱི་ཡུལ་གྲུ་ཆེན་པོ་གྲོང་ཁྱེར་ཕྱེད་ཉིས་སྟོང་། མི་ཁྱིམ་ས་ཡ་གཉིས་བཅས་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་དབང་དུ་བསྡུས་ནས་རྗེ་འདིར་ཕུལ་བ་དང་།” ཞེས་དུས་རབས་བཅུ་བདུན་པའི་ནང་གི་བྱུང་བ་དེ་ཉིད། དུས་རབས་བཅོ་བརྒྱད་པར་བྲིས་པའི་ལམ་ཡིག་འདི་དང་། དུས་རབས་བཅུ་དགུ་པར་བྲིས་པའི་ཆོས་འབྱུང་འདི་གཉིས་ཀྱིས་ངོས་འཛིན་དང་བསྐྱར་བཤད་བྱས་ཡོད། དུས་རབས་བཅུ་བདུན་པ་རང་དུ་བྱོན་ཅིང་ལྔ་པ་ཆེན་པོ་དང་བླ་སློབ་ཏུ་གྱུར་པ་རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས་(1641-18)དང་། བཅོ་བརྒྱད་ཁྲི་ཆེན་མཁྱེན་རབ་བྱམས་པ་ལྷུན་གྲུབ་(1633-03)སོགས་ཀྱིས་དེ་ལས་ཁ་གསལ་བར་གསུངས་པ་འོག་ཏུ་ལོ་ཚིགས་ཀྱི་སྐབས་སུ་འཆད་ལ། ཡེར་ཁེན་འབངས་སུ་གྱུར་ནས་ལོ་དྲུག་པར་བརྩམས་པའི་བེེ་དཀར་སྙན་སྒྲོན་ལས།[[9]] “གང་གིས་མངའ་བསྒྱུར་འཛམ་གླིང་སུམ་གཉིས་ཆ།། སྐོར་གསུམ་རུ་བཞི་སྒང་དྲུག་བྱང་ཕྱོགས་ཀྱི།། ནོར་འཛིན་པདྨོ་ཡངས་པའི་རྒྱ་ཧོར་ཡུལ།། ཡེར་ཁིན་ཁ་སག་ལ་སོགས་སྐད་རིགས་དང་།། ཞྭ་གོས་ཆ་ལུགས་མི་གཅིག་སྣ་ཚོགས་པའི།། མངའ་འབངས་བདག་གིས་བཟུང་བ་བགྲངས་ཡས་ཤིང་།། ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱང་གུས་པས་འདུད།།” ཅེས་སྐབས་དེར་སྔར་རྒྱ་ཧོར་གྱི་ཡུལ་ཡིན་པའི་ཡེར་ཁེན་དང་ཁ་སག་སོགས་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རང་གི་མངའ་འབངས་སུ་བདག་གིར་བཞེས་པར་བཤད་པ་ལས་ཀྱང་ཤེས་ཐུབ།
ཚིགས་བཅད་དེའི་དོན་ལྷུག་པར་བཀྲོལ་ན་བཻ་དཀར་སྙན་སྒྲོན་ལས།[[10]] “ཡིར་ཁེན་ལ་སོགས་པ་མགོ་དཀར་གྱི་གྲོང་ཁྱེར་གྲངས་མེད་པ་དད་སྟོབས་ཕུལ་དུ་བྱུང་བའི་སའི་བརྒྱ་བྱིན་དམ་པ་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོས་དཔུང་ཚོགས་ཡན་ལག་རྣམ་བཞིས་བླངས་ཏེ་འབུལ་སྦྱོར་མཛད་པ་དང་། ཆ་ཞབས་སུ་རང་ཤུགས་ཀྱིས་ཆུད། སྔར་མི་འདུ་བའི་མཐའི་རྒྱལ་ཕྲན་རྣམས་ཀྱང་མགོ་བོས་ཕྱག་བགྱིས་ཏེ་འདུད་པ་ནི་གཡུལ་འཁྲུག་ལ་སོགས་པ་མི་དགེ་བའི་ལས་གནང་མི་དགོས་པར། མངོན་པ་མཛོད་ལས། ཕས་ཀྱི་རྒོལ་དང་གཡུལ་གཤམས་པ།། ཞེས་སོགས་ཀྱིས་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་མངའ་རིས་སུ་འདུ་བ་ནི་ཡ་མཚན་རྨད་དུ་བྱུང་བ་དང་།” ཞེས་དང་། སྔར་བཙན་པོ་མུ་རུག་བཙན་པོས་ཁྲའི་གདོང་ཅན་དང་། བོང་བུའི་རྐང་པ་ཅན། བྱི་ལའི་མཇུག་མ་ཅན། རི་བོང་རྣ་བ་ཅན་སོགས་ཕྱོགས་བཞིའི་མི་རིགས་[[11]]མི་འདྲ་བ་མང་པོའི་དམག་དཔུང་བསྡུས་ནས་རྒྱ་དང་གྲུ་གུ་སོགས་བཅོམ་སྟེ་མཐའི་སོ་ཁ་བསྲུངས་བ་དང་ཆོས་མཚུངས་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་“མི་རིགས་དང་ཆ་ལག་མི་གཅིག་པ་མགོ་དཀར་ཡིར་ཁེན་གྱི་དམག་དང་། དེ་དང་མི་འདྲ་བ་བུ་རུག་གི་དམག །ཨོ་རོད། མཚོ་ཁ། བོད་མོན། ཁམས། ལྷོ་པ་དང་འཛུམ་ལང་སོགས་སྐད་དང་མི་རིགས་མི་གཅིག་པ་བདུན་གྱི་དམག་སྣ་བསྡུས་པ་དང་བཅས་ཏེ་སྟོད་མདའ་རིས་སྐོར་གསུམ་རང་ཞབས་སུ་འདུ་བར་མཛད་པ་སོགས་མངའ་འབངས་ཇེ་རྒྱས་ཀྱི་མཛད་པ་མཐའ་ཀླས་ཤིང་།” ཞེས་འབྱུང་།
དྲངས་མ་ཐག་པ་དེ་དག་ནི་སྙན་ངག་གི་བསྟན་བཅོས་རྩོམ་པའི་སྐབས་ལྟར་ཆེ་བརྗོད་ཙམ་ལས་དངོས་སུ་དབང་བསྒྱུར་ཡོད་དམ་སྙམ་ན། དུ་ཀཱུ་ལའི་གོས་བཟང་ལས།[[12]] “ཕྱི་ལོ་1684 ཟླ་5 ཚེས་19 ཉིན་“སྦོ་ཤོག་ཐུ་ཁང་གིས་ཡེར་ཁེན་གྱི་ཁྲལ་འབུལ་གསེར་གོས་གཅིག །དངུལ་གོས་གསུམ་ཐེ་བའི་གོས་ཡུག་ལེགས་པ་ཉིས་བརྒྱ་ལྔ་བཅུ་ང་བཞི། གོས་སྤུས་འབྲིང་ཡུག་བཞི་བརྒྱ་ལྔ་བཅུ། ཞན་པ་ཡུག་བརྒྱ་དང་དྲུག་ཅུ། དར་མ་རས་ཡུག་ཉིས་སྟོང་། དར་གྱི་སྐ་རགས་ཉིས་སྟོང་དོན་བདུན། གསེར་ལྕུག་ཉིས་བརྒྱ་དྲུག་ཅུ་རེ་དགུ། དེ་འཕྲོས་གསིལ་མ་བཅས་གསེར་སྲང་བརྒྱད་བརྒྱ་ལྷག་པ། གསེར་གྱི་མགོ་རྒྱན་སྐེ་རྒྱན་ཞྭ་ཐོད་སོགས་ནོར་བུའི་རིགས་དང་རིན་པོ་ཆེའི་ཕྲ་རྒྱན་ཕྱུག་པ་མང་ཙམ། ཆུང་གྲི་གསེར་ཤུབས་མ་རིན་པོ་ཆེའི་རྒྱན་ལྡན་བཅུ། དངུལ་ཤུབས་མ་དགུ། པགས་རིགས་སྣ་ཚོགས། རལ་གྲི། མེ་མདའ། ཨ་ཁྲབ། ལ་པ་ཤག །གསེར་སྒ། གོས་ཆེན་གྱི་ཡོལ་བ། བླ་བྲེ་ས་གདན་རས་ཁྲ་སོགས་དངོམ་ཆེ་བ་དངོས་རྫས་དུ་མ་དང་།” ཞེས་དང་། ལོ་དེའི་ཟླ་10 ཚེས་6 ཉིན་“ཡེར་ཁེན་གྱི་ཁྲལ་འབུལ་གསེར་སྲང་བདུན་བརྒྱ། གོས་ཡུག་ལྔ་བརྒྱ། གསེར་གོས་གཅིག །དངུལ་གོས་གཉིས། དར་རས་ཡུག་བདུན་བརྒྱ་བདུན་ཅུ་སྐོར་སོགས་ཀྱང་བསྟར་”ཞེས་ལོ་གཅིག་ལ་ཁྲལ་ཐེངས་གཉིས་འབྱོར་འདུག །ད་དུང་ཕྱི་ལོ་1688 ཟླ་12 ཚེས་5 ཉིན་“ཡེར་ཁེན་གྱི་ཁྲལ་གསེར་སྲང་སྟོང་དང་དགུ། མགོ་དཀར་གྱི་གོས་ཆེན་ཡུག་སུམ་བརྒྱས་གཙོས་གོས་ལིང་དར་སོགས་ཕོན་ཆེ་བའི་འབུལ་བ་བཟང་བ་དང་ཚོགས་ཡོན་རྒྱ་ཆེར་བཏེག་”ཞེས་སོགས་ལོ་མང་རིང་ཁྲལ་བསྡུས་པའི་གྲངས་ཐོ་གསལ་པོ་ཡོད། དེས་ན་ཁྲལ་བསྡུ་བ་ནི་དབང་སྒྱུར་བྱས་པའི་དཔང་རྟགས་གསལ་ཤོས་དེ་མ་ཡིན་ནམ།
ཁྲལ་བསྡུ་མཁན་ལ་ཤག་སྐོར་ཟུར་པ་ཟེར་བ་ཞིག་བཏང་ཡོད་པ་ཡང་། དུ་ཀཱུ་ལའི་གོས་བཟང་ལས།[[13]] ཕྱི་ལོ་1684 ཟླ་4 ཚེས་2 ཉིན་“འདི་ཉིན་ཤག་སྐོར་ཟུར་པ་[[14]]སོགས་ཡེར་ཁེན་གྱི་ཁྲལ་སྡུད་པ་མི་སྣ་དང་བཅས་པ་འབྱོར།” ཞེས་དང་། “ཤར་སྐོར་བླ་མས་ཡེར་ཁེན་ནས་འཁོར་བའི་སྒེར་འབུལ་དཔངས་མཐོ་བ་བཏེག” ཅེས་གསལ། “ཁྲལ་སྡུད་པ་”དང་“ཡེར་ཁེན་ནས་འཁོར་བ་”ཞེས་པའི་ཚིག་གིས་ནུས་པས་ཤག་སྐོར་ཟུར་པ་སོགས་ནི་གཞུང་གིས་ཡེན་ཁེན་ལ་ཁྲལ་བསྡུ་མཁན་དུ་མངགས་གཏོང་བྱས་ཡོད་པར་ཤེས་ཐུབ་ལ། ཁྲལ་བསྡུ་མཁན་ཚོ་ཕྱིར་འཁོར་སྐབས་སྒེར་ངོས་ནས་ཀྱང་ལྔ་པ་ཆེན་པོར་[[15]]འབུལ་བ་རྒྱ་ཆེར་བྱེད་པ་ནི་བསམ་ཤེས་ཐུབ་པ་ཞིག་ཡིན། ཁྲལ་བསྡུ་མཁན་རྣམས་ཟླ་4 ཚེས་2 ཉིན་འབྱོར་ཡང་། ཞིབ་ཕྲའི་རྩིས་ལེན་ཟླ་5 ཚེས་19 ཉིན་བྱས་པ་སྟེ། “སྦོ་ཤོག་ཐུ་ཁང་གིས་ཡེར་ཁེན་གྱི་ཁྲལ་འབུལ་གསེར་གོས་གཅིག །དངུལ་གོས་གསུམ་ཐེ་བའི་གོས་ཡུག་ལེགས་པ་ཉིས་བརྒྱ་ལྔ་བཅུ་ང་བཞི། གོས་སྤུས་འབྲིང་ཡུག་བཞི་བརྒྱ་ལྔ་བཅུ།” ཞེས་སོགས་གོང་དུ་དྲངས་པ་ལྟར་ཡིན། ཡང་དུ་ཀཱུ་ལའི་གོས་བཟང་ལས།[[16]] “ཧོར་ཟླ་བཞི་པའི་འགོར་དབེན་ས་སྤྲུལ་པའི་སྐུས་གཏིང་སྐྱེས་ཚོགས་གསོག་པ་ཅན་[[17]]བཏང་བའི་ཡི་གེ་རྟེན་བཅས་ཀྱི་སྡེབས་སུ་སེང་གེ་དགྲ་འདུལ་[[18]]གྱིས་མགོ་དཀར་གྱི་ཁྲལ་ནས་བླངས་ཏེ་བསྐུར་རྩིས་ཀྱི་གསེར་ཞོ་སྟོང་། རྟེན་བཅས་ལ་གསེར་ཞོ་སྟོང་། སེང་གེའི་སྲས་ཆུང་རྣམས་ཀྱི་དོན་དུ་མུ་ཏིག་གི་ཐུམ་བུ།[[19]] ངག་མ་རྒྱས་པར་འདུག་པ་དེ་ལན་བསྲིངས།” ཞེས་འབྱུང་། ལྔ་པ་ཆེན་པོ་ལ་ཡི་གེ་རྟེན་བཅས་འབུལ་བ་ནི་ཕྱི་ལོ་1671 ལ་ཁེལ་བས་སྐབས་དེ་དུས་ནས་མགོ་དཀར་གྱི་ཁྲལ་ལེན་གྱི་ཡོད་པ་འདི་ནུབ་ཕྱོགས་པ་རྣམས་ལ་རྣ་བ་གསར་པ་ཞིག་ཡིན་སྲིད།
ཡེར་ཁེན་གྱི་མི་ཁྱིམ་ས་ཡ་གཉིས་ལྔ་པ་ཆེན་པོའི་འབངས་སུ་གྱུར་པའི་དུས་ནི་ནམ་ཞིག་གོ་སྙམ་ན། དུ་ཀཱུ་ལར་ལྕགས་བྱ་(1681)ལོ་སར་སྐབས་སུ་བཤད་པ་དང་། བཅོ་བརྒྱད་ཁྲི་ཆེན་གྱི་རང་རྣམ་ལས།[[20]] “ལྕགས་སྤྲེལ་ལོར་(1680)ལོ་གསར་རྒྱས་པ་དང་། ཚེ་སྒྲུབ་ཅིག་བྱས་སྐབས་ཤིག་སྦོ་ཤོག་ཐུ་རྒྱལ་པོས་ཡེར་ཁེན་མི་ཁྱིམ་འབུམ་ཕྲག་བཅུ་བདུན་ཡོད་པ་ཞིག་གཞུང་ས་ཆེན་པོར་ཕུལ་བའི་ལེགས་འབུལ་དུ་ཕྱིན།” ཞེས་དུ་ཀཱུ་ལ་དང་ལོ་གཅིག་གི་སྔོན་རྗེས་ཤོར་ཡང་ལོ་སར་སྐབས་ཡིན་པར་གཅིག་མཚུངས་ཡིན། བཻ་དཀར་སྙན་སྒྲོན་ལས་“དོན་འགྲུབ་ཅེས་པ་ས་ལུག་གི་ལོ་(1679)ནས་”ཞེས་འབྱུང་བ་ནི་སྡེ་སྲིད་ལ་བསྟོད་པའི་སྐབས་ཡིན་པས་དེ་ཡིས་སྲིད་དབང་བཟུང་དུས་དང་འབྲེལ་བ་མཐུད་པ་ཙམ་ལས་མ་འདས། རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས་ཀྱི་རང་རྣམ་ལས།[[21]] ལྕགས་བྱ་(1681)ཆོ་འཕྲུལ་ཟླ་བ་རིང་གི་བྱུང་བ་བརྗོད་པ་ན་“སྐབས་དེར་སྟོད་ཕྱོགས་སུ་དགའ་ལྡན་བོ་ཤོག་ཐུས་ཕ་རོལ་གྱི་སྡེ་དཔུང་བཅོམས་ཏེ། གནམ་སའི་དབང་ཕྱུག་སྐུ་ཞབས་རིན་པོ་ཆེར་ཡས་ཕྱིན་དུ་[[22]]ཕུལ་བའི་སྙན་གཏམ་ཐོས་པས་ལེགས་འབུལ་ཞུ་བར་དགེ་སློང་དོན་ལྡན་རྫོང་བདར་བྱས་པའི་སྙན་ཚིག་གི་ཞུ་འཕྲིན་སོ་སོ་དང་བདོག་པའི་དངོས་པོ་ཕྲེང་བ་སྤེལ་ཏེ་ཕུལ།” ཞེས་པ་ནི་དུ་ཀཱུ་ལ་དང་མཐུན། ལྷག་པར་ལྕགས་སྤྲེལ་(1680)ལོ་སར་སྐབས་རང་ཉིད་ལྔ་པ་ཆེན་པོ་དང་ལྷན་དུ་ཡོད་སྐོར་གསལ་ཡང་འདིའི་སྐོར་མ་བྱུང་ལ། སྨིན་གླིང་ལོ་ཆེན་(1654-17)གྱིས།[[23]] ལྕགས་བྱ་(1681)ལོ་སར་སྐབས་ཀྱི་བྱུང་བ་བརྗོད་པ་ན་“འདི་སྐབས་གཞུང་དུ་སྟོད་ཀྱི་ལེགས་འབུལ་ཞུ་བར་གཅུང་ཀུན་དགའ་ཚུལ་ཁྲིམས་རྫོང་སྟ་གནང་ཞིང་།” ཞེས་པའང་འདི་ཡིན་འདྲ་བས་གྱ་གཅིག་འདི་དག་པ་ཡིན།
དུ་ཀཱུ་ལ་དང་གུ་བཀྲའི་ཆོས་འབྱུང་ན་མི་ཁྱིམ་ས་ཡ་གཉིས་གསུངས་པ་དང་། བཅོ་བརྒྱད་ཁྲི་ཆེན་གྱི་རྣམ་ཐར་ལས་མི་ཁྱིམ་འབུམ་ཕྲག་བཅུ་བདུན་གསུངས། ཡང་། ལྔ་པ་ཆེན་པོས།[[24]] “ཨོ་རོད་བོ་ཤོག་ཐུ་རྒྱལ་པོས་མགོ་དཀར་གྱི་སྡེ་འབུམ་ཕྲག་བཅོ་ལྔ་ཙམ་འདི་གར་སྦྱོར་འཇགས་བྱུང་སྐབས་རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་པའི་སྐུ་མཆོག་གིས་ལེགས་ཆ་མཛད་པའི་གསུང་ལན་”ཞེས་སྡེ་འབུམ་ཕྲག་བཅོ་ལྔ་དང་། གསུང་ལན་རང་ན། “ཕྱེད་གཉིས་ས་ཡའི་མངའ་འབངས་སྦྱིན་པའི་སྒོ།། རབ་འབྱེད་ཕོ་ཉ་རིན་ཆེན་དུ་མ་ཡི།། ལག་རྟགས་ཐོགས་འབྱོར་་་” ཞེས་ས་ཡ་ཕྱེད་དང་གཉིས་ཏེ་མངའ་འབངས་འབུམ་ཕྲག་བཅོ་ལྔ་གསུངས་པས་སྡེ་དང་མངའ་འབངས་ཞེས་པ་མི་ཁྱིམ་ལས་འོས་མེད་སྙམ། བཻ་དཀར་སྙན་སྒྲོན་ལས་གྲོང་ཁྱེར་གྲངས་མེད་པ་ཕུལ་བར་གསུངས་པ་ནི་ཆེས་མང་པོའི་དོན་དུ་ཤེས་སླ་ལ། པཎ་ཆེན་བློ་བཟང་ཡེ་ཤེས་(1663-37)ཀྱི་རང་རྣམ་ལས།[[25]] “ཟླ་བ་གཉིས་པའི་ཚེས་མགོར་སྦོ་ཤོག་ཐུ་རྒྱལ་པོས་ཨར་ཧན་[[26]]སོགས་ཀླ་ཀློ་དང་མུ་སྟེགས་ཀྱི་གཞི་མཐུན་མགོ་དཀར་དུད་གྲངས་ཁྲི་ཚོ་ཕྱེད་གཉིས་ཙམ་མངའ་ཞབས་སུ་བསྡུས་ནས་ནང་པའི་བསྟན་པར་བཙུད་ཚུལ་གྱི་གསུང་མཆིད། ནོར་བུ་དང་[?]བློ་བཟང་ཤེས་རབ་མི་སྣར་འབྱོར་”ཞེས་དུད་གྲངས་སྟོང་ཕྲག་བཅོ་ལྔ་གསུངས་པ་ནི་སྔ་མ་རྣམས་དང་ཧེ་བག་ཧ་ཅང་ཆེ་བས་ཡིག་ནོར་རམ་ནང་པའི་བསྟན་པ་ལ་ཞུགས་པའི་གྲངས་ཡིན་ནམ། གང་ལྟར་ལྔ་པ་ཆེན་པོར་ཕུལ་བའི་གསལ་ཁའང་མི་སྣང་བས་དཔྱད།
“ནོར་བུ་དང་བློ་བཟང་ཤེས་རབ་”ཅེས་པ་ནི་ཡིག་ནོར་ཏེ། བཀྲས་ལྷུན་པར་རྙིང་རང་ན། “ནོར་ཕུད་”ཅེས་གསལ་ལ། ནོར་ཕུད་ནི་དུ་ཀཱུའི་གོས་བཟང་ལས།[[27]] “རིན་པོ་ཆེ་རྡོག་གི་སྐོར། བོ་ཤོག་ཐུ་ཁང་གིས་ཡེར་ཁེན་བླངས་དུས་མི་སྣ་བློ་བཟང་ཤེས་རབ་ཀྱི་གདོང་དུ་ནོམ་ཕུད་ལ་ཕུལ་བ་དང་། དཔོན་མོ་ཨ་ནུའི་ལུས་རྒྱན། འབུལ་བ་སོགས་ཀྱིས་མཚོན་རྡོ་རྗེ་ཕ་ལམ་ཆེ་བ་ཁམ་ཚིག་ཙམ་ནས་ཆུང་བ་ནས་ཙམ་གྱི་བར་ཡོད་རྡོག་ཉི་ཤུ།” ཞེས་ལྷ་སྐུའི་ཕྲ་རྒྱན་དུ་གསལ་བ་ལྟར་ནོམ་ཕུད་ཅེས་བརྗོད་ན་འབྱོར་ཆེ། འདི་དཔོན་མོ་ཨ་ནུ་ནི་དགའ་ལྡན་བོ་ཤོག་ཐུའི་བཙུན་མོ་འདྲ་ལ། བོ་ཤོག་ཐུ་ཁང་གིས་ཡེར་ཁེན་བླངས་དུས་ཕུལ་བའི་ནོམ་ཕུད་ཁག་ནི། དུ་ཀཱུ་ལའི་གོས་བཟང་ལས།[[28]] “ཚེས་ལྔར་(1681ཟླ་1 ཚེས་5)དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་ཚོགས་འཁོར་རྒྱས་པར་བཤམས་ཤིང་མགོ་དཀར་གྱི་ཞྭ་གསེར་རྐྱང་ལས་གྲུབ་པ་རྡོ་རྗེ་ཕ་ལམ། ཨིནྡྲ་ནཱི་ལ། མརྒད། པདྨ་རཱ་ག །མུ་ཏིག །སུ་གནྟི་སོགས་ཕྲ་རེ་རེ་ལའང་གསེར་ཞོ་བརྒྱ་ཕྲག་དུ་མ་རི་བའི་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་མང་པོ། གསེར་དངུལ། སྟོད་ཧོར་གྱི་དངོས་དཔྱད་དངོམ་ཆེ་བ་གཙོ་གྱུར་གྱི་གོས་ཕྱི་ནང་སོགས་སྤམས་ཤིན་ཏུ་མཐོ་བ། གྲྭ་པ་རེར་ཁ་བཏགས་གསེར་པར་མ་རེ། གསེར་ཞོ་ལའང་སེ་བ་ཉེར་བརྒྱད་ཙམ་ལ་བཏགས་པ་རེ། སྨན་ཙེ་ཡུག་རེའི་ཡོན་སྦྱར་”ཞེས་གསལ་བ་འདི་དག་ཡིན།།
ཡེར་ཁེན་ཞེས་པ་གང་དུ་ཡོད་དམ།
མཁར་ནག་ཆོས་འབྱུང་ལས།[[29]] “པི་བི་ལིའི་སློབ་དཔོན་བློ་བཟང་རྣམ་རྒྱལ་བས། ཆུ་བོ་སི་ཏའི་བྱང་དུ། དགའ་ལྡན་ཆོས་འཁོར་གླིང་བཏབ། ཆུ་བོ་སི་ཏ་འདི། སོག་པོ་མགོ་དཀར་གྱི་ཡུལ་ནས། བྱང་ཤམྦྷ་ལར་འབབ་པར་གསུངས་སོ།།” ཞེས་དང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་(1925-90)གྱི་བོད་སོག་ཆོས་འབྱུང་ལས།[[30]] “ཡང་མཚོ་སྔོན་རྒྱབ་ཀྱི་ཁུར་ལུག་ནས་མྱ་ངམ་ཐང་བརྒལ་བ་ན་རིམ་པར། ཧོ་ཐོན་མགོ་དཀར་གྱི་མཁར་ཧ་མིན་དང་། བར་ཁུལ་དང་། ཨེར་ཁེན་[[31]]སོགས་དང་། ཡང་ཨེ་གེའི་ལིག་ཨུའུ་ལན་ཐེ་མིན་ཞེས་པུ་རད་པ་དང་། དེའི་གཡས་གཡོན་དུ་ཧ་སག་དང་། དེ་དག་གི་ནུབ་ཏུ་ཁུང་ཁུར་གྱི་ལྗོངས་ཆེན་པོ་སོགས་ཡོད།” ཅེས་དང་། དུ་ཀཱུ་ལར།[[32]] “སོག་པོ་ཚོ་ཆེན་བཞི་བཅུ་དང་ཨོ་རོད་ཚོ་པ་བཞི་་་་ དེ་དག་གི་མངའ་འོག་ཏུ་ཆུད་པའི་ཡིར་ཁིན་བུ་རུག་ལ་སོགས་པའི་མགོ་དཀར་གྱི་ཡུལ་གྲུ་”ཞེས་གསལ། ཁ་གསལ་ཤོས་ཞིག་ནི་བཙན་པོ་ནོ་མིན་ཧན་(1784-39)གྱི་འཛམ་གླིང་རྒྱས་བཤད་ལས།[[33]] “ཡར་ཁེན་[[34]]དང་ཧཱེ་ཐེན་སོགས་ནས་ཤར་ལྷོའི་ཕྱོགས་སུ་བོད་དང་ལྷོར་མི་རིང་བར་མངའ་རིས་ལ་དྭགས་སོགས་ཡོད་ཀྱང་། མྱ་ངམ་ཐང་ཆེན་པོ་དང་གངས་རི་ཆེན་པོས་བར་ཆོད་ཡོད་སྟབས་བགྲོད་པར་དཀའ།” ཞེས་དང་། རྒྱལ་རབས་དེབ་ཐེར་དཀར་པོ་ལས།[[35]] ལི་ཡུལ་གྱི་ཕྱོགས་མཚམས་བཤད་པ་ན་“འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་བླ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ།” ཞེས་པ་ལྟར་ཏེ། ཨིན་སྐད་དུ་ཡར་ཁེནྟ་འམ་ཡར་ཁེནྡ་(Yarkent or yarkend)ཞེས་ཡོངས་གྲགས་སུ་འདུག་པས་ཤེས་སླ། དེང་སང་གི་དབང་དུ་བྱས་ན། ཡེར་ཁེན་གྱི་ལྟེ་བ་ནི་ཞིན་ཅང་ངམ་ཤར་ཊར་ཀི་ཏན་གྱི་ལྷོ་ནུབ་ཏུ་ཡིན། དེ་ནི་མངའ་རིས་ཀྱི་ནུབ་བྱང་དང་། ཨབ་གྷན་སི་ཏན་གྱི་བྱང་ཤར། ཏ་ཇིག་སི་ཏན་གྱི་ཤར་ངོས་སུ་ཁེལ་ཡོད། ཡེར་ཁེན་མངའ་ཐང་དར་སྐབས་ཤིན་ཅང་གཙོ་བོར་བྱས་པའི་ཏ་ཇིག་སི་ཏན་དང་། ཁེར་གེ་སི་ཏན། ཨབ་གྷན་སི་ཐན་སོགས་ཀྱི་ས་ཁུལ་མང་པོར་དབང་བསྒྱུར་མྱོང་།
ཡེར་ཁེན་འདི་ས་སྐྱའི་སྐབས་སུ་ཇིང་གེར་སི་ཁང་(1162-27)གི་བུ་གཉིས་པའི་རྒྱལ་ཁམས་ཆ་ག་ཁ་ན་ཏ་དང་། ཕག་གྲུའི་སྐབས་སུ་མོ་གྷུ་ལི་སི་ཏན། རིན་གཙང་གཉིས་ཀྱི་སྐབས་སུ་ཏུར་ཕན་ག་ན་ཏ་དང་། ཡེར་ཁེན་ཁ་ན་ཏ་ཞེས་རྒྱལ་རབས་རིམ་པ་ཞིག་བྱུང་བ་མཐར་ཕྱི་ལོ་1679 ཙམ་ནས་ཇུན་གར་གྱིས་དབང་དུ་བསྡུས་ཏེ། ཁྱིམ་དུད་ས་ཡ་གཉིས་ཙམ་ཞིག་ལྔ་པ་ཆེན་པོའི་ཆབ་འབངས་སུ་ཕུལ་བ་དང་། བོད་ནས་ཁྲལ་བསྡུའི་དཔོན་པོ་བཏང་ནས་ཁྲལ་བསྡུས་བ་སོགས་བྱས། འོན་ཀྱང་ལྷ་བཟང་གིས་བོད་ཀྱི་དབང་ཆ་བཟུང་བའི་སྐབས་སུ་ཡེར་ཁེན་གྱིས་བོད་ལ་ཁྲལ་སྤྲོད་ཀྱི་མེད་ཚོད་ལ། ཕལ་ཆེར་བོ་ཤོག་ཐུ་ཁང་ཤི་ནས་ཁྲལ་བཅད་དམ་སྙམ། ཕྱི་ལོ་1691 ལོར་ཡེར་ཁེན་དང་བོད་བར་འབྲེལ་བ་ཡོད་པ་ནི། དུ་ཀཱུ་ལའི་གོས་བཟང་ལས།[[36]] “ཚེས་བཅུ་གཉིས་ལ་རྒྱ་ནག་འཇམ་དབྱངས་གོང་མ་རྒྱལ་པོའི་མི་སྣ་མགྱོགས་འཁོར་བསྟན་པ་གསལ་བྱེད་ཅན་འགྲུལ་བསྡེབས་དང་བཅས་པ། ཡེར་ཁེན་གྱི་རྒྱས་པོ་མ་མ་དེ་མི་ཁང་[[37]]གི་མི་སྣ། བློན་པོ་དྲག་ཤོས་ཡིན་ཟེར་བའི་དྭ་ཡི་ལ་བདེ་ཅན་ཉི་ཤུ་སྐོར་རྣམས་ལ་སྟོན་མོ་རྒྱས་པར་བགྱིས་ཏེ་རྒྱལ་པོ་ཟུང་གི་ཞུ་ཡིག་རྟེན་སྦྲགས་དང་སོ་སོའི་འབུལ་བ་བཅས་ཁམས་གསུམ་དུ་ངེད་ཀྱིས་བླངས་ཤིང་ཡེར་ཁེན་གྱི་ཞུ་ཡིག་དེ་རྒྱ་ཤོག་དཀར་པོའི་ངོས་གསེར་ཚོན་གྱི་རི་མོ་ཕྱུག་པའི་ཐོག་དངུལ་བྲེ་གཟུགས་དཀྱིལ་འབུར་གསེར་བྱུགས་ཀྱི་སྟེང་རྗེ་བླ་མའི་མཚན་སྒྲ་དང་། དེ་འོག་གླིང་གྲུ་བཞི་གསེར་བཅད་ཀྱི་ནང་དོན་སྐོར་གྱི་ཚིག་བྲིས་པ། ཤོག་བུ་སོར་ལྔ་གྲུ་བཞི་ཙམ་གསེར་བྱུགས་མེ་ཏོག་ཟླུམ་མཛེས་ཀྱི་ཟེའུ་འབྲུའི་དབུས་རྒྱལ་པོ་རང་གི་མིང་ཡོད་པའི་ཐམ་ག་ནོར་གཟུགས་འབྱར་བའི་ཁྱད་མཚར་བ་ཞིག་སྣང་།” ཞེས་པ་ལས་ཟུར་ཙམ་ཤེས་ཐུབ་ལ། ཞུ་ཡིག་འདི་རྙེད་དུ་གྱུར་ན་གནས་ཚུལ་མང་པོ་ཞིག་ཤེས་ངེས།
ཕྱི་ལོ་1713 ལོར་ཇུན་གར་ཚེ་དབང་རབ་བརྟན་གྱིས་སྔར་བཞིན་ཁྲལ་བསྡུས་པའི་སྐོར་སོགས་ཨ་རིའི་ཀོ་ལུམ་བྷི་ཡ་སློབ་གྲྭ་ཆེན་མོས་བསྐྲུན་པའི་ཤིན་ཅང་ལོ་རྒྱུས་ལས་བྱུང་ཞིང་།[[38]] ལར་ནས་ཕྱི་རྒྱལ་བ་ཚོས་ཡེར་ཁེན་གྱིས་ཇུན་གར་ལ་ཁྲལ་སྤྲོད་པའི་སྐོར་རམ། ཡང་ན། སྔར་ཇུན་གར་གྱིས་ཁོ་ཇ་ལ་དམག་རོགས་བྱས་པའི་རིན་པ་ལྟ་བུ་དངུལ་དངོས་གྲངས་བཅད་སྤྲོད་ཀྱི་ཡོད་སྐོར་བཤད་པ་ལས། ཡེར་ཁེན་གྱིས་བོད་ལ་ཁྲལ་སྤྲོད་པའི་སྐོར་བཤད་པ་ཞིག་མ་མཐོང་བས། དེ་ལྟར་བྲིས་པ་ཡོད་མེད་དང་། ཡེར་ཁེན་གྱིས་བོད་ལ་ཁྲལ་སྤྲོད་པའི་སྐོར་འདི་བོད་ཀྱི་ལོ་རྒྱུས་ནང་མ་གཏོགས་མེད་དམ་དཔྱད་མཛོད།།
དགའ་ལྡན་བོ་ཤོག་ཐུ་ཁང་ཞེས་པ་སུ་ཡིན་ནམ།
དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་(1644-97)ནི་ཇུན་གར་གྱི་རྒྱལ་པོ་སེང་གེ་དགྲ་འདུལ་གྱི་གཅུང་པོ་ཡིན་ལ། འགའ་རེས་རྒྱལ་ཐོག་བཞི་པར་བརྩི། ཕྱི་ལོ་1678 ལོར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་ཞེས་པའི་མཚན་གནས་གནང་བ་ལས། ཡོངས་གྲགས་དགའ་ལྡན་བོ་ཤོག་ཐུ་ཁང་[[39]]ཞེས་འབོད། རུས་རྒྱུད་ཀྱི་ཆ་ནས་ཁང་མི་ཐོབ་ཀྱང་ལྔ་པ་ཆེན་པོས་བོ་ཤོག་ཐུ་ཁང་ཞེས་པའི་མཚན་གནང་བ་ལས་ཁང་ཐོགས་པར་བཤད། ཕྱི་ལོ་1656 ལོར་གཙང་བཀྲ་ཤིས་ལྷུན་པོར་གྲྭ་པ་བྱས་པ་དང་ལྔ་པ་ཆེན་པོའི་མདུན་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཉམ་དུ་སློབ་གཉེར་གནང་བས་མཛའ་གྲོགས་ཡིན། ཕྱི་ལོ་1671 ལོར་རང་ཡུལ་དུ་ལོག་ནས་གཅེན་པོ་སེང་གེ་བསད་པའི་[[40]]དགྲ་ཤ་བླངས་རྗེས། ནམ་ཞིག་སེང་གེའི་བུ་རྣམས་དང་རྒྱལ་སྲིད་རྩོད་དེ་བསོད་ནམས་རབ་བརྟན་བསད་ནས་ཧ་ལམ་ལོ་ཉེར་དྲུག་ཙམ་ཇུན་གར་གྱི་རྒྱལ་པོ་བྱས། ཕྱི་ལོ་1679 ལོར་དམག་30,000 ཁྲིད་ནས་ཞིན་ཅང་བྱང་ཤར་ངོས་ཀྱི་ཏུར་ཕན་དང་ཧ་མི་སོགས་དབང་དུ་བསྡུས་པ་དང་། ཕྱི་ལོ་1680 ལོར་རྟ་དམག་120,000 དྲངས་ནས་ཤིན་ཅང་ལྷོ་ཕྱོགས་ཀྱི་ཀ་ཤི་གྷར་དང་ཡེར་ཁེན་སོགས་དབང་དུ་བསྡུས། ཕྱི་ལོ་1681-84 བར་ནུབ་ཕྱོགས་སུ་དཔུང་འཇུག་གིས་མཚོ་ནག་གི་བར་དུ་གཏུགས།[[41]] ཕྱི་ལོ་1687 ལོར་རང་གི་གྲོགས་པོ་རྡོ་རྗེ་སྐྱབས་ཀྱི་དགྲ་ཤ་ལེན་ཆེད་ཁལ་ཁ་ལ་དམག་དྲངས་པ་དང་།[[42]] ཕྱི་ལོ་1688 ལོར་ཁལ་ཁ་དབང་དུ་བསྡུས་ནས་དེང་སང་ནང་སོག་ཏུ་འབོད་པའི་བར་དུ་གཏུགས། དེ་ནས་ཁལ་ཁའི་རྒྱབ་རོགས་ཆིང་དམག་གིས་བྱས་ནས་ཤར་ཕྱོགས་སུ་གཡུལ་འཐབ་དྲག་པོ་བྱས་པ་དང་། སྐབས་དེ་དང་བསྟུན་ཚེ་དབང་རབ་བརྟན་གྱིས་གཞིས་ནས་ཨ་ཁུའི་སྲིད་དབང་ཕྲོགས་ཏེ་ཇུན་གར་གྱི་རྒྱལ་པོ་བྱས།[[43]] མཐར་ཕྱོགས་གསུམ་ནས་རྒོལ་རྡུང་ཕོག་སྟེ་ཕྱི་ལོ་1697 ལོར་དགའ་ལྡན་བོ་ཤོག་ཐུ་ལྔ་ལམ་དུ་གྱུར། ཇུན་གར་མངའ་ཐང་དར་སྐབས་དེང་སང་གི་དབང་དུ་བྱས་ན་རྒྱ་ནག་དང་། ཨུ་རུ་སུ། ཁ་ཛ་སི་ཏན། ཁེར་གེ་སི་ཏན། མོང་གོ་ལི་ཡ་སོགས་རྒྱལ་ཁབ་མང་པོར་ཁྱབ་ཡོད་ཟེར།
ལྔ་པ་ཆེན་པོས་དགའ་ལྡན་བོ་ཤོག་ཐུ་ལ་བསྟོད་པ་གནང་བ་འགའ་དྲངས་ན། “མི་བསྲུན་དྲེགས་པའི་ཀླ་ཀློ་གཉིས་འཐུང་ཀླད།། འཕྲོག་བྱེད་བསོད་ནམས་ཀྱིས་འགེམས་བོ་ཤོག་ཐུའི།། འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོའི་དབྱངས།། བྱང་ཕྱོགས་གངས་རིའི་རྩེ་མོར་གཅིག་ཏུ་བསྒྲགས།། གཡུལ་ངོར་མཚོན་ཆ་གདེངས་པའི་མོད་ཉིད་ལ།། སྟོད་ཧོར་[[44]]ས་སྤྱོད་པུས་བཙུག་གདོང་སྨད་ནས།། དཔུང་བཅས་འདུད་ཚེ་རྩོད་དུས་འཁོར་ལོས་སྒྱུར།། མི་འབྱུང་བདེན་གཏམ་ད་གདོད་རླུང་ལ་བསྐུར།།”[[45]] ཞེས་དང་། “དགའ་ལྡན་བསྟན་པ་འཛིན་པའི་སྦྱིན་བདག་ཆེ།། གནམ་སའི་དཀྱིལ་འཁོར་དབང་ཕྱུག་བོ་ཤོག་ཐུ།།” ཞེས་དང་། “ཨོ་རོད་ཀྱི་ཡངས་པའི་ས་ཆེན་པོར་མངའ་སྒྱུར་བའི་བསྟན་པའི་སྦྱིན་བདག་དགའ་ལྡན་བོ་ཤོག་ཐུ་ཁང་གིས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་དངུལ་རྒྱན་བཅུ་དགུ་ཕུལ་”[[46]]ཞེས་དང་། “སྤྱི་དང་ཁྱད་པར་ཡངས་པའི་ནོར་འཛིན་མགོན།། བསྟན་པའི་སྦྱིན་བདག་དགའ་ལྡན་བོ་ཤོག་ཐུའི།། མི་མཐུན་རབ་ཞི་ཆབ་སྲིད་མངའ་ཐང་སོགས།། གོང་འཕེལ་འདི་ཕྱིའི་འདུན་མ་ལྷུན་གྲུབ་ཤོག།” ཅེས་དང་། “ཡངས་པའི་ས་ཆེན་པོར་བསོད་ནམས་སྟོབས་ཀྱིས་དཔུང་པས་བདག་གིར་སྤྱོད་ཅིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་རིན་པོ་ཆེར་མི་བྱེད་པའི་དད་གུས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་”[[47]]ཞེས་རྩོད་དུས་ཀྱི་འཁོར་ལོས་སྒྱུར་རྒྱལ་དང་། གནམ་སའི་དཀྱིལ་འཁོར་དབང་ཕྱུག་དང་། ཡངས་པའི་ས་ཆེན་པོར་བསོད་ནམས་སྟོབས་ཀྱིས་དཔུང་པས་བདག་གིར་སྤྱོད་པ་སོགས་སུ་བསྔགས། བཻ་དཀར་སྙན་སྒྲོན་ལས་“སའི་བརྒྱ་བྱིན་དམ་པ་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོ་”ཞེས་བསྔགས་པ་དྲངས་ཟིན་ལྟར་ལ། ཐུའུ་བཀྭན་ཆོས་ཀྱི་ཉི་མས་(1737-02)འདི་ལྟར།[[48]] “གེ་སར་དམག་གི་རྒྱལ་པོ་ཇུན་གར་ཞེས།། དཔའ་རྩལ་དྲེགས་པས་དགྲ་སྡེ་སྙིང་འདར་བ།། དེ་ཡི་ཆབ་སྲིད་མཁར་ལ་བདུད་རྩིའི་ཟེར།། འགྲེམ་པའི་མི་ཡི་ཟླ་བ་མང་ཞིག་ཤར།།” ཞེས་སོ།།
མགོ་དཀར་ཞེས་པ་སུ་ཡིན་ནམ།
གུར་བཀྲས་ཆོས་འབྱུང་ནང་བྱང་ཕྱོགས་མགོ་དཀར་ཞེས་འཁོད་པ་གོང་དུ་དྲངས་པ་ལྟར་ལ། བོད་ཀྱི་ལོ་རྒྱུས་ཁག་ན་ཁ་ཆེ་མགོ་དཀར།[[49]] སོག་པོ་མགོ་དཀར།[[50]] སྟོད་མགོ་དཀར།[[51]] ཀླ་ཀློ་མགོ་དཀར་[[52]]སོགས་ཐ་སྙད་ཁ་ཤས་བྱུང་། ཁ་ཆེའི་སྟོན་པ་མུ་ཧ་མུ་ཏིའི་གདུང་རྒྱུད་དུ་གྲགས་པ་ཞིག་སཱ་མ་ཁནྜ་བརྒྱུད་ཀ་ཤི་གྷར་དུ་འབྱོར་བ་དང་། སྟོབས་ཤུགས་ཇེ་ཆེར་གྱུར་ནས་ནམ་ཞིག་ཡུལ་གྱི་དཔོན་དུ་གྱུར། དེ་ལ་བུ་སྤུན་གཉིས་ཡོད་པ་གཅིག་གིས་ཀ་ཤཱི་གྷར་དང་གཅིག་གིས་ཡེར་ཁེན་བཟུང་ནས་རི་ནག་པོའི་ཤོག་ཀ་དང་རི་དཀར་པོའི་ཤོག་ཀ་ཞེས་ཕྱོགས་གཉིས་སུ་གྱེས་ནས་འཁྲུགས། ཕྱི་ལོ་1670 ནང་རི་དཀར་པོའི་འགོ་ཁྲིད་ཨ་ཕག་ཁོ་ཇ་(Afaq Khoja 1626-94)ཕམ་ནས་བོད་དུ་བྲོས་ཏེ་ལྔ་པ་ཆེན་པོར་རོགས་རམ་ཞུས་པ་དང་། ལྔ་པ་ཆེན་པོས་ཇུན་གར་གྱི་རྒྱལ་པོ་དགའ་ལྡན་བོ་ཤོག་ཐུ་(1644-97)ལ་རོགས་པ་དགོས་པའི་འཕྲིན་ཡིག་བཏང་། བོ་ཤོག་ཐུས་ཨ་ཕག་གི་རོགས་ལ་སྙད་ནས་ཏ་རིམ་བྷ་སིན་(Tarim Basin)ནམ། བྱེ་མའི་རྒྱ་མཚོར་གྲགས་པ་སྔར་ལི་ཡུལ་གྱི་མཚོ་འཁྱིལ་ཤུལ་གྱི་གཤོང་ས་ཆེན་པོའི་ཉེ་འཁོར་གྱི་ཡེར་ཁེན་དང་། ཀ་ཤི་གྷར། འུར་ཐན། ཧ་མི། ཏུར་ཕན། ཨཀ་སུ་སོགས་ཆེས་སྐད་གྲགས་ཆེ་བའི་གྲོང་ཁྱེར་རྣམས་དབང་དུ་བསྡུས། དེ་ལ་བོད་ཀྱི་ལོ་རྒྱུས་ནང་དགའ་ལྡན་བོ་ཤོག་ཐུས་མགོ་དཀར་བཅོམ་པའམ། མགོ་དཀར་གྱི་ཡུལ་གྲུ་རྣམས་རང་ཞབས་སུ་བསྡུས་པ་ཞེས་བརྗོད། སྤྱིར་དེའི་སྔོན་ནས་གུ་ཤྲི་ཁང་གིས་1594 ལོར་མགོ་དཀར་བཅོམ་རབས་དང་།[[53]] སྲས་བསྟན་འཛིན་རྡོ་རྗེའི་དཔུང་གིས་བཅད་རབས་བཤད་རྒྱུ་ཡོད་མོད་སྐབས་དེར་དབང་སྒྱུར་རང་བྱས་མེད་པ་འདྲ།[[54]] ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་དགའ་ལྡན་གྱི་སྐབས་སུ་ཡུལ་དེའི་འགོ་ཁྲིད་དང་དམག་དཔོན་གྱི་གྲས་སུ་ལྔ་པ་ཆེན་པོ་དང་། དགའ་ལྡན་བོ་ཤག་ཐུ། ཨ་ཕག་ཁོ་ཇ། རྒྱལ་སྲས་བྷ་བྷག་སུལ་ཏན་སོགས་བགྲངས་ཡོད། ཡུལ་མི་ཚོས་ཁོ་ཇ་ནི་ཆབ་སྲིད་ཀྱི་ཆ་ནས་རྒྱལ་ཚོང་བ་ཞེས་སྨོད་ཀྱང་ཆོས་ཕྱོགས་ནས་དད་པ་བྱེད་མཁན་དང་ཁོང་གི་བང་སོ་མཇལ་མཁན་དེང་སང་ཡང་ཧ་ཅང་མང་། འདི་དག་ཕལ་ཆེ་མཆན་འཁོད་དེབ་འདི་ལས་བཏུས།།[[55]]
ཡེར་ཁེན་བོད་འབངས་སུ་གྱུར་ནས་བོད་གཞུང་ལ་ཁྲལ་སྤྲད་པའི་སྐོར་འདི་ཕྱི་རྒྱལ་བ་རྣམས་ལ་དེ་ཙམ་མ་གྲགས་འདུག་ཅིང་། ཀ་ཤི་གྷར་གྱི་རྒྱལ་པོ་ཁོ་ཇ་བོད་ལ་བྲོས་ནས་ལྔ་པ་ཆེན་པོར་སྐྱབས་འཇུག་ཞུས་པའི་སྐོར་རྣམས་དེང་སང་གི་བོད་པ་ཕལ་གྱིས་མི་ཤེས་པའི་ཚོད་དུ་འདུག་པས་དེ་དག་རྩལ་དུ་སྟོན་པའི་ཁུལ་བྱས། སྤྱིར་ན་དེ་འབྲེལ་གྱི་གནས་ཚུལ་ཡིག་ཚགས་ཁག་དང་། ལྷག་པར་སྐད་ཡིག་གཞན་གྱི་ཐོག་ལ་གང་བྲིས་ཡོད་མེད་དོ་སྣང་ཡོང་ཆེད་དུ་ཕྱི་ལོ་༢༠༢༠ ཟླ་༨ ཚེས་༢༩ ཉིན་མཇུག་རྫོགས་པར་སྦྱར་བ་པོ་ནི་ཆབ་མདོ་ཤེས་རབ་བོ།།
དཔྱད་ཡིག་དང་ཞབས་མཆན།
[1] ཨིན་ཇི་སྐད་ཡིག་ནང་འདི་ལ་Yarkent དང་ yarkend ཞེས་འབྲི་སྲོལ་གཙོ་བོ་གཉིས་འདུག་པ་ལྟར་ན། ཡར་ཁེན། ཡར་ཁེནྟ། ཡར་ཁེནྡ། གང་རུང་ཞིག་འབྲི་དགོས་པ་ལྟར་སྣང་ཡང་། བོད་ཀྱི་ལོ་རྒྱུས་རྣམས་སུ་ཡར་མཁྱེན་དང་། ཡར་ཀན། ཡེར་ཁིན། ཡིར་ཁེན་སོགས་སུ་བྲིས་པ་ལས་འདིར་ལྔ་པ་ཆེན་པོ་ལྟར་ཡེར་ཁེན་བྱས་པ་སྟེ། ཡུ་གུར་རང་གི་སྐད་དུའང་ཡེར་ཁེན་ཡིན་འདུག
[2] སྔར་གྱི་ས་མི་དུད་གྲངས་སོགས་ཏག་ཏག་མེད་དེ། དེ་དག་གི་བརྒྱ་ཆ་བདུན་ཅུ་ལྷག་ནི་སྐུ་དྲག་སྒེར་དང་། བླ་བྲང་། དགོན་པ་སོགས་ལ་བདག་གི་ཡོད་པ་དང་། དེ་ཚོས་ཀྱང་ཐོབ་ཁོངས་མང་ཉུང་ལ་གཞིགས་པའི་གཞུང་ཁྲལ་སྒྲུབ་དགོས་ཀྱི་ཡོད་པས། མི་གྲངས་དང་དུད་གྲངས། ཕྱུགས་གྲངས་དང་ས་ཞིང་སོགས་ཉུང་ཕྲི་བྱས་པའི་ཐོ་གཞུང་རྫུན་མ་གཞུང་འབུལ་བྱེད་ཀྱི་ཡོད་འདུག
[3] བོད་ལ་རྟེན་ཕུལ་ཚུལ་བཤད་མཁན་རེ་ཟུང་སྣང་ཡང་། སྤྱིར་ཁྲལ་འཇལ་བ་ནི། རོགས་སྐྱོར་ཞུ་རྟེན་དུ་དངོས་དངུལ་འབུལ་བ་དང་། བཀའ་དྲན་གསོབ་ཆེད་དུ་འབུལ་བ། མཛའ་འབྲེལ་ཡོང་ཆེད་དུ་འབུལ་བ། ཆེ་བསྟོད་མཚོན་ཆེད་དུ་འབུལ་བ་སོགས་དང་མི་འདྲ། འོན་ཀྱང་ལོ་ལྟར་ཆད་མེད་དུ་སྤྲོད་དགོས་པའི་ཁྲལ་ལའང་བདག་པོ་ལ་ཞེ་ས་བརྒྱབ་ནས་རྟེན་འབུལ་བ་ཞེས་བརྗོད་ཀྱང་འཐུས་སྙམ།
[4] ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གསུམ་པ། ཤོག་གྲངས་༣༠༡ ན་གསལ། འདིར་ལྔ་པ་ཆེན་པོའི་གསུང་རྣམས་ཀྱི་ཤོག་གྲངས་སོགས་ནི་སེར་གཙུག་གིས་པར་བསྐྲུན་བྱས་པ་གཞི་བཞག་བྱས་ཡོད།
[5] གྲུབ་པའི་གནས་ཆེན་པོ་ཤམ་བྷ་ལའི་རྣམ་བཤད་འཕགས་ཡུལ་གྱི་རྟོགས་བརྗོད་དང་བཅས་པ་ངོ་མཚར་བྱེ་བའི་འབྱུང་གནས། བཀྲས་ལྷུན་པར་མ་ཤོག་གྲངས་༡༩ ན་གསལ།
[6] བྷག་ལག་དང་བྷོ་གར་ནི་འཛམ་གླིང་རྒྱས་བཤད་དང་ཧོར་ཆོས་འབྱུང་སོགས་ན་འུ་ཐེན་གྱི་བྱང་ངོས་སུ་ཡོད་པར་བཤད་པ་དང་། འདིར་དེའི་འདབས་ན་བྷ་དག་ཤན་ཡོད་པར་གསུངས་ཤིང་ས་དཔྱད།
[7] བོད་ནུབ་ཕྱོགས་ཀྱི་ས་མཚམས་འདི་དང་འདི་ཞེས་དཔེ་ཐོག་ན་ཀློག་ཤེས་པ་ཙམ་མ་ཡིན་པར་ས་ཐོག་ན་འཛུབ་མོ་འཛུགས་ཐུབ་པ་ཞིག་དགོས་ན་བྷ་དག་ཤན་གྱི་ལོ་རྒྱུས་མ་ཤེས་ཐབས་མེད་ཡིན།
[8] བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ། ཕྱི་ལོ་༡༩༩༨ ལོར་མཚོ་སྔོན་མི་རིགས་པར་ཁང་གི་པར་ཐེངས་གཉིས་པ་ཤོག་གྲངས་༦༢༡ ན་གསལ།
[9] སྔོན་མེད་པའི་བསྟན་བཅོས་ཆེན་པོ་བཻཌཱུར་དཀར་པོ་ལས་འཕྲོས་པའི་སྙན་སྒྲོན་ཉིས་བརྒྱ་བརྒྱད་པ། ཞོལ་པར་མ་ཤོག་གྲངས་༥༩ ན་གསལ།
[10] སྔོན་མེད་པའི་བསྟན་བཅོས་ཆེན་པོ་བཻཌཱུར་དཀར་པོ་ལས་འཕྲོས་པའི་སྙན་སྒྲོན་ཉིས་བརྒྱ་བརྒྱད་པ། ཞོལ་པར་མ་ཤོག་གྲངས་༡༤ ན་གསལ།
[11] “ཁྲ་ཡི་གདོང་ཅན་འཛམ་གླིང་ཤར་ཕྱོགས་ཀྱི།། ཤུད་བུའི་ཡུལ་ཁམས་མངར་བསྡུས་བྲན་དུ་བཀོལ།། ལྷོ་ཕྱོགས་བོང་རྐང་གྲུལ་བུམ་ཚེས་པོང་ཡུལ།། ཀུན་ཀྱང་མངར་བསྡུས་བྲན་དང་གཡོག་ཏུ་བཀོལ།། ནུབ་ཕྱོགས་གཙང་མི་བྱི་ལའི་མཇུག་མ་ཅན།། སྦལ་གནོན་ཡུལ་ཁམས་མངར་བསྡུས་བྲན་དུ་བཀོལ།། བྱང་ཕྱོགས་སྣ་ནམ་རི་བོང་རྣ་བ་ཅན།། བྲན་དུ་བྱས་ཏེ་མངར་བསྡུས་ལས་ལ་བཀོལ།།” བཀའ་ཐང་སྡེ་ལྔ་ཤེས་རིག་དཔར་ཁང་གིས་༢༠༠༧ ལོར་བསྐྲུན་པ་ཤོག་གྲངས་༡༥༤ ན་གསལ།
[12] དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་བཞི་པ། ཤོག་གྲངས་༦༧ ན་གསལ།
[13] དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་ལྔ་པ། ཤོག་གྲངས་༦༡ ན་གསལ།
[14] ཤག་སྐོར་ཟུར་པ་ནི་མདོ་སྡེ་རྒྱ་མཚོ་ཞུ་བ་དེ་ཡིན་ནམ་སྙམ་སྟེ། དུང་དཀར་སྐུ་སྐྱེ་ཤག་སྐོར་སློབ་དཔོན་དུ་མ་བསྐོས་སྔོན་ལ་མདོ་སྡེ་རྒྱ་མཚོ་འདི་ཤག་སྐོར་སློབ་དཔོན་ཡིན་འདུག་ལ། ལྔ་པ་ཆེན་པོའི་གམ་བཅར་གར་བཏང་གོ་ཆོད་ཅིག་ཡིན་འདུག
[15] སྐབས་དེར་ལྔ་པ་ཆེན་པོ་གཤེགས་ཟིན་ཡང་གཞན་གྱིས་མི་ཤེས་པའི་ཆེད་དུ་འབུལ་བ་གང་བྱུང་སྒོ་འགྲམ་ནས་ལེན་རྐྱང་དང་། བཀའ་འདྲི་མོ་ལུང་ལའང་སྦུག་ནས་ལན་གནང་གི་ཡོད་འདུག
[16] ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གཉིས་པ། ཤོག་གྲངས་༡༥༣ ན་གསལ།
[17] གཏིང་སྐྱེས་ཚོགས་གསོག་པ་ནི་དབེན་ས་སྤྲུལ་སྐུས་བཏང་ལུགས་ལ་གཞིགས་ན་གཡོན་རུ་དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་གཏིང་སྐྱེས་ཚོགས་གསོག་པ་ཕུན་ཚོགས་རྒྱ་མཚོ་ཡིན་ནམ་སྙམ།
[18] སེང་གེ་དགྲ་འདུལ་ནི་ཇུན་གར་གྱི་རྒྱལ་པོ་དང་དགའ་ལྡན་བོ་ཤོག་ཐུའི་གཅེན་པོ་ཡིན་པར་དུ་ཀཱུ་ལའི་དཀྱུས་ན་གསལ། དེ་ནས་ཟླ་བདུན་གྱི་རྗེས་སུ་སེང་གེའི་བསྔོ་ཞུ་འབྱོར་འདུག
[19] སེང་གེའི་སྲས་ཆུང་རྣམས་ནི་ཚེ་དབང་རབ་བརྟན་(༡༦༤༣-༡༧༢༧)སོགས་ཡིན་ཚོད་ལ། བགེགས་བར་ཞི་བའི་ཐུགས་སྨོན་སྐྱབས་འཇུག་ཞུ་རྟེན་དུ་མུ་ཏིག་ཐུམ་བུ་གཅིག་ཡོད་པ་འདྲ།
[20] ལྕེ་བཙུན་ངག་གི་དབང་པོའི་རྟོགས་བརྗོད་ཤེལ་དཀར་ཕྲེང་བ། སྡེ་དགེ་པར་མ་ཤོག་གྲངས་༡༢༣ ན་གསལ།
[21] དགེ་སློང་བྱ་བྲལ་བ་པདྨ་འཕྲིན་ལས་རང་ཉིད་ཀྱི་རྟོགས་པ་བརྗོད་པ་རབ་དཀར་ཤེལ་གྱི་མེ་ལོང་། ཤིང་པར་ཤོག་གྲངས་༡༥༢ ན་གསལ།
[22] ཡས་ཕྱིན་དུ། ཡེར་ཁེན་ད་(Yarkend)ཡིན་ནམ་སྙམ་སྟེ། ཡི་གེ་པས་ཡེར་ཁེན་དའི་དོན་མ་གོ་བར་ད་ནི་ཞབས་ཀྱུ་ཆད་པའི་ལ་དོན་ཞིག་ཏུ་འཁྲུལ་བར་སྙམ།
[23] གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ། དཔེ་རིང་ཤོག་གྲངས་༡༢༧ ལས།
[24] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་དེབ་ཉེར་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༢༠༠༩ ལོར་བསྐྲུན་ཤོག་གྲངས་༥༩༢ ན་གསལ།
[25] ཤཱཀྱ་དགེ་སློང་བློ་བཟང་ཡེ་ཤེས་ཀྱི་སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་༢༠༡༤ ལོར་བསྐྲུན་པ་ཤོག་གྲངས་༡༡༨ ན་གསལ།
[26] ཨར་ཧན་ནི་འབྲི་ནོར་བྱས་པའམ་ཡེར་ཁེན་གྱི་དོན་འདྲ་སྟེ། ཨ་དང་ཡ་འདྲ་བས་འཁྲུལ་བ་མང་ལ། སོག་སྐད་ཁན་ལ་བོད་པས་ཁང་དང་ཧན་བྲིས་པ་ཧ་ཅང་མང་།
[27] དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དྲུག་པ། ཤོག་གྲངས་༢༩༩ ན་གསལ།
[28] ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གསུམ་པ། ཤོག་གྲངས་༣༠༣ ན་གསལ།
[29] དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགྱེས་བྱེད། སེར་གཙུག་གིས་༢༠༡༦ ལོའི་ཆོས་འབྱུང་ཕྱོགས་སྒྲིག་ཤོག་གྲངས་༣༤༨ ན་གསལ།
[30] འཕགས་པའི་ཡུལ་ནས་བོད་དང་ཧོར་གྱི་ཡུལ་དུ་བསྟན་པ་དར་ཚུལ་གྱི་རྣམ་གཞག་མདོར་ཙམ་བརྗོད་པ་པད་དཀར་ཕྲེང་མཛེས། མི་རིགས་དཔེ་སྐྲུན་ཁང་གི་༢༠༡༤ ལོར་བསྐྲུན་པ་གསུང་འབུམ་དེབ་བརྒྱད་པ་ཤོག་གྲངས་༣༥༩ ན་གསལ།
[31] ཨེར་ཁེན། འདི་ཕལ་ཆེར་ཡེར་ཁེན་ཡིན་ནམ་སྙམ་སྟེ། ཨ་དང་ཡ་འདྲ་པོ་ཡོད་པས་འཁྲུལ་བ་མང་བས་སོ།
[32] དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་བཞི་པ། ཤོག་གྲངས་༢༥༩ ན་གསལ།
[33] འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༣ ལོར་བསྐྲུན་པ་ཤོག་གྲངས་༢༨༣ ན་གསལ།
[34] ཡར་གྱི་རྗེས་འཇུག་ར་ཡིག་ཁའི་སྟེང་ལ་བརྩེགས་འདུག་ཀྱང་འདིར་ཀམ་པུར་ནང་ཡོང་གི་མི་འདུག
[35] བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ། མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༡ ལོར་བསྐྲུན་པ་ཤོག་གྲངས་༢༠ ན་གསལ།
[36] དྲིན་ཅན་རྩ་བའི་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དྲུག་པ། ཤོག་གྲངས་༣༩ ན་གསལ།
[37] མ་མ་དེ་མི་ཁང་ནི་Muhammad Imin Khan ཡིན་ནམ་སྙམ་སྟེ། སྐབས་དེར་ལོ་ཤས་རིང་དབང་ཤུགས་ཆེ་ཤོས་སུ་གྱུར་ཡོད་འདུག
[38] History of Xinjiang. Editor: James A Millward. New York, NY: Columbia University Press, 2007 འདི་དྲ་ཐོག་ལས་དེབ་མ་མཐོང་བས་ཤོག་གྲངས་སོགས་བཀོད་ཐབས་མ་བྱུང་། དུས་རབས་སོ་སོར་བགོས་འདུག་པ་ལས་History of Xinjiang:16th-19th Centuries ཐད་དུ་གསལ།
[39] བོད་ཀྱི་ལོ་རྒྱུས་རྣམས་སུ་དགའ་ལྡན་བོ་ཤོག་ཐུ་ཞེས་བྲིས་པ་མང་པོ་ཡོད་པ་རྣམས་ཇུན་གར་དང་། ཧོར་ཤོད་དང་། ཇུ་ནང་སོགས་གང་ཡིན་སྐབས་བབ་གྱིས་བལྟ་དགོས།
[40] “ཨོ་རོད་དུ་ཅོད་པ་པཱ་ཐུར་གྱིས་བདེ་སྐྱིད་ཕུང་ལ་རེ་བའི་རྣམ་པས་སེང་གེ་དགྲ་འདུལ་མཚན་བརྡུངས་ཀྱིས་ལྔ་པའི་ལམ་དུ་བཏང་བའི་མགྱོགས་བསྔོ་སྐྱེལ་བར་ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་མེ་རྒན་དགེ་སློང་ཅན་འབྱོར། བསྔོ་སྨོན་དང་བྱང་བཞུ་བྱས། དགེ་བའི་མཐུན་རྐྱེན་དུ་དཀར་མེ་དང་གྲྭ་ས་ཆེན་པོ་གསུམ་དུ་མང་ཇའི་དགོས་ཆ་སྤྲད།” ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གཉིས་པ། ཤོག་གྲངས་༡༤༥ ན་གསལ།
[41] འདི་དག་ཕལ་ཆེ་བ་གཤམ་བཀོད་དེབ་འདི་ལས་བཏུས། History of Civilizations of Central Asia Volume V Development in contrast : from the sixteenth to the mid-ninteenth century. Editors: Chahryar Adle and Irfan Habib, Co-Editor: Karl M. Baipakov, UNESCO Publishing 2003.
[42] “མེ་ཡོས། སྤྱི་ལོ༡༦༨༧ ་་་ཁལ་ཁའི་ཚོ་པ་བདུན་གྱི་དམག་གིས་དགའ་ལྡན་བོ་ཤོག་ཐུའི་གྲོགས་པོ་གཡས་རུའི་རྒྱལ་པོ་དང་། སོ་པ་རྡོ་རྗེ་སྐྱབས་གཉིས་བསད།” དུང་དཀར་ཚིག་མཛོད་ཤོག་གྲངས་༢༣༣༩ ན་གསལ། འདི་སོག་པོ་བློ་བཟང་རྟ་དབྱངས་(༡༨༦༧-༡༩༣༧)ཀྱི་ཧོར་ཆོས་འབྱུང་ངམ། ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་(༡༦༤༢-༡༧༠༨)ཀྱི་གསུང་ལས་བཏུས་པ་འདྲ་ལ། གཡས་རུའི་རྒྱལ་པོ་དང་སོ་པ་རྡོ་རྗེ་སྐྱབས་བསད་དོན་ནི། ཕྱི་ལོ་༡༦༨༦ ལོར་ཧོར་ཡུལ་དུ་ཚོགས་པའི་བོད་སོག་རྒྱ་གསུམ་གྱི་ལྷན་ཚོགས་ཐོག་ཁལ་ཁ་རྗེ་བཙུན་དམ་པས་(༡༦༣༥-༡༧༢༣)ལྔ་པ་ཆེན་པོའི་སྐུ་ཚབ་ཏུ་ཕེབས་པ་དགའ་ལྡན་ཁྲི་པ་བློ་གྲོས་རྒྱ་མཚོ་(༡༦༣༥-༡༦༨༨)ལ་གུས་ཞབས་མ་བྱས་པར་ཁྲི་འདྲ་མཉམ་དུ་བཞུགས་འདུག་ཅེས་དགའ་ལྡན་བོ་ཤོག་ཐུས་སྐྱོན་བརྗོད་བྱས་པ་དང་། ཁལ་ཁ་ཚོ་བདུན་ནང་ནས་ཀྱང་བོ་ཤོག་ཐུའི་ཕྱོགས་བཟུང་མཁན་གཡས་རུ་རྒྱལ་པོ་སོགས་བྱུང་བར། ཁལ་ཁ་བ་ཚོས་དེ་དག་བསད་བཟུང་བྱས་པ་ལས་བོ་ཤོག་ཐུས་དམག་དྲངས་པར་བཤད།
[43] “སྤྱི་ལོ༡༦༨༩ ་་་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་བཙས། ཇུན་གར་ཚེ་དབང་རབ་བརྟན་གྱིས་དགའ་ལྡན་བོ་ཤོག་ཐུ་གནས་གཞན་དུ་ཕྱིན་པའི་སྐབས་དང་བསྟུན་ནས་བོ་ཤོག་ཐུའི་གཞིས་སྲུང་ཆ་གན་ཐོ་ལོར་ཡོད་པ་རྣམས་ཕྲོགས། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྡེ་དགེར་སྲིད་དབང་བཟུང་།།” དུང་དཀར་ཚིག་མཛོད་ཤོག་གྲངས་༢༣༣༩ ན་གསལ།
[44] སྐབས་བབ་གྱི་ཆ་ནས་མགོ་དཀར་ལ་དགོས་སྙམ་ཡང་། སྤྱིར་ཇུན་གར་གྱིས་ཨོ་རོད་ནང་ཁུལ་གྱི་ཤོག་ཁག་གཞན་དང་ཁ་ཛག་སོགས་མང་པོ་བཅོམ་པས་གང་ལའང་གོ་ཆོག་སྙམ།
[45] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་གླེགས་བམ་ཉེར་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༢༠༠༩ ལོར་བསྐྲུན་ཤོག་གྲངས་༥༩༢ ན་གསལ།
[46] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་གླེགས་བམ་ཉེར་བཞི་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༢༠༠༩ ལོར་བསྐྲུན་ཤོག་གྲངས་༣༨༩ ན་གསལ།
[47] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་དེབ་ཉེར་བཞི་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༢༠༠༩ ལོར་བསྐྲུན་ཤོག་གྲངས་༥༤༡ ན་གསལ།
[48] ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར། ཀན་སའུ་མི་རིགས་དཔེ་སྐྲུན་ཁང་གི་༡༩༨༩ ལོར་བསྐྲུན་པ་ཤོག་གྲངས་༣༦༥ ན་གསལ།
[49] “མགོ་དཀར་རྒུན་འབྲུམ་ནི་ཁ་ཆེ་མགོ་དཀར་གྱི་ཡུལ་སོགས་སུ་སྐྱེ་བའི་འཁྲི་ཤིང་རིགས་ཤིག་སྟེ། སྡོང་བོ་ཕྲ་རིང་ལོ་མ་སྒོར་ཆུང་ལྕམ་ལོར་འདྲ་ཞིང་མེ་ཏོག་དམར་སེར་ཅན། སྐྱེ་དབྱིབས་དབྱི་མོང་འདྲ་བ། འབྲས་བུ་ཆུ་བུར་འདྲ་བ་ཚོམ་བུར་སྐྱེ་བ། འབྲས་བུའི་ཁ་དོག་དམར་སེར་ཅུང་ཚེ་ལ་མཆུ་སྐུང་བར་ཡོད། རོ་མངར་ཞིང་ནུས་པས་གློ་ནད་སེལ་ཞིང་ཚད་པ་སྦྱོང་བར་བྱེད།” སྨན་ཐང་རྒྱས་འགྲེལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༢ ལོར་བསྐྲུན་པ་ཤོག་གྲངས་༧༣༨ ན་གསལ།
[50] “གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་པོ་མགོ་དཀར་གྱི་དམག་དཔུང་བཅོམ།” དུང་དཀར་ཚིག་མཛོད་ཤོག་གྲངས་༢༣༢༨ ན་གསལ།
[51] ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ། ལུང་བསྟན་ཤེལ་གྱི་མེ་ལོང་༣ལས། “སྟོད་མགོ་དཀར་གྱི་རྒྱལ་པོ་སེང་གེ་ཞོན༔ སྒྲ་འབྲུག་སྐད་དུ་སྒྲོག་པ་ཨཱཨཱཀཊ༔ ཕོ་བསམ་ཡོད་ཚེ་སྦས་པའི་མཐིལ་ལ་བྲོས༔” ཞེས་གསལ། ལྡི་ལི་པར་མ།
[52] ཐར་མེད་དམྱལ་བའི་གཏིང་རྡོ་སྲོག་གཅོད་མཆོད་སྦྱིན་གྱི་ཉེས་དམིགས་༣ལས། “ཤི་དགེ་གསོན་ཆོག་ལ་སྲོག་གཅོད་གྱི་མཆོད་སྦྱིན་བྱས་པ་ནི། ཁྱབ་འཇུག་དད་དབང་ཕྱུག་གུ་ལང་སོགས་ཀྱི་བསྟན་པའི་ལྷ་མ་ཡན་གྱི་འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློ་མགོ་དཀར་གྱི་ལོག་པའི་ལམ་གྱིས་རྒྱལ་བའི་བསྟན་པ་ལ་སྐབས་བཙལ་པར་ཐེ་ཚོམ་མེད་དོ།” ཞེས་གསལ།
[53] “སྤྱི་ལོ་༡༥༩༤ ་་་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་སོག་པོ་མགོ་དཀར་གྱི་དམག་དཔུང་བཅོམ།” ཞེས་དང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོ་༡༥༢ལས། “དགུང་ལོ་བཅུ་གསུམ་ལོན་པའི་ཚེ། མགོ་དཀར་གྱི་དམག་ཁྲི་ཕྲག་ཙམ་གྱི་སྟེང་དུ། དམག་རྣམས་ཀྱིས་སྣ་དྲངས་ཏེ་མཆོངས་པས་ཕ་རོལ་གྱི་དཔུང་ཚོགས་མཐའ་དག་འཇིག་རྟེན་ཕྱི་མའི་ལྟད་མོ་དུས་གཅིག་ཏུ་མྱོང་བར་བྱས་པའི་གྲགས་པས། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་མིའི་ཡུལ་དུ་རྒྱུ་བའི་འགྲན་ཟླ་གཉིས་པ་བྱས་སོ།” དུང་དཀར་ཚིག་མཛོད་ཤོག་གྲངས་༢༣༢༨ ན་གསལ།
[54] “རིགས་སྲས་ཆེ་བ་བཱ་དུར་ཐའི་ཇི། སྔོན་ཆད་སུས་ཀྱང་བགྲོད་དཀའ་བའི་མགོ་དཀར་གྱི་ཡུལ་དཔུང་ཉུང་ངུ་ཞིག་གིས་བཅད་དེ་དབན་རྩ་སྤྲུལ་སྐུ་བོད་དུ་འདེགས་པའི་མཐུན་འགྱུར་ལ་སྔོན་མེད་ཀྱི་ས་མཁན་ལྟ་བུར་གྱུར་ཞིང་། ཡབ་རྒྱལ་པོ་ཆོག་ཐུ་དང་གཡུལ་བཤམས་པའི་སྐབས་ཕ་རོལ་པོ་དགྲ་ཟིལ་ཤིན་ཏུ་ཆེ་བ་ལ་ཡ་ང་མེད་པའི་ཐོག་མ་ཉིད་ནས་རྟ་ལས་བཞོལ་ནས་མེ་མདའ་འཛུགས་པ་སོགས་སྙིང་སྟོབས་ཀྱི་གྲགས་པ་ཅན་སློབ་དཔོན་ཆེན་པོའི་ལུང་བསྟན་དུ། ཐའི་རྒྱལ་པོ་ཇིའི་མིང་ཅན་འབྱུང་བར་གསུངས་པ།” ལྔ་པའི་གསུང་འབུམ་པོད་ཉེར་གཅིག་ཤོག་གྲངས་༧༢ ན་གསལ།
[55] Through Deserts and Oases of Central Asia, By Ella Constance Sykes, Sir Percy Sykes, Macmillan and Co. Limited, London 1920.
– – – – –
ཆེད་རྩོམ་འདི་ཧ་ལས་པ་རེད།
[…] སྤྱིར་ཇུན་གར་བ་ནི་ཚོག་པོ་ཨོ་རོད་ཚོ་བཞིར35་གྲགས་པའི་ནང་གི་གཅིག་ཡིན། ཁོ་པ་ཚོའི་འགོ་དཔོན་ནམ་རྒྱལ་པོ་དག་སོག་པོ་ཤར་ཆ་ཧར་གྱི་རྒྱལ་པོ་དང་མི་འདྲ་བར་ཇིང་གེར་ཧན་གྱི་གསེར་གྱི་གདུང་རྒྱུད་མིན། ཁོ་པ་ཚོའི་གཞིས་ཆགས་ས་ནི་ཇུན་གྷི་རྱ་(Dzungaria)ཞེས་དེང་གི་ཤིང་ཅང་ས་ཁོངས་སུ་ཡོད་ཅིང་འཚོ་བ་གཙོ་བོ་ནི་འབྲོག་ལས་ཡིན། བོད་དང་སྔ་མོ་ནས་འབྲེལ་བ་ཡོད་པར་མངོན་ཏེ་ཁོ་རང་ཚོའོ་ས་ཐོག་ཏུ་དུས་རབས་བཅུ་དྲུག་ཙམ་ནས་ཞྭ་སེར་གྱི་བསྟན་པ་དར་ཞིང་དེ་ནས་བཟུང་བསྟན་པའི་སྦྱིན་བདག་རྒྱུན་ཁྱོངས་པ་བྱས་འདུག། ལྷག་པར་དུ་རྒྱལ་ཐོག་གམ་འགོ་དཔོན་གཉིས་པ་ཨིར་ཏི་ནི་བ་ཏུར་(Erdneni Batur b.1634)ཡིས་གུ་ཤྲི་ཧན་(Güshri khan 1582–1655)ལ་དཔུང་རོགས་བྱས་ནས་སྤྱི་ལོ་༡༦༣༧ ལོར་ཞྭ་དམར་ལ་དད་པ་བྱེད་མཁན་མཚོ་སྔོན་གྱི་ཆོག་ཏུ་རྒྱལ་པོ་(Tsogt khongtaiji 1581–1637 )ཕམ་ཉེས་བཏང་། ཨིར་ཏི་ནི་བ་ཏུར་གྱི་བུ་ཆུང་བ་དགའ་ལྡན་36(1644–1697)ཇུན་གར་གྱི་རྒྱལ་པོ་བྱེད་སྐབས་ཇུན་གར་གྱི་དབང་ཤུགས་སོག་པོ་ཤར་དང་ཉེ་འཁོར་གྱི་ཁ་ཆེའི་ལུང་པ། དེ་བཞིན་རྒྱ་ནག་ཆིང་གོང་མའི་ས་མཚམས་ལ་ཐུག་གི་བར་དབང་ཤུགས་རྒྱས་སྟབས་ཆིང་གོང་མ་དང་དགྲ་ཁ་གཏད་དུ་ཆགས་ནས་དམག་ཐེངས་མང་བརྒྱབ། དེ་སྐབས་༧གོང་ས་ལྔ་པ་ཆེན་པོས་ཀྱང་ཁོ་པའི་དབང་ཤུགས་ལ་ངོས་འཛིན་གནས་ནས་མ་འོངས་མཉམ་ལས་ཕྱིར་ཁོ་པར་བསྟན་འཛིན་བོ་ཤོ་ཐུ་ཞེས་པའི་གོ་མིང་གནང་། ཁོ་པ་ལྔ་པ་ཆེན་པོར་དད་གུས་ཡོད་ཆེན་པོ་ཡོད་མཁན་ཞིག་དང་ཁོང་གི་ལམ་སྟོན་ལྟར་དགའ་ལྡན་ཕོ་བྲང་གི་མངའ་ཐང་དང་དགེ་ཕྱོགས་ཀྱི་བསྟན་པ་སྤེལ་ཕྱིར་དཀྱིལ་ཤར་ཁ་ཆེའི་ཡུལ་གྲུ་མང་པོ་དབང་དུ་བསྡུས་ནས་ཇུན་གར་དང་དགའ་ལྡན་ཕོ་བྲང་ལ་ཁྲལ37་སྤྲོད་དགོས་པ་བཟོས། […]