«འཛམ་གླིང་རྒྱས་བཤད»དང་དེའི་རྩོམ་པ་པོའི་སྐོར་གླེང་བ།

གླེང་གཞི།

ཁོ་བོས་འདིར་གླེང་བར་བྱ་བ་ནི། ཕྱི་ལོ་༢༠༠༢ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ཞེས་པའི་དེབ་ཏུ་བཅུག་པའི«འཛམ་གླིང་རྒྱས་བཤད»ཀྱི་སྐོར་ཡིན། སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ(༡༩༠༣-༡༩༥༡)གྱི་གསུང་རྩོམ་དང་བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་དག་གི་ལོ་རྒྱུས་ལ་རྒྱུས་མངའ་ཟུར་ཙམ་ཡོད་མཁན་ཞིག་ཡིན་ཚེ«འཛམ་གླིང་རྒྱས་བཤད»ལ་མིག་བཤེར་བྱས་པ་ཙམ་གྱིས་དགེ་ཆོས་ཀྱི་གསུང་རྩོམ་མིན་པའི་ཚོར་བ་ཞིག་ངང་གིས་འཕྱུར་ཡོང་། འོན་ཀྱང་། དེབ་དེའི་རྩོམ་སྒྲིག་པས་བརྟག་དཔྱད་ཞིབ་འཇུག་མ་གནང་བར་དགེ་ཆོས་ཀྱི་གསུང་རྩོམ་ཡིན་ཤག་བྱས་ཏེ«གསར་རྙེད་གསུང་རྩོམ»ནང་བཅུག་པ་རེད།

དེར་བརྟེན། «འཛམ་གླིང་རྒྱས་བཤད»ནི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་མིན་ལུགས་མིན་སྟངས་ཀྱི་སྐོར་ལ་རྩོམ་ཡིག་འབྲི་མཁན་ཁ་ཤས་བྱུང་ཡོད། དེ་དག་ནི་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱི‘‘མཁས་དབང་དགེ་འདུན་ཆོས་འཕེལ་གྱི«གསར་རྙེད་གསུང་རྩོམ»ནང་གི«འཛམ་གླིང་རྒྱས་བཤད»དང«རྗེ་བཙུན་སྒྲོལ་མའི་ཞལ་ཐང»དེ་དག་མཁས་དབང་དེའི་ལྗགས་རྩོམ་དང་ཕྱག་བཟོ་མིན་པའི་སྐོར་གྱི་གསལ་བཤད་ཞུ་ཡིག’’[1]ཅེས་པ་དང་།  རྡོ་སྦིས་བློ་བཟང་ཡོན་ཏན་ལགས་ཀྱི‘‘དགེ་ཆོས་གསུང་འབུམ་ནང་གི«འཛམ་གླིང་རྒྱས་བཤད»ཅེས་པ་དགེ་ཆོས་ཀྱིས་བརྩམས་པ་མ་ཡིན།’’[2] ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱི‘‘«སྒྲོལ་དཀར་བྲིས་ཐང»དང«འཛམ་གླིང་རྒྱས་བཤད»ཅེས་པའི་ཡི་གེ’’[3] གཞན་ཡང་བུ་བཞི་བསམ་པའི་དོན་གྲུབ་ལགས་དང་འབྲུག་མོ་ལགས་གཉིས་ཀྱི«བོད་རིག་པའི་མཁས་པ་དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་བསམ་བློ་ཞིབ་འཇུག»ཅེས་པའི་དེབ་ཏུ་གསལ་བའི‘‘«འཛམ་གླིང་རྒྱས་བཤད»དང་ཡུལ་ཁམས་རིག་གནས’’[4]བཅས་སོ། །

«འཛམ་གླིང་རྒྱས་བཤད»དང་འབྲེལ་བའི་རྩོམ་ཡིག་དེ་དག་གི་ནང་དུ། «འཛམ་གླིང་རྒྱས་བཤད»ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་མིན་ཚུལ་གསུངས་ཏེ། «མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»དུ་འཇོག་དགོས་དོན་ལས་འཕྲོས་ཏེ་སྔ་ཕྱིའི་གནས་ཚུལ་སོགས་སྟར་ཆགས་སུ་བྲིས་ཡོད་མོད།  དོན་ངོ་མར«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་སྐོར་ལ་ད་ཕན་རྩོམ་ཡིག་འབྲི་མཁན་སུ་གཅིག་ཀྱང་བྱུང་མེད་པས། ཁོ་བོས་གཤམ་དུ་ཚིག་ཐག་ཆོད་པོས«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་ངོས་འཛིན་ཞུ་རྒྱུ་ཡིན་ལ། རྩོམ་ཡིག་འདི་འབྲི་དགོས་པའི་ཐོག་མའི་ཀུན་སློང་ཡང་འདི་ཁོ་ན་ཉིད་ཡིན།

«འཛམ་གླིང་རྒྱས་བཤད»ཅེས་པའི་དེབ་དེའི་སྤར་གྲངས་ཤིན་ཏུ་ཉུང་བ་དང་། བརྒྱ་ཕྲག་བཅུ་དགུ་པའི་སྟོད་དུ་རྒྱ་གར་དུ་སྤར་སྐྲུན་བྱས་པའི་དབང་གིས་དོན་གཉེར་ཚོའི་ལག་ཏུ་རག་དཀའ་བར་སྣང་། དེར་བརྟེན། ཐོག་མར«འཛམ་གླིང་རྒྱས་བཤད»ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

«འཛམ་གླིང་རྒྱས་བཤད»ཀྱི་ངོ་སྤྲོད་མདོར་བསྡུས།

«འཛམ་གླིང་རྒྱས་བཤད»ཅེས་པའི་དེབ་དེ་ནི་ཕྱི་ལོ་༡༩༢༢ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཏར་ཡོད་པའི་ཡེ་ཤུའི་ཆོས་ཚོགས་The Baptis Misson Press ཞེས་པ་འདིའི་མིང་ཐོག་ནས་སྤར་སྐྲུན་བྱས་འདུག དེབ་དེར་ལེའུ་བཅོ་ལྔ་དང་། ཤོག་གྲངས་༡༡༢ཙམ་མཆིས།

དེབ་དེའི་ནང་དུ་འཛམ་བུ་གླིང་འདིའི་གླིང་ཕྲན་རྣམས་ཀྱི་སྟེང་ཆགས་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་ལོ་རྒྱུས་དང་། ཡུལ་སྲོལ། གོམས་གཤིས། ཟས་གོས་ཀྱི་སྐོར་དང་། འཛམ་གླིང་འདི་གཡོ་བའི་རྒྱུ་མཚན་དང་། གཟའ་འཛིན་བྱུང་དོན། འཇིག་རྟེན་རིལ་མོའམ་ཟླུམ་པོ་ཡིན་པའི་རྒྱུ་མཚན། ད་དུང་སའི་གོ་ལའི་སྤྱི་འཁོར་དང༌་རང་འཁོར་གཉིས། དུས་བཞིའི་རྣམ་གཞག འཛམ་གླིང་གི་སའི་ཆགས་ཚུལ༌། གླིང་ཆེན་དྲུག རྒྱ་མཚོ་ཆེན་པོ་ལྔ་སོགས་ཀྱི་ས་དབྱིབས་ཀྱི་སྐོར་དང་༌། སའི་གོ་ལའི་ཐོག་འོག་གི་འཁྱག་རོམ་སོགས་གླེང་ཡོད་པར་མ་ཟད། ཕྱི་གླིང་གི་ཡེ་ཤུའི་ཆོས་སྤེལ་མཁན་དང་། ལྗོངས་རྒྱུ་པ། དམག་དོན་པ་ཁ་ཤས་བོད་ཡུལ་དུ་འབྱོར་བའི་ལོ་ཚིགས་སོགས་ཀྱང་གསལ་པོར་བྲིས་འདུག

དེབ་དེའི་དཀར་ཆག་ཨིན་སྐད་དུ་བྲིས་ཡོད་མོད། འདིར་བོད་སྐད་དུ་འཕྲལ་དུ་བསྒྱུར་ན་འདི་ལྟར། ལེའུ་དང་པོ།  འཁོ་ལོམ་འབོག་གིས་ཨ་མི་རི་ཀ་རྙེད་པ། གནའ་སྔ་མོའི་བསམ་བློའི་ནང་གི་སའི་གོ་ལའི་དབྱིབས། བོད་མི་རྣམས་ཀྱི་སའི་གོ་ལ། སའི་གོ་ལ་ནི་དངོས་གནས་དེ་འདྲ་ཞིག་རེད། ཨ་མི་རི་ཀ་མ་རྙེད་སྔོན་གྱི་བོད་དང་རྒྱ་ནག་གི་དུས་རབས་རང་བཞིན་གྱི་དོན་རྐྱེན།

ལེའུ་གཉིས་པ། སའི་གོ་ལའི་འཁོར་སྐྱོད། ཉིན་མཚན་བྱུང་བའི་རྒྱུ་རྐྱེན། དུས་བཞི། སའི་གོ་ལ་ཟླུམ་པོ་ཡིན་པའི་བདེན་དཔང་། ཟླ་བའི་འཕེལ་འགྲིབ་ཀྱི་རྒྱུ་རྐྱེན།

ལེའུ་གསུམ་པ། སའི་གོ་ལ་དང་རྒྱུ་སྐར་གཞན་དག་བར་གྱི་འབྲེལ་བ། ཉི་མ་དང་། ཟླ་བའི་གོ་ལ་དང་མཉམ་དུ་ཡོད་པའི་རྒྱུ་སྐར་བརྒྱད། སྐར་མ་དུ་བ་མཇུག་རིང་། སྐར་རྡོ། སྐར་མདའ། བྱང་སྐར་གྲགས་ཅན། རླབས་ཆེ་བའི་ཆུ་ཚོད་འཁོར་ལོ། པ་ལེ་སི་ཋན་དང་ཨོ་ལེན།( ཤར་གླིང་།) (Pleiades and Orien )

ལེའུ་བཞི་པ། སའི་གོ་ལ་ཆགས་པའི་དུས་སྐབས་མི་འདྲ་བའི་བྱུང་བ། སའི་གོ་ལའི་གྲུབ་ཆའི་ཁྲོད་ཀྱི་རྒྱུ་སྐར་གཙོ་བོ་ཁ་ཤས་ཀྱི་གྲངས་ཀ་དང་མིང་། བྲག་རྡོ། མེ་རི། གནའ་བོའི་སྲོག་ཆགས། བྱུ་རུ། སྐར་མའི་ཉ་རིགས། རྡོ་སོལ་ཆགས་ཚུལ།

ལེའུ་ལྔ་པ། སད་དང་། ཁ་བ། ཆར། སེར་བ། སྨུག་པ། ཟིལ་བ། རླུང་། སྤྲིན། འབྲུག་སྒྲ། གློག་དམར་བྱུང་བའི་རྒྱུ་རྐྱེན། མཚོ་གླིང་། པོ་ལནཌའི་ཡུལ་མི། གོ་ལའི་ཚངས་ཐིག གོ་ལའི་དཀྱིལ་ཐིག མཚོ་གླིང་རེ་རེའི་ནང་གི་རིགས་རྒྱུད་དང་སྲོག་ཆགས། ཉི་མར་དད་པའི་གདོད་མའི་ཡིད་ཆེས་ཀྱི་སྐོར། བོད་ཀྱི་དད་མོས།

ལེའུ་དྲུག་པ། ས་ཞིང་བགོ་བཤའ། གླིང་ཆེན་དང་སྐམ་ས་ཆེན་པོ།  ཆུ་བོ་མགོ་བཤའ། རྒྱ་མཚོ་དང་། མཚོ། མཚོ་ཁུག གླིང་ཕྲན་ཆགས་ཚུལ། མེ་རི་དང་། བྱུ་རུ། ཉ་རིགས། ཉ་ལེབ་རིང་། སྡིག་སྲིན་གྱི་རིགས། ཉ་སོག་གི་རིགས། ཤ་ཆེན་ཤཱརྐ་དང་ཉ་ཆེན་ཝེལ། ཕྲ་རྒྱན་དང་རྡོ་རྗེ་ཕ་ལམ། མུ་ཏིག པདྨ་ར་ག གཡུ། སྤྲིན་རྡོ། མཆོང་གཟི། མརྒད། ཨིནྡྲ་ནཱིལ། མཆོང་། སྤོས་ཤེལ།

ལེའུ་བདུན་པ། བྱང་ཨ་རི་རི་ཀའི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། བཀའ་ཁྲིམས། ཡུལ་མི། འབྲུ་ཤིང་། སྲོག་ཆགས། འདབ་ཆགས།

ལེའུ་བརྒྱད་པ། ལྷོ་ཨ་རི་རི་ཀའི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། བཀའ་ཁྲིམས། ཡུལ་མི། འབྲུ་ཤིང་། སྲོག་ཆགས། འདབ་ཆགས།

ལེའུ་དགུ་པ། ཡུ་རོབ་ཀྱི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། བཀའ་ཁྲིམས། ཡུལ་མི། འབྲུ་ཤིང་། སྲོག་ཆགས། འདབ་ཆགས།

ལེའུ་བཅུ་པ། ཨོ་སི་ཁྲུ་ལེ་ཡ་དང་མཚོ་གླིང་ཉེ་འགྲམ་གྱི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། བཀའ་ཁྲིམས། ཡུལ་མི། འབྲུ་ཤིང་། སྲོག་ཆགས། འདབ་ཆགས།

ལེའུ་བཅུ་གཅིག་པ། ཨེ་ཤེ་ཡའི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། ཁྲིམས་སྲོལ། ཡུལ་མི། འབྲི་ཤིང་། སྲོག་ཆགས། འདབ་ཆགས། ཉི་ཧོང་དང་དེའི་ཡུལ་སྲོལ་གོམས་གཤིས་དང་བཀའ་ཁྲིམས་ཁག་ཅིག

ལེའུ་བཅུ་གཉིས་པ། རྒྱ་གར་གྱི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། བཀའ་ཁྲིམས། ཡུལ་མི། འབྲུ་ཤིང་། སྲོག་ཆགས། འདབ་ཆགས། མཚོ་གླིང་སི་ལོང་། (Ceylon)

ལེའུ་བཅུ་གསུམ་པ། ཨ་རབ་དང་། ཏ་ཟིག སོག་པོ་བཅས་ཀྱི་ཆོས་ལུགས་སློབ་དཔོན་ཆེན་མོ་བཞི་སྟེ། འཛམ་གླིང་གི་ཡེ་ཤུ་མ་ཤི་ཀ་དང་། མོ་ཧཱ་མ་ད། ཁུང་ཙི། ཧ་ཅེ་ཐུབ་པ(Hajetuba)བཅས་ཀྱི་གནས་མཆོག་སྟེ་འཁྲུངས་ཡུལ།

ལེའུ་བཞི་པ། ཨ་ཧྥི་རི་ཀའི་ཐོན་རྫས་དང་། ཡུལ་སྲོལ་གོམས་གཤིས། བཀའ་ཁྲིམས། ཡུལ་མི། འབྲུ་ཤིང་།  སྲོག་ཆགས། འདབ་ཆགས།

ལེའུ་བཅོ་ལྔ་པ། བོད་ཀྱི་ཁྲིམས་སྲོལ། (རྒྱ་ནག་དང་བོད།) ཡུལ་མི། འབྲུ་ཤིང་། ཤིང་ཏོག སྲོག་ཆགས། འདབ་ཆགས། མེ་ཏོག གནའ་བོའི་ལོ་རྒྱུས། ས་མཚམས། འགྲུལ་མི། རྨོངས་དད། བླ་མའི་ཆོས། སྐུ་འདྲ་ཆེ་ཆུང་། ཆུ་བོ། ས་བབ་མཐོ་ཚད། གྲོང་ཁྱེར་ལྟེ་བ། ཕྱི་ཟོང་ནང་འདྲེན། ཆོས་ལུགས། རོལ་རྩེད། གཏེར་རྫས། སྤྱོད་ལམ། ཡུལ་སྲོལ་གོམས་གཤིས་བཅས་སོ། །

གོང་དུ་ཞུས་པའི་དཀར་ཆག་ཁག་དང་རྩོམ་གཞུང་གི་ལེའུ་རེ་རེའི་ཚན་པ་ཁག་གི་མིང་སོགས་གཤིབ་སྡུར་བྱས་ཚེ། དེ་དག་གཅིག་མཚུངས་མིན་པའི་དཔེ་མཚོན་གཅིག་དྲངས་ན། དེབ་འདིའི་ལེའུ་བཅོ་ལྔ་པ་ནི་བོད་ཀྱི་སྐོར་ཡིན་ཏེ། ལེའུ་བཅོ་ལྔ་པའི་རྩོམ་གཞུང་གི་ཚན་ཁག་ནི་འདི་ལྟར། ༡ བོད་ཡུལ་ཆགས་ཚུལ། ༢ སྔོན་གྱི་ལོ་རྒྱུས། ༣ འགྲུལ་པ་ཐོན་ཚུལ། ༤ དམ་པའི་གནས། ༥ གྲོང་ཁྱེར་ཆེན་པོ། ༦ སློབ་གྲྭ་ཁང་། ༧ ཆོས་ལུགས། ༨ འབྲུ་དང་སྔོ་ཚོད། ༩ བཀའ་ཁྲིམས་དང་མགོ་དཔོན། ༡༠ ཕྱུགས། ༡༡ རི་དྭགས། ༡༢ བྱ། ༡༣ མེ་ཏོག ༡༤ ཤིང་ཕུང་། ༡༥ ཆ་ལུགས། ༡༦ ཡིད་ཆེས་པ། ༡༧ ཕྲུ་གུ། ༡༨ མི་འཆི་བར། ༡༩ འགྲུལ་པ་བཅས་ལྟ་བུའོ། །

ཡང་། «མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»དེ་དང་ཁོ་བོར་ཡོད་པའི་མ་ཡིག་གཉིས་བསྡུར་ན། གསར་རྙེད་གསུང་རྩོམ་དུ་ཡོད་པའི་ལྗགས་རྩོམ་དེའི་ལེའུ་ཁ་ཤས་དང་ཚིག་དུམ་དུ་མ་ཆད་ཡོད་པས། དེ་ནི་མི་ཆེ་གེ་མོ་ཞིག་གིས་མ་ཡིག་བཤུ་སྐབས་ཆ་ཚང་མ་བཤུས་པ་ཞིག་དང་། བཤུས་པ་དེ་དག་ལའང་བཟོ་བཅོས་དང་སྣོན་འཕྲི་གང་འཚམ་བྱས་པ་ཞིག་རེད།

«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་དགེ་ཆོས་མིན་ཚུལ་བསྟན་པ།

 «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་ནི་འཛམ་གླིང་སྤྱིའི་ལོ་རྒྱུས་དང་། ཚན་རིག བོད་བཅས་ལ་ཐུགས་རྒྱུས་ཟབ་པའི་ཕྱི་མི་ཞིག་ཡིན་པ་ལས་བོད་མི་ཞིག་མིན་པ་དེབ་དེ་བཀླགས་པ་ཙམ་གྱིས་རྟོགས་ནུས། དཔེར་ན། ‘‘འཛམ་བུ་གླིང་འདི་གཡོ་བའི་དོན་ནི། ཁྱེད་བོད་མི་རྣམས་ལ་ནན་ཏན་ཟེར་མཁན་གཅིག་ཀྱང་མི་འདུག’’[5]ཅེས་པ་དང་། ‘‘འཛམ་གླིང་རིལ་མོ་ལ་གནས་པའི་མི་ཐམས་ཅད་ཤ་མདོག་དབྱིབས་མི་གཅིག་པ་ཡིན་ཡང་། མི་རྒྱུད་གཅིག་འབྲེལ་ཡིན་ཞིང་། ཡིན་ནའང་ཡིད་ཆེས་པ་དེ་ར་སྤྲོད་བཏང་ཆོག་རྒྱུ་ལས་ཁྱེད་བོད་མི་ནས་ཟླ་བ་གཟའི་འཛིན་པ་ཟེར་བ་དང་།’’[6]ཞེས་པའི་ཚིག་ཕྲེང་འདི་གཉིས་ཀྱི་ནང་འབྱུང་བའི‘‘ཁྱེད་བོད་མི་རྣམས’’དང‘‘ཁྱེད་བོད་མི་ནས’’ཞེས་པ་ལྟ་བུས་དེབ་དེ་འབྲི་མཁན་ནི་བོད་མི་ཞིག་ཡིན་པ་བསྟན་མེད་པས། དགེ་ཆོས་ཀྱིས་དེབ་དེ་བརྩམས་པའི་སྒྲུབ་བྱེད་རྙེད་རྒྱུ་མེད་ལ། དགེ་ཆོས་ཀྱི་རྩོམ་གཤིས་དང«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་གཤིས་ཀྱང་རྦད་དེ་མི་འདྲ་བར་སེམས།

གསར་རྙེད་གསུང་རྩོམ་གྱི་རྩོམ་སྒྲིག་པས«འཛམ་གླིང་རྒྱས་བཤད»ཀྱི་ཡིག་གཟུགས་དགེ་ཆོས་ཀྱི་ཕྱག་བྲིས་ཉིད་དུ་འདུག་པར་གསུངས་མོད། ཁོ་བོས«གཏམ་རྒྱུད་གསེར་ཐང»དང«འཛམ་གླིང་རྒྱས་བཤད»དུ་གསལ་བའི་གནས་ཚུལ་རེ་ཟུང་ལ་གཤིབ་སྡུར་བྱེད་སྐབས། དེབ་དེ་གཉིས་ཀྱི་བཞེད་ཚུལ་དང་ལྟ་ཚུལ་རེ་ཟུང་མི་མཐུན་པ་ཡོད་པར་རྟོགས། དཔེ་མཚོན་གཅིག་དྲངས་ན། «འཛམ་གླིང་རྒྱས་བཤད»དུ‘‘ཕྱི་གླིང་བའི་མི་ནག་འཕྲོག་པ་ནི་ས་ཡ་གཉིས’’[7]ཞེས་པ་དང་། «གཏམ་རྒྱུད་གསེར་ཐང»དུ‘‘ཨ་ཕི་རི་ཀིའི་ཡུལ་གཅིག་པུ་ནས་ཀྱང་མི་ལྟར་བཟུང་བ་ཐེར་འབུམ་ལྷག་ཙམ་དང་། རྒྱ་མཚོར་གཡུགས་པ་གྲངས་ཀྱིས་མི་ལོངས།’’[8]ཞེས་གསུངས་པའི་གྲངས་ཀ་གཉིས་མི་མཐུན་པ་ལྟ་བུའོ། ། ད་དུང«གཏམ་རྒྱུད་གསེར་ཐང»དང«འཛམ་གླིང་རྒྱས་བཤད»གཉིས་གཤིབ་སྡུར་བྱས་པ་ཡིན་ན། མི་མཐུན་པའི་ཆ་གཞན་ཡང་ཡོད་ཀྱང་འདིར་རེ་རེ་ངོ་སྤྲོད་བྱེད་པའི་དགོས་པ་མ་མཆིས་མོད། ཁོ་བོའི་ལྟ་ཚུལ་ལྟར་ན། དེབ་འདི་རྩོམ་མཁན་ནི་དགེ་ཆོས་ཡིན་པ་ཕར་ཞོག ཐ་ན་ཁོང་གིས་དེབ་དེར་གཟིགས་ཡོད་མེད་ལའང་དོགས་པ་ཞིག་སྐྱེས་བྱུང་། གལ་སྲིད་དགེ་ཆོས་ལ་དེབ་འདི་ཐོབ་ཡོད་ཚེ། ཁོང་གིས‘‘འཇིག་རྟེན་ཟླུམ་པོའམ་རིལ་མོ’’དང«གཏམ་རྒྱུད་གསེར་ཐང»བརྩམས་གྲུབ་རྗེས་གཟིགས་ཡོད་པར་འདོད། འོན་ཀྱང་། གནས་སྐབས་སུ«མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»ཀྱི་མ་ཡིག་དེ་མ་ཐོབ་པས་དེའི་སྐོར་རེ་ཞིག་ཁ་ཚོན་བཅད་ནས་ཞུ་རྒྱུ་མིན།

«འཛམ་གླིང་རྒྱས་བཤད»དུ་འཇིག་རྟེན་རིལ་མོ་ཡིན་པའི་རྒྱུ་མཚན་འགའ་གསུངས་ཡོད་མོད། དགེ་ཆོས་ཀྱིས‘‘འཇིག་རྟེན་རིལ་མོའམ་ཟླུམ་པོ’’ཞེས་པའི་རྩོམ་ཡིག་ནང་འཇིག་རྟེན་རིལ་མོ་ཡིན་པའི་རྒྱུ་མཚན་དྲངས་མེད་པ་ལ་བརྟེན་ནས་ཁོང་གིས་ཚན་རིག་མི་མཁྱེན་པའི་སྡོམ་ཚིག་འགོད་མི་འོས་ཏེ། ཕྱི་ལོ་ ༡༩༣༧ ལོའི་དབྱར་གཞུང་ཞིག་ལ། དགེ་ཆོས་ཀ་ལོན་སྦུག་ཏུ་བཞུགས་སྐབས་ཁོང་ལ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ཀྱི་འཕྲིན་ཞིག་འབྱོར་ཡོད་ཅིང་། དེའི་ནང་ཁོང་ཀལ་ཀ་ཏ་བརྒྱུད་ནང་ལོགས་ལ་ཕེབས་རྩིས་དང་། དེ་བཞིན་ལམ་ཁར་རང་གི་སློབ་མར་འཕྲད་རེ་ཡོད་ཚུལ་གསུངས་ཡོད། དགེ་ཆོས་ཀྱིས་ཁོང་པནྡར་ལམབུ་(Pandara Lumb Hotel)བྱ་བའི་མགྲོན་ཁང་དུ་བསུས་ཏེ། དིང་རབས་ཀྱི་ཤེས་ཡོན་དང་ལྟ་བ་སོགས་ལས་བརྩམས་པའི་འཛམ་གླིང་ལེབ་མོའམ་ཟླུམ་པོ་སྐོར་ལ་རྩོད་པ་བྱས་པའི་ལོ་རྒྱུས་ཡོད་པ་དང་། གཞན་ཡང་། ༧རྒྱལ་དབང་མཆོག་གིས་དགེ་ཆོས་ཀྱི་རྒྱ་གར་དུ་ལོ་བཅུ་གཉིས་ཀྱི་འགྲུལ་བཞུད་རྫོགས་ལ་ཉེ་བའི་སྐབས་སུ་བྲིས་པའི་འཕྲིན་ཡིག་དེ་ནི་ཧ་ལས་པ་ཞིག་ཡིན་པ་དང་། དེའི་ནང་དུ་ཁོང་གིས་ནང་ཆོས་དང་དིང་རབས་ཀྱི་ཚན་རིག་གི་སྡེ་ཚན་གང་མང་བར་ལ་ཕན་ནུས་ལྡན་པའི་བགྲོ་གླེང་གི་གླེང་སྟེགས་ཡོད་ཚུལ་བརྗོད་འདུག་ཅེས་གསུངས་ཡོད་པས། ང་ཚོས་དགེ་ཆོས་ཀྱིས་ཚན་རིག་མི་མཁྱེན་པའི་སྡོམ་ཚིག་འགོད་པ་དེ་ད་དུང་རྒྱུ་མཚན་གྱིས་མི་ལྡེང་བས། བརྗོད་གཞི་དེའི་སྐོར་ལ་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས་པར་མཐོང་།

དེ་ནས་ང་ཚོས་ཤེས་དགོས་པ་གཞན་ཞིག་ནི། «འཛམ་གླིང་རྒྱས་བཤད»ནང་འཁོ་ལོམ་འབོག་(Christophe Colomb 1451-1506)གིས་བྱང་ཨ་རི་རྙེད་ནས་ལོ་བཞི་བརྒྱ་སུམ་ཅུ་སོང་ཚུལ་དང་། སྔོན་གྱི་དུས་སུ་བྱང་ཨ་རི་དེ་ཨིན་ཇིའི་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་ནའང་། འཇོར་རྗེ ཝ་ཤིན་ཊོན(George Washington-1732- 1799)ཞེས་པའི་དམག་དཔོན་དེས་དབུ་ཁྲིད་དེ་ཨ་རི་ལ་རང་བཙན་ལ་ཐོབ་ནས་ལོ་བརྒྱ་དང་ཞེ་དྲུག་འགོར་བའི་ཚུལ་བསྟན་པ། ད་དུང་ཡུ་རོབ་ཀྱི་ ཡེ་ཤུའི་ཆོས་པ་ཨོ་སྒྲི་ར་ཁོ་སྡུ་ཕོ་སྒྲི་ནན(Odoric de Pordenone 1286–1331)ཟེར་བ་དེ་བོད་དུ་ཕྱི་ལོ་ ༡༣༣༢ ལོར་སླེབས་ཚུལ་བྲིས་ཤིང་། ཇཱན་གྷུ་བྷར་(Jean Grueber ?-?) དང་བྷེལ་རྗམ་གྱི་ཨ་བྷར་ཊི་སྒྲོལ་བལ་(Albert d’Orville1621-1662)ཟེར་བ་གཉིས་ལྷ་ས་རུ་ཐོན་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་ལྔ་བདུན་སོང་བ། ཨིན་ཇིའི་རྒྱལ་ཁབ་ཀྱི་སྨན་པ་ཐའོ་མཱ མ་ནན་(Thomas Manning 1772 – 1840) ཕྱི་ལོ་ ༡༨༡༡ལོར་ལྷ་ས་ལ་སླེབས་ནས་ལོ་བརྒྱ་དང་བཅུ་གཅིག དེ་ནས་འཇོར་རྗེ བྷོ་གལ་(George Bogle 1746-1781)གཙང་དུ་སླེབས་ནས་ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་སོང་བ་སོགས་བྲིས་ཡོད། དེ་དག་གི་ལོ་ཚིགས་གཞིར་བཞག་ན«འཛམ་གླིང་རྒྱས་བཤད»བརྩམས་པའི་ལོ་ནི་ཕྱི་ལོ་ ༡༩༢༡ ལོར་ཁེལ་ཞིང་། རྩོམ་པ་པོས་ཀྱང་ལོ་དེར་བྲིས་ཚུལ་གསུངས་ཡོད་པ་མཐོང་མོད། འོན་ཀྱང«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོས་བོད་དུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་མཁན་འདི་དག་གི་ལོ་རྒྱུས་བརྗོད་སྐབས་གནས་ཚུལ་རེ་ཟུང་ནོར་འཁྲུལ་ཅན་བྲིས་འདུག་མོད། བརྗོད་གཞི་དེ་དང་འབྲེལ་བའི་རྩོམ་ཡིག་ཅིག་ཕྱོགས་གཞན་དུ་བྲིས་ཡོད་པས་དེ་ལ་གཟིགས་འཚལ་ཞུའོ།།

མདོར་བསྡུས་ན«འཛམ་གླིང་རྒྱས་བཤད»སྤར་སྐྲུན་བྱས་པའི་ལོ་དེ་ནི་ཕྱི་ལོ་ ༡༩༢༢ ཡིན་ཞིང་། སྐབས་དེར་དགེ་ཆོས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཡོད། ཡོངས་གྲགས་སུ་ཁོང་ཕྱི་ལོ་ ༡༩༢༠ ལོའི་ལོ་མགོར་དགུང་གྲངས་བཅོ་བརྒྱད་ལ་སླེབས་དུས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་པ་དང་། ཕྱི་ལོ་ ༡༩༢༨ ལོའི་དགུང་གྲངས་ཉེར་དྲུག་བཞེས་པའི་ལོ་སྟོད་ལ་ཆོས་སྡེ་དེ་དང་ཞལ་གྱེས་ཏེ་དབུས་ལྷ་ལྡན་ཞིང་དུ་ཕེབས་པ་ཡིན་པས། སྐབས་དེར་དགེ་ཆོས་ཀྱིས་དེབ་དེ་འདྲ་ཞིག་བྲིས་པའི་གནས་ཚུལ་དང་དཔང་རྟགས་ཅི་ཡང་མེད་པས། དེབ་དེ་འབྲི་མཁན་ནི་དགེ་ཆོས་མིན་པ་ཟུར་བལྟས་ལེབ་མཐོང་ཡིན་ནོ། །

གསུང་རྩོམ་ཁྲོད་དུ་ཇི་ལྟར་བྱུང་ཚུལ།

«འཛམ་གླིང་རྒྱས་བཤད»ཅེས་པའི་དེབ་དེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བསྟན་བཅོས་ཤིག་མིན་ཚུལ་གོང་དུ་རོབ་ཙམ་གླེང་ཡོད་མོད། འོན་ཀྱང་། དེབ་དེ་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་སླེབས་དགོས་པའི་རྒྱུ་མཚན་ནི། ཕྱི་ལོ་ ༡༩༩༩ ལོར་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས‘‘འཛམ་གླིང་རྒྱས་བཤད’’དེ་དགེ་ཆོས་ཀྱི་གསུང་རྩོམ་སྐོར་ཞིག་དང་མཉམ་དུ་དགེ་ཆོས་ཀྱི་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ལ་བསྐུར་ཡོད་ཅིང་། དེབ་དེའི་རྩོམ་སྒྲིག་པས་རྩོམ་ཡིག་དེ་དགེ་ཆོས་ཀྱི་གསུང་ཡིན་མིན་ལ་བརྟག་དཔྱད་མ་གནང་བར་དགེ་ཆོས་ཀྱི་མཚན་ཐོག་ནས་ཕྱི་ལོ་ ༢༠༠༢ ལོར་སྤར་སྐྲུན་བྱས་འདུག སྤར་དུ་བསྐྲུན་པའི་བསྟན་བཅོས་དེ་དག་ནི་དགེ་ཆོས་སྐུ་གཤེགས་ཁར་ཁོང་གིས་རང་གི་སློབ་མ་ཧོར་ཁང་བསོད་ནམས་དཔའ་འབར(༡༩༡༩-༡༩༩༤)ལ་གླེགས་བམ་ལྕགས་སྒམ་གང་གཏད་པ་དེའི་ཁྲོད་ཀྱི་བརྩམས་ཆོས་སྐོར་ཞིག་ཡིན་ཞིང་། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་ཡབ་ཀྱི་ཁ་ཆེམས་ལྟར་སྔར་སྤར་སྐྲུན་མ་བྱས་པའི་དགེ་ཆོས་རིན་པོ་ཆེའི་གསུང་རྩོམ་འཕྲོ་མ་རྣམས་རྩིས་འབུལ་གནང་བ་དེ་རེད།

འོན་ཀྱང་། སྐབས་དེར་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་སྐུ་ཚ་གཡུང་དྲུང་རྒྱལ་ལ«འཛམ་གླིང་རྒྱས་བཤད»དེ་དགེ་ཆོས་རིན་པོ་ཆེའི་ལྗགས་རྩོམ་ཡིན་མིན་ཞིབ་དཔྱོད་གནང་བར་ཞུ་ཞེས་གསུངས་འདུག་ཀྱང་། «མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ཞེས་པའི་གླེང་གཞིའི་ནང‘‘སྤྱི་ལོ་༡༩༩༩ལོར་ཐུགས་སྐྱེད་ཀྱི་ཁོ་ལག་ཤིན་ཏུ་ཡངས་པའི་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་ཡབ་ཀྱི་ཞལ་ཆེམས་ཇི་བཞིན་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ལྷ་སར་གདན་ཞུས་ཀྱིས་མཁས་དབང་གང་གི་གསུང་རྩོམ་འཕྲོ་མ་ལྕགས་སྒམ་དང་བཅས་པ་རྩིས་འབུལ་གནང་བའི་ཁྲོད་ན«འཛམ་གླིང་རྒྱས་བཤད» «རྒྱ་གར་འཕགས་པའི་ཡུལ་དུ་ནང་བའི་མཆོད་རྟེན་དང་བཅས་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ» «དབུ་མ་ཀླུ་སྒྲུབ་དགོངས་རྒྱན» (ཀླུ་དགོངས་དཔར་དུ་བཀོད་པའི་རྒྱུ་མཚན་དེབ་འདིའི་མཇུག་ཏུ་གསལ) «ཕྲ་བའི་རྣམ་དཔྱོད་ཀྱི་སྒོ་སྟོན་པའི་ཕྱིར་དུ་བློ་ཆུང་ལ་བཞད་གད་ཙམ་སློང་བ» «བྷ་བུ་མཐར་ཕྱིན་ལ་གནང་བའི་ཀ་བཤད» «དཔལ་ལེགས་ལྡན་ནག་པོའི་གླུ་»སོགས་གསེར་ལས་དཀོན་པའི་གསུང་རྩོམ་རྣམས་ཡོད་དོ།།’’[9]ཅེས་གསལ་བ་ལ་བལྟས་ན། ཁོང་གིས་དེབ་དེ་དགེ་ཆོས་ཀྱི་ཡིན་མིན་ལ་གཟིགས་ཞིབ་གནང་མེད་པ་འདྲ་ལ། རྩོམ་སྒྲིག་པས་ཀྱང་རྩོམ་པ་པོ་དགེ་ཆོས་ཡིན་པ་ཐག་བཅད་འདུག

ད་དུང་ཁོང་གིས«འཛམ་གླིང་རྒྱས་བཤད»དེ་དགེ་ཆོས་ཀྱི་ཡིན་པའི་སྒྲུབ་བྱེད་དུ‘‘ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་བཤད་དོ་ཟེར།’’[10]ཞེས་དྲངས་འདུག་ལ། རྩོམ་ཡིག་གཞན་ཞིག་ཏུའང‘‘༢༠༠༧ ལོའི་དབྱར་ཁར་དེབ་དེའི་ཐོག་མའི་རྩོམ་སྒྲིག་པ་རྣམ་དཔྱོད་ཅན་རེབ་གོང་བ་རྡོ་རྗེ་རྒྱལ་ལ དོགས་གཞི་བཅར་འདྲི་ཞུ་སྐབས། ཁོང་གིས་འདི་ལྟར་གསུང་བྱུང་། དགེ་ཆོས་ཀྱིས་ངག་བཅོལ་ལྟར། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་། མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག་ཅེས་གསུང་སོང།’’[11]ཞེས་པ་ལྟ་བུའི་ལོ་རྒྱུས་མཐོང་རྒྱུ་འདུག འོན་ཀྱང་། ཕྱི་ལོ་ ༡༩༢༢ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཏ་ནས་སྤར་སྐྲུན་བྱས་པའི་དེབ་དེའི་མཇུག་བྱང་དུ་བྷ་མ་མིང་ཅན་གྱིས་ཞེས་བྲིས་མི་འདུག དེ་བས། གསར་རྙེད་གསུང་རྩོམ་གྱི་རྩོམ་སྒྲིག་པ་ད་དུང་སྐུ་འཚོ་བཞུགས་སུ་ཡོད་སྟབས། ཁོང་གི་ཕྱག་ཏུ་ཡོད་པའི་མ་ཡིག་དེ་རག་ཐབས་བྱེད་རྒྱུ་ནི་ལས་ཀ་བཟང་པོ་ཞིག་རེད་སྙམ།

ཕྱི་ལོ་ ༡༩༩༠ ལོར་བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་གིས«དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»ཞེས་པའི་གསུང་རྩོམ་སྟོད་སྨད་བར་གསུམ་ཅན་སྤར་སྐྲུན་བྱེད་སྐབས། ཧོར་ཁང་བསོད་ནམས་དཔལ་འབར་གྱིས«འཛམ་གླིང་རྒྱས་བཤད»དགེ་ཆོས་ཀྱི་གསུང་རྩོམ་མིན་པ་མཁྱེན་ཏེ་པར་སྐྲུན་བྱས་མེད་ཚུལ་གྱི་ལོ་རྒྱུས་ཤིག་དྲངས་ན་འདི་ལྟར། ‘‘ཡིན་ནའང་ཕྱག་རྩོམ་དེ་དམ་པ་འདི་ཉིད་ཀྱི་མིན་པར་དོགས་པ་བྱེད་མཁན་ནི་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ཡིན་ཏེ། ཁོང་གིས་དམ་པ་འདི་ཉིད་ཀྱི་གསུང་རྩོམ་དེབ་གསུམ་ཅན་དེ་རྩོམ་སྒྲིག་བྱེད་སྐབས་དམ་པ་འདི་ཉིད་ཀྱི་མཚན་བྱང་མི་གསལ་བ་དང་། གཞན་ཡང«འཛམ་གླིང་རྒྱས་བཤད»ཟེར་བ་དཔེ་མིང་འདྲ་མཚུངས་ཅན་སྤྱི་ཚོགས་སྟེང་འཁྱར་བ་མཐོང་ནས་དགེ་ཆོས་ཀྱི་ཕྱག་རྩོམ་མིན་པའི་ལྟ་ཚུལ་བཏོན་ཞིང་གསུང་རྩོམ་པོད་གསུམ་པའི་ནང་དུ་མ་བསྡུས་པར་ལུས།’’[12]ཞེས་གསལ། དེ་ལྟར་ན།  «འཛམ་གླིང་རྒྱས་བཤད»དགེ་ཆོས་ཀྱི་གསུང་རྩོམ་མིན་པ་མཁྱེན་མཁན་གྱི་མི་སྔ་ཤོས་ནི་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་ཡིན་ལ། ཡིག་ཐོག་ནས་གསལ་ཁ་འདོན་མཁན་ཐོག་མའི་གྲས་ནི་ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ཡིན་པ་དང་། དེ་རྗེས་རྡོ་སྦིས་བློ་བཟང་ཡོན་ཏན་སོགས་བྱུང་བར་འདོད།

གང་ལྟར། «འཛམ་གླིང་རྒྱས་བཤད»དེ་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་བཅུག་པ་རེད་ལ། སྒོ་མང་མཁན་ཟུར་ངག་དབང་ཉི་མའི(༡༩༠༧-༡༩༩༠)གསུང་འབུམ་དུ‘‘ཨེ་ཐ་ལེ་ཡཱ་ཁོ་ལོམ་འབིག་གིས་མཛད་པའི་འཛམ་གླིང་རྒྱས་བཤད་སྐབས་བཟང་དབང་འདུས་ཀྱིས་བོད་སྐད་དུ་བསྒྱུར་ཞིང་། ་་་ ་་་ ’’ [13]ལྟ་བུ་བྲིས་ཡོད་མོད། དེ་ནི་མ་དག་པ་རེད་སྙམ། མཁན་ཟུར་རིན་པོ་ཆེ་མཆོག་ཕལ་ཆེར་དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་ཁུ་སུ་ཁྲོ འཁོ་ལོམ་འབོག (Christophe Colomb 1451-1506) ལགས་ལ་ནོར་ཡོད་པ་འདྲ་ལ། ཁོང་ནི་འཇིག་རྟེན་གྱི་ཁམས་ཟླུམ་པོའམ་རིལ་རིལ་ཡིན་པའི་གནས་ཚུལ་ཐོག་མར་གསུང་མཁན་དང་། ཡུ་རོབ་ནས་ཨ་མི་རི་ཀའི་ས་ཐོག་ཏུ་འབྱོར་མཁན་གྱི་ཡུ་རོབ་ཀྱི་མི་དང་པོ་དེ་རེད། དེ་བཞིན་དུ་སྐུ་ཞབས་མེ་ལྕེ་ལགས་ཀྱིས་ཀྱང‘‘དེབ་འདིར« འཛམ་གླིང་རྒྱས་བཤད »དང« རྒྱ་གར་འཕགས་པའི་ཡུལ་དུ་ནང་བའི་མཆོད་རྟེན་དང་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ» «བཙོན་ནས་ཧོར་ཁང་ལ་གནང་བའི་ཕྱག་བྲིས» «བྷ་བུ་མཐར་ཕྱིན་ལགས་ལ་གནང་བའི་ཀ་བཤད»སོགས་སྔར་མཐོང་མ་མྱོང་བའི་གསུང་རྩོམ་དག་བསྡུས་འདུག་ལ། གཞན་ཡང་དགེ་འདུན་ཆོས་འཕེལ་མཆོག་གི་ཕྱག་བྲིས་བསྟར་མ་སྣ་ཚོགས་ཀྱང་བསྡུས་འདུག’’[14]ཅེས་གསུངས་ཡོད་པ་མཐོང་། ད་དུང་ལྗགས་རྩོམ་འདི་དགེ་ཆོས་ཀྱི་ཡིན་ཚུལ་བྲིས་པའི་དེབ་གཞན་ཡང་མཐོང་མོད། དེ་དག་རེ་རེ་ཞུ་བའི་དགོས་པ་མི་འདུག་དྲན།

མི་ལོ་སུམ་ཅུའི་སྔོན་ནས་ད་ལྟའི་བར་དུ། དགེ་ཆོས་ཀྱི་གསུང་འབུམ་ཁྲོད་དུ་ཡོད་པའི«འཛམ་གླིང་རྒྱས་བཤད»ཀྱི་སྐོར་ལ་དོགས་པ་སླེབས་མཁན་གྱི་མི་སྣ་ཁ་ཤས་བྱུང་མོད། ཁོང་ཚོས་རྩོམ་པ་པོ་དེའི་བོད་མིང་སྨྲས་པ་ཙམ་ལས་དོན་དངོས་སུ་མི་སུ་ཡིན་མིན་འཁྲུན་ཐག་ཆོད་མེད། རྡོ་སྦིས་བློ་བཟང་ཡོན་ཏན་ལགས་ཀྱིས‘‘འོ་ན་དགེ་ཆོས་ཀྱི་གསུང་འབུམ་ནང་གི་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་ན༌། སུས་བྲིས་བ་རེད་དམ་ཟེར་ན༌། དགེ་ཆོས་མ་ཡིན་པའི་མཁས་བ་ཆེན་པོ་བོད་ཀྱི་ཡི་གེ་དང༌། ཁྱད་པར་ནུབ་ཀྱི་ལྟ་གྲུབ་ལ་མཁས་བ་ཞིག་གིས་རབ་བྱུང་བཅོ་ལྔ་བའི་མཇུག་ཏུ་བརྩམས་པར་ངེས་མོད༌། ཉེ་ལམ་མཐའ་ཅིག་ཏུ་འདིའོ་ཞེས་དཀའ་བ་ཤིག་ཏུ་སྣང་ཡང༌་། གོང་ཏུ་ཁྱེད་བོད་པ་ཚོར་ཞེས་བོད་མ་ཡིན་པ་འདྲ་བོ་ཤིག་དང་༌། རྗེས་སུ་ཡང་རྨའི་མིང་ཅན་གྱིས་སོགས་བྲིས་ཡོད་སོགས་ལ་བརྟེན་ན་བོད་རིགས་མ་ཡིན་པའི་མཁས་བ་ཆེན་པོ་ཡིན་ནམ་སྙམ།’’[15]ཞེས་གསུངས། ཕྱི་ལོ་༢༠༡༥ལོར་ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱིས་བྲིས་པའི‘‘སྒྲོལ་དཀར་བྲིས་ཐང་དང་འཛམ་གླིང་རྒྱས་བཤད’’ཅེས་པའི་རྩོམ་ཡིག་ཅིག་སྤེལ་བ་དེའི་ནང་དུ‘‘རྩོམ་པ་པོ་ནི་ཡེ་ཤུ་ཆོས་སྤེལ་མཁན་ཡིན་པའི་ཨ་རིའི་བུད་མེད་ཅིག་སྟེ་མིང་ལ་བསོད་ནམས་གཡང་འཛོམ(འདི་མོའི་བོད་མིང་ཡིན་པ་ལས་ཨ་རིའི་མིང་མིན་པར་འདོད)ཟེར་བ་ཞིག་གིས་བསྒྲིགས་པ་དང་། འབའ་ཐང་བ་སྐལ་བཟང་དབང་འདུས་ནས་བོད་ཡིག་ཏུ་བསྒྱུར་བ་དང་། ས་ཁྲ་དང་དཔེ་རིས་རྣམས་ནི་སྐལ་བཟང་ཚེ་རིང་གིས་བྲིས་ཞེས་འཁོད་ཡོད་པ་མ་ཟད། དཔེ་ཆ་དེ་ནི་སྤྱི་ལོ་1922ལོར་དཔར་དུ་བཏབ་ནས་འགྲེམས་སྤེལ་བྱས་ཚར་འདུག’’[16]ཅེས་གསལ་མོད། རྩོམ་པ་པོའི་ལོ་རྒྱུས་སོགས་མི་གསལ་བས་གཤམ་དུ་དེའི་སྐོར་གང་ཐུབ་ཀྱིས་ཞུ་བར་འབད་དོ། །

«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ།

 ལོ་ཤས་ཀྱི་སྔོན་ནས་བཟུང་སྟེ། ཁོ་བོས་བོད་དུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་ལོ་རྒྱུས་བཙལ་འཚོལ་བྱས་པའི་བརྒྱུད་རིམ་ཁྲོད་དུ་བརྗོད་གཞི་འདི་འབྲེལ་གྱི་རྩོམ་ཡིག་རེ་ཟུང་བྲིས་པའི་ཁུལ་ཡིན་མོད། བོད་མིང་ལ‘‘བསོད་ནམས་གཡང་འཛོམས’’ཟེར་བའི་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་བྱུང་བ་ཁྱོན་ནས་མ་མཐོང་།

མཁས་དབང་དུང་དཀར་རིན་པོ་ཆེའི(༡༩༢༧-༡༩༩༧)གསུང་འབུམ་དུ‘‘ཅོ་ནེའི་བཀའ་བསྟན་ཆ་ཚང་གཅིག་ཨ་རིར་གདན་དྲངས་པའི་སྐོར་ལ་ཇོ་སེབ་རོག་གིས་བྲིས་པའི‘‘འཛམ་གླིང་རྒྱས་བཤད’’བརྙན་དེབ་ཨང་༥༤པའི་ནང་དུ‘‘ཅོ་ནེའི་བླ་མ་ཚོའི་ཐུན་མོང་གི་འཚོ་བའི་གནས་ཚུལ’’ཞེས་པ་དེར་གསལ་ཡོད་སྐད།’’[17]ཅེས‘‘འཛམ་གླིང་རྒྱས་བཤད’’འབྲི་མཁན་འདི་ལྟ་བུ་བྲིས་ཡོད་པ་མཐོང་ནའང་། ཁོང་ནི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཁྲོད་དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»འབྲི་མཁན་དེ་མ་རེད། ཨ་རི་བ་དེའི་མིང་ལ་རྗེ་ཎེ་ཌི (Janet Elliott Wulsin 1894–1963) ཟེར་ཞིང་། དུས་རབས་ཉི་ཤུ་པའི་དུས་མགོར་ཨ་མདོ་ཅོ་ནེ་དགོན་པར་འབྱོར་བའི་བུད་མེད་ཅིག་རེད། སྐབས་དེར་ཁོ་མོའི་མཉམ་དུ་རང་གི་ཁྱོ་ག་ཧྥུ་ཌེ་རེ་ཁུ(Frederick Wulsin 1891 – 1961)ལགས་ཀྱང་སླེབས་འདུག མཁས་དབང་དུང་དཀར་ཚང་གིས་གསུངས་པའི«འཛམ་གླིང་རྒྱས་བཤད»( (National Geographic ) ཅེས་པ་ནི་སྒེར་དེབ་ཅིག་མིན་ནའང་། ཕྱི་ལོ་༡༩༢༦ལོར་རྗེ་ཎེ་ཌི(Janet Elliott Wulsin) ཡིས་དུས་དེབ་དེའི་སྟེང་དུ་རྩོམ་ཡིག་ཅིག་སྤེལ་ཡོད་པ་བདེན་པ་རེད།

དེས་ན། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་ཞེ་ན། དེ་ནི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན (Flora Shelton1871-1966 )ལགས་ཡིན་ཞིང་། དེབ་དེའི་མ་ཡིག་གི་མདུན་ཤོག་ན་རྩོམ་པ་པོ་དང་སྒྲིག་པ་པོ་ནི་Mrs A.L.SHELTON ཡིན་ཞེས་འཁོད་ཡོད། སྤྱིར་བཏང་  A.L.SHELTON ཞེས་པ་ཁོ་མོའི་ཁྱོ་གའི་མིང་ཡིན་མོད། མིང་གི་སྔོན་ལ་ལྕམ་སྐུ་སྦྱར་ཡོད་པ་དེས་རྩོམ་པ་པོ་ནི་ཧྥུ་ལོ་ར ཞ་ཌིན་ཡིན་པ་སྟོན། ཁོ་མོས་དེ་ལྟར་གནང་དོན་ལ་རྒྱུ་མཚན་ཡོད་དེ། སྔ་མོར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་མ་རྒྱུད་གཙོ་བོར་བརྩི་ཞིང་། ཨ་མའི་མིང་ཟུར་ནས་དྲས་ཏེ་བུ་རྣམས་ལ་འདོགས་པར་བྱེད། ཕྱིས་སུ་དེ་ལ་རིམ་གྱིས་འགྱུར་ལྡོག་བྱུང་སྟེ་ཕ་རྒྱུད་གཙོ་བོར་འཛིན་ཞིང་ཕའི་མིང་ཟུར་ནས་དྲས་ཏེ་བུ་དང་བུ་མོ་རྣམས་ལ་འདོགས་སྲོལ་བྱུང་། དེ་བཞིན་དུ་ཕོ་མོ་གཉིས་གཉེན་སྒྲིག་བྱས་རྗེས་བཟའ་ཟླ་མོ་ཡིས་བཟའ་ཟླ་ཕོ་ཡི་མིང་ཟུར་དྲས་ཏེ་རང་གི་ཕ་རྒྱུད་ཀྱི་རུས་མིང་བརྗེ་བ་དང་། བུད་མེད་རེ་ཟུང་གིས་རང་གི་ཁྱོ་གའི་མིང་ཆ་ཚང་ལེན་མཁན་ཡང་ཡོད། ད་དུང་འདི་ལ་ཕོ་མོའི་ཐོབ་ཐང་སོགས་ཀྱི་སྐོར་ནས་ཀྱང་གླེང་རྒྱུ་ཡོད།

གང་ལྟར། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་ནི་ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན་ལགས་རེད་ལ། དེབ་མིང་ཆ་ཚང་ལ་བོད་སྐད་དུ‘‘འཛམ་གླིང་རྒྱས་བཤད་ཞེས་བྱ་བ་བཞུགས་སོ། ཆ་འདིའི་ནང་ན་བོད་མི་རྣམས་ཀྱི་དོན་ལ་ཚོ་རིགས་དང་འཟིག་ན་རྟེན་གྱི་སྐོར་ལ་དོན་སྙིང་ལས་སླ་པོ་ཁ་ཤས་དང་། ས་ཁྲ་དང་། དཔེ་རྣམས་བསྟན་པའོ།’’ཞེས་འཁོད་འདུག་ལ། སྒྱུར་མཁན་སོགས་ཀྱི་སྐོར་ལའང‘‘འབའ་ཏང་ཡུལ་ཞེས་པའི་སྐལ་བཟང་དབང་འདུས་ཀྱིས་བོད་སྐད་དུ་གྱུར་བ་དང་། ས་ཁྲ་དང་། དཔེ་རྣམས་ནི་སྐལ་བཟང་ཚེ་རིང་གིས་གང་ཀ་རྩམ་དུ་བྲིས་པའོ།།’’[18]ཞེས་གསལ།

དེབ་འདི་འབྲི་དགོས་དོན་ནི། ‘‘ཨ་མེརི་ཀན་ཡུལ་གྱི་ནང་ལ་བོད་མི་རྣམས་ལ་དགའ་བའི་མི་མང་པོ་ཡོད་པ་རེད། དེ་རྣམས་ཀྱིས་བོད་མི་རྣམས་ལ་རོགས་རམ་བྱེད་པའི་འདོད་པ་ཆེན་པོ་ཡོད་པས། དེ་རྣམས་ཀྱི་ནང་ནས་འདྲ་འབོལ་ཡུ་ཨེཆ་ཨཀེས་བྱ་བའི་ས་ཧེབ་དང་མེམ་ས་ཧེབ་པོ་མི་ན་ཀ་ལི་ཕོར་ནི་ཨ་ལ་བཞུགས་པ་གཉིས་ཀྱིས་རོགས་རམ་གྱི་སྒོ་ནས་བོང(བོད)མི་རྣམས་ལ་ཕན་ཕྱིར་དཔེ་ཆ་འདི་འཇིག་རྟེན་བཀོད་པ་པོ་དང་ཁོང་གི་སྲས་ཡེ་ཤུ་མ་ཤི་ཀ་དོན་ལ་བྲིས་པའོ། །’’[19]ཞེས་དེབ་དེའི་མདུན་ཤོག་ནང་མར་བྲིས་འདུག

བོད་སྐད་དུ་རྩོམ་མཁན་གྱི་མིང་སོགས་གསལ་པོར་བྲིས་མེད་མོད། ཨིན་ཡིག་ཏུ‘‘ GEOGRAPHY : CONTAINING A FEW SIMPLE FACTS ABOUT NATURE AND THE WORLD , FOR TIBETANS. WITH MAPS AND ILLUSTRATIONS . WRITTEN AND ARRANGED BY MRS . A.L. SHELTON. TIBETAN TRASLATION AND INTERPRETATION BY GEZONG ONGDU OF BATANG . MAPS AND ILLUSTRATIONS NEARLY ALL DRAW BY GEZONG TSERING.’’ཞེས་ཧ་ཅང་ཁ་གསལ་བ་ཞིག་བྲིས་ཡོད་ཅིང་། ཨིན་ཡིག་ཤན་སྦྱར་འདི་ལ་བལྟས་ན་དེབ་འདིའི་རྩོམ་པ་པོ་དང་སྒྲིག་པ་པོ་གཉིས་ནི་ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན་ཡིན་པ་རྟོགས་ཐུབ།

ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན་གྱི་བོད་མིང་ལ་བསོད་ནམས་གཡང་འཛོམས་ཡིན་པའི་བདེན་དཔང་གཞན་ཞིག་ནི། ཁོ་མོས་བརྩམས་པའི«ལྷ་མོའི་རྣམ་ཐར»དུ་འདི་ལྟར་བྲིས་ཡོད་དེ། ‘‘དཔེ་སྣ་ཚོགས་འདི་ཁྱོད་བོད་མིའི་ཕྲུ་གུ་རྣམས་དགའ་བ་ཨེ་སྐྱེད་རེ་བ་ཀྱི་བྱིན་པ་ཡིན་པས་ འདི་ལ་སྤྲོ་བ་བྱོས་ཤིག་ ངེད་ཀྱི་ཕྲུ་གུ་རྣམས་དགའ་མགུ་རང་བ་ལགས་ འབའ་ནས་བསོད་ནམས་གཡང་འཛོམ་གྱི་སྒྲིག་སྟེ་ བྲིས་པ་སྐལ་བཟང་དབང་འདུས་ནས་ཕྱི་སྐད་བོད་ལ་བསྒྱུར་ནས་ ཤིང་རྟ་ཧོར་ཟླ་༨པའི་ཚེས་ལ་གཏན་ལ་ཕབ་བོ།། ’’[20] ཞེས་བྲིས་པ་འདི་ཡིན་ནོ། །

ད་ནི། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་ཞུ་ཁུལ་བྱས་ན། ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ནི་ཕྱི་ལོ་ ༡༨༧༡ ལོར་ཨ་རིའི་ནུབ་དབུས་ཀྱི་ས་ཆ་ཀང་ས་ཟི(Kansas)ཞེས་པའི་ཡུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༡༨༩༧ ལོར་ཨ་བྷལ ལེ་རོ ཞ་ཌིན (Albert LeRoy Shelton1875-1922)མཉམ་དུ་གཉེན་སྒྲིག་བྱས། ཕྱི་ལོ་ ༡༩༠༣ ལོར་ཧྥུ་ལོ་ར་ཞ་ཌིན་ལགས་ཁྱོ་ག་དང་ལྷན་དུ་ཁམས་དར་མདོ་ཕྱོགས་སུ་སླེབས་ཡོད་ཅིང་། རིམ་བཞིན་ཊོ་རོ་ཌི (Dorothy1904-1997) དང་ཊོ་རེ་སི(Dorris) ཞེས་པའི་བུ་མོ་གཉིས་སྐྱེས་འདུག སྐབས་དེར་ཁམས་ཕྱོགས་སུ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོར་འགྲོ་འདུག་རང་དབང་ཆེན་པོ་མེད་ནའང་། ཁོང་ཁྱོ་ཤུག་གཉིས་ཀྱིས་ཐབས་ཤེས་སྣ་ཚོགས་སྤྱད་དེ་འབའ་ཐང་དུ་བཙུགས་པའི་ཡེ་ཤུའི་ཆོས་ཚོགས་ཤིག་ཏུ་བསྡད་དེ་འཚོ་བ་རོལ་འདུག

ཕྱི་ལོ་ ༡༩༠༨ ནས་བཟུང་ཁོང་གི་ནང་མི་རྣམས་འབའ་ཐང་དུ་གཞིས་ཆགས་པར་བཤད་ཅིང་། ཕྱི་ལོ་༡༩༡༢ ལོར«བོད་མཐའ་མཚམས་ཀྱི་ཉི་འོད་དང་གྲིབ་ནག» (Sunshine and Shadow on the Tibetan Border)ཅེས་པའི་དེབ་ཅིག་བརྩམས། ཕྱི་ལོ་༡༩༢༢ལོར«འཛམ་གླིང་རྒྱས་བཤད»(GEOGRAPHY )དང«ལྷ་མོའི་རྣམ་ཐར»( Lha-mohi rnams-thar, A Story Book For Tibetan Boys And Girls Being Translations Of Fairy Stories And Fables Including The Story Of Esther)གཉིས་སྤར་སྐྲུན་བྱས་པར་མ་ཟད། ཕྱི་ལོ་ ༡༩༢༣ ལོར་ཁོ་མོས་རང་ཉིད་ཀྱི་ཁྱོ་གའི་ལོ་རྒྱུས་ཤིག་སྟེ«བོད་ཀྱི་ཞ་ཌིན»( Shelton of Tibet )ཞེས་པའང་བརྩམས། ཡང་། ཕྱི་ལོ་ ༡༩༢༩ ལོར«ཤམ་བྷ་ལ་ནས་བྱུང་བའི་གླུ»(The Chants From Shangri-La)ཞེས་པ་ཨིན་སྐད་དུ་བསྒྱུར་ཡོད་ཅིང་། ཕྱི་ལོ་༡༩༥༡ལོར་སྔར་ཁོ་མོས་རང་གི་ཁྱོ་ག་དང་མཉམ་འབྲེལ་གྱིས་བརྩམས་པའི«བོད་ཀྱི་དམངས་ཁྲོད་གཏམ་དཔེ» ( Folk Tales of Tibet)ཞེས་པའི་དེབ་དེ་སྤར་སྐྲུན་བྱས། མཐར་ཕྱི་ལོ༡༩༦༦ལོར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡ་ཞེས་གྲགས་པ་དེ་རུ་འདས་གྲོངས་སུ་གྱུར།[21]

ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱིས་ཕྱི་ལོ་ ༡༩༠༤ ལོ་ནས་བཟུང་བོད་ཡིག་སྦྱངས་ཡོད་པའི་ལོ་རྒྱུས་ཡོད་ཅིང་། ཁོ་མོའི་བོད་ཡིག་དགེ་རྒན་ནི«འཛམ་གླིང་རྒྱས་བཤད»བོད་ཡིག་ཏུ་སྒྱུར་མཁན་སྐལ་བཟང་དབང་འདུས་ཞུ་བ་ལགས་རེད། ཁོང་གི་ལོ་རྒྱུས་སོགས་བཙལ་འཚོལ་བྱས་ཀྱང་ཐོར་རེ་བ་ཙམ་ལས་མ་རྙེད་མོད། «བོད་ཐོག་འཛིན་པའི་ལྟ་ཚུལ་གསར་པ»(Pioneering on Tibet)ཞེས་པའི་དེབ་[22]ཏུ་ཁོང་ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་བོད་ཡིག་དགེ་རྒན་དུ་ཇི་ལྟར་གྱུར་ཚུལ་དང་། དེ་ནས་མོའི་ལས་རོགས་སུ་་གྱུར་ཚུལ་གྱི་ལོ་རྒྱུས་སོགས་ཀྱང་བྲིས་འདུག གཞན་ཡང་། «ཤམ་བྷ་ལ་ནས་བྱུང་བའི་གླུ»ཞེས་པའི་དེབ་ཀྱི་གླེང་བརྗོད་[23]དུའང་སྐལ་བཟང་དབང་འདུས་ལགས་ཀྱིས་ཨ་བྷལ ལེ་རོ ཞ་ཌིན་བཟའ་ཟླ་གཉིས་ལ་ཡིག་སྒྱུར་ཐད་ལ་ཕྱག་ལས་གནང་ཞིང་། ཁོང་གཉིས་ཀྱི་བོད་ཡིག་དགེ་རྒན་ཡིན་པའི་ལོ་རྒྱུས་སོགས་ཀྱང་གསལ་པོར་བྲིས་ཡོད་པ་མཐོང་།

ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱིས་བོད་ཤར་ཕྱོགས་ཀྱི་དམངས་གླུ་སྐོར་ཞིག་བོད་སྐད་ནས་ཨིན་སྐད་དུ་བསྒྱུར་པའི«ཤམ་བྷ་ལ་ནས་བྱུང་བའི་གླུ»ཞེས་པ་སྤར་དུ་བསྐྲུན་ཡོད་ཅིང་། ད་དུང་སྐལ་བཟང་དབང་འདུས་ཀྱི་རོགས་རམ་འོག«ལྷ་མོའི་རྣམ་ཐར»ཞེས་པའང་བོད་སྐད་དུ་བསྒྱུར་ནས་སྤར་སྐྲུན་བྱས་ཡོད་པར་བརྟགས་ན། ཁོ་མོའི་བོད་ཡིག་གི་ཤེས་ཚད་ཧ་ཅང་ཡག་པོ་ཡོད་པར་སྣང་མོད། འོན་ཀྱང་། ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་དང་། སྐལ་བཟང་དབང་འདུས་ལགས། སྐལ་བཟང་ཚེ་རིང་ལགས་གསུམ་གྱིས་མཉམ་འབྲེལ་གྱིས«འཛམ་གླིང་རྒྱས་བཤད»སྐོར་ལ་ཕྱག་ལས་ཇི་ལྟར་གནང་ཚུལ་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་བལྟས་ཀྱང་གནས་སྐབས་རིང་མ་རྙེད་ཀྱང་། «འཛམ་གླིང་རྒྱས་བཤད»ཀྱི་གླེང་གཞིའི་ནང་དུ་དེབ་དེར་མཐུན་འགྱུར་གནང་མཁན་གྱི་མི་སྣ་གཞན་གྱི་མཚན་ཡང་སྨྲས་འདུག

འོ་ན། གལ་སྲིད་དགེ་འདུན་ཆོས་འཕེལ་གྱི་ཕྱག་ཏུ«འཛམ་གླིང་རྒྱས་བཤད»ཐོབ་ཡོད་ན་ཇི་ལྟར་རག་པ་ཡིན་ནམ་ཞེ་ན། ཕལ་ཆེར་ཁོང་རྒྱ་གར་དུ་བཞུགས་དུས་ཐོབ་ཡོད་སྲིད་ལ། ཕྱི་ལོ་ ༡༩༤༤ ལོའི་སྔ་རྗེས་ཀུན་ཏུ་ཁོང་ཀལ་ཀ་ཏར་རྒྱུན་བཞུགས་བསྐྱངས་ཡོད་པའི་སྐབས་དེ་འདྲ་ཞིག་ལ་རག་ཡོད་པའི་ཚོད་དཔག་བྱེད་རྒྱུ་ལས་མ་འདས། འོན་ཀྱང་། དེབ་འདིའི་བུ་ཡིག་གི་ཡིག་གཟུགས་ནི་དགེ་ཆོས་ཀྱི་རེད་ཟེར་བ་དེས་མགོ་རྙོག་ཅན་དུ་བསྒྱུར་འདུག

སྐབས་འདིར་གནས་ཚུལ་གཞན་ཞིག་ཞུས་ན། «མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ནང་གི«འཛམ་གླིང་རྒྱས་བཤད»ནི་ཕྱི་ལོ་༡༩༢༢ ལོར་ཀལ་ཀ་ཏ་ནས་་སྤར་སྐྲུན་བྱས་པའི་དེབ་དེའི་ནང་གི་ལེའུ་ཁ་ཤས་རེད། ཁོ་བོའི་ལག་ཏུ་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་སྐུ་ཚ་གཡུང་དྲུང་རྒྱལ་ལ་ཕུལ་བའི«འཛམ་གླིང་རྒྱས་བཤད»དེ་མ་རག་པས། མ་ཡིག་དང་བུ་ཡིག་གཉིས་ཀྱི་གཤིབ་བསྡུར་གྱི་ལས་ཀ་དེ་སྐབས་གཞན་ཞིག་ཏུ་བཞག་པ་ཡིན་ནོ།།

རྩོམ་པ་པོའི་ནང་མི།

«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོའི་ཁྱོ་ག་ཨ་བྷལ ལེ་རོ ཞ་ཌིན་ནི་ཕྱི་ལོ་ ༡༨༧༥ ལོར་ཨ་རིའི་ཨིན་ཌི་ཡ་ན་ཞེས་པའི་གྲོང་ཁྱེར་དུ་སྐྱེས་འདུག་ལ། ཁོང་ནི་སྨན་པ་དང་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཞིག་རེད།

ཕྱི་ལོ་ ༡༩༠༣ ལོར་Foreign Christian Missionary Society ཞེས་པའི་ཆོས་ཚོགས་ཀྱིས་མངགས་བཀོད་ལྟར་རྒྱ་ནག་ཏུ་སླེབས་ཏེ། ལྕམ་སྐུ་ཟོ་ཛིས་ཁར་ཟོན(Susanna Carson Rijnhart 1868 – 1908)ལགས་དང་ལྷན་དུ་ཁམས་འབའ་ཐང་ཕྱོགས་སུ་ཕེབས་ཏེ་ཡུལ་དེའི་མི་རྣམས་ལ་སྨན་བཅོས་བྱས་འདུག ཁོང་གིས་ཁམས་ཕྱོགས་ཀྱི་བོད་མི་ཚོར་སྨན་བཅོས་དང་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གནང་ཞོར་དུ་བོད་ཀྱི་དངོས་རྫས་རྙིང་པ་དང་ཐང་ག་སོགས་ཀྱིས་མཚོན་པའི་བོད་ཀྱི་གནའ་བོའི་དངོས་རྫས་རིན་ཐང་བྲལ་བ་དག་བསྡུ་གསོག་ཀྱང་བྱས་ཡོད། ཨ་བྷལ ལེ་རོ ཞ་ཌིན་ཚང་ཁམས་ཕྱོགས་སུ་འབྱོར་ནས་མི་ལོ་བཅུ་དགུ་རིང་ཨ་རིར་ཐེངས་གཉིས་ལོག་ཡོད་ཅིང་། ཕ་ཡུལ་དུ་ལོག་ཐེངས་རེར་བོད་ཀྱི་གནའ་རབས་ཀྱི་དངོས་རྫས་དག་ཨ་རིའི་འགྲེམས་སྟོན་ཁང(New Jersey Museum)ལ་བཙོངས་པར་བཤད། ཕྱི་ལོ་༡༩༢༡ ལོར་ཁོང་གིས་ཨ་རིའི«འཛམ་གླིང་རྒྱས་བཤད»(National Geographic ) སྟེང་དུ‘‘བོད་ཤར་ཕྱོགས་ཀྱི་ཡུལ་མི་རྣམས་ཀྱི་མི་ཚེ’’ཞེས་པ་བྲིས་ཏེ་སྤེལ་ཡོད་ཅིང་། ལོ་དེར«བོད་ཐོག་འཛིན་པའི་ལྟ་ཚུལ་གསར་པ»ཞེས་པའི་དེབ་དེ་ཡང་སྤར་སྐྲུན་བྱས་ཡོད།

ཕྱི་ལོ་ ༡༩༢༡ ལོར་ཁོང་འབའ་ཐང་དུ་ཕྱིར་ལོག་གནང་སྟེ། ལྷ་སར་འགྲོ་བར་སྟ་གོན་བྱས་ཡོད་པར་མ་ཟད། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཀྱང་ཁོང་ལྷ་སར་ཡོང་ཆོག་པའི་ཆོག་མཆན་ཕྱག་ཡིག་སྩལ་ཡོད། ‘‘འབའ་སྟོད་རྨིའི་གོའི་ཨེམ་རྗེ་ཧྲི་ཅན་པི་ལ་སྤྲོད’’ཅེས་པའི་ཕྱག་ཡིག་དེ་དིང་སང་ཡང་མཇལ་རྒྱུ་ཡོད། འོན་ཀྱང་། སྟབས་མ་ལེགས་པར་ཕྱི་ལོ་ ༡༩༢༢ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ཁམས་ཕྱོགས་ཀྱི་སྒར་ཐོག་ཅེས་པའི་ཡུལ་དེའི་ལམ་བར་ནས་ཇག་པས་མེ་མདའ་བརྒྱབ་སྟེ་བསད་འདུག[24] [25] སྐབས་དེར། ཁོང་གི་བཟའ་ཟླ་ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་རྒྱ་གར་ཀལ་ཀ་ཏར་ཡོད་ཅིང་། ཁོ་མོས«འཛམ་གླིང་རྒྱས་བཤད»དང«ལྷ་མོའི་རྣམ་ཐར»སོགས་སྤར་སྐྲུན་བྱེད་བཞིན་ཡོད།

ཁོང་བཟའ་ཟླ་གཉིས་ཀྱི་བུ་མོ་ཆུང་བ་ཊོ་རེ་སི(Dorris) ལགས་ཀྱི་ལོ་རྒྱུས་ཐར་ཐོར་ཙམ་ལས་མི་གསལ་མོད། ཡིག་ཆ་རེ་ཟུང་དུ་འཁོད་པ་ལྟར་ན་མོས་པར་ལེན་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་ཕྱོགས་ལ་ཕྱག་ལས་གནང་ཡོད་པར་མངོན། བུ་མོ་ཆེ་བ་ཊོ་རོ་ཌི (Dorothy1904-1997)ལགས་ཡེ་ཤུའི་ཆོས་སྤེལ་མཁན་དང་། རྩོམ་པ་པོ་ཞིག་ཏུ་གྱུར་ཏེ། ཕྱི་ལོ་༡༩༣༠-༡༩༤༠ལོའི་བར་ཁོ་མོས་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཅན་གྱི་དེབ«བོད་ནང་གི་སའོ»(Sue in Tibet)ཞེས་པ་བརྩམས་ཏེ་སྤར་སྐྲུན་བྱས་[26]ཤིང་། དེབ་དེ་སྐད་གྲགས་ཆེན་པོ་རྒྱས་སྐད། མི་ཚེའི་མཐའ་ལ་སླེབས་སྐབས་རྒྱ་གར་དུ་ཕེབས་ཏེ་ཕྱི་སྡོད་བོད་མི་རྣམས་ལ་རོགས་རམ་གནང་བའི་ལོ་རྒྱུས་ཡོད་ཅིང། དེ་ནི་ལེའུ་གཞན་ཞིག་རེད་ཅེས་ཞུའོ། ། ཁ་བྲོ། བཀྲ་ཤིས།

དཔྱད་ཡིག་དང་ཞབས་མཆན། 

 

[1] སྦྲེལ་ཐག་འདི་ན་ http://www.tsanpo.com/forum/10488.htmlགསལ།

[2] སྦྲེལ་ཐག་འདི་ན་http://www.tibetcm.com/contemporary/critical/2014-12-11/3272.html  གསལ།

[3] ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱི་སྐད་འཕྲིན་གྱི་བར་སྟོང་དུ་སྤེལ་འདུག ཁོང་གིས་བརྗོད་གཞི་ལས་འཕྲོས་ཏེ་གསལ་བཤད་རྩོམ་ཡིག་གཞན་ཡང་སྤེལ་འདུག

[4] བོད་རིག་པའི་མཁས་པ་དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་བསམ་བློ་ཞིབ་འཇུག བུ་བཞི་བསམ་པའི་དོན་གྲུབ་དང་འབྲུག་མོ་གཉིས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་གྲངས་༤༨༤ནས་༥༣༠བར་གསལ།

[5] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༠

[6] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༠

[7] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༣༤

[8] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་༡༥༧

[9] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས ༨

[10] སྦྲེལ་ཐག་འདི་ན་http://www.tsanpo.com/forum/10488.htmlགསལ།

[11] སྦྲེལ་ཐག་འདི་ན་http://www.tibetcm.com/contemporary/critical/2014-12-11/3272.html  གསལ།

[12] བོད་རིག་པའི་མཁས་པ་དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་བསམ་བློ་ཞིབ་འཇུག བུ་བཞི་བསམ་པའི་དོན་གྲུབ་དང་འབྲུག་མོ་གཉིས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ཤོག་གྲངས་༥༡༧

[13] ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་གདན་རབས་སོ་གཉིས་པ་རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། ངག་དབང་ཉི་མ། པོད་གསུམ་པ།  དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད། ༢༠༠༣ ཤོག་གྲངས་ ༦༥༤

[14] ཚེར་མའི་ལམ་གྱི་ང་རོ། མེ་ལྕེས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་ ༧༨

[15] སྦྲེལ་ཐག་འདི་ན་http://www.tibetcm.com/contemporary/critical/2014-12-11/3272.html  གསལ།

[16] སྦྲེལ་ཐག་འདི་ན་ http://www.tsanpo.com/forum/10488.html གསལ།

[17] དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༧ ཤོག་གྲངས་ ༣༤༥

[18] བདེ་སྦྱིན་བཟང་མོ(Heather Stoddard)ལགས་ཀྱིས་ཕྲན་ལThe Baptist Mission Press ཟེར་བའི་ཡེ་ཤུའི་ཆོས་ཚོགས་ཀྱི་མིང་ཐོག་ནས་པར་སྐྲུན་བྱས་པའི«འཛམ་གླིང་རྒྱས་བཤད»ཀྱི་ཡིག་ཆ་འགའ་དང་། གྲོགས་རེབ་གོང་བཀྲ་ཤིས་ལགས་ཀྱིས་ཀྱང་དེབ་དེ་སྤར་བླངས་ནས་བསྐུར་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

[19] འཛམ་གླིང་རྒྱས་བཤད་ཞེས་བྱ་བ་བཞུགས་སོ།  The Baptist Mission Press 1922 མདུན་ཤོག་གི་ཤོག་ངོས་ནང་མར་བྲིས་འདུག

[20] ལྷ་མོའི་རྣམ་ཐར། CALCUTTA.  The Baptist Mission Press 1922 མདུན་ཤོག་གི་ཤོག་ངོས་ནང་མར་བྲིས་འདུག

[21] https:// exploringtibet.wikischolars.columbia.edu/Flora+BealShelton (ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་ལོ་རྒྱུས་རྒྱས་པ«བོད་ཐོག་འཛིན་པའི་ལྟ་ཚུལ་གསར་པ»ཞེས་པའི་ནང་གསལ། ཁོ་མོའི་འདྲ་སྤར་ཞིག་ཨེ་རག་སྙམ་སྟེ་གང་ས་གང་དུ་བཙལ་འཚོལ་བྱས་ཀྱང་མ་རྙེད། འོན་ཀྱང་། «བོད་མཐའ་མཚམས་ཀྱི་ཉི་འོད་དང་གྲིབ་ནག»ཅེས་པའི་ཤོག་ངོས་༣༢སྟེང་ཁོ་མོའི་ནང་མི་དང་གྲོགས་པོ་བཟའ་མི་གཉིས་ལྷན་བཞུགས་ཀྱི་འདྲ་སྤར་ཞིག་ཡོད་པ་མཐོང་། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་ནི་སྤར་དེའི་སྟེང་གི་མདུན་ན་ཞྭ་མོ་གྱོན་མཁན་གྱི་བུད་མེད་ཅིག་ཡོད་པ་དེ་དང་། ཡང་ན་སྐྱེས་པ་གཉིས་ཀྱི་བར་ན་བུད་མེད་ཅིག་ཡོད་པ་དེ་གཉིས་ཀྱི་གང་རུང་ཞིག་ཡིན་པ་ཐག་གིས་ཆོད། ཞྭ་མོ་གྱོན་མཁན་གྱི་བུད་མེད་དེའི་རྒྱབ་ཏུ་ཡོད་པའི་སྐྱེས་པ་དེར་བལྟས་མ་ཐག་ཏུ་«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོའི་ཁྱོ་ག་ཡིན་པ་ངོས་ཟིན་སོང་། )

[22] Pioneering on Tibet. A Personal Record of Life and Experience in Mission Flelds By ALBERT L . SHELTON, M.D.Copy right, 1921, by FLEMING H. REVELL COMPANY. P, 58 p, 78 p, 108 p, 124 p ;128

[23] CHANTS FROM SHANGRI-LA . Original Translation From the Tibetan by FLORA BEAL SHELTON. Copyright 1939 by Dorris Shelton Still. P, 6

[24] https :en.wikipedia.org/wiki/Albert_Shelton (ཁོང་གི་སྐུ་ཚེའི་ལོ་རྒྱུས«བོད་ཀྱི་ཞ་ཌིན»ཞེས་པའི་དེབ་ཏུ་གསལ་བས། ཐུགས་སྣང་ཅན་ཚོས་དེ་ལའང་ལན་གཅིག་གཟིགས་པར་ཞུ།)

[25] https://www.wikiwand.com/en/Albert_Shelton#/google_vignette

[26] https://www.bbc.com/news/world-asia-35118740

 

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།