འདན་སྲས་ཟློས་གར་གྱི་དམག་ཆས་དང་བོད་དམག་གི་དམག་ཆས་བསྡུར་ཏེ་ཁྲབ་དར་ཟུར་གསུམ་སོགས་ཀྱི་འབྱུང་ཁུངས་ལ་དཔྱད་པ།

0
1251

པར་རིས་གཙོར་བཟུང་གི་དཔྱད་ཞིབ།

[ནང་དོན་གནད་བསྡུས།]

རིག་གནས་ཆུང་བ་ལྔ་ལས་ཟློས་གར་ནི་སྤྱི་ཚོགས་ཁྲོད་སྤྱོད་སྒོ་ཆེ་ཤོས་ཡིན་ཞིང་། ཡུལ་དུས་ལ་ངེས་པ་མེད་པར་ཕྱོགས་གང་སར་ཟློས་གར་གྱི་ཕྲིན་ལས་དར་ཁྱབ་ཆེ་ལ། བོད་ཀྱི་རིག་གནས་ཁྲོད་ཟློས་གར་ཆེན་མོ་བརྒྱད་ཅེས་པ་སོགས་གཙོ་ཆེར་མི་སྐྱ་རྣམས་ཀྱིས་འཁྲབས་པའི་ཟློས་གར་དང་།  དེང་དུས་སུ་ཐོག་མར་གསེར་རྟ་བླ་རུང་སྒར་ནས་གསར་དུ་དར་བའི་འདན་སྲས་ཟློས་གར་ཞེས་པ་རྙིང་མ་པའི་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་འཁྲབས་པའི་ཟློས་གར་ཏེ། ད་སྔོན་བོད་ཀྱི་ལོ་རྒྱུས་ཐོག་གྲྭ་བཙུན་གྱི་འཁྲབས་པའི་ཟློས་གར་ལ་འདན་སྲས་ཟློས་གར་འདི་ལྟ་བུའི་གཞི་རྒྱ་ཆེན་པོ་ནི་བྱུང་མ་མྱོང་ལ། འདན་སྲས་ཟློས་གར་འདི་ནི་དེང་གི་ཆར་དར་ཁྱབ་ཤིན་ཏུ་ཆེ་ཞིང་འཁྲབ་མཁན་ཡང་དགེ་འདུན་ཁོ་ནས་འཁྲབས་པའི་ཟློས་གར་དམིགས་བསལ་བ་ཞིག་ཏུ་མཐོང་། དེ་ན་འདིར་འདན་སྲས་ཟློས་གར་གྱི་བྱུང་རིམ་དང་འབྲེལ་ནས་ཟློས་གར་གྱི་འཁྲབ་ཆས་གོ་མཚོན་དང་དེའི་ཆ་ཤས་དཔའ་རྟུལ་གྱི་རྒྱབ་ཏུ་བཙུགས་པའི་ཁྲབ་དར་ཟུར་གསུམ་དེ་རྣམས་བོད་ཀྱི་ལུགས་སྲོལ་དུ་གཏོགས་པའི་གོ་མཚོན་གྱི་ཆ་ཤས་དང་དམག་ཆས་ཀྱི་ཡན་ལག་ཡིན་མིན་ཐད། བཙན་པོའི་དུས་ཀྱི་ཡིག་ཆ་དང་གནའ་རྫས། སིལ་བུའི་དུས་ཀྱི་ཡིག་ཆ་དང་གནའ་རྫས། གེ་སར་སྒྲུང་ཡིག་དང་ཐང་རྙིང་། གཞན་ཡང་བན་བོན་གཉིས་ཀྱི་ཡུལ་ལྷ་གཞི་བདག་གི་དཔའ་ཆས་སོགས་ལས་བཙལ་འཚོལ་བྱས་ཤིང་། དེ་འབྲེལ་འདན་སྲས་ཟློས་གར་གྱི་ཁྲབ་རྨོག་ལ་བོད་དང་ཉེ་བའི་མི་རིགས་གཞན་པའི་ཁྲབ་རྨོག་གི་ཤུགས་རྐྱེན་ཐེབས་མིན་ལའང་བློ་གྲོས་ཀྱི་མིག་ཟུང་ཅུང་ཟད་བཀོལ་ཏེ་དཔྱད་འབྲས་འདན་སྲས་ཟློས་གར་གྱི་འཁྲབ་ཆས་འགའ་ཞིག་ནི་བོད་ལུགས་དམག་ཆས་མིན་པའི་མཐའ་སྡོམ་ཞུས་ཡོད།

[གནད་ཚིག།] འདན་སྲས་ཟློས་གར། བོད་ཀྱི་དམག་ཆས། ཁྲབ་རྨོག། དར་འཕྲུ། ཁྲབ་དར་ཟུར་གསུམ།

༡   འདན་སྲས་ཟློས་གར་ངོ་སྤྲོད།

དེའང་ཕྱི་ལོ་༡༩༩༧ལོར་ཡང་དར་བསྟན་པ་ལ་མཛད་འཕྲིན་ཆེ་བའི་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་ཉིད་ཀྱི་སློབ་མའི་གཙོ་བོ། རྩོམ་ལ་བྱང་ཆ་ཅན་བསྟན་འཛིན་རྒྱ་མཚོ་དང་ཚུལ་ཁྲིམས་བློ་གྲོས་སོགས་ཉིད་ཀྱི་བཞུགས་གནས་འདུ་ར་སྟག་ཐང་ཁྲ་མོ་ཞེས་པར་བསྡུས་ཏེ། ཆོས་ལུགས་ཀྱི་སྐྱེ་བ་སྔ་ཕྱིའི་འདུ་ཤེས་དང་འབྲེལ་བའི་སྒོ་ནས་རང་ཉིད་དང་གེ་སར་སྒྲུང་གི་མི་སྣ་འདན་སྲས་བར་འབྲེལ་བ་དམིགས་བསལ་བ་ཡོད་པའི་སྐོར་མང་དུ་གསུངས་ཤིང་། ཁོང་གི་ཐུགས་སུ་འདན་སྲས་ཀྱི་སྒྲུང་ཞིག་འབྲི་འདོད་བྱུང་ཚུལ་དང་། འོན་ཀྱང་། སྒྲུང་དེ་འདྲ་ཞིག་ཁོང་ཉིད་ལོ་ན་མཐོ་བས་འབྲི་དཀའ་བར་འདུག་ན་འབྲི་མཁན་ཁྱེད་རྣམས་བྱས་ཚེ་བློ་བབ་ཡོད་དམ་མེད་ཅེས་པ་སོགས་ཞལ་བརྡ་མང་དུ་གསུངས་ནས་ཚོགས་འདུ་བསྡུས་བསྡུས་ཤིག་འཚོགས་པར། མཐར་དེ་ལྟར་འདན་སྲས་ཀྱི་སྒྲུང་ཞིག་བྲི་རྒྱུར་ཁོང་ཅག་བླ་སློབ་ཀུན་ཐག་ཆོད་གྲོས་འཆམ་བྱུང་རྗེས། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་བཀོད་འདོམས་འོག་སྒྲུང་དེའི་བརྗོད་བྱ་དངོས་རང་ཉིད་ཀྱི་རྣམ་ཐར་དང་། རྗོད་བྱེད་སྒྱུ་རྩལ་གྱི་ཐབས་ལམ་གེ་སར་སྒྲུང་རྩོམ་གྱི་རྣམ་པ་ལ་ཟློས་གར་གྱི་ཁྱད་ཆོས་སྤྱད་དེ། མི་སྣ་གཙོ་བོའི་མཚན་ལ་“འདན་སྲས”་ཞེས་སུ་བྲི་དགོས་རྒྱུ་དང་། སྒྲུང་དེ་ཞི་རྒྱས་དབང་དྲག་མཆོག་གི་ལེའུ་སྟེ་ལྔ་རུ་བགོས་ནས་ཞི་བའི་ལེའུ་ཚུལ་ཁྲིམས་བློ་གྲོས་སོགས་དང་། རྒྱས་པའི་ལེའུ་བསོད་དར་རྒྱས་སོགས་དང་། དབང་གི་ལེའུ་མཁན་དབང་ཆེན་སོགས་དང་། དྲག་པོའི་ལེའུ་སྤྲུལ་བསྟན་འཛིན་རྒྱ་མཚོ་སོགས་དང་། མཆོག་གི་ལེའུ་མཁན་པོ་རང་ཉིད་ཚུད་པའི་སློབ་མ་ཚོས་བྲི་དགོས་གསུངས་ནས་བཀོད་སྒྲིག་གནང་ཞིང་། དེ་ནས་ཉིན་འགའི་རྗེས་སུ་མཁན་པོ་འཇིགས་མེད་ཕུན་ཚོགས་རང་ཉིད་ཀྱིས་རྫོགས་ཆེན་གྱི་ལྟ་བ་དང་འབྲེལ་བའི་སྒྲུང་གླུ་གསུམ་ཙམ་ལྗག་རྩོམ་མཛད་པར་གྲགས། ཁོང་གིས་སྒྲུང་ཡིག་འདི་འབྲི་བར་རྟ་རྒྱུགས་ནོར་བུ་ཆ་བདུན་དང་ཧོར་གླིང་གཡུལ་འགྱེད་སོགས་ལ་དཔེ་ལྟ་རུང་བའི་སྐོར་ཡང་གསུངས། རིང་མིན་སྒྲུང་ཡིག་དེ་བརྩམས་གྲུབ་རྗེས་སུ་༡༩༩༨ལོར་ཁོང་སྒེར་ནས་དམངས་སྒོར་ཁྲི་༡༠དང་བླ་རུང་སྒར་གཞུང་གིས་དམངས་སྒོར་ཁྲི་འགའ་སྤྱད་དེ་འཁྲབ་ཆས་སོགས་གྲ་སྒྲིག་བྱས་ནས་དངོས་སུ་བླ་རུང་དུ་འཁྲབ་མགོ་ཚུགས་པར་གྲགས[1]

གོས་ཞུས་འདི་ནི་དེང་གི་ཆར་ཡོངས་གྲགས་ཀྱི་འདན་སྲས་སྒྲུང་ཡིག་དང་ཟློས་གར་གྱི་བྱུང་བ་ཡིན་པར་སྣང་།  འདི་ལས་ང་ཚོས་གསལ་པོར་ཤེས་ཐུབ་པ་ནི། གཅིག་ནས་སྒྲུང་དེ་གླིང་སྒྲུང་ནང་གི་འདན་སྲས་ཞེས་པའི་མི་སྣ་དེའི་དངོས་ཡོད་ལོ་རྒྱུས་མིན་པ་དང་། གཉིས་ནས་སྒྲུང་འདིའི་བརྒྱ་ཆ་མང་ཤོས་འབྲི་མཁན་དངོས་ནི་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་མིན་པར་ཁོང་གི་དངོས་སློབ་རྣམས་ཡིན་པ་དང་། གསུམ་ནས་མཁན་པོ་འཇིགས་མེད་ཕུན་ཚོགས་ཁོང་གིས་སྒྲུང་འདི་ཇི་ལྟར་འབྲི་དགོས་པ་དང་བྲིས་རྗེས་ཡོ་བཅོས་གང་དགོས་ལ་བློ་བཀོད་གནང་བ་སོགས་སྤྱི་ཁྱབ་རྩོམ་སྒྲིག་པ་འདྲ་བོ་ཞིག་གི་ཐོབ་ཐང་འཛིན་པར་མངོན།  སྒྲུང་ཡིག་འདིའི་བྱུང་བ་གླེང་སྐབས་ཐུན་མིན་དག་སྣང་གི་རྣམ་གཞག་ངོས་ནས་དགོངས་གཏེར་ཡིན་པའི་སྐོར་གསུངས་ནའང་། ད་ལྟ་ཐུན་མོང་གི་ལོ་རྒྱུས་གླེང་བའི་སྐབས་ཡིན་པས་དེ་རྣམས་གནས་སྐབས་ཁས་ལེན་བྱ་ཐབས་བྲལ་ལོ།།

ཡང་སྒྲུང་འདི་བོད་མི་སྐོར་ཞིག་གི་དད་མོས་ཁྲོད་ཀྱི་དོལ་རྒྱལ་ཞེས་པའི་སྲུང་མ་དང་འབྲེལ་བའི་ཆོས་ལུགས་རྩོད་རྙོག་ལ་འབྲེལ་བ་ཡོད་པ་དང་། ལེའུ་བཞི་པ་དྲག་པོའི་སྐོར་དེ་ནི་ཏག་ཏག་དོལ་རྒྱལ་འདུལ་བའི་དྲག་པོའི་མངོན་སྤྱོད་ཀྱི་ཟློས་གར་ཡིན་པར་སྔོན་ཆད་གླེང་གཞི་བྱུང་བར་མངོན་ཞིང་། གླེང་གཞི་དེ་ལ་བརྟེན་ནས་སྤྱི་ཚོགས་ཁྲོད་ཀྱི་གེ་སར་ལ་བསྐྱོང་པའི་དད་མོས་དང་དོལ་རྒྱལ་ལ་བསྐྱོང་པའི་དད་མོས་གཉིས་ཀྱང་ཐོག་མར་གདོང་ཐུག་གི་དོན་རྐྱེན་བྱུང་བའི་སྣང་ཚུལ་མཐོང་། སྒྲུང་དངོས་ལ་བལྟས་ན་ནག་ཕྱོགས་ཀྱི་ས་ཆ་ཡུལ་སྡེའི་མིང་གི་ཁྲོད་དུ་ཐ་སྙད་“དོལ”ཞེས་པ་དང་འབྲེལ་བ། དོལ་གྱི་འདུན་ཐང་སྐྱ་མོ། དོལ་གྱི་ཤ་རི་གནམ་རྫོང་། དོལ་དམག། དོལ་བ། ནག་པོ་དོལ་ཞེས་པ་སོགས་མང་དུ་བྱུང་འདུག་པས་ཕྱོགས་གཅིག་ནས་ཆོས་ལུགས་རྩོད་རྙོག་དང་འབྲེལ་བ་ཡོད་པའི་གླེང་གཞི་དེ་བདེན་ཀྱང་སྲིད་པ་འདྲ། འོན་ཀྱང་། ཡོངས་གྲགས་ཀྱི་འདན་སྲས་ཟློས་གར་གྱི་ཕན་ཡོན་དང་བྱུང་བ་སོགས་ཁོ་བོས་མཐོང་ཐོས་བྱུང་བ་ཁག་ལས་ནི་དེའི་སྐོར་ཅིའང་མ་མཐོང་བས་མཐའ་གཅིག་ཏུ་བདེན་མིན་གྱི་ཐག་གཅོད་མ་ནུས། མ་འོངས་པར་མི་འཇིགས་པའི་དཔའ་དང་ལྡན་པའི་རྩོམ་པ་པོ་རྣམས་ཀྱིས་དཔྱད་འཚལ། དེ་ལྟར་ཟློས་གར་འདི་ཉིད་གསེར་རྟ་བླ་རུང་སྒར་ནས་དར་རྗེས་ཕྱོགས་ཀྱི་དགོན་སྡེ་དང་ཆོས་བརྒྱུད་དུ་མར་དར་ཁྱབ་ཤུགས་ཆེན་ཕྱིན་པའོ།།

༢ འདན་སྲས་ཟློས་གར་གྱི་དམག་ཆས་ཁྲབ་རྨོག་འཁོར་གསུམ།

གོང་ནས་སྨོས་པ་བཞིན་ཕྱི་ལོ་༡༩༩༨ལོར་ཐོག་མར་འདན་སྲས་ཀྱི་སྒྲུང་འདི་ཟློས་གར་དུ་འཁྲབ་པ་དང་། དེ་དུས་འཁྲབ་ཆས་དང་འཁྲབ་སྟོན་སོགས་ཀྱི་འགན་འཛིན་དུ་མཁན་པོ་འཆི་མེད་རིན་འཛིན་དང་མཁན་ནོར་བྷ་སོགས་བསྐོས་ནས་བླ་རུང་སྒར་གྱི་གླིང་སོ་སོའི་དགེ་འདུན་པས་འཁྲབ་པའི་སྐོར་ཞིག་ལས། འཁྲབ་ཆས་དེ་དག་མ་དཔེ་གང་ལ་བྱས་པའམ་ཡང་ན་སོ་སོས་གསར་གཏོད་བྱས་པ་སོགས་ནི་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད་པའི་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་རྣམ་ཐར་རྒྱས་པ་དང་གཙང་རིགས་སྐལ་བཟང་རྣམས་འདྲེན་གྱིས་མཛད་པའི་འདན་སྲས་ཟློས་གར་གྱི་ཕན་ཡོན་སོགས་སུ་གསལ་པོ་མ་གསུངས་པས་ན་ད་ལྟ་གནས་སྐབས་ཁ་གསལ་ཤེས་ཐབས་མ་བྱུང་། འོན་ཀྱང་། བླ་རུང་ནས་ཐོག་མར་དར་བའི་འདན་སྲས་ཟློས་གར་དེ་ཉིད་རིང་མིན་རྙིང་མའི་དགོན་པ་དང་སྒར་ཆེན་དུ་མར་དར་ཁྱབ་བྱུང་འདུག་ཅིང་། ཕྱིས་རྙིང་མའི་ཆོས་བརྒྱུད་ལས་བརྒལ་ནས་བཀའ་བརྒྱུད་ཀྱི་དགོན་སྡེ་དང་ལྷ་སྡེའི་ཁྲོད་དུའང་དར་ཁྱབ་ཤུགས་ཆེན་སོང་ཡོད་པ་རེད། ས་གནས་གང་དུ་དར་རུང་རྩ་བའི་ཆ་ནས་འཁྲབ་སྟོན་གྱི་ནང་དོན་དང་འཁྲབ་ཚིག་ལ་འགྱུར་བ་འགྲོ་མྱོང་མི་འདུག་ན། འཁྲབ་ཆས་ལས་གླིང་གི་དཔའ་ཆས་ལའང་ཐོག་མར་བླ་རུང་ནས་ཇི་ལྟར་བཟོས་པ་ལ་རྒྱུ་ཆ་ཇེ་ལེགས་སུ་བཏང་བ་ཙམ་ལས་དབྱིབས་གཟུགས་དང་གྲངས་ཀ་ལ་འགྱུར་བ་སོང་མེད་པའི་རྣམ་པ་མཐོང་། ཡིན་ནའང་། ས་གནས་ལ་ལ་ནས་ཟློས་གར་དེའི་ནང་གི་ནག་ཕྱོགས་བདུད་ཀྱིས་འཕྲུལ་རྟ་ཞོན་པ་དང་རྒྱབ་ལ་གཤོག་པ་འཛུགས་པ་སོགས་སྔོན་དང་བསྡུར་ན་ཆས་གོས་ལ་འགྱུར་བ་གང་འཚམ་འགྲོ་བཞིན་པར་སྣང་། ང་ཚོས་ད་ལྟ་འདན་སྲས་ཟློས་གར་གྱི་འཁྲབ་ཆས་ལས་དཔའ་རྟུལ་རྣམས་ཀྱི་ཁྲབ་རྨོག་འཁོར་གསུམ་ལ་བལྟས་པ་ཡིན་ན། རྨོག་ལ་ལར་ཐང་གི་དུས་མཇུག་ཏུ་རྒྱ་ནག་ལ་ཡོངས་ཁྱབ་ཏུ་དར་བའི་ཧྥི་ཁྲི་རྨོག(凤翅盔)ཞེས་པའི་ཤུགས་རྐྱེན་ཐེབས་པར་མངོན་ཞིང་ལ་ལར་རིགས་ལྔ་ལྟ་བུའི་དབྱིབས་ཀྱིས་གྲུབ་པའི་རྨོག་ཀྱང་མཐོང་། དེ་ལས་ཕྱི་མ་ནི་བོད་རྒྱལ་གྱི་དབུ་རྨོག་ཡིན་པར་སྐད་པའི་གསེར་རྨོག་གང་དེ་དང་ཡང་འདྲ་བར་གདའ།

རྒྱ་ནག་གི་ཧྥི་ཁྲི་རྨོག(凤翅盔)
ཧྥི་ཁྲི་རྨོག་དང་ཆ་འདྲ་བའི་རྨོག་ཁར་སྒྲོ་ཚུགས་མངོན་པའི་འདན་སྲས་ཟློས་གར་གྱི་རྨོག

གང་ལྟར་འདི་གཉིས་ཡང་བོད་སྲོལ་རྒྱུན་ཐོག་བྱུང་བའི་གེ་སར་གྱི་རྨོག་ཏུ་གྲགས་པ་དག་དང་རྩ་བ་ནས་སོ་སོར་སོང་འདུག་པར་སྣང་སྟེ། དེའང་དང་པོ་གནའ་རྫས་ཀྱི་ངོས་ནས་ལབ་ན་བྱང་རྟ་རྣར་བཞུགས་པའི་གེ་སར་གྱི་རྨོག་དག་དང་། ཐང་རྙིང་ཁག་ཏུ་བཞུགས་པའི་གེ་སར་རྨོག་དང་། གེ་སར་གར་འཆམ་སྔ་ཤོས་རྫོགས་ཆེན་གེ་འཆམ་གྱི་འབག་རྨོག་དང་། རི་བོ་ཆེ་སྟག་ལུང་མར་ཐང་དགོན་ཆེན་གྱི་གེ་འབག་རྙིང་པའི་རྨོག་རྣམས་ལ། རྨོག་གི་ཁ་ར་འདྲ་བོ་དེར་སྒྲོ་གཤོག་དང་གཅན་གཟན་གྱི་མགོ་དབྱིབས་ཀྱི་རྐོས་རིས་མཐོང་དུ་མེད་པར། གཤམ་གྱི་པར་རིས་ཁག་ལས་གསལ་བ་ལྟར་ཕྱི་དབྱིབས་བོད་ཀྱི་ལྕགས་རྨོག་དང་འདྲ་ཞིང་རྨོག་ཐོད་བཅུག་ཁྲས་དཀྲིས་པ་ཡིན་འདུག་ན།

རི་བོ་ཆེ་སྟག་ལུང་མར་ཐང་དགོན་ཆེན་གྱི་གེ་སར་གསེར་འབག་རྙིང་པ། ༣ དུས་རབས་བཅོ་བརྒྱད་པའི་ནང་བྲག་མགོ་ལྷ་བཟོ་ནམ་མཁའ་རྒན་གྱིས་བྲིས་པར་གྲགས། ༤ གེ་སར་སོགས་དཔའ་རྟུལ་རྣམས་ཀྱི་ཐང་རྙིང་ཞིག། ༥ འཇོ་ཕུ་དགོན་དུ་བཞུགས་པར་གྲགས་པའི་གེ་སར་གྱི་སྐུ་ཐང་རྙིང་པ། ༦ བྱང་རྟ་རྣ་དགོན་དུ་བཞུགས་པའི་གེ་སར་གྱི་རྨོག

གནའ་རྫས་ལས་མངོན་པའི་གེ་སར་གྱི་རྨོག་ནི་བོད་དམག་གི་རྨོག་དང་བར་ཐག་ཉེ་ནའང་།  དེང་སང་གི་འདན་སྲས་ཟློས་གར་གྱི་རྨོག་ནི་དེ་ལས་ཡོངས་སུ་ལྡོག་པ་མཐོང་ཆོས་མངོན་གྱུར་བཞིན་ལགས། དེང་གི་འདན་སྲས་ཟློས་གར་གྱི་རྨོག་དང་གནའ་རྫས་ལས་མངོན་པའི་གེ་སར་རྨོག་བར་གྱི་འདྲ་ས་ཉག་གཅིག་ནི། རྨོག་གི་རྩེ་རུ་སྒྲོན་པའི་“འཕྲུ”་དེ་ཡིན་པར་མངོན་ལ། རྒྱུ་ཆའི་ངོས་ནས་འཕྲུ་འདི་ལ་རིགས་མི་འདྲ་བ་འགའ་ཡོད་དེ། སྒྲུང་ཡིག་ཁག་ལས་“སྒྲོ་འཕྲུ”་“དར་འཕྲུ”་ཞེས་བྱུང་བ་ལྟར་མ་མཐའ་ཡང་བྱ་སྒྲོ་ཡི་འཕྲུ་དང་རས་དར་གྱི་འཕྲུ་གཉིས་ཡོད་པ་གཞིར་བཞག་རེད། བྱ་སྒྲོ་ཡི་འཕྲུ་ལ་རྨ་བྱའི་བྱ་སྒྲོ་དང་རྒོད་ཀྱི་སྒྲོ་སོགས་བྱུང་ཞིང་།  དར་འཕྲུ་ལ་དུང་འཕྲུ་གཡུ་འཕྲུ་ཞེས་པ་རས་དར་གྱི་ཁ་དོག་གི་ཆ་ནས་ཕྱེས་པའི་འཕྲུ་རིགས་སྣ་ཚོགས་བྱུང་བར་མངོན། རྨོག་གི་མགོ་རུ་སྒྲོ་འཕྲུ་བཙུགས་པའི་སྲོལ་འདི་ནི་གེ་སར་དང་འབྲེལ་བའི་སྒྲུང་ཡིག་ཙམ་མ་ཚད། སྔོན་བཙན་པོའི་དམག་གི་དུས་ནས་བྱུང་པ་གྲུབ་མོད། དར་འཕྲུ་ནི་བཙན་པོའི་དུས་སུ་བྱུང་ཡོད་མེད་ད་དུང་ཡང་དོགས་གཞི་ཞིག་ཏུ་འདོད། སིལ་བུའི་དུས་ཀྱི་ས་སྐྱ། ཕག་གྲུ། གཙང་པ། དགའ་ལྡན་སོགས་རྒྱལ་རབས་གང་གི་དུས་སུ་ཡོངས་ཁྱབ་ཏུ་བེད་སྤྱོད་བྱས་པ་མ་ཤེས་ཀྱང་། དར་འཕྲུ་འདི་མ་མཐའ་སིལ་བུའི་དུས་སུ་བྱུང་པ་གསལ་པོ་རེད། སྤྱིར་བོད་མི་རིགས་ཀྱི་བན་བོན་གཉིས་ཀྱི་ཡུལ་ལྷ་བཞི་བདག་གི་དམག་ཆས་ཁྲོད་དུ་རྨོག་རྩེར་སྒྲོ་འཕྲུ་དང་དར་འཕྲུ་གཉིས་ཀ་སྔོན་ཙམ་ནས་བྲིས་འདུག་ན། སྒྲོ་འཕྲུ་ནི་བཙན་པོའི་དུས་དར་ཆེ་བའི་དམག་ཆས་དང་། དར་འཕྲུ་ནི་གཙོ་བོར་བོད་སིལ་བུའི་དུས་དར་ཆེ་བའི་རང་རིགས་ཀྱི་དམག་ཆས་ཡིན་པ་སྨོས་མེད་དུ་འདུག། བོད་ཀྱི་སྲོལ་རྒྱུན་འཕྲུ་ལ་གོང་ཞུས་ལྟར་སྒྲོ་འཕྲུ་དང་དར་འཕྲུ་ལས་གཞན།

༡ གཙུག་ལག་ཁང་གི་ལྡེབས་རིས་ཀྱི་འཕྲུ། ༢ པོ་ཏ་ལའི་ལྡེབས་རིས་ཀྱི་འཕྲུ། ༣ དགའ་ལྡན་ཕོ་བྲང་གི་གཟིམ་པ་བོད་དམག་གི་འཕྲུ།

སྟག་གི་རྔ་མའི་འཕྲུ་ཡང་ཡོད་པ་ནི་རི་བོ་ཆེའི་གཞི་བདག་དབྱི་རྒྱལ་གྱི་ཆས་གོས་དང་པོ་ཏཱ་ལའི་རི་མོ་སོགས་ལས་གསལ། འོན་ཀྱང་། དེ་ནི་ཡོངས་ཁྱབ་ཅན་མིན་པར་སྙམ། དར་འཕྲུ་དང་སྒྲོ་འཕྲུ་གཉིས་ལས་རྨོག་ལ་དར་འཕྲུ་འཛུགས་པའི་སྲོལ་འདི་སྤྱིར་མི་རིགས་གཞན་པའི་དམག་ཆས་ལས་མཐོང་དཀོན་པ་ཡིན་རུང་མཐའ་གཅིག་ཏུ་མེད་པའང་མིན།

༡རྨ་བྱའི་སྒྲོ་འཕྲུ་ཅན་གྱི་བོད་དམག ༢ བསྟན་སྲུང་བཙན་རྒོད་ཇག་མེའི་ལྡེབས་རིས་རྙིང་པ། ༣ རྨ་རྒྱལ་སྤོམ་ར།

གཞན་ཡང་ཕྱི་ལོ་༡༥༨༨ལོར་བྲིས་པའི་ཤུས་ཤེ་ཆི་ཧྥ་ཅཱི་བྲིས་ཐང་(徐显卿宦迹图)ལས་ཤོག་ངོ་ཉི་ཤུ་རྩ་གཅིག་པའི་བྲིས་ཐང་ངོས་སུ་སྐུ་སྲུང་དམག་མིའི་རྨོག་གི་མགོར་དར་འཕྲུ་བྲིས་ཡོད་པས་ན། ཏཱ་མིང་གི་དུས་སུ་རྒྱ་ཡི་དམག་ཆས་སུའང་དར་འཕྲུ་བྱུང་བ་གསལ་པོ་རེད། འོན་ཀྱང་། རྒྱ་ཡི་ཏཱ་མིང་དམག་གི་དར་འཕྲུ་དང་བོད་ཀྱི་དར་འཕྲུ་བར་མི་འདྲ་ས་ནི་དབྱིབས་ཡིན་ཏེ། ཏཱ་མིང་དམག་གི་དར་འཕྲུ་ནི་དབྱིབས་གྲུབ་བཞི་ཡིན་ཞིང་དེང་གི་ཆར་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་དར་འཕྲུའི་དབྱིབས་ནི་ཟུར་གསུམ་དུ་གྲུབ་པའོ།།

དར་འཕྲུ་འདི་གཉིས་གང་དར་སྔ་བ་དང་གང་ནས་གང་དུ་ཤུགས་རྐྱེན་ཐེབས་པ་ཐག་ཆོད་པོར་བཤད་མ་ནུས་རུང་། བོད་ཀྱི་རྨོག་གི་དར་འཕྲུ་ལ་བོད་རང་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་མངའ་བ་དང་། ལྷ་མི་གཉིས་ཀྱི་དམག་ཆས་སུ་སྤྱད་པ་དང་། དུས་ཡུན་ཡང་སྔ་ཙམ་ནས་བྱུང་བར་བསམས་ན། བཙན་པོའི་དུས་ཙམ་ནས་བྱུང་བ་ཞིག་ཨེ་ཡིན་སྙམ་ནའང་དཔང་རྟགས་གུས་པས་མ་རྙེད་པས་མཁྱེན་ལྡན་རྣམས་ཀྱིས་དཔྱད་འཚལ།

འདན་སྲས་ཟློས་གར་གྱི་ཁྲབ་ལ་ལོ་བཅུ་ཙམ་གྱི་སྔོན་དུ་སྟག་གཟིག་གི་པགས་པའི་རྒྱན་གྱིས་སྤྲས་པ་ཡོད་ཀྱང་དེ་དག་ད་ཆ་མཐོང་དུ་མི་འདུག་ལ། ཟློས་གར་གྱི་ཁྲབ་ནི་རྒྱུ་ཆ་གོས་ཆེན་ལ་བཟོས་པའི་གར་ཆས་ཡིན་པས་ན་བོད་ཀྱི་ཁྲབ་ལྟར་བྱང་གཤམ་སོགས་ཀྱི་ཁྱད་ཆོས་མངོན་ཐབས་བྲལ་བ་སོགས་སྐུ་ངལ་ཡོད་པ་མིག་མཐོང་ལག་ཟིན་དུ་འདུག་མོད། གོས་ཆེན་གྱི་ཁྲབ་ཡིན་རུང་དེའི་རི་མོ་དང་དབྱིབས་གཟུགས་སོགས་ཅི་ནུས་ཀྱིས་རང་རེ་བོད་ཀྱི་ཁྲབ་གོས་སུ་མངོན་དུ་ཕྱོགས་རུང་ནའང་། དེང་གི་ཆར་མཐོང་ཆོས་སུ་གྱུར་པའི་ཁྲབ་ལ་ལ་ནི་རྒྱ་ནག་གི་ཤིས་གོས་(戏服)དངོས་ཡིན་པར་མངོན་ལ། ཁྲབ་ལ་ལའི་བྱང་བུའི་རི་མོ་ནི་རྒྱ་ནག་ཐང་གི་དུས་སུ་དར་ཁྱབ་ཆེ་བའི་ཧྲ་ཝེ་ཁྲབ་(山文甲)ཀྱི་ཁྱད་ཆོས་གསལ་བའི་རྒྱ་ཁྲབ་ཡིན་འདུག། དེ་བཞིན་གོ་ཆ་སོགས་ཀྱང་རྒྱ་གྲི་ནར་མོ་ཅེན་དང་ཏོའོ་(刀剑)སོགས་བེད་སྤྱད་བྱས་འདུག་ན།

ཤིས་ཆས་གསོལ་བའི་འདན་སྲས་ཟློས་གར་པ།

དེ་དག་གི་ལེགས་ཉེན་སོགས་ཁོ་བོས་འདིར་གླེང་འདོད་མེད་རུང་འདན་སྲས་བོད་མི་ཞིག་གིས་རྒྱ་ཡི་ཤིས་གོས་དང་ཁྲབ་གོས་གྱོན་ན་ག་ཤེད་ཅིག་ནས་མ་བདེ་བའི་རྣམ་པ་ནི་ཡོད་པ་འདྲའོ།། ད་ལྟ་གུས་པའི་ལག་ཏུ་གསེར་རྟ་བླ་རུང་ནས་ཐོག་མར་འདན་སྲས་འཁྲབ་སྐབས་སུ་བཟོས་པའི་འཁྲབ་ཆས་ཀྱི་ཁྲབ་གོས་པར་རིས་འགའ་ཞིག་བྱུང་བ་ལ་བལྟས་ན། འདན་སྲས་ཟློས་གར་གྱི་ཐོག་མའི་ཁྲབ་གོས་ཀྱི་རྣམ་པ་ནི་གོང་ཞུས་ཤིས་གོས་དང་ཧྲ་ཝེ་ཁྲབ་དང་ཁྱད་མེད་རེད་ཅེས་བཤད་མ་ནུས་ཀྱང། ད་ལྟ་འཁྲབ་དང་འཁྲབ་བཞིན་པའི་འདན་སྲས་ཟློས་གར་གྱི་ཁྲབ་ལ་རྒྱ་ནག་གི་ཁྲབ་གོས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པ་གསལ་པོ་རེད་ཅེས་ཞུ་འདོད།

༣ འདན་སྲས་ཟློས་གར་གྱི་དམག་ཆས་ཀྱི་ཆ་ཤས་ཁྲབ་དར་ཟུར་གསུམ།

འདན་སྲས་ཟློས་གར་གྱི་ཁྲབ་རྨོག་འཁོར་གསུམ་གྱི་ཡན་ལག་ཏུ་གཏོགས་པ་ཞིག་ལ། ཟློས་གར་མི་སྣའི་ཁྲབ་ཀྱི་རྒྱབ་ནས་ཡར་གྱེན་དུ་བསླངས་པའི་དར་ཟུར་གསུམ་མ་འདིའི་སྐོར་ནས་ཅུང་ཙམ་གླེང་ན་འདོད་ཀྱང་།   འདན་སྲས་ཟློག་གར་གྱི་སྒྲུང་ཡིག་གཙོས་པའི་ཡིག་ཆ་ཁག་ལས་འདི་ལ་ཁ་གསལ་གྱི་ཐ་སྙད་མ་རྙེད། སྤྱིར་“རྒྱབ་དར་”ཞེས་སུ་སྤྱད་ན་ལེགས་པའི་སེམས་ཚོར་དང་ཐོག་བྱུང་རུང་། བོད་ཀྱི་སྨོན་ལམ་ཚིག་མཛོད་སོགས་སུ་རྒྱབ་དར་ནི་“རྒྱབ་ཏུ་འདོགས་རྒྱུའི་ཀ་འཕན་ལྟ་བུའི་གོས་ཆེན་འཛར་ལྡན་གྱི་མིང་།”ཞེས་སུ་གསལ་བས་ན་མིང་དེ་སྤྱོད་རྒྱུའི་སྐལ་བ་མ་ཐོབ། དེ་བས་ན་གནས་སྐབས་རྩོམ་འདིའི་ནང་“ཁྲབ་དར་ཟུར་གསུམ”ཞེས་བེད་སྤྱོད་མི་བྱ་ཀ་མེད་བྱུང་། ཕྱིས་སུ་མཁྱེན་ལྡན་རྣམས་ཀྱིས་དཔྱད་འཚལ། འདིའི་སྐོར་གུས་པས་དཔྱད་གཞི་ཆེ་བར་མཐོང་སྟེ་ཅི་ནུས་ཀྱིས་ཅུང་ཞིབ་ཆ་ཅན་ཞིག་ཏུ་སྨྲ་ན་འདོད་པས་གཤམ་དུ་ཚན་པ་འགའ་རུ་བགོས་ཡོད།

༡ བོད་བཙན་པོའི་དུས་ཀྱི་གནའ་རྫས་རིག་དངོས་ལས་ཁྲབ་དར་འཚོལ་བ།

བོད་ཀྱི་དམག་མིའི་ཆས་གོས་ཀྱི་བཀོད་པ་དང་རྣམ་གྲངས་འཚོལ་ཞིབ་ནི་སྤྱིར་བཏང་བྱས་ན་བོན་གྱི་ཡིག་ཆ་ལས་མགོ་གཟུང་དགོས་པར་སེམས་ནའང་། བོན་གྱི་ལྷ་ཚོགས་མང་ཤོས་ཀྱི་ཆས་གོས་ལ་རྒྱ་གར་ལུགས་ཀྱི་ཤུགས་རྐྱེན་ཐེབས་དྲགས་པས་ན། ད་ལྟ་དམིགས་བསལ་ཁྱད་ཆོས་ཟེར་བ་མཐོང་དཀོན་པོར་ཆགས་འདུག་ལ། བོན་གྱི་ཡིག་ཆ་ཁག་ཀྱང་མང་ཤོས་ནི་ཕྱིས་རྩོམ་གཏེར་ཆོས་ཁོ་ནར་འདུག་པས་ཡིད་རྟོན་བྱ་དཀའོ།།  བྱ་རུ་ཅན་གྱི་རྒྱལ་པོ་ཞེས་པའང་དབུ་ཞྭ་རུ་བྱ་ཁྱུང་གི་རྭ་ཅོ་ལྡན་པ་ཞིག་ལས་གཞན་དམིགས་བསལ་མི་སྣང་། དེ་བས་ན་འདི་ནས་ཐད་ཀར་བཙན་པོའི་དུས་ཀྱི་གནའ་རྫས་ལ་འཇུག་ན་ཀུན་པོ་སེམས་བདེ་བར་འདོད། བོད་ཀྱི་དམག་གི་སྐོར་ལ་ཏུང་ཧོང་དང་བཙན་པོའི་དུས་ཀྱི་རྡོ་རིང་། རྦ་བཞད་སོགས་ཡིག་ཆ་རྙིང་རིགས་དང་། གཞན་ཡང་ཕྱིས་ཀྱི་ཆོས་འབྱུང་སོགས་ལས་ཁུངས་སྣེ་རྩ་བ་ནས་མེད་པ་ནི་མིན་མོད། ཡིག་ཆ་དེ་དག་ལས་གསལ་བ་ནི་དམག་གི་རུ་ཤོག་སོ་སོའི་རུ་དར་གྱི་དབྱིབས་གཟུགས་དང་དམག་གི་ཁྱབ་ཁོངས་དང་གཡུལ་འགྱེད་ཀྱི་རྒྱལ་ཕམ་ཙམ་ལས། ཞིབ་ཆའི་སྒོ་ནས་རྐང་དམག་དང་རྟ་དམག། བརྒྱ་དཔོན། སྟོང་དཔོན། དམག་དཔོན་ཆེན་མོ་སོགས་ཀྱི་ཆས་གོས་ཀྱི་རྣམ་པ་རེ་རེ་བཞིན་སྨྲས་པ་ནི་ཁོ་བོས་མ་མཐོང་། རྒྱ་ནག་གི་ཡིག་ཆར་འཁོད་པའི་བཙན་པོའི་དམག་ཆས་སུའང་ཁྲབ་དར་གྱི་སྐོར་མ་བྱུང་། སྔོན་གྱི་མཁས་དབང་དགེ་ཆོས་ཀྱིས་དེབ་དཀར་མཛད་སྐབས་ཀྱང་འདི་སྐོར་ཁ་གསལ་བཀོད་མི་འདུག་པས་ཧ་ལམ་ཡིག་ཆའི་ཁྲོད་དུ་གསལ་པོ་མེད་པ་འདྲ། དེ་བས་ན་དོན་དེའི་སྐོར་རྟོགས་དགོས་ན་ཐབས་ལམ་གཞན་བཙན་པོའི་དུས་ཀྱི་ལྡེབས་རིས་དང་གནའ་རྫས། བོད་ས་གནས་རང་གི་སྲུང་མའི་ཆས་གོས་སོགས་ལས་དཔག་སྟེ་འདན་སྲས་ཟློས་གར་གྱི་ཁྲབ་དར་ཟུར་གསུམ་དེ་བོད་རང་གི་ལུགས་སྲོལ་ཡིན་མིན་གླེང་བར་བྱ་བ་ལ།

གོང་གི་པར་རིས་འདི་དག་ནི་ཏུང་ཧོང་ཕུག་པ་莫高窟第360窟སོགས་དང་ བོད་ཀྱི་དུར་ས་郭里木吐蕃墓葬ལས་ཐོན་ཞིང་། རི་མོའི་ནང་དོན་ནི་བོད་ཀྱི་བཙན་པོས་སངས་རྒྱས་ལ་མཆོད་པ་བྱེད་པའི་སྐོར་ཡིན། (吐蕃赞普礼佛图)

ཏུང་ཧོང་ལས་བྱུང་བའི་ལྡེབས་རིས།
བཙན་པོའི་དུས་ཀྱི་རི་མོ། ཡོས་ཁུངས། དྲྭ་རྒྱ།

རི་མོ་འདི་དག་ནི་བོད་ཀྱི་རྒྱལ་བློན་སོགས་བོད་མིའི་ཆས་གོས་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་དུ་གྲུབ་ཡོད་པར་བཤད་ཅིང། བཤད་པ་ལྟར་དོན་ལའང་གནས་མོད། པར་རིས་འདི་དག་ལས་བཙན་པོའི་དྲག་ཆས་དམག་མི་མཇལ་དུ་མེད་ཅིང་། རྒྱབ་དར་ཟུར་གསུམ་ཅན་གྱི་བོད་དམག་ཀྱང་དེ་བས་མཇལ་དུ་མེད།  དྲྭ་ལམ་ཁག་ནས་བཤད་ན་ཏུན་ཧོང་གི་ལྡེབས་རིས་ལས་རྒྱ་ཆེན་སྡེ་བཞིའི་ནང་ཚན་གྱི་རི་མོ་འདི་ནི་བོད་དམག་གིས་ཏུན་ཧོང་འཛིན་སྐབས་བྲིས་པར་བཤད་ཅིང་རི་མོའི་ནང་གི་ཁྲབ་ལ་བོད་དམག་གི་ཁྲབ་ཀྱི་ཤུགས་རྐྱེན་ཞུགས་ཡོད་པའི་ཚུལ་འཁོད་འདུག། ཞིབ་ལྟ་བྱས་ན་ལུས་སྨད་ཀྱི་ཁྲབ་ནི་དེ་ལྟར་མིན་པའི་རྒྱུ་མཚན་མ་མཐོང་། ཡིན་ཡང་། འདི་ལས་ཁྲབ་དར་ཟུར་གསུམ་མཇལ་དུ་མེད་པ་མངོན་གསལ་བཞིན་ལགས་ན། ཏུན་ཧོང་ལས་ཐོན་པའི་རི་མོ་ཁག་ལས་བོད་ཀྱི་རྒྱལ་བློན་དང་དམག་གི་གོ་ཆའི་ཡན་ལག་ཏུ་ཁྲབ་དར་ཟུར་གསུམ་ཞིག་ཡོད་པའི་སྒྲུབ་བྱེད་མཐོང་དུ་མེད་པ་དོན་དངོས་སུ་གྲུབ་འདུག།

གཏེར་ལམ་བང་སོའི་གནང་རྫས།
བན་ཤུལ་དཔའ་མཁའ་རྒྱལ་གྱི་པོད་ཕྲན་ལས་བླངས།
ས་གནས་གངས་དཀར་ཆོས་སྡེ།

བཙན་པོའི་དུས་ཀྱི་རིག་གནས་དང་འབྲེལ་བའི་གནའ་རྫས་རྩ་ཆེན་གཞན་ཞིག་ནི་གཏེར་ལམ་བང་སོའི་གནའ་རྫས་ཁག་ཡིན་ཞིང་། ཏག་ཏག་བང་སོ་དེ་ལས་དམག་ཆས་དང་འབྲེལ་བའི་གནང་རྫས་གསེར་རྐོས་རྟ་དམག་མདའ་གཞུ་འཛིན་པ་འདི་དག་ཐོན་ཡོད་ལ། དངོས་གནས་འདི་ནི་དུས་རབས་དེའི་རྟ་དམག་གི་ཆས་གོས་རྒྱུས་ལོན་བྱེད་པ་ལ་ཕྱི་ནང་གསལ་བའི་མེ་ལོང་ལྟ་བུ་ཡིན་པ་སྨོས་ཅི། འདི་ལས་གསལ་པའི་རྟ་དམག་གི་ཆས་གོས་ལས་མགོ་ཡི་ལ་ཐོད་དང་རྐང་གི་ལྷམ་སོགས་གསལ་པོར་བོད་དམག་གི་ཁྱད་ཆོས་མཐོང་དུ་འདུག་ནའང་། ཁྲབ་དར་ཟུར་གསུམ་ནི་ནམ་མཁའི་འཇའ་ཡི་ངང་ཚུལ་དུ་གྱུར་འདུག། གལ་ཏེ་བོད་བཙན་པོའི་དུས་སུ་ཁྲབ་དར་ཟུར་གསུམ་དེ་དངོས་གནས་ཡོད་པའི་དབང་དུ་བྱས་ན་གསེར་རྐོས་རྟ་དམག་འདི་དག་ལས་མཇལ་རུང་བར་སྙམ། གཞན་ཡང་བོད་ཀྱི་གཙུག་ལག་ཁང་རྙིང་པ་ལྷ་སའི་ཇོ་ཁང་དུ་བཞུགས་པའི་བཙན་པོའི་དུས་ཀྱི་བོད་ཀྱི་དྲག་ཆས་དམག་མིའི་ལྡེབས་རིས་རྙིང་པ་འདི་གཉིས་ནི་སྐབས་འདིར་དཔྱད་གཞི་རྒྱུ་ཆ་གལ་ཆེན་དུ་སྣང་ཞིང་། ལྡེབ་རིས་འདི་གཉིས་ལ་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་རྣམས་ཀྱིས་ཀྱང་ཧ་ཅང་མཐོང་ཆེན་མཛད་པར་མཐོང་། དེང་གིས་དུས་ཀྱི་བཙན་པོའི་བོད་དམག་གི་སྣང་བརྙན་མང་ཆེ་ཤོས་ནི་འདི་གཉིས་མ་དཔེ་བྱས་པ་ལས་བྱུང་བ་འདྲ་བས་ན། རྒྱུ་ཆ་འདིའི་ལྕི་ཚད་ནི་རང་གར་མིན་པ་གོ་ནུས། དེ་ན་རི་མོའི་ངོས་ཀྱི་དམག་མི་འདི་གཉིས་ཀྱི་ཆས་ལས་སྒྲོ་འཕྲུ་དང་རྨོག། ཁྲབ་དང་རལ་གྲི། མདུང་དར་བཅས་ཧ་ཅང་ཞིབ་མོར་མཐོང་དུ་འདུག་ནའང་། འདན་སྲས་ཟློས་གར་ནང་གི་དཔའ་བོའི་དྲག་ཆས་སུ་སྤྱོད་པའི་ཁྲབ་དར་ཟུར་གསུམ་ནི་གཅིག་ཀྱང་མེད་པ་མ་ཚད། ཁྲབ་དར་དང་དར་འཕྲུའང་མཐོང་ཐོས་ཀྱི་ཡུལ་དུ་མ་བྱུང་བས། གོང་ཞུས་ལྟར་གཅིག་བྱས་ན་དེ་དུས་སུ་རྨོག་ལ་སྒྲོ་འཕྲུ་ལས་མ་བྱུང་བ་དང་ཁྲབ་དར་སོགས་རྩ་བ་ནས་འཕེལ་རྒྱས་བྱུང་མེད་ལས་ཆེ་བའི་དོགས་པ་སླར་ཡང་བྱུང་། གོང་གསལ་པར་རིས་འདི་དག་ལ་དཔྱད་ན་བཙན་པོའི་དུས་ལ་དམག་གི་ཆས་སུ་ཁྲབ་དར་ཟུར་གསུམ་དེ་འདྲ་ཞིག་མེད་ཅེས་ཐག་བཅད་རུང་སྔ་དྲགས་པའི་སྐྱོན་མེད་པར་འདོད་ཅིང་། འདི་དང་འབྲེལ་བའི་གངས་དཀར་ཆོས་སྡེའི་ལྡེབ་རིས་སུའང་རྨོག་སྒྲོ་འཕྲུ་ཅན་གྱི་བོད་དམག་གཉིས་ཀྱིས་ཉེས་ཅན་ཞིག་ཐག་པས་བཅིངས་ཏེ་ཁྲིད་པའི་སྣང་བརྙན་རི་མོར་བྲིས་འདུག་མོད། ཁྲ་ཚུབ་ཚུབ་ཀྱི་ཁྲབ་དར་ཟུར་གསུམ་ནི་སྣ་ཕྱིས་ཙམ་ཡང་མི་གསལ་བ་བཅས་རྒྱུ་ཆ་སྟོབས་ལྡན་དུ་མ་ཞིག་གིས་ཕྱོགས་གང་ཐད་ནས་ཁྲབ་དར་མེད་པར་གསལ་འགྲེལ་བྱས་འདུག་གོ།།

གཙུག་ལག་ཁང་གི་ལྡེསབ་རིས། ཡོང་ཁུངས། དྲྭ་རྒྱ།

༢  བོད་སིལ་བུའི་དུས་ཀྱི་དམག་ཆས་ལས་ཁྲབ་དར་འཚོལ་བ།

སོག་པོས་ས་སྐྱ་ལ་གནང་བའི་རྨོག། ས་སྐྱ་དགོན་ན་ཉར་ཚགས་བྱས་ཡོད། ཡོན་གྱི་དུས།

འདི་འོག་བོད་སིལ་བུའི་དུས་ཀྱི་བོད་དམག་གི་ཆས་གོས་དང་འབྲེལ་བའི་རྒྱུ་ཆ་འགའ་ལ་བལྟས་ན། སྤྱིར་བཙན་པོའི་རྒྱལ་རབས་འཐོར་བ་དང་བསྟུན་ནས་བོད་ཀྱི་དམག་གི་ཆས་གོས་ལའང་སྔོན་དང་མ་འདྲ་བར་ཆད་ལྷག་གི་འགྱུར་བ་ཅུང་རེ་ཕྱིན་པར་འདོད་དེ། བཙན་པོའ་རྒྱལ་ཁབ་འཐོར་རྗེས་ཡུན་རིང་ལ་ནང་འཁྲུག་བྱས་ཏེ་མཐར་འབངས་ཁེང་ལོག་གིས་ཡ་ང་བའི་ལོ་རྒྱུས་ཀྱི་ཟློ་གར་དེ་མཇུག་རྫོགས། བཙན་པོའི་སྐབས་ནས་བོད་དམག་ནི་གཏན་འཇག་གི་དམག་དཔུང་མིན་པར། གཡུལ་ལ་ཞུགས་དུས་སུ་ད་གཟོད་མི་སེར་སྐྱེས་པ་ཚོས་ཁྲབ་རྨོག་ལུས་སུ་གྱོན་ནས་དམག་ཏུ་སྐྱོད་པ་ཡིན་པས། བཙན་པོའི་རྒྱལ་རབས་འཐོར་རྗེས་ཕྱི་དགྲ་འདུལ་བའི་དམག་ལ་ཆས་གྲངས་ཉུང་བ་དང་བསྟུན་དམག་ཆས་གྱོན་གྲངས་ཡང་ཉུང་དུ་ཕྱིན་ཞིང་། གལ་ཏེ་སྐབས་རེར་དམག་ཆས་རེ་གྱོན་རུང་སྔོན་བཙན་པོའི་དུས་ལྟར་ཆ་ཚང་ཞིག་ནི་དཀོན་པ་འདྲ་སྟེ། ཆོས་འབྱུང་རྙིང་པ་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས་“དེང་སང་གི་དུས་ན། ཡུལ་ནི་༞བག་ཏྲང་༞མི་ནི་ཁོང་བྲེལ། ཕོ་བྲང་ནི་འདྲེ་ཡུལ། རྗེ་དཔོན་ནི་སྲིན་པོ། ཕུར་མི་དགྲ་ཕྱོགས། ཡུལ་ན་བྲོ་མི་རྡུང་། བྱེས་ན་གླུ་མི་ལེན། ཡུལ་{ན}་ཁྲལ་ཀ་བརྩི། བྱེས་ན་དགྲ་ཆས་ཏོར{སྟོར}། བསོ་ཀ་ཕྱི་སྒོ་ལ་གཏད། ཕྱུགས་ཁྱིམ་ཕུག་ན་གསོ། གཞོན་པ་ནི་མདའ་སྟན་བྱེད། རྒན་རྒོན་ནི་མྱ་ངན་བྱེད། མི་ཆོས་ཀྱི་དམ་ཚིག་ཁྲེལ་དང་ངོ་ཚ་ནི་མེད། ལྷ་ཆོས་ཀྱི་དམ་ཚིག་བསྡོམས་པ་དང་སྣ་{མནའ}ལ་ནི་མི་འཛེམ། ལྷ་མི་རྣམ་གཉིས་ཀྱི་ཁྲིམས་དང་གཙུག་ལག་གཏིང་ནས་འཆོལ་ཏེ། དུས་ད་ལྟ་ཡན་ཆོད་ལ་ཐུག་པ་ལགས་སྐད།།”ཅེས་གསུང་པ་ལས་དམག་ཆས་དང་འབྲེལ་བའི་གལ་གནད་ཅན་གྱི་ཚིག་གཉིས་བྱུང་བ་ནི། བྱེས་ན་དགྲ་ཆས་ཏོར{སྟོར}། གཞོན་པ་ནི་མདའ་སྟན་བྱེད། ཅེས་པ་འདི་གཉིས་ཡིན་སྟེ། གསུང་འདི་ལ་དཔག་ན་སིལ་བུའི་དུས་མགོར་བོད་མི་སྐྱེས་པ་རྣམས་བྱེས་སུ་འགྲོ་དུས་ཁྲབ་རྨོག་འཁོར་གསུམ་སོགས་དགྲ་ཆས་དོར་ཡོད་པ་དང་། དུད་ཚང་ཁག་ལས་གཞོན་པ་ཚོས་གོ་མཚོན་ལ་རྩིས་ཐང་མ་བྱས་པར་མདའ་སྟན་བྱས་ནས་ཁྲབ་རྨོག་འཁོར་གསུམ་གྱི་རིན་ཐང་ཆུང་དུ་ཕྱིན་ཞིང་། གྱོན་མཁན་ཡང་ཉུང་དུ་ཕྱིན་པའི་གནས་ཚུལ་གསལ་པོར་བསྟན་འདུག། འོན་ཀྱང་། བོད་སིལ་བུའི་དུས་སུ་སྤྱིར་བོད་དུ་དམག་མི་དང་དམག་མིའི་ཡོ་བྱེད་རྒྱུན་ཆད་པ་ལྟ་བུར་གྱུར་པ་མིན་ཏེ། ཁྲི་སྐོར་བཅུ་གཉིས་ཀྱི་དུས་སུའང་ཁྲི་དཔོན་སོ་སོ་ལ་དམག་ཤིན་ཏུ་མང་པོ་ཡོད་ཅིང་། ད་ལྟ་འགྲོ་མགོན་ཆོས་འཕགས་ཀྱི་ཁྲབ་གོས་ཡིན་པར་སྐད་པའི་སོག་པོའི་ཁྲབ་རྨོག་མཇལ་དུ་འདུག་པ་དང་སོག་པོས་ས་སྐྱ་དཔོན་ཚང་ལ་གནང་བའི་རྨོག་མཐོང་ཆོས་སུ་འདུག་པ་སོགས་ལས་བོད་ཀྱི་ཆེ་དགུ་ཚོས་སྐབས་རེར་ཁྲབ་རྨོག་གྱོན་པའི་སྲོལ་ཡང་ཡོད་པར་མངོན་ལ། དུས་སྐབས་དེ་དུས་སུ་བོད་ཀྱི་ཁྲབ་རྨོག་ལ་སོག་པོའི་ཤུགས་རྐྱེན་ཐེབས་པའང་གསལ་པོ་རེད། ས་སྐྱའི་དུས་སྐབས་དང་། ཕག་གྲུའི་དུས་རབས། གཙང་པའི་དུས་རབས་སོགས་ཀྱི་ཁྲབ་རྨོག་གི་སྐོར་འཁོད་པའི་ཐང་ཀ་ལྡེབས་རིས་ཤིན་ཏུ་ཉུང་ནའང་། ས་སྐྱའི་སྲིད་དབང་གི་སྨད་ཙམ་དུ་བྲིས་པར་གྲགས་པའི་ཞྭ་ལུ་དགོན་པའི་ལྡེབས་རིས་ཤིག་ཏུ་ཁྲབ་རྨོག་གྱོན་པའི་སྐྱ་མི་ཞིག་མཇལ་དུ་འདུག། ཁོ་བོས་བསམ་པར་དུས་སྐབས་དེའི་རྟ་དམག་གི་ཆས་གོས་ནི་གོང་གསལ་རི་མོ་དང་བར་ཐག་ཉེ་བར་སེམས། ཡང་ཕག་གྲུའི་སྲིད་དབང་སྐབས་ཙམ་ལ་མཁྱེན་བརྩེ་ཆེན་མོས་བྲིད་པའི་གངས་དཀར་ཆོས་ལྡེའི་ལྡེབས་རིས་སུ་བོད་རྨོག་གྱོན་པའི་སྐྱ་མི་ཞིག་གི་སྣང་བརྙན་མངོན་ཞིང་། སྐྱ་མི་འདིས་ཕུབ་རྒྱབ་ཏུ་ཁུར་བ་སོགས་ཐང་རྙིང་ནང་གི་དྲག་ཆས་སྤྲས་སྟངས་དང་ཤིན་དུ་འཕྲོད། ལྡེབས་རིས་རྙིང་པ་འདི་གཉིས་ཀྱི་ཁྲབ་རྨོག་འཁོར་གསུམ་གཙོས་པའི་དམག་ཆས་ཀྱི་ཁྲོད་དུ་རྒྱབ་དར་ཟུར་གསུམ་མ་མི་མངོན་པར་བསམ་ན། ས་སྐྱ་དང་ཕག་གྲུའི་དུས་སྐབས་སུ་དེ་འདྲིའི་ལུགས་སྲོལ་ཞིག་བྱུང་མེད་ཀྱང་སྲིད་སྙམ་པ་བྱུང་།

ཞྭ་ལུ་དགོན་པའི་ལྡེབ་རིས། ཧ་ལམ་ཕྱི་ལོ་༡༣༠༤།
པར་རིས་ཡོང་ཁུངས། WARRIORS OF THE HIMALAYAS Rediscovering the Arms and Armor of Tibet
མཁྱེན་བརྩེ་ཆེན་མོའི་ཕྱག་བྲིས།
དུས་རབས་༡༥པ། ཡོང་ཁུངས། དྲྭ་རྒྱ།

དེ་འོག་དགའ་ལྡན་ཕོ་བྲང་གི་དུས་སུ་སྤྱིར་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཟིམ་པ་ཕྱི་ནང་ཞེས་པ་གཙོ་ཆེར་རྒྱལ་དབང་ལྔ་པའི་སྐུ་སྲུང་བ་ལྟ་བུའི་གཏན་འཇག་གི་དམག་མི་བསྡུས་ཤིང་། དེ་རྗེས་རྒྱལ་དབང་བདུན་པའི་དུས་ཕྱི་ལོ་༡༧༤༧ལོར་ཕོ་ལྷ་བའི་སྲས་གཞོན་པ་འགྱུར་མེད་རྣམ་རྒྱལ་སྡེ་སྲིད་ལོ་བཞི་བྱ་སྐབས་སུ། དགའ་ལྡན་གཞུང་སའི་གཏན་འཇག་དམག་མི་གཞི་རྒྱ་ཆེ་རུ་བཅུག་ནས་གྲངས་ཀ་ཡང་༣༠༠༠ཙམ་དུ་འཕེལ་རྒྱས་གཏོང་པར་གྲགས། འདི་དུས་སོག་པོ་གོ་ཤྲི་ཁོང་སོགས་ཀྱི་ཤུགས་རྐྱེན་གྱིས་བོད་ཀྱི་དམག་ཆས་ལ་སོག་པོའི་དམག་ཆས་ཀྱི་ཤུགས་རྐྱེན་བྱུང་བ་དང་། ཕོ་ལྷ་བའི་དུས་མན་ཇུའི་དམག་མི་མང་ཙམ་ལྷ་སར་ཡོང་བས་ན་མན་ཇུའི་དམག་ཆས་ཀྱི་ཤུགས་རྐྱེན་ཡང་ཐེབས་སྐད་ཐོས། གང་ལྟར་དུས་སྐབས་དེའི་དམག་ཆས་ནི་དུས་རབས་དེའི་ནང་བཞེངས་སྐྲུན་བྱས་པའི་ཐང་ཀ་དང་ལྡེབས་རིས་སོགས་ལས་གསལ་པོར་མངོན་པར་འདོད། དེང་སྐབས་པོ་ཏཱ་ལའི་ལྡེབས་རིས་དང་ཐང་ཀ་སོགས་ཆ་ཚང་ཞིག་མཐོང་དཀོན་ནའང་རེ་གཉིས་ཤིག་མིག་ཤེས་ཀྱི་ཡུལ་ཏུ་འདུག་པ་ལ་མཇལ་ན།

གོང་གི་རི་མོ་དང་པོ་ནི་བོད་དམག་དང་ཐང་དམག་གི་འཁྲུག་པ་མཚོན་པའི་རི་མོ་དང་གཉིས་པ་ནི་འོད་སྲུང་དང་ཡུམ་བརྟན་གྱི་ནང་འཁྲུག་མཚོན་པའི་རྣམ་པ་ཞིག་ཏུ་མཐོང་། འདིས་མཚོན་པའི་བོད་དམག་གི་གཟུགས་བརྙན་མངོན་པའི་རི་མོ་མང་ཤོས་ལས། བོག་དམག་གི་སྣང་བརྙན་ནི་རྨོག་དར་འཕྲུ་དང་ལྕོག་བཀྲིས། ཁྲབ་ལྕགས་བྱང་བུ་ཀོ་རྒྱུན་གྱི་མདུད་པ་ཅན། གོ་ཆ་མདའ་གྲི་མདུང་ཕུབ་བཅས་ཕྱིས་སུ་པར་ཆས་ཀྱིས་སྒྲོན་པའི་དགའ་ལྡན་ཕོ་བྲང་གི་གཟིམ་པ་དམག་མིའི་ཆས་གོས་དང་གཅིག་ཏུ་སོང་འདུག་པས་ན། རྩ་བའི་ཆ་ནས་རི་མོ་འདི་དག་གི་དམག་གི་རྣམ་པ་ནི་དགའ་ལྡན་ཕོ་བྲང་གི་དམག་མིའི་རྣམ་པ་དངོས་ཡིན་སྙམ། འདི་ལས་ཐང་ཀ་ཕྱི་མ་འདི་བྲིས་པའི་དུས་ཚོད་གུས་པས་གསལ་པོར་ཞུ་ཐུབ་མ་སོང་མོད། རྒྱལ་དབང་ལྔ་པའི་དུས་ཙམ་ན་ཨེ་ཡིན་བསམ།  གང་ལྟར་རི་མོ་འདི་གཉིས་ཀྱིས་ཕྱི་ལོ་དུས་རབས་བཅུ་བདུན་པའི་སྔོན་གྱི་བོད་དམག་གི་ཆས་གོས་མཚོན་ལ། རི་མོ་འདི་དང་བཙན་པོའི་དམག་གི་བར་ལ་འགྱུར་བ་ཅུང་ཙམ་བྱུང་བ་ནི་རྨོག་གི་ཐོག་ཏུ་སྒྲོ་འཕྲུ་ལས་གཞན་དར་འཕྲུ་མངོན་པ་དང་། གོང་ཞུས་ལྟར་དར་འཕྲུ་འདི་སྔོན་བཙན་པོའི་དུས་སུ་བྱུང་བའི་བདེན་དཔང་ཁ་གསལ་མ་མཐོང་ནའང་སིལ་བུའི་དུས་སུ་ནི་བྱུང་ཟིན་པ་འདི་དག་གིས་གསལ་བ་རེད།

དགའ་ལྡན་ཕོ་བྲང་གི་གཟིམ་པ་དམག་མིའི་པར།
ཡོང་ཁུངས། དྲྭ་རྒྱ།

གོང་བཀོད་རི་མོའི་སྡེ་ཚན་གྱི་ཐང་ཀ་འདི་ན། བོག་དམག་དང་ཐང་དམག་བར་གྱི་གཡུལ་འགྱེད་ཀྱི་རྣམ་པ་ཞིག་ལས། ཐང་དམག་གིས་བོད་ཀྱི་ཕོ་བྲང་དང་མཁར་མེ་ལ་སྒྲོན་ཚུལ་ཞིག་དང་། བོད་དམག་གིས་ཐང་གི་རྒྱ་ཡུལ་བཅོམ་པའི་སྣང་བརྙན་གཉིས་རས་ཡོལ་གཅིག་གིས་ངོས་སུ་བྲིས་པའི་ཐང་ཀ་ཞིག་མངོན། དེ་རུ་ཐང་དམག་གི་ཆས་གོས་དང་བོད་དམག་གི་ཆས་གོས་གཉིས་ཀྱང་སོ་སོར་གསལ་བར་བྱས་པ་དང། ཕྱོགས་གཉིས་ཀར་རྐང་དམག་དང་རྟ་དམག་གཉིས་ཀྱིས་གྲུབ་པར་བྲིས་འདུག། ཞིབ་ཀྱིས་རི་མོ་དེར་མཇལ་བ་ཡིན་ན་རྐང་དམག་གི་ནང་ཚན་ལ་དམག་གི་སྡེ་ཚན་དམིགས་བསལ་བ་ཞིག་མངོན་པ་ནི། དམག་ཤོག་འདིས་བོད་ཀྱི་ཁྲབ་རྨོག་གསོལ་ཞིང་མཚོན་ཆ་གཙོ་བོ་མདའ་གཞུ་དང་རལ་གྲི་འཛིན་པ། རྒྱབ་ཏུ་ཁུར་བའི་ཕུབ་ཆེན་པོའི་འོག་ནས་དར་ཆ་ཟུར་གསུམ་མ་གཉིས་གཡས་གཡོན་བྱས་ནས་སྒྲོན་པ་སོགས་ཀྱི་ཁྱད་ཆོས་མཐོང་བས། འདི་ནི་སྐབས་བབ་དཔྱད་གཞིར་གྱུར་པའི་རི་མོ་གལ་ཆེན་ཞིག་ཡིན་པར་འདོད། རི་མོ་འདི་ལས་དམག་མི་དེ་རྣམས་ཀྱིས་ཁྲབ་དར་ཟུར་གསུམ་སྒྲོན་ཡོད་པ་གསལ་པོ་འདུག་པས། བདག་གིས་རི་མོ་འདི་ལ་ཡུན་གྱིས་དཔྱད་མཐར་ཐང་ཀ་འདིའི་རི་མོས་ཁྲབ་དར་ཟུར་གསུམ་མའི་བྱུང་ཁུངས་ལ་ལམ་སྟོན་གྱི་ནུས་པ་ཐོན་པའི་སྣང་བ་བྱུང་། ཁྲབ་རྨོག་བོད་ལུགས་ཡིན་པར་བསམ་ན་དམག་ཤོག་འདི་ནི་ཏན་ཏན་བོད་དམག་ཡིན་པ་ཐག་ཆོད་འདུག་ཀྱང།  དུས་ཕྱིས་ཀྱི་དགའ་ལྡན་ཕོ་བྲང་གི་གཟིམ་པ་དམག་མིའི་པར་རིས་ལས་ཆས་གོས་སོགས་གོང་བཀོད་རི་མོ་དང་གཅིག་ཏུ་གྱུར་པ་ནི་མཐོང་ཡུལ་དུ་མ་བྱུང་མོད། དེ་དང་ཉེ་བའི་དམག་གི་ཆས་གོས་ཤིག་པར་རིས་ལས་མཐོང་བ་ནི་སྐྱ་པར་འདི་ཡིན། པར་རིས་འདི་སྒྲོན་དུས་མི་གསལ་ནའང་དུས་རབས་ཉི་ཤུ་པའི་སྟོད་ཡིན་སྙམ། འོན་ཀྱང་། པར་ནང་གི་དམག་མིའི་ཕུབ་ཆེན་གྱི་འོག་ཏུ་ཁྲབ་དར་ཟུར་གསུམ་སྒྲོན་མེད་པས་ན། གོང་གི་ཐང་ཀའི་རི་མོའི་ནང་གི་དམག་ཆས་ཀྱི་ཆ་ཤས་ཁྲབ་དར་ཟུར་གསུམ་དེ་ནི་ཐང་ཀའི་རི་མོ་ཙམ་དུ་བྱུང་བ་ལས་དངོས་ཡོད་འཚོ་བའི་ཁྲོད་དུ་བོད་དམག་གི་ཆས་སུ་སྤྱད་ཡོད་མེད་ནི་ད་དུང་ཡང་ལྐོག་གྱུར་དུ་འདུག།

སྤྱིར་གོང་གསལ་པོ་ཏཱ་ལའི་ཐང་ཀ་འདི་དག་ཀྱང་ཞལ་བཀོད་གནང་མཁན་སྐབས་དེ་དུས་ཀྱི་གཞུང་སའི་ཆེ་དགུ་ཅིག་ཡིན་སྲིད་ན། ཁོང་ཅག་གིས་གང་འདོད་དུ་ཆས་གོས་སོགས་བསྒྱུར་མི་སྲིད་པ་ལྟ་བུ་ཡིན་མོད། ད་ཡོད་ཡིག་ཆ་དང་རིག་དངོས་གང་ལས་ཀྱང་དགའ་ལྡན་ཕོ་བྲང་གི་དམག་མི་ལ་ཁྲབ་དར་ཟུར་གསུམ་སྒྲོན་སྲོལ་མངའ་བའི་རྒྱུ་ཆ་ཁུངས་ལྡན་མ་རྙེད། གོང་ཞུས་ལྟར་དགའ་ལྡན་ཕོ་བྲང་སྔོན་གྱི་ལྡེབས་རིས་རི་མོ་ཁག་ལས་གསལ་བའི་དམག་ཆས་ལས་ཀྱང་ཁྲབ་དར་ཟུར་གསུམ་མི་མངོན་པས་ན། འདི་ཉིད་གློ་བུར་ལྟ་བུའི་སྒོ་ནས་དགའ་ལྡན་ཕོ་བྲང་གི་དུས་སུ་བྲིས་པའི་ཐང་ཀའི་རི་མོ་ཞིག་ལས་ཕྱི་རུ་ཐོན་པ་དང་། ཐོན་དུས་ཀྱང་ཐང་ཀ་གཅིག་ལས་མ་གཏོགས་གཞན་ན་མཇལ་དུ་མེད་པ་ནི་ངོ་མཚར་ཞིག་རེད།

དགའ་ལྡན་ཕོ་བྲང་གི་གཟིམ་པ་དམག་མིའི་ཆས་གོས་དང་པར་རིས་སོགས་རིག་གསར་གྱི་སྔོན་དུ་པར་རྒྱབ་པ་དང་། ཕྱིས་སུ་དངོས་མང་གཤོམ་སྟོན་ཁང་ལས་དེ་འབྲེལ་ཅ་ལག་དུ་མ་མཇལ་རྒྱུ་ཡོད་མོད།  ཁྲབ་དར་ཟུར་གསུམ་མ་ཞིག་རྩ་བ་ནས་མཐོང་དུ་མི་འདུག། དཔེར་ན་ང་རང་ཚོའི་དུས་རབས་དང་ཆེས་ཉེ་བའི་བོད་དམག་གཟིམ་པ་ཚོའི་སྲོལ་རྒྱུན་མཛད་སྒོ་ཆེན་མོ་སྐབས་སུ་སྒྲོན་པའི་དམག་ཆས་ཀྱི་པར་རིས་འགའ་ལ་མཇལ་ན།

བཤམ་བཀོད་པར་རིས་འདི་རྣམས་ནི་ལོ་ལྟར་ཕོ་བྲང་པོ་ཏཱ་ལའི་བདེ་ཡངས་ཤར་དུ་རྣམ་རྒྱལ་གྲྭ་ཚང་གིས་དགུ་གཏོ་འཕེན་སྐབས་ཀྱི་གཟིམ་པ་བོད་དམག་གི་མཛད་སྒོའི་དུས་སུ་སྒྲོན་པ་གཙོས་བྱས། སྔ་ཕྱི་ཕྱི་ལོ་༡༩༠༣ལོ་དང་༡༩༣༦ལོ་༡༩༤༣ལོ་༡༩༨༢ལོ་བཅས་སུ་སྒྲོན་པ་ཤ་སྟག་ཡིན། པར་རིས་རྣམས་སུ་གསལ་བའི་དམག་གི་ཆས་ནི་གོང་གི་པོ་ཏཱ་ལའི་ལྡེབས་རིས་ནང་གི་བོད་དམག་གི་ཆས་གོས་དང་རྩ་བའི་ཆ་ནས་མཚུངས་ཤིང་། སྔར་མེད་པའི་གོ་ཆ་མེ་མདའ་གསར་དུ་བྱུང་བ་ཙམ་མོ།། འདི་སོགས་གང་ལས་ཀྱང་དུས་རབས་ཉི་ཤུ་པའི་ནང་གི་དགའ་ལྡན་ཕོ་བྲང་གི་འཚོ་བ་དངོས་ཀྱི་དམག་ཆས་སུ་ཁྲབ་དར་ཟུར་གསུམ་མ་བེད་སྤྱད་པའི་སྣང་བརྙན་གྱི་བདེན་དཔང་མ་བྱུང་བས་ན། གོང་གསལ་ཐང་ཀའི་ནང་གི་ཁྲབ་དར་ཟུར་གསུམ་སྒྲོན་པ་དེ་དགའ་ལྡན་ཕོ་བྲང་གི་འཚོ་བ་དངོས་ཀྱི་དམག་ཆས་མིན་ནོ་སྙམ། འོན་ཀྱང་། གོང་གསལ་རི་མོ་དེས་གསལ་པོར་ར་སྤྲོད་བྱུང་བ་ནི་དགའ་ལྡན་ཕོ་བྲང་གི་དུས་ཙམ་ནས་དམག་གི་ཆས་གོས་རི་མོར་འབྲི་དུས་ཁྲབ་དར་ཟུར་གསུམ་མ་འབྲི་བའི་སྲོལ་ཐོག་མར་བྱུང་བ་མཚོན་གྱི་ཡོད་ལ། དེས་ཁྲབ་དར་ཟུར་གསུམ་ནི་ཐོག་མར་རི་མོ་རུ་བྱུང་བ་གསལ་བཤད་བྱས་པ་རེད།

 ༣ བོད་ཀྱི་སྲུང་མ་དང་ཡུལ་ལྷའི་ཆས་གོས་ལས་ཁྲབ་དར་ཟུར་གསུམ་མ་འཚོལ་བ།

ཡང་བོད་ཀྱི་ཡུལ་ལྷ་གཞི་བདག་གི་ཆས་གོས་ཀྱི་ངོས་ནས་སྔོན་དུས་ཀྱི་བོད་མིའི་ཆས་གོས་ལ་དཔྱད་རུང་བའི་སྐོར་ནི་མཁས་དབང་དགེ་ཆོས་ཀྱིས་གསུངས་ཤིང་། ཁོང་ཉིད་ཀྱིས་དེབ་དཀར་དུ་དཔྱད་ཐབས་དེ་ཉིད་ལག་ལེན་བྱས་པ་བཞིན། འདི་གར་ཡང་ས་བཅད་མ་སྟོང་ཙམ་གྱི་ཚུལ་དུ་ཡུལ་ལྷ་གཞི་བདག་གི་ཆས་གོས་ལ་འཕྲོས་ཏེ་ཅུང་ཙམ་ཁྲབ་དར་ཟུར་གསུམ་མའི་བྱུང་རིམ་ལ་བློ་ཁ་ཕྱོགས་ན།

གནས་ཆུང་ཆོས་སྐྱོང་། ཡོང་ཁུངས་། WARRIORS OF THE HIMALAYAS Rediscovering the Arms and Armor of Tibet

བོད་ཀྱི་ཡུལ་ལྷ་གཞི་བདག་དང་བོན་གྱི་བཀའ་སྐྱོང་བན་གྱི་ཆོས་སྐྱོང་རྣམས་ལ། གཞི་རྩའི་ཐོག་བོད་རང་ས་ནས་དར་བའི་གདོད་མའི་ལྷ་སྲུང་དང་། རྒྱལ་ཁམས་གཞན་ནས་བོད་དུ་ནང་འདྲེན་བྱས་པའི་ལྷ་སྲུང་སྟེ་ཤོག་ཁག་གཉིས་སུ་ཕྱེ་དགོས་པར་སྣང་སྟེ། དཔེར་ན་རྒྱལ་ཁམས་གཞན་ནས་ནང་འདྲེན་ཞུས་པའི་ལྷ་སྲུང་གི་ཆས་གོས་དང་ཕྱག་ཆ་སོགས་ལ་མི་རིགས་གཞན་གྱི་ཁྱད་ཆོས་མངོན་པར་གསལ་བ་ཡོད་པ་ནི། གཞུང་བསྟེན་སྲུང་མ་གནས་ཆུང་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་ནམ་པེར་ཧར་གྱི་ཕྱག་ཆ་ལ། ཁོང་གི་ཐོག་མའི་བྱུང་ཁུངས་ཧོར་རམ་སོག་པོའི་ཐུག་ནག་གི་བ་དན་ཕྱག་ཏུ་འཛིན་ཡོད་པ་བཞིན་ཡིན། འོན་ཀྱང་། དེས་བོད་ཀྱི་ལུགས་ཀྱི་སྲོལ་གང་ཡང་མི་མཚོན། དེ་བས་ན་འདིར་བོད་རང་ས་ནས་བྱུང་བའི་ལྷ་སྲུང་གཞི་བདག་གི་ངོས་ནས་དཔྱད་ན་དོན་དངོས་དང་འབྱོར་ཆེ་བར་སྙམ་པས། སྲིད་པ་ཆགས་པའི་ལྷ་དགུ་དང་། བོད་སྐྱོང་བརྟན་མ་བཅུ་གཉིས། རྗེ་ཡི་མགུར་ལྷ་བཅུ་གསུམ་སོགས་གཙོས་བྱས་དྲེགས་པ་སྡེ་བརྒྱད་ལས་བཙན་ནི་དམག་ཆས་གྱོན་པའི་རིགས་ཤིག་ཡིན་རྐྱེན་རང་སའི་བཙན་གྱི་ཆས་གོས་སོགས་ལས་དཔྱད་ན་ཧ་ཅང་ལེགས། སྲིད་པ་ཆགས་པའི་ལྷ་དགུ་ལས་གཉན་ཆེན་ཐང་ལྷ། རྨ་རྒྱལ་སྤོམ་ར། སྒོམ་པོ་ལྷ་རྩེ་སོགས་ཀྱི་ཞལ་ཐང་རྙིང་པ་ཁག་ལས་གསལ་བ་ལྟར་ན། གོང་བཀོད་སིལ་བུའི་དུས་ཀྱི་བོད་དམག་གི་ཆས་གོས་ལས་གཞན་དུ་གྱུར་པ་མ་མཐོང་ཞིང་། བོན་གྱི་ལུགས་སུའང་རྨ་རྒྱལ་སྤོམ་རའི་ཆས་གོས་ནི་འོག་གི་ཆིབས་པ་སེང་གེ་དེ་མི་འདྲ་བ་ལས་གཞན་ནི་བན་དང་གཅིག་ཏུ་འདུག། བོད་རང་ས་ནས་བྱུང་བའི་བཙན་གྱི་སྐོར་ལ་ཡུལ་སྙེ་མོའི་བསྟན་སྲུང་དྲག་ཅན་བཙན་རྒོད་རྫིང་བཙན་དང་གཞན་ཡང་འབྲུག་ནས་ཐོན་པར་གྲགས་པའི་བཙན་རྒོད་ཇག་མེ་སོགས་ཀྱི་ཆས་ལ་མཇལ་ནའང་། སྔར་བཞིན་མགོ་ལ་ཐོད་ཀྱིས་བཀྲིས་པ་དང་རྨོག་སྒྲོ་འཕྲུ་དང་དར་འཕྲུ་ཡིས་རྒྱན་པའི་རྣམ་པ་ལ་ཁྲབ་གསོལ་བ་ལས་གཞན་ཆས་གོས་ལྷག་མ་མི་མངོན། དེ་ལྟར་རྒྱུ་ཆ་སྔ་ཕྱི་ཕྱོགས་གཅིག་ཏུ་སྤུངས་ན་བོད་ཀྱི་དམག་གི་ཆས་སུ་ཁྲབ་དར་ཟུར་གསུམ་ཅན་མེད་པ་ལྟ་བུའི་ཚུལ་དུ་འདུག་ནའང་། ཡང་བོད་ཀྱི་བཀའ་སྲུང་ཆོས་སྐྱོང་ཡིན་པ་ལ་གོང་བཀོད་ཀྱི་ཆས་གོས་དང་ཅུང་མ་འདྲ་བ་ཁྲབ་དར་ཟུར་གསུམ་ཡོད་པའི་རིགས་ཀྱང་སྣང་བས་ཐག་གཅོད་སྔ་མི་རུང་བར་སྣང་།

རྡོ་རྗེ་རྫིང་བཙན་གྱི་སྐུ་ཐང་།
ཡོང་ཁུངས། དྲ་རྒྱ།

གོང་གསལ་རི་མོ་འདི་དག་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ལུས་རྒྱབ་ཏུ་དར་ཆ་ཟུར་གསུམ་ལྡན་པ་དེ་ཡིན། འདི་ནི་བོད་ཀྱི་བཀའ་སྲུང་གི་ཐང་ག་རྙིང་པ་ཁག་ལས་མཇལ་བར་དཀོན་པའི་སྣང་བརྙན་ཞིག་ཀྱང་རེད། སྤྱིར་འདི་འདྲའི་ཐང་ཀ་གསར་པ་མང་ཙམ་འདུག་ཀྱང་གོང་བཀོད་འདི་དག་ནི་བདག་གིས་མཐོང་བ་ཁག་ལས་རྙིང་ཤོས་ཀྱི་སྐོར་ཡིན། དེའང་ཁོ་བོས་ཐང་ག་དང་ལྡེབས་རིས་འདི་རྣམས་ཀྱི་ལོ་རྒྱུས་ནི་དེ་ཙམ་རིང་རྒྱུ་མེད་པར་སྙམ་སྟེ། དང་པོ་གེ་སར་རྒྱལ་པོའི་ཐང་ཀ་འདི་ནི་ཁམས་སྨན་གསར་ལུགས་ཀྱི་རི་མོ་ཡིན་འདུག་ལ། རི་མོའི་ལུགས་འདི་གསར་གཏོད་པ་གྲུ་པ་ཕུར་བུ་ཚེ་རིང་ནི་དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུ་པའི་དུས་མགོའི་མི་ཞིག་ཡིན་ཚུལ་ཚིག་གཏེར་རྒྱ་མཚོ་ལས་གསལ། ལྷག་པར་རི་མོ་འདི་ནི་ཁོང་གི་སློབ་བརྒྱུད་ཅིག་གིས་བྲིས་པར་གྲགས་ན་དུས་ཡུན་ཅི་ཙམ་རིང་ནའང་ལོ་བརྒྱ་ཙམ་ལས་མིན་པར་གྲུབ། དགྲ་ལྷའི་ཞལ་ཐང་འདིའང་སྤྱིར་རིག་གསར་སྔོན་གྱི་ཞལ་ཐང་རྙིང་པ་ཡིན་རུང་ཁམས་སྨན་སར་གྱི་རི་མོའི་བྲིས་རྒྱུན་དུ་མངོན་པས་ན་ལོ་བརྒྱ་ཕན་མིན། དེ་མཚམས་ཀྱི་ལྡེབས་རིས་ལས་མངོན་པའི་ཆོས་སྐྱོང་འདིའི་རི་མོ་ནི་སྙེ་བོ་རྭ་སྟོད་དགོན་གྱི་ལྡེབས་རིས་ཡིན་པར་གྲགས་ཤིང་རིག་གསར་ཡང་སྔོན་གྱི་རི་མོ་ཡིན་པར་སྣང་། རི་མོ་འདི་ལ་ལོ་རྒྱུས་ག་ཚད་ཡོད་པ་ཁོ་བོས་གསལ་པོ་ཤེས་མ་སོང་མོད། ཡར་མར་ལྷ་བཟོ་མང་ཙམ་ལ་གཟིགས་འབུལ་ཞུས་པར་ཁོང་ཅག་གིས་གསུང་ན་རི་མོ་འདི་གཙང་སྨན་གསར་གྱི་བྲིས་རྒྱུན་དང་ཚོན་རྡོ་མཚོན་ཡིན་འདུག་ཅིང་པར་རིས་མཇལ་ན་ལོ་ཉིན་བརྒྱ་ཚུན་གྱི་ལོ་རྒྱུས་ཡོད་སྲིད་ཅེས་གསུངས་བྱུང་བས་འདིར་དཔྱད་གཞིར་བཀོད་པ་ཡིན། མདོར་ན་ཁྲབ་དར་ཟུར་གསུམ་མངོན་པའི་ཐང་ཀ་དང་ལྡེབས་རིས་ལྷ་མི་སུའི་གཟུགས་བརྙན་རི་མོར་བྱས་པ་ཡིན་རུང་། མིག་མཐོང་ལག་ཟིན་དུ་གྱུར་པ་ཆེས་སྔ་ཤོས་ནི་དགའ་ལྡན་གཞུང་སའི་དུས་ཀྱི་ཕོ་བྲང་པོ་ཏཱ་ལའི་ཐང་ཀ་གང་ཉིད་ཡིན་པར་སྙམ་ལ། དེའི་རྗེས་སུ་ལྷ་འགའ་ཤས་ཀྱི་ཆས་གོས་སུ་ཁྲབ་དར་ཟུར་གསུམ་འདི་ཉིད་དུས་རབ་བཅུ་དགུ་པ་དང་ཉི་ཤུ་པའི་ནང་བྱུང་བ་གསལ་ཚུལ་གོང་དུ་བཀོད་པའི་ཐང་ཀ་རི་མོ་དག་གིས་མཚོན་པ་ལྟར་ཡིན།

ཡོང་ཁུངས། https://mp.weixin.qq.com/s/VQJBpTiJu09l1OmFAGMiEg

འདིར་དམིགས་བསལ་གྱི་ཐང་ཀ་གཞན་ཞིག་གིས་དོན་དེར་ར་སྤྲོད་ཞིབ་ཙམ་ཞུས་ན། ཐང་ཀ་འདིའི་ནང་གི་ལྷ་འདི་སུ་ཡིན་ད་དུང་ཁོ་བོས་ངོས་མ་ཟིན་ནའང་། རི་མོ་འདི་མཁོ་སྤྲོད་གནང་མཁན་གྱིས་གསུང་ན་ལྷ་འདི་ལ་ཁམས་ཀྱི་བླ་མ་ཞིག་གིས་མཆོད་བསྟོད་བྱེད་ཀྱི་ཡོད་ཚུལ་གསུང་འདུག། རི་མོ་ལས་གསལ་བ་ལྟར་ན་ལྷ་འདི་བཙན་ཞེས་པའི་སྲུང་མ་དེའི་རིགས་སུ་སྣང་ཞིང་། འདི་ལས་ཐུན་མིན་གྱི་ཁྱད་ཆོས་ཤིག་མངོན་པ་ནི་རྒྱབ་ཏུ་ཁྲབ་དར་ཟུར་གསུམ་བཞི་དང་ཕྱག་ཏུ་བོད་མདའ་འཛིན་པ་དེ་རེད། དེ་བས་ང་ཚོས་ལྷ་འདི་བྱུང་བའི་དུས་ཚོད་ནི་བོད་དུ་མེ་མདའ་བྱུང་ཟིན་པའི་རྗེས་ཡིན་པ་གཏན་ཁེར་ཐུབ་ཅིང་། བོད་དུ་མེ་མདའ་བྱུང་བའི་དུས་ཚོད་ནི་མ་མཐའ་དུས་རབས་བཅུ་དགུ་པའི་ནང་ཡིན་སྙམ། རྒྱུ་མཚན་དེ་སོགས་ལ་བསམ་ན་བོད་ཀྱི་རི་མོའི་ཁྲོད་དུ་སྔར་མེད་ཀྱི་ཁྲབ་དར་ཟུར་གསུམ་བྱུང་བའི་དུས་ཚོད་ཀྱང་དེང་རབས་དང་ཇེ་ཉེ་རེད་དོ།།

 ༤  ཁྲབ་དར་ཟུར་གསུམ་གྱི་བྱུང་ཁུངས་རྒྱལ་ཕྱི་ནང་གི་དམག་ཆས་ལས་འཚོལ་བ།

པོ་ཏ་ལའི་ཐང་ཀའི་རི་མོ་ལས་ཁྲབ་དར་ཟུར་གསུམ་གྱི་སྣང་བརྙན་བྱུང་པའི་རྒྱུ་རྐྱེ་གང་ལ་ཐུག་པ་དང་།  དེའི་སྔོན་གྱི་བཙན་པོའི་དུས་དང་སིལ་བུ་ས་ཕག་གི་དུས་ཀྱི་རིག་དངོས་ལས་མཐོང་དུ་མེད་པ་ཞིག་དུས་ཚོད་འདིའི་ནང་བྱུང་དོན་ཅི་ཞིག་ཡིན་པར་དཔྱད་པ་བྱ་རྒྱུ་གལ་གནད་ཆེ། གོང་ནས་ཞུས་པ་བཞིན་དགའ་ལྡན་གཞུང་ས་ཐོག་མར་དབུ་བརྙེས་སྐབས་ནས་སོག་དམག་འབོར་ཆེན་བོད་དུ་ཐོན་པའི་རྐྱེན་གྱིས་སོག་དམག་གི་ཆས་གོས་ཀྱི་ཤུགས་རྐྱེན་ཐེབས་ཚུལ་དང་དེ་རྗེས་ཕོ་ལྷ་བའི་དུས་མན་ཇུའི་དམག་གི་ཆས་གོས་ཀྱི་ཤུགས་རྐྱེན་བྱུང་བའི་སྐོར་ཡིག་ཆ་ཁུངས་ལྡན་ལས་མཐོང་བས། རི་མོ་ནང་དུ་ཁྲབ་དར་ཟུར་གསུམ་བྱུང་དོན་ནི་མི་རིགས་གཞན་གྱི་ལུགས་སྲོལ་དང་འབྲེལ་ཡོད་པ་ཡིན་སྲིད། འོན་ཀྱང་། རི་མོ་འདི་ཁོ་ནས་ཁྲབ་དར་ཟུར་གསུམ་དེ་དངོས་ཡོད་དུ་བོད་དམག་གི་ཆས་སུ་བེད་སྤྱད་པར་ཐད་ཀར་ཐད་གཅོད་བྱ་དཀའ་བས་དངོས་ཡོད་འཚོ་བའི་ནང་ག་དུས་བྱུང་བ་ལ་བདེན་དཔང་གཞན་ད་དུང་དགོས་འདུག། གང་ལྟར་དངོས་ཡོད་དང་རི་མོ་གང་གི་དབང་བྱས་རུང་མདོར་ན་སྣང་ཚུལ་འདི་བྱུང་བའི་དུས་ཚོད་ནི་དགའ་ལྡན་ཕོ་བྲང་གི་དུས་སུ་ཡིན་འདུག་ན། ཁོ་བོས་ཁྱིམ་མཚེས་མི་རིགས་གཞན་གྱི་ཤུགས་རྐྱེན་ཡིན་པར་སྙམ་པས། གཤམ་དུ་མི་རིགས་གཞན་གྱི་ཁྲབ་ཆས་ཀྱི་བྱུང་བ་ལ་ཅུང་བློ་འཁོར་བར་བྱ།

བོད་དང་ཉེ་བའི་ཁྱིམ་མཚེས་ནི་སྟག་ཟིག་དང་རྒྱ་གར། རྒྱ་ནག་ཧོར་བཅས་ཡིན་ཞིང་། དེ་དག་ལས་བོད་ཀྱི་བཙན་པོ་སྔོན་མ་རྣམས་ཀྱི་དུས་སུ་འབྲེལ་ལམ་ཆེ་ཤོས་ནི་སྟག་ཟིག་དང་རྒྱ་གར་ཡིན་པར་མངོན། ཁོ་བོས་མཐོང་ཐོས་ལྟར་ན་རྒྱལ་ཁབ་དེ་དག་ལ་ཁྲབ་དར་ཟུར་གསུམ་སྒྲོན་པའི་ལུགས་སྲོལ་མ་མཐོང་། ཡོ་རོབ་ཀྱི་རྒྱལ་ཁབ་ཕོ་ལན་གྱི་རྟ་དམག་རུ་ཁག་ལ་ཁྲབ་སྒྲོ་སྒྲོན་པའི་ལུགས་སྲོལ་འདུག་ནའང་། འདི་ནི་བོད་དང་འབྲེལ་བ་ཅིའང་མི་མངོན་ལ་དུས་ཚོད་ཀྱང་བཙན་པོའི་སྐབས་དང་འབྲེལ་མེད་ལ་བསྒྲོན་རྒྱུའང་དར་མིན་པར་སྒྲོ་ཡིན།

ཤུས་ཤེ་ཆི་ཧྥ་ཅཱི་བྲིས་ཐང་།

དེ་ལས་གཞན་ཁྲབ་དར་ཁྱབ་རྒྱ་ཆེ་བའི་ཡུལ་ལུང་གཞན་ཞིག་ནི་རྒྱ་ཡུལ་ཡིན་ཞིང་། རྒྱ་ཡི་ཡུལ་དུ་དམག་མིའི་རྒྱབ་ལ་དར་ཆ་ཁུར་བའི་ལུགས་སྲོལ་བྱུང་བའི་དུས་ཚོད་ཡིག་ཆ་ལས་གསལ་བ་ལྟར་ན། སུང་རྒྱལ་རབས་ཀྱི་དུས་ཙམ་དུ་སྐབས་དེའི་དམག་དཔོན་ཆཱི་ཅི་ཀོ་(戚继光)ཞེས་པས་བྲིས་པའི་བརྩམས་ཆོས། དམག་སྦྱོང་ཟིན་བྲིས(练兵实纪)ཞེས་པའི་ནང་དུ་གསལ་བ་དང་། དེ་རུ་[2]དམག་རེ་ལ་ཁྲབ་དར་རེ་དགོས་ཚུལ་འཁོད་འདུག་ཅིང་། དེ་རྗེས་ཏཱ་མིང་དུས་ཀྱི་རི་མོ་མིང་གྲགས་ཅན་ཤུས་ཤེ་ཆི་ཧྥ་ཅཱི་བྲིས་ཐང་(徐显卿宦迹图)ལས་ཀྱང་ཁྲབ་དར་གྱི་སྣང་བརྙན་མངོན། ཁོ་ཚོས་ཁྲབ་དར་ལ་ཐ་སྙད་པེ་ཆི་(背旗)ཞེས་པ་སྤྱོད་ལ། མིང་དོན་ནི་རྒྱབ་ཀྱི་དར་ཆ་ཞེས་པའི་དོན་ཡིན། ཁྲབ་དར་ལ་ད་དུང་ཡང་ཐ་སྙད་གཞན་ཧོ་པི་ཆི་(护背旗) དང་ཁོ་ཆི་(靠旗)ཞེས་པ་སོགས་ཀྱང་སྣང་། དེ་དག་གི་གོ་དོན་ནི་རྒྱབ་སྲུང་དར་ཆ་དང་ཁྲབ་ཀྱི་དར་ཆ་ཞེས་སོགས་སོ།།

དེ་རྗེས་ཀྱི་ཕྱི་ལོ་༡༧༩༣ལོར་དབྱིན་ཇིའི་ཕོ་ཉ་ཆིང་རྒྱལ་རབས་སུ་ཐོན་པ་ན་དེ་དག་གིས། སྐབས་དེར་དངོས་ཟིན་རི་མོ་བྱས་པའི་ཁྲོད་དུ་ཆིང་དམག་ཁྲབ་དར་ཅན་གཉིས་ཀྱི་སྣང་བརྙན་བྱུང་འདུག་པས། ཁྲབ་དར་འདི་ཉིད་རྒྱ་ནག་གི་དངོས་ཡོད་དམག་གི་ཆས་སུ་མན་ཇུ་ཆིང་རྒྱལ་རབས་ཀྱི་དུས་ཕྱིས་བར་མཐོང་དུ་ཡོད། རྒྱ་ནག་གི་ཁྲབ་དར་མངོན་པའི་རིག་དངོས་གཞན་ནི་ཟློས་གར་རམ་ཤིས་(戏)ཞེས་པ་དེ་ཡིན་ལ། དེའི་ཁྲོད་ཀྱི་ཁྲབ་དར་ལ་གྲངས་དྲུག་ནས་བཞི་ཅི་རིགས། དབྱིབས་གྲུབ་བཞི་དང་ཟུར་གསུམ་གང་རུང། གཙོ་བོ་དཔའ་བོའི་ཆས་སུ་གསོལ་བ་ཞིག་ཡིན་ཚུལ་འདུག[3]། རྒྱ་ནག་ཏུ་ཤིས་ཀྱི་ཆས་སུ་ཁྲབ་དར་སྒྲོན་པའི་དུས་ཚོད་ཏན་ཏན་སྨྲ་དཀའ་ནའང་འབྲེལ་ཡོད་དཔྱད་རྩོམ་ལས་གསལ་བ་ལྟར་ན། ཤིས་ཀྱི་ཆས་སུ་ཁྲབ་དར་སྒྲོན་པའི་ད་བར་གྱི་རི་མོ་སྔ་ཤོས་ནི་ཕྱི་ལོ་༡༧༨༣ལོ་ཆིང་ཆི་ལོང་གི་ཁྲི་ལོ་༤༨པར་བྲིས་པའི་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་བཤད་པའི་དེབ་(绣像说唐后传)ཅེས་པ་ལས་ཐོན་པའི་རི་མོ་འདི་ཡིན་པར་བཤད་ལ། ཡིག་ངོས་སུ་བྱུང་བའི་ལོ་རྒྱུས་སྔ་ཤོས་ནི་ཕྱི་ལོ་༡༧༩༣ལོ་ཆིང་ཆི་ལོང་གི་ཁྲི་ལོ་༦༠པར་ལི་ཏོ་ཞེས་པས་བྲིས་པའི་(杨洲画舫录)ཞེས་པ་ཡིན་སྐད་འདུག།[4]དེ་ལྟར་ན་རྒྱ་ནག་ལ་ཆིང་གི་དུས་སུ་ཤིས་ཀྱི་ཆས་ལ་ཁྲབ་དར་སྤྱོད་པའི་ལུགས་སྲོལ་བྱུང་བ་ཡིན་ལ། ཤིས་ཆས་ལ་དར་ཆ་ཞིག་རྒྱབ་ལ་ཁུར་བའི་ལུགས་སྲོལ་བྱུང་དོན་ཐད་ཁོ་རང་ཚོ་ལ་སྤྱིར་སྨྲ་ཚུལ་མང་དུ་གདའ་ནའང་། ཁུངས་བཙུན་ཤོས་ནི་སྔོན་དམག་དཔུང་སོ་སོའི་དམག་དཔོན་ལ་དམག་ཤོག་སོ་སོར་ལམ་སྟོན་བཀའ་གནང་གི་དར་ཆ་ལིང་ཆི་(令旗)ཞེས་པ་ཞིག་ཡོད་པར། དེ་ཉིད་ཕྱིས་སུ་ཤིས་ཀྱི་ཆས་སུ་སྤྱད་དེ་རྫིག་པོ་ཡོང་བའི་ཆེད་དུ་གྲངས་ཀ་ཡང་མང་དུ་བཅུག་ནས་བཞི་དང་དྲུག་དུ་བྱས་ཟེར།

ཉི་ཧོང་གི་ཁྲབ་དར་དཔེ་རིས།

ད་དུང་འཇར་པན་སོགས་སུ་ཡང་སྔོན་གྱི་དུས་སུ་ཁྲབ་དར་སྒྲོན་པའི་ལུགས་སྲུལ་ཡོད་འདུག་ཅིང་། ཁོ་ཚོས་དེ་ནི་གཡུལ་ས་ནས་དཔོན་ཚང་སོ་སོའི་དམག་མི་དགྲ་གྲོགས་ངོས་ཟིན་ཆེད་ཡིན་པར་བཤད་ཅིང་། མིང་ལའང་“ངོས་འཛིན་རྒྱབ་དར”་ཞེས་པ་ལྟ་བུ་ཞིག་འབོད་པར་སྣང་། འོན་ཀྱང་། འདི་ནི་བོད་དང་བར་ཐག་རིང་ཞིང་དབྱིབས་དང་གྲངས་སོགས་ཀྱང་འགྲིག་པོ་མིན་པས་ཟུར་དུ་བཞག་ཆོག་པར་ཞུ།

མདོར་ན་འདི་དག་ལས་བོད་དང་འབྲེལ་བ་ཆེ་ཤོས་ནི་རྒྱ་ནག་གི་ཁྲབ་དར་སྒྲོན་པའི་ལུགས་སྲོལ་ཡིན་པར་སྣང་ཞིང་། ལྷག་པར་དགའ་ལྡན་ཕོ་བྲང་གི་པོ་ཏ་ལའི་ཐང་ཀའི་རི་མོ་ལས་བྱུང་བའི་ཁྲབ་དར་ནི་རྒྱ་ནག་ཏུ་སུང་དང་མིང་། ཆིང་བཅས་ཀྱི་རྒྱལ་རབས་སུ་བྱུང་བའི་དམག་མིའི་ཡོ་བྱེད་ཁྲབ་དར་ཟུར་གསུམ་མ་དང་བར་ཐག་ཉེ་ལ། བོད་ཀྱི་ཐང་ཀའི་བོད་དམག་གི་རི་མོར་ཁྲབ་དར་དེ་ཉིད་ཀྱི་སྣང་བརྙན་བྱུང་རྗེས། དེ་ནས་རིན་བཞིན་བོད་ཀྱི་བསྟན་སྲུང་འགའ་ཞིག་གི་རི་མོ་ལ་ཁྲབ་དར་བྱུང་བ་དང་། དེ་ནས་ག་ལེར་རྒྱ་ནག་དང་འབྲེལ་བ་ཇེ་ཆེར་སོང་བ་དང་བསྟུན་ནས་ཆིང་གི་དུས་སུ་བྱུང་བའི་ཤིས་ཆས་ཁྲབ་དར་ཟུར་གསུམ་གྲངས་བཞི་ཅན་དེ་ཉིད་བོད་ཀྱི་ཐང་ཀའི་ནང་དུ་ལྷ་དང་སྲུང་མ་རྣམས་རྫིག་པོ་བཟོ་བའི་ཆེད་དུ་ནང་འདྲེན་བྱས་པར་སྙམ། སྲུང་མ་ལ་ཁྲབ་དར་འབྲི་སྲོལ་བྱུང་བ་དང་བསྟུན་ནས་གེ་སར་གྱི་ཐང་ཀ་ལའང་ཁྲབ་དར་འབྲི་བའི་སྲོལ་བྱུང་བར་མངོན། གོ་རིམ་དེ་ལྟར་ཡིན་པ་ནི་དངོས་པོ་དེ་ཉིད་བོད་དུ་དར་བའི་དུས་ཚོད་ཀྱི་ལོ་ཚིགས་གོང་འོག། དབྱིབས་དང་གྲགས་ཀ་རྣམ་པ་བཅས་ལ་བལྟས་ན་རྟོགས་སླའོ།།

 ༥ ཁྲབ་དར་ཟུར་གསུམ་བོད་པས་དངོས་སུ་བེད་སྤྱད་པའི་དུས་ཚོད།

གཞན་གྱི་ཤུགས་རྐྱེན་ཟེར་བ་ནི་ག་ལེར་ག་ལེར་སྒྲ་མེད་གཟུགས་མེད་ཀྱི་སྒོ་ནས་ཐེབས་ཀྱིན་ཡོད་པ་བཞིན། བོད་ཀྱི་འདན་སྲས་ཟློས་གར་ལ་རྒྱ་ལུགས་ཁྲབ་དར་ཟུར་གསུམ་གྱི་ཤུགས་རྐྱེན་ཐེབས་ཚུལ་ཡང་། དང་ཐོག་བོད་ཀྱི་མི་ཡི་རི་མོ་ལ་ཤན་ཞུགས་པ་ནས་རིམ་གྱིས་ལྷ་ཡི་རི་མོ་ལ་ཤིས་ཀྱི་ཁྲབ་དར་གནས་སྤོས་པ་དང། དུས་ཕྱིས་གེ་སར་སོགས་བོད་ཀྱི་སྲུང་མའི་ཐང་ཀའི་རི་མོ་འགའ་ཤས་ལ་ཁྲབ་དར་ཟུར་གསུམ་སྒྲོན་པའི་ལུགས་སྲོལ་བྱུང་བ་ནི་ལོ་རྒྱུས་དངོས་ཡོད་དུ་འདོད།

འོན་ཀྱང་། ལོ་རྒྱུས་ཀྱི་རྒྱུ་ཆ་གང་མང་ལ་བསམ་ན་ཁྲབ་དར་ཟུར་གསུམ་སྒྲོན་པའི་གཞན་གྱི་ཤན་ཤུགས་དེ་ཉིད་རིག་གསར་སྔོན་བར་དངོས་ཡོད་འཚོ་བའི་ཁྲོད་དུ་བྱུང་ཐུབ་མེད་པར་སྙམ་སྟེ། གོང་དུ་དྲངས་པའི་དགའ་ལྡན་ཕོ་བྲང་གི་གཟིམ་པ་རྣམས་མཛད་སྒོར་ཞུགས་སྐབས་ཀྱི་པར་རིས་ལས་དགའ་ལྡན་ཕོ་བྲང་ལ་དངོས་ཡོད་འཚོ་བའི་ཁྲོད་དེ་འདྲའི་ལུགས་སྲོལ་མེད་པ་རྟོགས་ནུས་ཤིང་། རིག་གསར་གྱི་སྔ་ཕྱི་ལ་བོད་ཀྱི་དམག་ཆས་མང་པོ་ཞིག་ཕྱི་གླིང་རྒྱབ་ཁབ་ཏུ་ཁྱབ་པ་རྣམས་དེང་གི་དུས་མང་ཙམ་ཞིག་རྒྱལ་སྤྱིའི་དངོས་མང་གཤོམ་སྟོན་ཁང་ལས་མཇལ་རྒྱུ་ཡོད་མོད། དེ་དག་ལས་ཀྱང་ཁྲབ་དར་ཟུར་གསུམ་གྱི་སྣང་       བརྙན་ནི་ཕྲ་མོ་ཙམ་ཡང་མི་སྣང་།

ཡང་བོད་ཀྱི་ལོ་རྒྱུས་ནང་གེ་སར་མཆོད་མཁན་མིང་གྲགས་ཆེ་ཤོས་ཤིག་ནི་དུས་རབས་༡༩པའི་ནང་བྱོན་པའི་མཁས་པ་ཆེན་པོ་འཇུ་མི་ཕམ་ཞུ་བ་ཁོང་ཡིན་ཞིང་། ཁོང་གིས་གེ་སར་ལ་མཆོད་བསྟོད་བླ་མེད་བྱས་པར་བརྟེན། རྙིང་མའི་ཆོས་བརྒྱུད་ཀྱི་ཁྲོད་དུ་གེ་སར་བསྟེན་མཁན་ཇེ་མང་དུ་བྱུང་བའི་བཤད་སྲོལ་ཡང་མཆིས། གང་ལྟར་ཁོང་ནི་གེ་སར་སྒྲུབ་མཁན་མཁས་གྲུབ་གཉིས་ལྡན་གྱི་མི་སྣ་དམིགས་བསལ་བ་ཞིག་ཡིན་པའི་ངོས་ནས། ཁོང་གིས་མཛད་པའི་གེ་སར་གྱི་ཆས་བཀོད་ལས་དུས་སྐབས་དེའི་ཁུངས་བཙུན་ཤོས་ཀྱི་གེ་སར་གྱི་ཆས་གོས་ཀྱང་ཅུང་དཔོག་ནུས་སྙམ། ཏག་ཏག་དྲྭ་ལམ་དུ་འཇུ་མི་ཕམ་དངོས་ཀྱིས་མཛད་པར་གྲགས་པའི་གེ་སར་གྱི་ཐང་ཀ་སྐྱ་རིས་ཞིག་འདུག་པ་དེ་ཉིད་དཔྱད་གཞིའི་ཚུལ་དུ་འདིར་བགོད་ན། འདིའང་སྔོན་གྱི་གེ་སར་ཐང་ཀ་རྙིང་པ་དང་འདྲ་བར་ཁྲབ་དར་མེད་པའི་རིགས་སུ་འདུས་འདུག་པས། འདི་ཉིད་དངོས་གནས་འཇུ་མི་ཕམ་གྱིས་བྲིས་པ་ཞིག་ཡིན་ན་སྐབས་འདིར་རྒྱུ་ཆ་གལ་ཆེན་དུ་སྣང་། སྐབས་བབ་དོགས་གཞི་དང་འབྲེལ་བའི་ཆེས་གལ་ཆེ་བའི་རྒྱུ་ཆ་གཙོ་བོ་གཞན་ཞིག་ནི་རིག་གསར་སྔོན་ནས་འཁྲབ་སྲོལ་བྱུང་བའི་གེ་སར་གྱི་འཆམ་དང་ཟློས་གར་ཏེ་རྫོགས་ཆེན་དགོན་པའི་གེ་སར་འཆམ་དང་། རི་བོ་ཆེ་སྟག་ལུང་མར་ཐང་དགོན་གྱི་གེ་སར་འཆམ། གཞན་ཡང་ཀཿཐོག་དགོན་ཆེན་གྱི་གོ་གླུ་ཞེས་པའི་གེ་སར་ཟློས་གར་སོགས་ཡིན་པས། འདི་དག་གི་ཆས་གོས་ལ་དཔྱད་ན་རིག་གསར་སྔོན་གྱི་གེ་སར་འཁྲབ་ཆས་ནི་ག་འདྲ་ཡིན་པ་ཕྱོགས་ཙམ་གསལ་ངེས། དེ་ལས་རྫོགས་ཆེན་གྱི་གེ་སར་འབག་འཆམ་དང་རི་བོ་ཆེ་སྟག་ལུང་མར་ཐང་གི་གེ་སར་འབག་འཆམ་གཉིས་ལ་ནི་ཁྲབ་དར་ཟུར་གསུམ་སྒྲོན་པའི་ལུགས་སྲོལ་མེད་པ་ང་ཚོ་ཀུན་གྱི་མཐུན་སྣང་དུ་གྱུར་པ་བཞིན་ལགས།

འཇུ་མི་ཕམ་གྱི་ཕྱག་བྲིས་ཡིན་པར་གྲགས།
ཡོང་ཁུངས། དྲྭ་རྒྱ།

གོ་གླུ་ཞེས་པའི་གེ་སར་ཟློས་གར་སྐོར་ནས་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱུང་བ་ལྟར་ན་ཀཿཐོག་དགོན་གྱི་གོ་གླུ་ཞེས་པའི་གེ་སར་ཟློས་གར་དེ་ནི་ལོ་རེའི་ཧོར་ཟླ་༡༢པའི་༢༩ཉིན་འཁྲབ་སྲོལ་ཡོད་པ་དང་། དེའི་འཁྲབ་ཆས་དངོས་ནི་དུས་འགྱུར་སྐབས་བོར་སྟོར་སོང་ཟིན་མོད། འཁྲབ་ཆས་དེ་དག་ནི་བོད་དམག་གི་ཁྲབ་རྨོག་འཁོར་གསུམ་རང་ཡིན་ཞིང་། གེ་སར་འཁྲབ་མཁན་ནི་མི་སྟོབས་ཤུགས་ཅན་ཞིག་མིན་ཚེ་ལྕགས་གི་ཁྲབ་རྨོག་ལུས་པོས་མི་ཆོག་པའི་ངག་རྒྱུན་ཡོད་ཅེས་དང་།  དེ་ལ་ཁྲབ་དར་ཟུར་གསུམ་སྒྲོན་པའི་ལུགས་སྲོལ་ནི་གང་ཡང་མེད་ཅེས་ཁོ་བོར་གསུངས་བྱུང་བས། གེ་སར་སྒྲུབ་མཁན་གཙོ་བོར་གྱུར་པའི་རྙིང་མ་པའི་ཁྲོད་དུ་རིག་གསར་སྔོན་གེ་སར་གར་འཆམ་གྱི་འཁྲབ་ཆས་སུ་ཁྲབ་དར་སྒྲོན་པའི་ལུགས་སྲོལ་མེད་པ་གསལ་ལོ།། དེ་བས་ན་དགའ་ལྡན་གཞུང་སའི་བོད་དམག་གི་ལོ་རེའི་མཛད་སྒོའི་སྐབས་དང་འདི་སོགས་ལོ་རྒྱུས་རིང་ཤོས་ཀྱི་གེ་སར་གར་འཆམ་བཅས་གང་ལས་ཁྲབ་དར་སྒྲོན་པའི་སྲོལ་ཕྲ་མོ་ཙམ་ཡང་མི་གསལ་བ་ནི་རིགས་གསར་སྔོན་དུ་དངོས་ཡོད་འཚོ་བའི་ནང་ལྷ་མི་སུས་ཀྱང་ཁྲབ་དར་ཟུར་གསུམ་སྒྲོན་གྱིན་མེད་པར་ཐག་གཅོད་ཆོག་པར་འདོད་དོ།།

དེས་ན་འདི་ལྟར་བབས་ཏེ། ཐོག་མར་རྒྱ་ནག་གི་དམག་ཆས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་དགའ་ལྡན་གཞུང་སའི་པོ་ཏ་ལའི་ཐང་ག་རུ་ཁྲབ་དར་སྒྲོན་པའི་རི་མོ་འབྲི་སྲོལ་བྱུང་བ་དང་བསྟུན། རིམ་གྱིས་སྲུང་མ་འགའི་སྣང་བརྙན་གྱི་རི་མོ་ལ་ཆིང་གི་དུས་སུ་རྒྱ་ནག་ལ་དར་བའི་ཤིས་ཀྱི་ཟློས་གར་གྱི་ཁྲབ་དར་ཟུར་གསུམ་གྲངས་བཞི་དང་དྲུག་གི་བདག་ཉིད་ཅན་དེའི་ཤུགས་རྐྱེན་ཐེབས་པ་དང་། གེ་སར་ཐང་ཀ་ལའང་དུས་དེ་ཙམ་ནས་ཁྲབ་དར་ཟུར་གསུམ་མ་སྒྲོན་པའི་ལུགས་སྲོལ་བྱུང་། འོན་ཀྱང་། ཡང་དར་བར་དུ་དངོས་ཡོད་འཚོ་བའི་ཁྲོད་ཁྲབ་དར་ཟུར་གསུམ་སྒྲོན་པའི་ལུགས་མ་བྱུང་རུང་། ༡༩༩༨ལོར་འདན་སྲས་ཟློས་གར་དར་བ་དང་ལྷན་དུ་དངོས་སུ་འཚོ་བའི་ཁྲོད་ཁྲབ་དར་ཟུར་གསུམ་གྱི་སྣང་བརྙན་མངོན་པ་ཡིན། དེ་ནས་ད་བར་ཁྲབ་དར་དེ་ཉིད་ལ་འགྱུར་བ་ཆེ་ཙམ་འགའ་ཕྱིན་པ་ནི་ཁྲབ་དར་ཟུར་གསུམ་མ་དེ་ཉིད་གཉིས་རྩེག་ཏུ་གྱུར་པ་དང་ལྡབ་འགྱུར་གྱིས་ཆེ་རུ་སོང་བ་དེ་དག་རྣམས་སོ།། བརྒྱུད་རིམ་འདི་ལ་སྐྱེ་བ་སྔ་ཕྱི་ལྟ་བུའི་མི་རབས་མང་པོའི་ལོ་རྒྱུས་མཆིས་ནའང་། ཁོ་བོས་གོང་དུ་ཅུང་སྨྲས་པ་ལས་རིང་ཙམ་ཞིག་དང་རྒྱས་ཙམ་གླེང་མཁན་གཞན་ནི་མ་མཐོང་བས། ཕྱིས་སུ་མཁས་པ་དག་གིས་ཐུགས་འོག་ནས་མི་འབོར་བར་ཞུ།

ཁྲབ་དར་གྲངས་ལྔ་དང་གཉིས་རྩེག་ཅན།

མཇུག་བསྡུ།

དེ་ལྟར་དཔྱད་པ་ཅུང་བྱས་པ་བརྒྱུད། འདན་སྲས་ཟློས་གར་གྱི་ཐོག་མའི་བྱུང་རིམ་ནི་༡༩༩༧ལོར་བླ་རུང་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་ཟློས་གར་རམ་སྒྲུང་དེའི་རྩོམ་སྒྲིག་པའི་འགན་ཁུར་ཞིང་། ཁོང་གི་སློབ་མའི་གཙོ་བོ་རྣམས་ཀྱིས་དངོས་སུ་བྲིས་ནས་མཐར་ཕྱི་ལོ་༡༩༩༨ལོར། ཉིད་ཀྱི་སློབ་མའི་གཙོ་བོ་མཁན་པོ་འཆི་མེད་རིག་འཛིན་སོགས་ཀྱིས་གར་ཆས་སོགས་ཇུས་འགོད་ཞུས་ནས་དངོས་སུ་བླ་རུང་སྒར་དུ་དེ་གའི་གླིང་སོ་སོའི་གྲྭ་བཙུན་རྣམས་ཀྱིས་འཁྲབ་པ་ལས་དབུ་ཚུགས་ཤིང་། དེ་དུས་ནས་ཟློས་གར་འཁྲབ་ཆས་ཁྲབ་རྨོག་འཁོར་གསུམ་དང་ཆ་ཤས་ཡོ་བྱེད་གཞན་ལ་གཞི་རྩའི་ཐོག་མི་རིགས་གཞན་གྱི་ཤུགས་རྐྱེན་ཐེབས་པ་ནི། རྨོག་ལ་རྒྱ་ལྷ་རྣམས་ཀྱི་ཆས་སུ་གསོལ་བའི་ཐང་གི་དུས་མཇུག་ཏུ་དར་བའི་ཧྥི་ཁྲི་རྨོག(凤翅盔) གི་ཤན་ཞུགས་ཏེ་ཁ་ར་ལ་བྱ་གཤོག་གི་རྣམ་པ་བྱུང་བ་དང་། ཁྲབ་ལ་བོད་རང་གི་བྱང་གཤམ་དང་ཀོ་རྒྱུན་གྱི་ཁྱད་ཆོས་བསྐྲུན་ནས་གཏན་ཁེལ་མ་ནུས་པས་ན་ཕྱིས་སུ་ས་གནས་ལ་ལར་དངོས་སུ་རྒྱ་ཡི་ཤིས་ཆས་ (戏服) གྱོན་པའི་སྣང་ཚུལ་བྱུང་བ་དང་། བོད་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་ཆས་གོ་ཆ་བཟོ་མ་ཐུབ་པས་མདའ་གྲི་སོགས་ཀྱང་རྒྱ་གྲི་ནར་མོ་ཅེན་དང་ཏོའོ་(刀剑) འདོགས་པ་གཙོ་རྒྱུག་ཏུ་གྱུར། སྔོན་དགའ་ལྡན་གཞུང་སའི་དུས་སྟོད་དུ་ཐོག་མར་པོ་ཏ་ལའི་ལོ་རྒྱུས་ཀྱི་ཐང་ཀ་ནང་གི་བོད་དམག་གི་གཟུགས་བརྙན་ལ་རྒྱ་ཡི་དམག་གིས་སྤྱོད་པའི་ཁྲབ་དར་ཟུར་གསུམ་གྱི་ཤུགས་རྐྱེན་བྱུང་བར། དེ་ལས་འཕྲོས་ནས་དེ་འོག་སྲུང་མ་རྣམས་ཀྱི་ཆས་སུ་ཆིང་གི་དུས་སུ་དར་བའི་ཤིས་ཆས་ཀྱི་རྒྱབ་དར་ཟུར་གསུམ་གྱི་ཤུགས་རྐྱེན་ཐེབས་ནས་གེ་སར་གྱི་ཞལ་ཐང་ལ་ལར་ཡང་ཁྲབ་དར་འབྲི་བའི་ལུགས་སྲོལ་བྱུང་བ་རྣམས་བཅོས་བསྒྱུར་སྔོན་བར་དངོས་སུ་འཚོ་བའི་ཁྲོད་སྤྱོད་སྲོལ་བོད་ཀྱི་ལུགས་སུ་མ་བྱུང་ཡང་། བཅོས་བསྒྱུར་རྗེས་ཀྱི་འདན་སྲས་ཟློས་གར་གྱི་ཆས་སུ་དེ་ཉིད་ཧ་ཅང་བརྗིད་ཉམས་ལྡན་པའི་སྒོ་ནས་བེད་སྤྱོད་བྱས་པ་དང་། བྱེད་སྟངས་ཀྱང་གཙོ་ཆེར་གླིང་གི་རྒྱལ་པོ་གེ་སར་དང་བློན་ཆེན་རྒྱ་ཚ། འདན་སྲས་རང་ཉིད་གཙོས་ཆེ་དགུ་རྣམས་ལ་སྤྱད་ཅིང་། འདན་སྲས་འཁྲབ་མཁན་ཚོས་ཕྱིས་སུ་རྒྱའི་དམག་གི་ཁྲབ་དར་ཟུར་གསུམ་དང་ཤིས་ཆས་ཀྱི་ཁྲབ་དར་ཟུར་གསུམ་དེ་ཉིད་ལ་འགྱུར་བ་ཅུང་ཙམ་གཏོང་ནས། ཁྲབ་དར་ཟུར་གསུམ་གཉིས་རྩིག་དང་གྲངས་ཀ་ཡང་ལྔ་དང་དྲུག་སྒྲོན་པ་སོགས་འགྱུར་བ་ཅུང་ཙམ་རེའང་བྱུང་བའི་དཔྱད་འབྲས་ཐོབ་པས།  མཁྱེན་ལྡན་རྣམས་ལ་བགྲོ་གླེང་གི་ཚུལ་དུ་འདི་གར་ཡིག་ཐོག་ཏུ་བཀོད་པ་ལགས་སོ།། བཀྲ་ཤིས་བདེ་ལེགས།

དཔྱད་གཞིའི་ཡིག་ཆ། 

[1] འདན་སྲས་རྟོགས་བརྗོད་ཀྱི་ཕན་ཡོན ། སྒྲ། གཙང་རིགས་སྐལ་བཟང་རྣམ་འདྲེན།

https://mp.weixin.qq.com/s/Iw7ZWD4vHqBDsDRG4LmOSg

[2]戚继光《练兵实纪》 “步兵旗总,每名背旗一面,旗枪杆一根;步兵队总,每名色旗一面,长旗杆一根;骑兵旗总,每名明盔一顶,甲一副,臂手一副,背旗一面,旗杆一根;骑兵队总,每名明盔一顶,甲一副,臂手一副,背旗一面,旗杆一根。”

[3] 文化遗产 2019年第4期 51页 靠旗的产生.演变及其戏曲史背景 朱浩著

[4]文化遗产 2019年第4期 54页 靠旗的产生.演变及其戏曲史背景 朱浩著

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།