བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས། ལོ་རྒྱུས་ཀྱི་ཡིག་ཆ་ཚད་ལྡན་དག་གམ་བོད་ཀྱི་ལོ་རྒྱུས་སྔ་ཤོས་དག་ལ་ཞིབ་འཇུག་བྱེད་རྒྱུ་དེ་ནི་ཞིབ་འཇུག་པ་དག་གིས་གཙོ་བོར་འཛིན་བཞིན་ཡོད་སྟབས། འདིར་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་ཤོས་ཀྱི་གྲས་སུ་འཛིན་བཞིན་པའི་ལྡེའུ་ཆོས་འབྱུང་གཉིས་ངོ་སྤྲོད་དང་དཔྱད་བསྡུར་ཐུང་ངུ་ཞིག་བྱེད་རྒྱུ་ཡིན།
དེ་ཡང་ལྡེའུ་ཆོས་འབྱུང་ལ་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ་ཞེས་ཡོངས་གྲགས་སུ་ལྡེའུ་ཆོས་འབྱུང་དང་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ཞེས་པའི་ལྡེའུ་ཆོས་འབྱུང་གཉིས་ཡོད་ལ། ལོ་རྒྱུས་ཀྱི་ཡིག་ཆ་འདི་གཉིས་མཉམ་དུ་གཤིབ་བསྡུར་གྱིས་ངོ་སྤྲོད་བྱེད་དགོས་དོན་ནི། བོད་ཀྱི་ལོ་རྒྱུས་མཁས་པ་ཁ་ཤས་ཀྱིས་ཆོས་འབྱུང་འདི་གཉིས་ལ་སྒོ་གང་ས་ནས་མཐུན་པའི་ཆ་མི་ཉུང་བ་ཞིག་མཆིས་པས་ཆོས་འབྱུང་དེ་གཉིས་གཅིག་ཡིན་པར་ཁ་ཚོན་བཅད་ན་ཆོག་པར་བཞེད་མཁན་ཡང་ཡོད་པས། ཆོས་འབྱུང་འདི་གཉིས་གཤིབ་བསྡུར་གྱིས་ངོ་སྤྲོད་ཐུང་ངུ་ཞིག་བྱེད་འདོད་བྱུང་།
དང་པོ། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།
དང་པོ་ལྡེའུ་ཇོ་སྲས་ཀྱིས་མཛད་པར་གྲགས་པའི་ལྡེའུ་ཆོས་འབྱུང་ངམ་ཆོས་འབྱུང་ཆེན་མོ་ལྡེའུ་ཇོ་སྲས་ཀྱི་མཛད་པ་ཞེས་པའི་དཔེ་རྙིང་འདི་ནི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁྲོད་དུ་ཅུང་སྔ་བ་དང་དཔེ་རྒྱུན་ཤིན་ཏུ་དཀོན་པའི་ལོ་རྒྱུས་ཀྱི་དཔེ་རྙིང་ཞིག་ཡིན་ལ། དཔེ་རྙིང་འདིའི་རྩོམ་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ད་ལྟའི་ཆར་ཁ་ཚོན་བཅད་ནས་བཤད་ཐུབ་པའི་བརྩམས་ཆོས་གང་ཡང་མཐོང་མ་མྱོང་ལ། དཔེ་རྙིང་འདི་བརྩམས་པའི་དུས་སྐབས་ཡང་གསལ་བོ་ཞིག་མེད་ནའང་། ལོ་རྒྱུས་ཉམས་ཞིབ་པ་དག་གིས་དཔེ་རྙིང་འདིའི་ནང་དུ་བོད་ཀྱི་ལོ་ཙྰ་བ་རྔོག་བློ་ལྡན་ཤེས་རབ་བྱོན་པ་ཡན་ཆད་ལས་མན་ཆད་ཀྱི་ལྷ་ཁང་དང་དགོན་པ། མཁས་པ། ལོ་ཙྰ་བ་སོགས་ཀྱི་ལོ་རྒྱུས་གང་ཡང་འཁོད་མེད་པ་བཅས་ལ་བརྟགས་ན། དཔེ་རྙིང་འདི་མཛད་པ་པོ་ལྡེའུ་ཇོ་སྲས་ཞེས་པའི་མཁས་དབང་འདི་ནི་བོད་ཀྱི་རབ་བྱུང་གཉིས་པའི་ས་གླང་སྟེ་སྤྱི་ལོ་ཆིག་སྟོང་བརྒྱ་དང་དགུ་ལོའི་གོང་རོལ་དུ་བྱོན་པར་ངེས་འཛིན་བྱེད་ཀྱིན་པ་དེ་ནི་དོན་ལ་གནས་པ་ཞིག་ཏུ་སྣང་བས། འདི་ལྟར་བརྩིས་པ་ཡིན་ན། དམ་པ་དེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བ་ཞིག་ཡིན་པར་ངེས་སྟབས། དཔེ་རྙིང་འདིར་ཡང་ལོ་ངོ་ཆིག་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། ལོ་ངོ་ཆིག་སྟོང་ཙམ་གྱི་རིང་ལ་བོད་ཀྱི་ལོ་རྒྱུས་པ་དག་གིས་ལོ་རྒྱུས་ཀྱི་བརྩམས་ཆོས་མང་བོ་ཞིག་བརྩམས་ཡོད་ནའང་། ཆོས་ལུགས་དང་གྲུབ་མཐའི་འཐེན་འཁྱེར་དང་ཕྱོགས་རུས་ཀྱི་དབང་གིས། བོད་ཀྱི་ལོ་རྒྱུས་ལ་བསྲེས་ལྷད་མང་བོ་ཞིག་བརྒྱབས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ན། མ་མཐར་ཡང་དཔེ་རྙིང་འདིར་ཕྱི་རབས་ཀྱི་ལོ་ངོ་ཆིག་སྟོང་ཙམ་གྱི་མཁས་པ་དག་གི་བསྲེས་ལྷད་འདྲེས་མེད་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྩ་ཆེན་ཞིག་ཏུ་བརྩིས་ཆོག་པར་སྙམ།
དཔེ་རྙིང་འདིར་ནང་དོན་གྱི་ཆ་ནས་མང་བོ་ཞིག་ཡོད་ནའང་བརྗོད་བྱའི་ཆ་ནས་སྟོན་པའི་མཛད་རྣམ་དང་བཀའ་བསྟན་གྱི་བརྩམས་ཆོས་ངོ་སྤྲོད་སོགས་ཀྱིས་མཚོན་པའི་ཆོས་འབྱུང་དང་། བོད་ཀྱི་རྒྱལ་རབས་རིམ་བྱུང་གིས་མཚོན་པའི་བོད་ཀྱི་རྒྱལ་རབས་གཉིས་སུ་འདུས་ཡོད།
གཉིས་པ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།
མཁས་པ་ལྡེའུས་མཛད་པར་གྲགས་པའི་ལྡེའུ་ཆོས་འབྱུང་ངམ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ཞེས་པའི་དཔེ་རྙིང་འདི་ཡང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁྲོད་དུ་ཅུང་སྔ་ཤོས་ཀྱི་ལོ་རྒྱུས་དཔེ་རྙིང་ཞིག་ཡིན་ལ། དཔེ་རྙིང་འདིའི་རྩོམ་པ་པོ་དང་ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ཡང་ད་ལྟའི་ཆར་ཁ་ཚོན་གཅོད་ཐུབ་མེད་ནའང་། ལོ་རྒྱུས་ཞིབ་འཇུག་པ་མང་བོས།དེབ་ཐེར་སྔོན་པོའི་ནང་དུ། དུམ་བུ་གསུམ་པ་གསང་སྔགས་སྔ་འགྱུར་སྐབས་ཀྱི་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་སྐབས་སུ། རྟ་སྟོན་ཇོ་ཡེའི་སྐོར་བསྟན་པ་ན།[དེ་ཡང་མེས་པོ་རྟ་བོན་དབང་གྲགས་བྱ་བ་ཆོས་དང་ཡོན་ཏན་གཉིས་ཀ་བྱེད་པ་ཞིག་ལ། བུ་བརྒྱད་བུ་མོ་གཉིས་ཏེ་བཅུ་ཐམ་པ་ཡོད།
བུ་བརྒྱད་ཀྱི་ཆུང་ཤས་རྟ་སྟོན་ཇོ་འབུམ། དེའི་བུ་ཇོ་ཡེས་སོ། ཇོ་འབུམ་གྱིས་ཆུང་དུས་སུ་གཟད་ཀྱི་གྲུ་བུ་ལུང་པའི་བླ་མ་མདའ་བྱང་ཆུབ་སེམས་དཔའི་སྤྱན་སྔར། པོ་ཏོ་བའི་བཀའ་གདམས་ཀྱི་ཆོས་རྣམས་གསན། དེ་ནས་རང་ཡུལ་དུ་གཤེགས་ཏེ་འཁོར་འབངས་དང་ཡུལ་གཞིས་ཤིན་ཏུ་འཛོམས་པོ་ཡོད་པ་དེ་དག་ལ་སྐྱོ་བ་སྐྱེས། ཞེན་པ་ལོག་ནས་གཡོག་བཞི་ཁྲིད་དེ་ལྷ་རྗེ་གླན་ཉ་ཚལ་བའི་ཐུགས་སྲས་གཉོས་ཆུ་བོ་རི་བའི་སྤྱན་སྔར་བྱོན་ཏེ་དཔོན་གཡོག་ལྔས་སྟབས་གཅིག་ཏུ་ཆོས་སྒོར་ཞུགས་ནས། སྔགས་རྙིང་མའི་ཆོས་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་ལ་ཤིན་ཏུ་མཁས་པར་གྱུར།] ཞེས་པའི་མཁས་པ་ཇོ་འབུམ་ཞེས་པ་འདི་དང་མཁས་པ་ལྡེའུ་ཞེས་པ་གཉིས་ནི་མི་གཅིག་ལ་ངོས་འཛིན་གནང་གིན་ཡོད། དེར་རྒྱུ་མཚན་མང་བོ་ཞིག་འདྲེན་རྒྱུ་ཡོད་མོད་གནས་སྐབས་སུ་ཅུང་ཙམ་བསྐྱུངས་པར་བྱ།
གང་ལྟར་འདི་ལྟར་ངོས་འཛིན་བྱས་པ་ཡིན་ན། དཔེ་རྙིང་འདིའི་རྩོམ་པ་པ་ནི་སྤྱི་ལོ་༡༡༢༣ལོར་སྐུ་འཁྲུངས་ཤིང་སྤྱི་ལོ༡༡༧༥ལོར་སྐུ་གཤེགས་པ་ཞིག་ཡིན་པས། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ཞེས་པའི་དཔེ་རྙིང་འདི་ཡང་སྤྱི་ལོའི་དུས་རབས་བཅུ་གཉིས་ཀྱི་དུས་དཀྱིལ་ཙམ་ལ་བརྩམས་པའམ་ད་ལྟའི་བར་ལོ་ངོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་རྩ་ཆེ་བའི་ལོ་རྒྱུས་དཔེ་རྙིང་ཞིག་ཡིན། དཔེ་རྙིང་འདིའི་བརྗོད་བྱའི་ཆ་ནས། རྒྱ་གར་དུ་ནང་བ་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་བྱུང་བའི་ཁུངས་དང་། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རྣམ་གྲངས་སྔ་ཕྱིར་ཇི་ལྟར་བསྒྱུར་ཅིང་དར་བའི་སྐོར། དེ་བཞིན་མདོ་དང་རྒྱུད་སྡེའམ་བཀའ་དང་བསྟན་བཅོས་སོགས་ཚིག་ཉུང་དོན་བསྡུས་པའི་སྒོ་ནས་དབྱེ་བ་ཞིབ་མོར་བསྟན་པའི་ཆོས་འབྱུང་དང་། ལྷག་པར་ཏུ་ཡིག་རྙིང་གཞན་དུ་མཐོང་དཀོན་པའི་བོད་ཀྱི་ལོ་རྒྱུས་ཀྱིས་མཚོན་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གཉིས་སུ་འདུས་ཡོད་ལ། དེ་ལས་ཀྱང་དཔེ་རྙིང་འདིའི་ནང་དུ་བོད་ཀྱི་ལོ་རྒྱུས་ཐད་ལ་གནའ་རབས་བོད་རང་གི་ལོ་རྒྱུས་ཡིག་རྙིང་སྔ་ཤོས་སུ་གྲགས་པ་ཅན་ལྔ་སྟེ། ཡོ་ག་ལྷ་གྱེས་ཅན། ཟངས་མ་གཞུག་རལ་ཅན། ལྟབ་མ་དགུ་བརྩེགས་ཅན། ཟིང་པོ་མགོ་སྔོན་ཅན།གསང་བ་ཕྱག་རྒྱ་ཅན་བཅས་ཀྱི་བརྗོད་དོན་རགས་བསྡུས་སུ་བཀོད་ཡོད་པ་སོགས་དང་། བསྟན་པ་ཕྱི་དར་ཐོག་མའི་སྐབས་ཏེ། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ཁུ་སྟོན་བརྩོན་འགྲུས་གཡང་དྲུང་གིས་མཛད་པའི་ལོ་རྒྱུས་ཆེན་མོ་སོགས་ལོ་རྒྱུས་ཀྱི་ཡིག་རྙིང་དག་རྩ་བར་བཟུང་ཡོད་པས་ལོ་རྒྱུས་དེབ་ཐེར་གཞན་དང་མི་འདྲ་བའི་རིན་ཐང་གིས་ཕྱུག་པའི་ལོ་རྒྱུས་ཡིག་ཆ་རྨད་དུ་བྱུང་བ་ཞིག་རེད།
གསུམ་པ། ཆོས་འབྱུང་གཉིས་གཤིབ་བསྡུར་གྱི་མཐའ་དཔྱོད།
དེ་ཡང་བོད་ཀྱི་དེང་རབས་ཀྱི་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་དཔེ་རྙིང་འདི་གཉིས་ཀྱི་ལུང་འདྲེན་སྟངས་དང་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དེའི་ནང་དོན་ཡང་མཁས་པ་ལྡེའུའི་ཆོས་འབྱུང་འདི་རང་ལ་གཞི་བཟུང་བ་མང་དུ་སྣང་བ་སོགས་སྒོ་གང་ནས་བལྟས་ན་ཡང་མཐུན་ཆ་མི་ཉུང་བ་ཞིག་མཆིས་པ་ལ་དཔགས་ན་དེ་གཉིས་གཅིག་ཡིན་པར་ཁ་ཚོན་བཅད་ནའང་ཆོག་པ་ཙམ་འདུག་ཅེས་གསུངས་འདུག
ཡིན་ནའང་ཕྲན་གྱི་ལྟ་ཚུལ་ལྟར་ན་ཆོས་འབྱུང་ལོ་རྒྱུས་འདི་གཉིས་ནི་གཅིག་མ་ཡིན་པ་སྟེ། གཅིག གོང་དུ་ཞུས་མ་ཐག་པའིརྩོམ་པ་པོའི་ཆ་ནས་རྩོམ་པ་པོ་ལྡེའུ་ཇོ་སྲས་ནི། ལོ་རྒྱུས་ཉམས་ཞིབ་པ་དག་གིས་དཔེ་རྙིང་འདིའི་ནང་དུ་བོད་ཀྱི་ལོ་ཙྰ་བ་རྔོག་བློ་ལྡན་ཤེས་རབ་བྱོན་པ་ཡན་ཆད་ལས་མན་ཆད་ཀྱི་ལྷ་ཁང་དང་དགོན་པ། མཁས་པ། ལོ་ཙྰ་བ་སོགས་ཀྱི་ལོ་རྒྱུས་གང་ཡང་འཁོད་མེད་པ་བཅས་ལ་བརྟགས་ན། དཔེ་རྙིང་འདི་རྩོམ་པ་པོ་ལྡེའུ་ཇོ་སྲས་ཞེས་པའི་མཁས་དབང་འདི་ནི་བོད་ཀྱི་རབ་བྱུང་གཉིས་པའི་ས་གླང་སྟེ་སྤྱི་ལོ་ཆིག་སྟོང་བརྒྱ་དང་དགུ་ལོའི་གོང་རོལ་དུ་བྱོན་པར་ངེས་འཛིན་བྱེད་ཀྱིན་པ་དེ་ནི་དོན་ལ་གནས་པ་ཞིག་ཏུ་སྣང་བས། འདི་ལྟར་བརྩིས་པ་ཡིན་ན།དམ་པ་དེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བ་ཞིག་ཡིན་ལ།མཁས་པ་ལྡེའུ་དང་མཁས་པ་ཇོ་འབུམ་གཉིས་མི་གཅིག་ཡིན་པས་ན། མཁས་པ་ཇོ་འབུམ་ནི་སྤྱི་ལོ་༡༡༢༣ལོར་འཁྲུངས་ཤིང་སྤྱི་ལོ་༡༡༧༥ལོར་གཤེགས་པའམ་སྤྱི་ལོའི་དུས་རབས་བཅུ་གཉིས་ཀྱི་ནང་དུ་ཁེལ་ཡོད་པས། རྩོམ་པ་པོ་གཉིས་དུས་རབས་གཅིག་ལ་ཁེལ་གྱིན་མེད་པས་མི་གཅིག་མ་ཡིན་པ་དང་གཅིག
གཉིས། བརྡ་ཆད་ཀྱི་ཆ་ནས་བརྡ་གསར་རྙིང་གི་ཁྱད་པར་ཆེན་པོ་ཡོད་པ་སྟེ། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ལས། བཙན་པོ་བོད་རྗེ་རུ་བྱོན་པའི་རྣམ་པ་ཞིབ་འབྲི་བྱེད་སྐབས་སུ། ལྡེ་གླང་རུ་ཀར་གྱིས་ཞེས་དང་། ཡང་རྗེ་གཉའ་ཁྲི་བཙན་པོ་ཐོག་མར་བོད་ཀྱི་རྒྱལ་བོར་གདན་འདྲེན་པར་བློ་འདོན་མཁན་ལ་སྲིབས་ཀྱི་ལྷ་དཀར་མང་པོ་སྡེ་དང་ཀར་མ་ཡོ་ལྡེ་ཞེས་ཡིག་འབྲུ་རེ་རེའི་བརྡ་དོན་གོ་དཀའ་ལ། ཤོག་ངོས་གཅིག་གི་གོང་འོག་ཏུ་བརྡ་ཆད་གཅིག་ལ་འབྲི་ཚུལ་འདྲ་མིན་གྱིས་བྲིས་ཏེ་བོད་ཀྱི་ཡིག་ཆ་རྙིང་པ་དག་གི་ཁྱད་ཆོས་ཡོད་ལ། མཁས་པ་ལྡེའུའི་ཆོས་འབྱུང་ལས་ལྡེ་གླང་རུ་ཀར་ལ་ལྷེ་གླང་རུ་དཀར་ཞེས་དང་། སྲིབས་ཀྱི་ལྷ་དཀར་མང་པོ་སྡེའམ་ཀར་མ་ཡོ་ལྡེ་ལ་རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེ་ཞེས་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དང་བསྡུར་ན་བརྡ་དོན་གྱི་སྦྱོར་སྟངས་དེ་ཉེ་རབས་ཀྱི་བོད་སྐད་དང་ཅུང་ཉེ་བའི་ཁྱད་ཆོས་ཡོད་པ་བཅས་ཀྱི་ཁྱད་པར་ཡོད་པ་དང་གཉིས།
གསུམ།བརྗོད་དོན་གྱི་ཆ་ནས་གཅིག་གི་ནང་གསལ་བ་དག་གཅིག་གི་ནང་དུ་མི་གསལ་བ་ལྟ་བུའི་ཁྱད་པར་ཡོད་པ་མ་ཟད། ལྷག་པར་དུ་བརྗོད་དོན་གྱི་ཆ་ནས་ཆོས་འབྱུང་གཉིས་རྦད་དེ་རྒྱབ་འགལ་དུ་གྱུར་པའང་ཡོད་པ་སྟེ། དཔེར་ན། གཉའ་ཁྲི་བཙན་པོ་རྒྱལ་བོར་གདན་འདྲེན་ཞུ་དུས་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དུ་འདི་ལྟར་འཁོད་ཡོད། ས་མ་ཀི་ན་རྐུ་ཡོད། སྡང་ཡོད། དགྲ་ཡོད།གཡག་ཡོད། བྱད་དང་སྟེམས་ཡོད་གསུངས་པས། སྨྲས་པ། རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། དུག་ལ་སྨན་ཡོད། གཡག་ལ་མཚོན་ཡོད། བྱད་སྟེམས་ལ་འགྲོས་ས་ཡོད་ཞེས་གསོལ་ནས་གཤེགས་པར་ཆས་ཞེས་འཁོད་ཡོད་པ་སྟེ། ཞུ་མཁན་གྱིས་ས་མ་ཀིའམ་བཙན་པོ་རྒྱལ་བོར་བསྐོ་ཡུལ་དེར་དགྲ་ཟླ་དང་ཆོམ་རྐུན། དུག་དང་ཞེ་སྡང་སོགས་འཇིགས་སུ་རུང་བའི་གནས་ཤིག་ཡིན་ཞེས་ཞུ་དུས། གཉའ་ཁྲི་བཙན་པོས། དེ་དག་འདུལ་ཐབས་ཀྱི་རྣམ་དཔྱོད་དང་དཔའ་སྟོབས་ཀྱིས་བོད་ཀྱི་རྒྱལ་པོ་གནང་རྒྱུར་ཆོད་སེམས་བརྟན་པོས་གོ་མཚོན་སྤྲོས་ཏེ་ལམ་ལ་ཆས་ཡོད་པ་སྟེ། བོད་རྒྱལ་གཉའ་ཁྲི་བཙན་པོ་ནི་ཐབས་ཤེས་ཀྱི་རྣམ་དཔྱོད་ལྡན་ལ་འཇིགས་པ་དང་བྲལ་བའི་དཔའ་མཛངས་གཉིས་ལྡན་གྱི་རྣམ་པ་ཞིག་བཞེངས་སྐྲུན་བྱས་ཡོད།
གཞན་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་ལས། དེ་ལས་ལྡོག་ཏེ། མི་རྗེ་མེད་ཀྱི་རྗེར་གཤེགས། གཡག་བདག་མེད་ཀྱི་བདག་ཏུ་གཤེགས། དུད་རྐྱེན་མེད་ཀྱི་རྐྱེན་དུ་གཤེགས་ཞུས་པར།རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས། ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད། དུག་ཡོད། སྡང་ཡོད།དགྲ་ཡོད། གདན་ཡོད། རྫུན་ཡོད། སྲི་ཡོད། ཅན་ཡོད། བྱད་སྟེམས་ཡོད། གཡོ་ཡོད། ང་མི་འགྲོ་གསུངས་ནས་མ་གནང་ངོ། ཞེས་འཁོད་ནས་ས་མ་གིའམ་བོད་ཀྱི་རྗེ་བྱེད་སའི་ཡུལ་དེ་ན་རྐྱེན་ངན་སྣ་ཚོགས་དང་རྐུན་ཇག་དང་དགྲ་ཟླ་སོགས་ཡོད་པས་ང་མི་འགྲོ་ཞེས། སྡར་མ་སྙིང་མེད་ཅིག་གི་རྣམ་པ་ངང་ངམ་ཤུགས་ཀྱིས་མངོན་ཡོང་བ་མ་ཟད། ཡང་བསྐྱར་དེ་ལ་ཐབས་ཤེས་འདི་དང་གན་ཡོད་ཅེས་ཡར་བློ་འདོན་དང་ཨུ་ཚུགས་བརྒྱབས་མཐར། ད་གཟོད་གཞི་ནས་བོད་རྗེ་རུ་ཡོང་ཐུབ་ཙམ་བྱུང་བ་ལྟ་བུའམ། དེབ་དེ་མཛད་པ་པོས་གཉའ་ཁྲི་བཙན་པོ་དེ་ལས་སླ་བོའི་སྒོ་ནས་གདན་འདྲེན་ཞུ་མི་ཐུབ་པའི་སྐོར་ཞིབ་འབྲི་བྱས་མདོགས་ཡིན་ནའང་། དོན་དུ་གཉའ་ཁྲི་བཙན་པོ་དགྲ་འདུལ་གཉེན་སྐྱོང་གི་རྣམ་དཔྱོད་དང་དཔའ་སྤོབས་མེད་པའི་སྡར་མ་ཞིག་གི་རྣམ་པ་གྲུབ་ཡོད་པ་སོགས། ཡིག་ཆ་གཉིས་ཀྱི་བརྗོད་དོན་གྱི་ཆ་ནས་ལྡོག་ཟླ་རུ་གྱུར་ཡོད་པ་བཅས་ཀྱིས་ཆོས་འབྱུང་ལོ་རྒྱུས་འདི་གཉིས་ནི་གཅིག་མ་ཡིན་པར་སྙམ།
གཞན་ཡང་།གོང་གི་ཆོས་འབྱུང་ལོ་རྒྱུས་དེ་གཉིས་ཀྱི་ཁྱད་པར་དག་ལ་དཔགས་པ་ཡིན་ན་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གསུངས་པའི་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དེ་མཁས་པ་ལྡེའུའི་ཆོས་འབྱུང་ལ་ཟུར་ལྟ་བྱས་པ་ཞིག་མིན་པར། དེ་ལས་ལྡོག་དེ་མཁས་པ་ལྡེའུས་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་སོགས་དཔེ་རྙིང་ཁག་གཅིག་དཔྱད་གཞིར་བཟུང་ནས་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་དེ་མཛད་པ་ཞིག་ཡིན་པར་སྙམ་མོ།།