སྒྱུར་པ་པོའི་གསལ་བཤད།
མནྫུའི་རྒྱལ་རབས་མཇུག་ཙམ་གྱི་པེ་ཅིང་གི་ལོ་རྒྱུས་ཡིག་ཚགས་ཞེས་པ་འདི་ནི་སྤྱི་ལོ་༡༩༠༤ལོའི་སྤྱི་ཟླ་༡༢པར་པེ་ཅིང་དུ་བཅའ་བཞུགས་ཉི་ཧོང་གི་དམག་སྤྱི་ཧྲན་པིན་[1]ཟེར་བའི་མངགས་བཀོད་ལྟར། སྤྱི་ལོ་༡༩༠༧ལོར་གྲུབ་པར་མཛད་པའི་དེབ་ཞིག་ཡིན་ལ། སྐབས་དེའི་པེ་ཅིང་གི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་རྒྱུས་ལོན་གྱི་ཆེད་དུ་མཁས་པ་མང་བོ་ཞིག་གིས་མཉམ་རུབ་ཀྱིས་བྲིས་པའི་སྣ་འཛོམས་ཅན་གྱི་ཡིག་ཚགས་ཕྱོགས་བསྡུས་ཤིག་ཡིན་ཞིང་། སྐབས་དེའི་དེབ་མིང་ལ་པེ་ཅིང་གི་ལོ་རྒྱུས་[2]ཞེས་བྲིས་འདུག རྗེས་སུ་ཀྲང་ཙུང་ཕེན་[3]དང་ལུའུ་ཡཱོང་ཧུ་[4]ཟེར་བ་གཉིས་ཀྱིས་ཉི་ཧོང་སྐད་ཡིག་ལས་རྒྱ་སྐད་དུ་བསྒྱུར་ནས་སྤྱི་ལོ་༡༩༩༤ལོར་པེ་ཅིང་དུ་ཐེངས་དང་པོར་པར་དུ་བསྐྲུན་པ་ཞིག་རེད། འདིར་ལོ་ངོ་བརྒྱ་ལྷག་གི་གོང་རོལ་གྱི་པེ་ཅིང་དུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ཁག་ངོ་སྤྲོད་བྱས་པའི་ཚན་པ་དེ་བདམས་སྒྱུར་བྱས་ཡོད་ལ། འདིར་བླ་མའི་ཆོས་ལུགས་ཟེར་བ་དང་ལྔ་བ་ཆེན་མོ་ནས་ཏཱ་ལའི་ཞེས་པའི་མཚན་ཐོག་མར་གསོལ་བ་སོགས་ནོར་བའི་ཆ་དག་འགྱུར་ཡིག་ཏུ་སོར་འཇོག་བྱས་ཡོད། གཞན་ཉི་ཧོང་གི་ཡི་གེ་ལས་རྒྱ་ཡིག་ཏུ་སྒྱུར་སྐབས་སུ་ཆབ་སྲིད་ཀྱི་དགོས་དབང་དང་བསྟུན་ནས་རང་འདོད་དུ་བཅོས་པའང་ཡོད་པར་སྣང་མོད། ལས་འཕྲོ་དེ་ཉི་ཧོང་སྐད་ཡིག་ལ་བྱང་ཆ་ལྡན་པའི་དོ་སྣང་ཅན་ལ་དབུལ་རྒྱུ་ལས་ཐབས་གཞན་མ་མཆིས་པ་བཅས་སོ། །
བདམས་འགྱུར་དང་པོ། བླ་མའི་ཆོས་ལུགས།
མིག་སྔའི་ཆར་པེ་ཅིང་དུ་ཆོས་ལུགས་ཆེན་པོ་བརྒྱད་མཉམ་གནས་ཀྱིས་བསྟན་པ་སྤེལ་བཞིན་ཡོད། དེ་ནི་པེ་ཅིང་གི་རྔམ་ཆེ་ལ་སྣ་ག་མང་བའི་ཆོས་ལུགས་ཀྱི་བརྗིད་ཉམས་ཤིག་ཡིན་པ་ཙམ་དུ་མ་ཟད། འཛམ་གླིང་གི་ཁོར་མོ་ཡུག་ཏུའང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ད་ལྟ་པེ་ཅིང་གི་བླ་མའི་ཆོས་ལུགས་མཚམས་སྦྱོར་མ་བྱས་པའི་སྔོན་ལ་ཆོས་ལུགས་འདིའི་བྱུང་རབས་ཀྱི་སྤྱི་བཤད་ཅིག་ངེས་པར་དུ་དགོས་པར་འདུག
བོད་ཡིག་ཏུ་བླ་མ་ཞེས་པའི་མིང་གི་དོན་དེ་སློབ་དཔོན་ཞེས་པའི་དོན་ཡིན་ལ་ལེགས་སྦྱར་སྐད་དུ་ཡོའུ་ཏའོ་ལའོ་[5]ཞེས་པའི་དོན་དང་འདྲ། མ་གཞིར་རིམ་པ་མཐོ་བའི་དགེ་འདུན་པར་འབོད་སྟངས་ཤིག་ཡིན་མོད་རིམ་བཞིན་སྤྱིར་བཏང་བར་ཡང་བླ་མ་ཞེས་པའི་འབོད་སྲོལ་དར་བར་གྱུར། བླ་མ་རྣམ་པ་རང་ངོས་ནས་སངས་རྒྱས་པའི་ཆོས་དང་སངས་རྒྱས་ཞེས་འབོད་པ་ལས་བླ་མའི་ཆོས་ལུགས་ཞེས་གསུང་སྲོལ་ཞིག་གཏན་ནས་མེད།
ཀ་བ། འབྱུང་ཁུངས་དང་འཕེལ་རིམ།
ཆོས་ལུགས་འདིའི་འབྱུང་ཁུངས་བཙལ་བ་ཡིན་ན་སྤྱི་ལོའི་དུས་རབས་བདུན་པའི་སྟོད་ཀྱི་ཆར་བོད་ནི་ཤིན་ཏུ་ལྐོག་གྱུར་གྱི་རྒྱལ་ཁབ་ཞིག་ཡིན་པའི་སྐབས་དེར་ཐུག་ཡོད་ཅིང་། དེ་དུས་སངས་རྒྱས་ཆོས་ལུགས་ལ་ཆ་རྒྱུས་སྤུ་ཙམ་ཡང་མེད། ཡིན་ནའང་སྤྱི་ལོ་དྲུག་བརྒྱ་དང་བཞི་བཅུའི་སྔ་རྗེས་སམ་ཐང་གུར་གྱི་རྒྱལ་པོ་ཐང་ཐེ་ཙུང་[6]གི་སྐབས་སུ། སངས་རྒྱས་ཆོས་ལུགས་བོད་དུ་དར་ནས་དཔལ་ཡོན་དང་གཞི་ནས་ངོ་འཕྲད་མགོ་ཚུགས་པ་རེད། སྐབས་དེར་སངས་རྒྱས་ཆོས་ལུགས་ལ་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་པའི་[7]ཤན་ཞུགས་ནས་ཧིན་དྷུའི་ལྷ་ལ་དད་པའི་ཆོ་ག་བྱེད་པ་སོགས་ཁྱད་མཚར་གྱི་ཆོས་ལུགས་རིགས་ཤིག་ཏུ་གྱུར་ཡོད། ཡིན་ནའང་སྐབས་དེ་ཤེད་དུ་བོད་ལ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་ཧིན་དྷུའི་གསང་སྔགས་ཀྱི་ཆོས་ལུགས། རྫུ་འཕྲུལ་སྟོན་པའི་རིགས་དེ་དག་བོད་རང་གི་སྲོལ་རྒྱུན་གྱི་ལྷ་སྒྲུང་དང་ལྷ་འདྲེ་ལ་དད་པའི་བོན་ཆོས་ལ་མཉམ་བསྲེས་བྱས་ཡོད་པ་མ་ཟད། ད་དུང་དེའི་ནང་དུ་ཐེགས་ཆེན་གྱི་དུམ་བུ་སྐོར་ཞིག་བཅས་དར་ནས་ཡ་མ་ཟུང་གི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཆོས་ལུགས་འདིས་ཁྱི་གདོང་མི་ལུས་ཅན་གྱི་ལྷ་འདྲེ་ལའོ་ཧྲའམ་[8]ཕོ་མོ་འཐམ་འཁྱུད་བྱས་པའི་གསང་བའི་ལྷ་ཞིག་སྲུང་སྐྱོབ་ཀྱིས་ལྷར་བཀུར་བསྟི་བྱེད་པའི་སྔར་སྲོལ་ད་དུང་ཡང་རྒྱུད་འཛིན་བྱེད་ཀྱིན་འདུག
ཆོས་ལུགས་འདི་དར་བའི་བརྒྱུད་རིམ་ནི་ཡོན་གྱི་སེ་ཆེན་རྒྱལ་པོས་ཆོས་ལུགས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་དཀྱེལ་ཡངས་པའི་གཅིག་སྡུད་ཀྱི་དགོངས་པ་འགྲུབ་ཆེད་དུ། ཕྱོགས་ཀྱི་ཆོས་ལུགས་མི་འདྲ་བ་སྟེ་བླ་མའི་ཆོས་ལུགས་ཀྱི་ས་སྐྱ་པའི་བླ་མ་ཆེན་པོ་དང་སྐབས་དེར་ཀྲུང་གོར་སྤེལ་བཞིན་པའི་རོམ་ཆོས་ལུགས་ཀྱི་གོང་མའི་གྲུབ་མཐའ་བ་ཡེ་ཤུ་ཆོས་ལུགས་ཀྱི་མཁན་པོ། གཞན་ཤུགས་ཆེ་བའི་ཆོས་ལུགས་པའི་མཁས་པ་བཅས་གོང་མའི་ཕོ་བྲང་དུ་བསྡུས་ཏེ་དཔྱད་ཅིང་བསྡུར་འབྲས་སུ། བླ་མའི་ཆོས་ལུགས་དེ་གཞན་ལས་ཁྱད་དུ་འཕགས་པའི་ངེས་ཤེས་རྙེད་པར་གྱུར་བ་ནས་བཟུང་། བཙན་རྒྱལ་དེའི་ཡོངས་ཀྱི་དབུ་བླར་བཀུར་མགོ་ཚུགས། དུས་དེ་ནས་བཟུང་ཡོན་བཙན་པོས་སོག་པོ་དང་པེ་ཅིང་དུ་གཙུག་ལག་ཁང་བཞེངས་ཏེ་ཆོས་ལུགས་འདི་ཡར་ངོ་ཟླ་ལྟར་འཕེལ་བར་གྱུར་ཏོ།།
ཁ་བ། གྲུབ་མཐའི་དབྱེ་བ།
བླ་མའི་ཆོས་ལུགས་ལ་གྲུབ་མཐའ་གསུམ་ཡོད། དང་པོ་དེར་རྙིང་མ་ཞེས་འབོད་ཀྱིན་འདུག་ལ་གྲུབ་མཐའ་འདི་ཚུགས་པ་ནས་བཟུང་གསར་བཟོ་གང་ཡང་བྱས་མེད་ལ་ཆོས་དམར་[9]ཞེས་པ་དེ་རེད། དེ་ནི་གྲུབ་མཐའ་དེའི་རྗེས་འཇུག་པའི་དགེ་འདུན་པ་དག་གིས་ཆོས་གོས་དང་ཞྭ་མོ་དམར་པོ་མནབས་པའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་ཞིག་རེད། གཉིས་པ་དེར་ས་སྐྱ་པ་ཞེས་འབོད་ཀྱིན་འདུག་ལ་དེ་ནི་སྤྱི་ལོ་༡༠༧༢ལོའམ་སུང་ཧྲིན་ཙུང་[10]གི་སྐབས་སུ་རྙིང་མ་པ་ལས་གྱེས་པའི་གྲུབ་མཐའ་ཞིག་རེད། འདི་ནི་ཆོས་སེར་པ་[11]མ་དར་བའི་སྔོན་དུ་བོད་དུ་སྟོབས་ཤུགས་ཆེ་ཤོས་ཀྱི་གྲུབ་མཐའ་ཞིག་རེད། གསུམ་པ་དེར་དགེ་ལུགས་པ་ཞེས་འབོད་ཀྱིན་འདུག་ལ་གྲུབ་མཐའ་གསར་ཤོས་དེ་རེད། ས་སྐྱ་པའི་གྲུབ་མཐའ་དར་ཆེ་བའི་ལོ་ངོ་ཉི་ཤུའི་སྔོན་ལ་གྲུབ་མཐའ་འདི་མགོ་ཚུགས་ཟིན་འདུག་ལ་ཐོག་མར་དགེ་ལྡན་ཞེས་འབོད་ཀྱིན་ཡོད། དུས་རབས་བཅོ་ལྔའི་མགོ་སྟོད་དམ་མེན་ཡུང་ལི་[12]ཡི་ལོ་མགོར་ཙོང་ཁ་པ་ཞེས་པར་མཚན་སྙན་ཆེ་ལ་སྐབས་དེའི་ཆོས་དམར་གྲུབ་མཐའ་བའི་རུལ་སུངས་ལ་ཐུགས་ཕམ་མཛད་དེ་དགེ་ལུགས་པ་ཞེས་གྲུབ་མཐའ་ཐ་དད་དུ་མཚན་གསོལ་མཛད་ཅིང་། བླ་མའི་ཆོས་ལུགས་ཀྱི་ལོ་རྒྱུས་ལ་དུས་རབས་གསར་པ་ཞིག་གི་དབུ་ཁྱུད་བྲིས་ཏེ་ད་སྐབས་བླ་མའི་ཆོས་ལུགས་ཁྲོད་ཀྱི་སྟོབས་ཤུགས་ཆེ་ཤོས་ཀྱི་གྲུབ་མཐའ་དེ་ཡིན། ཙོང་ཁ་པས་གྲུབ་མཐའ་འདི་གསར་འཛུགས་གནང་སྐབས་སུ་བཅའ་ཡིག་སྣ་མང་ཞིག་མཛད་པ་མ་ཟད། རྒྱ་གར་གྱི་དགེ་འདུན་པའི་ཕྱག་སྲོལ་ལ་དཔེ་བླངས་ནས་ཞྭ་མོ་སེར་པོ་མནབས་པའི་དབང་གིས་རྗེས་རབས་པས་ཆོས་སེར་ཞེས་འབོད་དོ།།
ག་པ། ཏཱ་ལའི་བླ་མ།
ད་ལྟའི་ཏཱ་ལའི་བླ་མ་ཞེས་པ་དེ་ནི་ཙོང་ཁ་པས་སྲོལ་ཕྱེས་པའི་དགེ་ལུགས་པའི་ཁོངས་གཏོགས་ཡིན་ལ། མེན་རྒྱལ་རབས་ཀྱི་མཇུག་གམ་སྤྱི་ལོ་༡༦༤༠ལོར་ཏཱ་ལའི་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ནས་ཐོག་མར་མཚན་དེ་གསོལ་བ་ཞིག་ཡིན། ཏཱ་ལའི་ཞེས་པ་སོག་སྐད་ཡིན་ལ་རྒྱ་མཚོ་ཞེས་པའི་དོན་ཡིན། བོད་མི་རྣམས་ཀྱིས་ཏཱ་ལའི་ཞེས་པ་ནི་སྤྱིར་བཏང་གི་མི་ལས་བརྒལ་བའི་རྨད་བྱུང་གི་སློབ་དཔོན་ལ་ངོས་འཛིན་བྱེད་ལ་དེའི་དོན་ནི་བླ་ན་མ་མཆིས་པའི་བྱང་ཆུབ་སེམས་དཔའ་ཞེས་པའི་དོན་ཡིན།
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ལ་ཏཱ་ལའི་ཞེས་པའི་མཚན་གནས་འདི་ཐོགས་ཤིང་དེ་དང་མཉམ་དུ་བོད་ས་གནས་གཞུང་གི་སྲིད་དབང་བཟུང་ནས། གོ་སྐབས་དམ་པོར་བཟུང་སྟེ་སྟོབས་ཤུགས་ཇེ་བརྟན་དུ་བཏང་བ་དང་གྲུབ་མཐའ་གཞན་གྱི་དགོན་པ་འཕྲོགས་ཏེ་ཉིན་རེ་བཞིན་རང་གི་གྲུབ་མཐའ་རྒྱ་བསྐྱེད་ཅིང་། རང་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་བར་ངོས་བཟུང་བ་ནས་སྤྲུལ་བར་བཞེད་པའི་སྲོལ་བཏོད་པ་རེད། སྤྲུལ་བ་ཞེས་པ་དེ་ནི་ཤིན་ཏུ་ལྐོག་གྱུར་ཞིག་ཡིན་ལ་དེའི་འབྱུང་རྩ་ནི་ཆོས་དཔོན་བསྐོ་ཐབས་ལ་རག་ལས་པ་ཞིག་སྟེ། ཆོས་དཔོན་བསྐོ་སྐབས་སུ་གཡོ་སྒྱུའི་རིགས་འགོག་ཐབས་ཤིག་ཡིན་པ་འདྲ།
སྤྲུལ་སྐུ་ཟེར་བ་དེ་ནི་ཏཱ་ལའི་བླ་མ་དགོངས་པ་རྫོགས་པའི་སྐབས་སུ་ཁོང་གི་ཡང་སྲིད་གང་དུ་འཁྲུངས་རྒྱུའི་ཞལ་ཆེམས་ལྟར། སློབ་མ་རྣམས་ཀྱིས་ས་ཆ་གང་དེར་སོང་ནས་སྤྲུལ་སྐུ་བཙལ་ཅིང་། ཁོ་ཚོས་ཏཱ་ལའི་སྤྲུལ་སྐུ་ནི་རྣམ་དཔྱོད་གཞན་དང་མི་འདྲ་བར་འདས་དོན་མཁྱེན་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད།
སྤྲུལ་སྐུའི་བཞེད་སྲོལ་བྱུང་བའི་རྗེས་སུ་ཏཱ་ལའི་བླ་མའི་ཡང་སྲིད་འདྲ་མིན་བྱུང་བའི་རྩོད་པ་ཟློག་པའི་ཆེད་དུ། ཆན་ལུང་[13]རྒྱལ་པོས་ཏཱ་ལའི་བླ་མ་དགོངས་པ་རྫོགས་སྐབས་སུ་བཞག་པའི་སྤྲུལ་སྐུའི་མཚན་དེ་ཚེན་ཐུར་གྱི་སྟེང་དུ་བྲིས་ཏེ་བུམ་པ་དཀྲུག་རྒྱུའི་བྱ་ཐབས་བཀོལ་ནས་ད་སྐབས་ཀྱང་ལག་བསྟར་བྱེད་ཀྱིན་ཡོད།
ང་པ། ཆིན་རྒྱལ་རབས་དང་བླ་མའི་ཆོས་ལུགས།
ཆིན་རྒྱལ་རབས་དར་བ་ནས་བཟུང་ལམ་སང་ཕྱིའི་རྒྱལ་ཁམས་བདེ་ལ་འཁོད་རྒྱུར་དོ་སྣང་བྱུང་ཞིང་། ལྷག་པར་དུ་བླ་མའི་ཆོས་ལུགས་ལ་སྲུང་སྐྱོབ་བྱས་པ་བརྒྱུད་ནས་བོད་སོག་ལ་དབང་བསྒྱུར་རྒྱུའི་སྲིད་ཇུས་སོགས་བཟུང་།
ཐོག་མར་ཏཱ་ལའི་མཚན་ཐོགས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཕོ་བྲང་དུ་ཕེབས་ཐེངས་རེ་ལ་ལེགས་སྐྱེས་ཕུལ་ཞིང་། ཧྲུན་ཀྲི་དང་ཁཱང་ཞི་[14]རྒྱལ་པོ་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས། བོད་ལ་ལོ་ངོ་བཅུ་དགུའི་རིང་ལ་དྲག་གནོན་བྱས། པེ་ཅིང་དུ་ཤར་དང་ནུབ་ཀྱི་དགོན་སེར་[15]བཞེངས་ནས་ཏཱ་ལའི་ལ་ཕུལ། བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་མ་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་ནི་མཁས་སྤྱོད་གཉིས་ལྡན་ཞིག་ཡིན་སྟབས། སྐབས་དེར་མི་མང་གིས་ལྷ་སར་ཏཱ་ལའི་བླ་མ་ལས་ཀྱང་དད་གུས་ཆེན་པོ་བྱ་ཡུལ་ཞིག་ཡིན། ཆན་ལུང་རྒྱལ་པོས་པེ་ཅིང་དུ་མཇལ་འདོད་གནངས་མོད་སྟབས་མ་ལེགས་པར་ལམ་བར་དུ་འབྲུམ་ནད་ཕོག་ནས་སྐུ་གྲོངས། ཆན་ལུང་རྒྱལ་པོས་ཁོང་གི་སྐུ་གདུང་ལྷ་སར་གདན་དྲངས་ཤིང་ན་བཟའ་པེ་ཅིང་གི་དགོན་སེར་གྱི་ནུབ་ངོས་སུ་ཆེད་དུ་མཆོད་རྟེན་དཀར་པོ་ཞིག་བཞེངས་ནས་དེའི་གཟུངས་གཞུག་ཏུ་ཕུལ། མཆོད་རྟེན་དེ་ནི་ཨན་ཏེན་སྒོའི[16]་ཕྱི་རོལ་ཏུ་རྡོ་ཀ་མ་རུ་ལས་བྱས་པའི་དགོན་སེར་གྱི་མཆོད་རྟེན་དེ་ཡིན། དེའི་རྗེས་སུ་དགོན་སྡེ་མང་བོ་གསར་བཞེངས་མཛད། པེ་ཅིང་གི་མཐའ་འཁོར་དུ་བླ་མའི་དགོན་པ་ཉེར་བརྒྱད་བཞེངས་ཡོད་པ་ལས་ཆེ་ཤོས་དེ་ནི་གཡུང་དགོན་[17]ཡིན། དགོན་པ་དེ་ཨན་ཏེན་སྒོའི་ནང་རོལ་ཏུ་ཡོད་ལ་ད་སྐབས་ཅུང་ཉམས་ཆག་ཏུ་འགྲོ་བཞིན་ཡོད་ནའང་། ད་དུང་ལྕགས་རི་དམར་པོ་དང་རྒྱ་ཕིབས་སེར་པོར་གསེར་འོད་ལམ་མེར་པེ་ཅིང་གྲོང་ཁྱེར་གྱི་རྒྱན་ཆ་ལྟ་བུར་གྱུར་ནས་ཡོད། གནས་དེ་ནི་སྔོན་མ་ཡཱོང་ཀྲིན་གྱི་བཞུགས་གནས་ཡིན་ལ་ད་ལྟ་ལས་ལོ་ངོ་བརྒྱ་དང་ལྔ་བཅུའི་ཡས་མས་སམ་ཆན་ལུང་ཁྲི་ལོའི་སྟོད་ཀྱི་ཆར་བླ་མར་གནངས་པ་ཞིག་ཡིན། དགའ་ལྡན་བྱིན་ཆགས་གླིང་དུ་བླ་མ་མཐོ་གྲས་ཁག་བཞུགས་ཡོད་ལ་དེ་དག་ལས་གཙོ་བོ་ལ་ཧོ་ཐོག་ཐུ་ཞེས་འབོད་ཀྱིན་ཡོད་ཅིང་། ཁོང་རྣམ་པ་སེ་འབྲས་དགའ་གསུམ་གྱི་དགོན་ཆེན་ནས་ཕེབས་པ་ཡིན་ལ་ཆིན་གཞུང་གིས་ཆིང་དབང་[18]གི་གོ་གནས་དང་གཅིག་མཚུངས་སུ་སྤྲད་ཡོད། དེ་དག་ལས་གོ་གནས་ཅུང་དམའ་བའི་མི་གཉིས་ཡོད་པར་སུའུ་ལཱ་བླ་མ་ཞེས་འབོད་ཀྱིན་ཡོད། གཞན་ཏཱེ་མོ་ཆེ་བླ་མ་ཟེར་བ་བཞི་ཡོད་ལ་ཁོང་རྣམ་པས་དགེ་འདུན་པ་དག་ལ་དཔེ་ཁྲིད་ཀྱི་ཐུགས་འགན་བཞེས་ཀྱིན་འདུག གཞན་བོད་ཀྱི་དགེ་འདུན་པ་ལས་སོག་པོའི་དགེ་འདུན་པའང་ཉུང་ཤས་ཤིག་ཡོད་པ་རྣམས་ནི་ལོ་ན་བདུན་བརྒྱད་ནས་བཞི་བཅུ་ལྔ་བཅུའི་བར་རེད་ལ་ཚང་མ་ཕོ་བྲང་གི་ཤར་ཕྱོགས་སུ་བསྡད་འདུག ཁོ་ཚོ་ཚང་མའི་འཚོ་གནས་ཀྱི་འགྲོ་གྲོན་སྲིད་གཞུང་གིས་གཏོང་གིན་འདུག དགེ་འདུན་པ་རྣམས་ལ་ཟླ་རེར་དངུལ་སྲང་བཅུ་རེ་ཅན་དང་གཅིག་གཉིས་ཅན་བཅས་སྤྲོད་ཀྱིན་འདུག
དགེ་འདུན་པ་དེ་དག་ལ་ཉིན་རེར་ཐུན་ལྔ་རེར་ངེས་གཏན་གྱིས་དགེ་སྦྱོར་བྱ་རྒྱུ་ལས་གཞན། ནམ་རྒྱུན་དད་ལྡན་པ་དག་གིས་འདས་མཆོད་དང་གསོལ་འདེབས་སོགས་ལ་གདན་འདྲེན་ཞུ་བཞིན་པ་མ་གཏོགས་ལས་ཀ་གཞན་མི་འདུག ཁོམ་སྐབས་དང་བསྟུན་ནས་ཐང་ག་དང་ཕྲེང་བ་སོགས་བཟོས་ནས་སོག་ཕྱོགས་སུ་འཚོང་གིན་འདུག་ལ། ཁེ་བཟང་མེད་དུས་རང་ཤག་ཏུ་མ་ཎི་དང་མདོ་གདུགས་སོགས་བཏོན་ནས་བསྡད་འདུག
བླ་མ་རྣམས་ཀྱིས་དམར་ཟས་མཆོད་ཆོག་མོད་བཟའ་ཚང་བཙལ་ཆོག་གིན་མི་འདུག པེ་ཅིང་དུ་བླ་མའི་ཆོས་ལ་དད་པ་བྱེད་མཁན་ཕལ་ཆེར་ཁྲི་གཉིས་ལྷག་འདུག་གོ། །།
སྤྱི་ལོ༢༠༢༢ལོའི་ཟླ་༡༡པའི་ཚེས་༠༤ཉིན་བསྒྱུར།
ཟུར་མཆན།
[1] ཧྲན་པིན། 山本
[2] པེ་ཅིང་གི་ལོ་རྒྱུས། 《北京志》
[3] ཀྲང་ཙུང་ཕེན།张宗平
[4] ལུའུ་ཡཱོང་ཧུ།吕永和
[5] ཡོའུ་ཏའོ་ལའོ། 郁多罗
[6] ཐང་ཐེ་ཙུང་།唐太宗
[7] རྣལ་འབྱོར་སྤྱོད་པའི་གྲུབ་མཐའ།瑜珈伦
[8] ལྷ་འདྲེ་ལའོ་ཧྲ།鬼神罗刹
[9] ཆོས་དམར།红教
[10] སུང་ཧྲིན་ཙུང་། 宋神宗
[11] ཆོས་སེར་པ།黄教
[12] མེན་ཡུང་ལི། 明永乐
[13] ཆན་ལུང་།乾隆མན་ཇུའི་གོང་མ་ཆན་ལུང་ངམ་བོད་ཀྱིས་ལྷ་སྐྱོང་དུ་འབོད་པ།
[14] ཧྲུན་ཀྲི་དང་ཁཱང་ཞི།顺治,康熙
[15] དགོན་སེར། 黄寺འདི་ནི་ལྔ་བ་ཆེན་མོས་མཛད་པའི་དུ་ཀཱུ་ལའི་གོས་བཟང་ལས། པེ་ཅིང་དང་རྒྱང་གྲགས་གཉིས་ཙམ་གྱིས་ཆོད་པའི་སར་གོང་ནས་དངུལ་སྲང་ཁྲི་ཕྲག་དགུའི་མཐུན་རྐྱེན་སྦྱར་ཏེ་ངེད་ཀྱི་སྡོད་ཁང་དུ་ཆེད་གཉེར་བརྒྱབ་པའི་གཟིམས་ཁང་སེར་པོར་གྲགས་པའི་ཁང་བཟང་ལྷའི་སྐྱེད་ཚལ་ལྟ་བུ་ལྕགས་རི་ཤག་སྐོར་དང་བཅས་པ། ལྟེ་བའི་མདོ་སྦུག་བར་མཚམས་མེད་པ་ཚོན་རྩི་ལ་གསེར་ཤོག་ཧ་ཅང་རྒྱ་ཆེས་པའི་འོད་ཀྱིས་ཁྱབ་པ་དེར་ཚེས་བཅུ་བདུན་ལ་སླེབས། ཞེས་འཁོད་པ་དེ་ཡིན་ནམ་དཔྱད་དོ། (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པོད་དང་པོ།P329)
[16] ཨན་ཏེན་སྒོ安定门
[17]གཡུང་དགོན།雍和宫 (དགའ་ལྡན་བྱིན་ཆགས་གླིང་། སྔར་རྒྱལ་པོ་雍正བཞུགས་གནས་雍和宫རུ་དགོན་སྡེ་གསར་འཛུགས་ཀྱིས་སྤྱི་ལོ་1744ལོར་དགའ་ལྡན་བྱིན་ཆགས་གླིང་འདི་བཏབས།་ཕྱིའི་ཁོར་ཡུག་ཏུ་ལྕགས་རི་ཤིན་ཏུ་ཡངས་པས་བསྐོར་བའི་དབུས་སུ་ཚོགས་ཆེན་གྱི་འདུ་ཁང་ཆེན་པོ། དེའི་གཡས་ཕྱོགས་སུ་ལྷ་ཁང་། གཡོན་དུ་མགོན་ཁང་། སྡོམ་པ་འབོག་པའི་ཁང་པ། གདུགས་དཀར་ལྷ་ཁང་། སྨན་བླ་ཁང་། རྒྱ་གར་ལྷ་ཁང་།དགེ་ལྡན་ལྷ་ཁང་། ཆོས་འཁོར་ལྷ་ཁང་། རྒྱལ་ཆེན་ཁང་། སྒོ་ཁང་། རྔ་ཁང་། ཅུང་ཁང་། བྲེ་ཕུལ་བརྩེགས་པའི་རྟ་བབ་སོགས་ཤིན་ཏུ་རྒྱ་ཆེ་ཞིང་བཀོད་པ་མཛེས་པ)
[18] ཆིང་དབང་།亲王རྒྱལ་པོ་ལས་གཞན་པའི་རིམ་པ་ཨང་དང་པོའི་གོ་གནས་ཡིན།
– – – – –