སྔོན་འགྲོའི་སྤྱི་བཤད།
དེ་རིང་ང་ཚོས་གླེང་བར་བྱ་བའི་བརྗོད་གཞི་ནི་རྒྱ་གར་གྱི་རིག་བྱེད་རྩོམ་རིག་གི་འབྱུང་ཁུངས་སུ་གྱུར་བའི་<<ཨབེསྟ>>ཞེས་པ་དེ་ཡིན་ལ། འདི་གླེང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོས་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཁྱབ་ཁོངས་ནས་རྒྱ་གར་རིག་བྱེད་རྩོམ་རིག་ལ་སློབ་གཉེར་དང་འཆད་ཁྲིད་བྱེད་དུས། གནའ་བོའི་ཨརྱཎཱ་མི་རིགས་ཀྱི་ཤེས་རིག་བྱུང་རིམ་ལ་གཡོལ་ཐབས་མེད་ཁར། ཨརྱཎ་མི་རིགས་ཀྱི་རྩ་བའི་འབྱུང་ཁུངས་འཚོལ་ཞིབ་བྱེད་དུས་གནའ་བོའི་ཏ་ཟིག་གི་ཡུལ་ཕྱོགས་དེ་ནས་མཆེད་ཡོང་བ་ད་ལྟའི་ཆར་རྩོད་མེད་ཡོང་གྲགས་ཡིན་ལ། འདིའི་ཐད་དྲན་དབང་དགེ་འདུན་ཆོས་འཕེལ་གྱི<<གཏམ་རྒྱུད་གསེར་ཐང>>ལེའུ་དྲུག་པ་སྐྱེས་པ་བུད་མེད་བཟའ་བཏུང་གི་སྐོར་ལས། p.156 “རྒྱ་གར་ཨརྱཎཱ་འདིའི་སྔོན་གྱི་རིགས་ནི། ཡུལ་འདིར་མ་བརྟོལ་བའི་གོང་མི་རབས་དུ་མ་ཞིག་གི་བར་དུ་ཨོ་རྒྱན་དང་ཏ་ཟིག་པ་རྣམས་དང་ལྷན་ཅིག་ཏུ་གནས” ཞེས་དང་། ཏ་ཟིག་གི་གནའ་བོའི་ལྷ་སྒྲུང་དང་ཨབེསྟ་སོགས་ནའང་ཨརྱཎ་ཞེས་པའི་མིང་འདི་བྱུང་ཡོད་སྟབས་མི་རིགས་འདིའི་ཕ་ས་ནི་ཁོང་ཚོའི་ཡུལ་ལུང་ཡིན་པར་བཤད་པ་སོགས་རྒྱུ་མཚན་འདི་དག་ལ་བརྟེན་ནས། ཏ་ཟིག་གི་ཕ་ལ་ཝེ་རྒྱལ་རབས(Pahlavi dynasty 巴列维王朝1925–1979)སྐབས་སུ། རྒྱལ་བོ་རོས་གཟའ་ཧན་ཕ་ལ་ཝེ(Razashoh Pahlavi 礼萨汗巴列维1876–1944)ཡིས་སྤྱི་ལོ་1935ལོར་ཏ་ཟིག་ཅེས་པའི་རྒྱལ་ཁབ་ཀྱི་མིང་འདི་དགེ་བ་དུ་མ་ལ་དམིགས་ནས་དབྱི་རན་རྒྱལ་ཁབ(Kingdom of Iran 伊朗国) ཞེས་པའི་མིང་འདི་ལ་བསྒྱུར། དེར་བརྟེན། ང་ཚོས་རྒྱ་གར་རིག་བྱེད་རྩོམ་རིག་ཤེས་པ་ལ་རིག་བྱེད་ཤེས་རིག་གི་བདག་པོར་གྱུར་བའི་ཨརྱཎཱ་མི་རིགས་ཤེས་དགོས་འདུག ཨརྱཎཱ་མི་རིགས་ཤེས་པ་ལ་ཨརྱཎཱ་མི་རིགས་ཀྱི་རིག་གཞུང་གི་རྩ་བའི་རྨང་རྟེན་དུ་གྱུར་བའི་གནའ་བོའི་ཏ་ཟིག་གི་གསུང་རབ་རྙིང་བ<<ཨབེསྟ>>ཤེས་དགོས་པའི་རྒྱུ་མཚན་ལ་དམིགས་ནས་བརྗོད་གཞི་འདི་གླེང་དགོས་བྱུང་བ་ཡིན། ཉེ་ལམ་ཁོ་བོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་རྩོམ་རིག་ཆེད་སྦྱོང་བྱེད་དུས། ངེས་སྟོན་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་རྒྱ་གར་རིག་བྱེད་རྩོམ་རིག་འཆད་ཁྲིད་སྐབས་སུ་གསུང་རབ་འདིའི་སྤྱི་ཁོག་ངོ་སྤྲོད་བྱས་པའི་ཟིན་བྲིས་གཞིར་བཞག་པའི་སྟེང་ལ། ཁོ་བོས་ཏ་ཟིག་གི་མཁས་པ་ཅ་ལེ·ཏོ་སི་ཐི་ཧ་ཧེ(贾利尔·杜斯特哈赫)ཡིས1962 ལོར་འདེམ་སྒྲིག་བྱས་པའི<<ཨབེསྟ>>འི་གཞུང་གཞི་དེ་རྒྱ་ནག་གི་མཁས་པ་ཡོན་ཝུན་ཆི (元文琪) ཡིས་རྒྱ་ཡིག་ཏུ་བསྒྱུར་ཞིང་1964ལོར་པེ་ཅིན་སློབ་ཆེན་ནས་པར་སྐྲུན་བྱས་པ་དེ་དཔྱད་གཞི་གཙོ་བོར་བཟུང་ནས་བརྗོད་གཞི་འདི་གླེང་རྒྱུ་ཡིན།
ལེའུ་དང་པོ། <<ཨབེསྟ>>འི་མཛད་པ་པོའི་མི་ཚེ་ལོ་རྒྱུས་ལ་ལྟ་བ།
དེ་ཡང་དཔལ་ལྡན་ཟླ་བ་གྲགས་པའི་<<ཚིག་གསལ་>>ལས། འདི་ཡི་མཛད་པ་པོ་ནི་སུ།། ལུང་ནི་གང་བཏུས་ཕྱོགས་གར་གཏོགས།། སུ་ཡི་དོན་དུ་འདི་ཉིད་མཛད།། དབུ་ཞབས་བསྡུས་པའི་དོན་ཅི་ཞིག། ཅེས་གསུངས་པ་བཞིན་སྔོན་བྱོན་འཕགས་བོད་མཁས་པ་རྣམས་ཀྱིས་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་བསྟན་བཅོས་འཆད་པའི་སྲོལ་བཟང་གཙིགས་སུ་བཟུང་ནས་ “འདི་ཡི་མཛད་པ་པོ་ནི་སུ།།” ཞེས་བྱ་བའི་ཚིག་གིས་དྲངས་ཏེ་སྐབས་སུ་བབ་པའི་<<ཨབེསྟ>>འི་མཛད་པ་པོའི་མི་ཚེ་ལོ་རྒྱུས་གླེང་བར་བྱ་བ་ལ་ཚན་པ་བཞི་སྟེ། མཚན་དོན་ཤན་སྦྱར། མཚན་གྱི་གོ་དོན། ལོ་རྒྱུས་བྱུང་རིམ་དང་མཛད་རྗེས། གཟའ་ར་ཏོ་སི་རྒྱུ་ར་དང་སྟོན་པ་གཤེན་བར་གྱི་དོགས་སློང་བཅས་སོ། །
ཚན་པ་དང་པོ། མཚན་དོན་ཤན་སྦྱར།
༡ ཨ་བེསྟ་སྐད། Zarathustra ( zɑrəˈθuːstrə/;Avestan: Zaraϑuštra)
༢ ཏ་ཟིག་སྐད། Zartosht ( Persian: زرتشت Zartosht, زردشت Zardosht )
༣ གྷི་རེ་སི་སྐད། Zoroaster (ˌzɒroʊˈæstər/ or /ˈzɒroʊˌæstər/, from Greek Ζωροάστρης Zōroastrēs)
༤ རྒྱ་སྐད། 扎拉图什塔拉/查拉图斯特拉(阿)/琐罗亚斯德(希) (帕拉维语称作Zartusht/扎尔图什特)
༥ བོད་སྐད། གཟའ་ར་ཏོ་སི་རྒྱུ་ར(ཨ) གཟོ་རོ་ཨ་སི་ཁྲིར(གྷི/སྤྲེལ་ནག་པ) ཛོ་རོ་སེ་ཐ(མཁར་རྨེ་མདའ་འཕངp.241 སྟོད་ཆ)
ཚན་པ་གཉིས་པ། མཚན་གྱི་གོ་དོན།
གཟའ་ར་ཏོ་སི་རྒྱུ་ར་ཞེས་པའི་མཚན་གྱི་གོ་དོན་ལ་འགྲེལ་སྟངས་མི་འདྲ་བ་ཁ་ཤས་སྣང་སྟེ། << ཨབེསྟ >>འི་སྐད་བརྡ་ལས་བྱུང་བའི་ Zaraϑuštra ཞེས་པའི་མིང་ཕྱེད་ཕྱི་མ་ “uštra” དོན་ནི་རྒྱ་གར་དང་དབྱི་རན་གྱི་སྐད་བརྡ་རྙིང་བ་ལས། “རྔ་མོང” (骆驼Camel) གི་གོ་དོན་ཡིན་པས “རྔ་མོང་ལ་དབང་བསྒྱུར་ཐུབ་པའི་སྐྱེས་བུ” (驾驶骆驼者 /He who can manage Camels) ཞེས་པའི་དོན་དུ་གོ་དགོས་ཏེ། འདི་ནི་གཞན་ལས་འཕགས་པའི་ནུས་པ་ཁྱད་པར་ཅན་ཡོད་པའི་ཆ་ནས་ངོས་འཛིན་བྱས་པར་འདོད། གཞན་ Zaraϑuštra ཞེས་པའི་མིང་ཕྱེད་སྔ་མ “Zar” དོན་ནི་དབྱི་རན་ཤར་ཕྱོགས་སྐད་བརྡ་རྙིང་བ་ལས། “གསེར” ལ་འཇུག་པས། “གསེར་གྱི་རྔ་མོང་གི་བདག་པོ” (金骆驼的主人 /Owner of the golgen Camels) ཞེས་པ་ཡིན་པར་བཤད། འདི་ནི་གཞན་ལས་ལྷག་པའི་རིན་ཐང་ཁྱད་པར་ཅན་ཡོད་པའི་ཆ་ནས་ངོས་འཛིན་བྱས་པ་སོགས་མཚན་དོན་འགྲེལ་སྟངས་ཁ་ཤས་ཡོད།
ཚན་པ་གསུམ་པ། ལོ་རྒྱུས་བྱུང་རིམ་དང་མཛད་རྗེས།
དེ་ཡང་གཟའ་ར་ཏོ་སི་རྒྱུ་ར་ནི་འཇིག་རྟེན་འདིར་བྱོན་པའི་མེ་མཆོད་ཆོས་ལུགས་ཀྱི་ཆེས་ཐོག་མའི་སྲོལ་གཏོད་མཁན་གྱི་སྟོན་པ་དང་ཆོས་ལུགས་དེའི་ལྟ་གྲུབ་སྟོན་པའི་རྩ་བའི་གཞུང་གཞིར་གྱུར་བའི་གནའ་བོ་ཏ་ཟིག་གི་གསུང་རབ་རྙིང་བ་<< ཨབེསྟ >>འི་ཁྲོད་ཀྱི་ལེའུ་རྙིང་ཤོས་<<རྒ་ཐ>> ཡི་རྩོམ་པ་པོ་ཡང་ཡིན་ནོ། ། ཡིན་ནའང་། ད་ལྟའི་བར་ང་ཚོས་ཁོང་གི་ལོ་རྒྱུས་མང་པོ་ཞིག་ཤེས་ཐབས་མེད་པ་མ་ཟད། ཅུང་ཙམ་ཞིག་ཤོད་བཞིན་པ་དེ་ལའང་ངག་རྒྱུན་དང་ལྷ་སྒྲུང་གིས་ཟིན་ཡོད་སྟབས་གསལ་བོ་དང་ཁུངས་ལྡན་ཞིག་ཡིན་པར་སུ་ལ་ཡང་ཡིད་རྟོན་དབེན། དམ་པ་འདིའི་འཁྲུངས་ཡུལ་དང་འཁྲུངས་འདས་ལོ་ཚིགས་ཀྱི་ཐད་ལ་མཁས་པ་རྣམས་བརྗོད་ཚུལ་མི་མཐུན་པ་མ་ཟད། དེ་དག་གི་བར་ལ་གནམ་ས་ལྟ་བུའི་ཧེ་བག་ཆེན་པོ་ཤོར་ཡོད། ཆེས་སྔ་བ་སྤྱི་ལོ་སྔོན་གྱི་ལོ་དྲུག་སྟོང་(6000B·C)ཡས་མས་དང་ཆེས་ཕྱི་བ་སྤྱི་ལོ་སྔོན་གྱི་ལོ་དྲུག་བརྒྱ་(600B·C)ཡས་མས་ལ་འཁྲུངས་པར་འདོད་པས་ལོ་ངོ་དྲུག་སྟོང་གི་ཧེ་བག་ཡོད།
རྒྱ་ནག་གི་མཁས་པ་ཡོན་ཝུན་ཆི 元文琪ཡིས་བསྒྱུར་བའི་<< ཨབེསྟ >>འི་ཟུར་རྒྱན་ དུ་བཀོད་པ་ལྟར་ན། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་ཀྱི་ཨ་ལག་རྒུ་གཟན་སྒྲིར(亚里士多德384 B·C –322 B·C)གྱིས་གཟའ་ར་ཏོ་སི་རྒྱུ་ར་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བར་འཁྲུངས་པའི་ཕུ་ལེ་ཁྲོ་(柏拉图427B·C –347B·C)ལས་ཀྱང་ལོ་ངོ་དྲུག་སྟོང་གིས་སྔ་བར་ངོས་འཛིན་བྱས་ཡོད་རབས་འཁོད་འདུག དེར་བརྟེན་མཁས་པ་ཁག་ཅིག་གིས་ཁོང་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་11B·C ནང་འཁྲུངས་པར་འདོད། གཞན་ད་དུང་། མཁས་པ་མི་ཉུང་བ་ཞིག་གིས་ཁོང་ནི་ཕལ་ཆེར་ཏ་ཟིག་གི་བཙན་རྒྱལ་མ་བྱུང་གོང་གི་སྤྱི་ལོ་སྔོན་གྱི་628B·C ལ་དབྱི་རན་བྱང་ཕྱོགས་ཀྱི་མེ་སྒྲེ་ཡ་རྒྱལ་རབས་(Median dynasty 米底亚王国 672 B·C –550 B·C)དུས་སུ་ཏ་ཟིག་གི་སྐུ་དྲག་རྟ་བའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། ཁོང་འཁྲུངས་པའི་ཉིན་དེར་ནམ་མཁར་སྒྲ་ཆེན་པོ་ཞིག་གྲགས་པས་ཁོང་གི་ཀླད་ཆེན་ལ་གཡོ་འགུལ་དྲག་ཏུ་ཐེབས་པའི་རྐྱེན་གྱིས་ལག་པ་རང་དབང་མེད་པར་དཔྲལ་བར་བཞག་པའི་རྟགས་མཚན་ངོ་མཚར་ཅན་ཞིག་བྱུང་བ་ཡིན་བ་ལ། ཕྱིས་སུ་ཀུན་གྱིས་དེ་ནི་ཁོང་ཤེས་ཡོན་དང་ཤེས་རབ་ཀྱི་བདག་ཉིད་ཅན་དུ་འགྱུར་བའི་སྔ་ལྟས་ཡིན་པར་བཤད།
ཁོང་ནི་བདེན་དོན་དང་ཤེས་རབ་ལ་ཐུགས་ཞེན་ཤིན་ཏུ་ཆེ་སྟབས་དགུང་ལོ ༢༠ ལ་སོན་སྐབས་འཇིག་རྟེན་ཕལ་བའི་བྱ་བཞག་ཐ་དག་ཞེ་གཏིང་ནས་སྤངས་ཏེ་འོ་བཅུད་ལ་བརྟེན་ནས་དཀའ་བ་མང་དུ་སྤྱད། དགུང་ལོ ༣༠ ལ་སོན་སྐབས་ལྷ་ཡི་ལུང་བསྟན་བཞིན་ཕ་ཡུལ་དང་ཁ་གྱེས་ནས་མི་མེད་ལུང་སྟོང་གི་རི་རྩེ་ཞིག་ནས་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ། ལོ་ངོ་ ༡༠ རྗེས་སུ་རི་འདབས་སུ་ཕེབས་སྐབས་ས་ཆ་དེར་དྲག་ཏུ་འཕྱུར་བའི་མེ་ཕུང་ཞིག་ལྷུང་སྟབས། ཏ་ཟིག་གི་རྒྱལ་བློན་རྣམས་ཀྱིས་དཀོན་མཆོག་གིས་བྱིན་གྱིས་བརླབས་པར་སྙམ་ནས་མཆོད་འབུལ་བྱེད་མགོ་བརྩམས་མ་ཐག མེ་ཕུང་དབུས་ནས་གཟའ་ར་ཏོ་སི་རྒྱུ་ར་ལ་གནོད་སྐྱོན་ཅི་ཡང་མེད་པར་གཟི་བྱིན་ལྷབ་མེར་འབར་བཞིན་མངོན་དུ་བྱུང་ནས། རྒྱལ་བློན་རྣམས་ལ་དཀོན་མཆོག་མཆོད་པའི་དགེ་བ་དང་གདམས་ངག་མང་དུ་སྩལ། ཁོང་གིས་སྲོལ་རྒྱུན་གྱི་ལྷ་མང་སྨྲ་བའམ་ལྷ་ཚོགས་སྨྲ་བའི་ཆོས་ལུགས་རྙིང་བ་གཏོར་བཅོམ་བཏང་ནས་རང་གི་ལྟ་གྲུབ་རྣལ་མ་ལྷ་གཅིག་སྨྲ་བའི་ཆོས་ལུགས་གསར་བ་གཟའ་ར་ཨ་སི་ཁྲིའི་ཆོས་ལུགས་ཞེས་པ་གསར་གཏོད་དང་དར་སྤེལ་བཏང་། ཐོག་མར་སྲོལ་རྒྱུན་ཆོས་ལུགས་ཀྱི་ཆོས་དཔོན་རྣམ་པས་ཁོང་ལ་བཀག་འགོག་དང་དགག་པ་མང་དུ་བྱས་ཀྱང་། ཁོང་གིས་ཆོས་འཁོར་མང་དུ་སྐོར་བའི་ཤུགས་རྐྱེན་ལ་བརྟེན་ནས་དབྱི་རན་ཤར་ཕྱོགས་ཀྱི་རྒྱལ་པོ་ཝེ་སི་ཁྲ་སི་ཕ(Vesthtaspa 维斯塔巴) ཁོང་གི་ཆོས་ལུགས་ཀྱི་རྗེས་སུ་ཞུགས་པ་མ་ཟད། ཁོང་དགུང་ལོ ༤༢སྐབས་སུ་རྒྱལ་པོའི་བློན་ཆེན་གྱི་སྲས་མོ་ཧེ་ཨོ་ཝེ(赫沃薇Hvovi) (ཡོན་ཝུན་ཆིའི་ཨབེསྟའི་ཟུར་རྒྱན་p.403 ན་ཁོང་ནི་སྤུན་མཆེད་ལྔའི་ཁྲོད་ཀྱི་གསུམ་པ་དེ་ཡིན་ལ། ཁོང་མི་ཚེ་གཅིག་ལ་ཆུང་མ་གསུམ་ལ་གཉེན་སྒྲིག་བྱས་པའི་མཐའ་མ་དེ་འདི་ཡིན་པར་འཁོད་ཡོད) དང་གཉེན་སྒྲིག་བྱས་པའི་དབང་གིས་རྒྱལ་པོའི་ཕོ་བྲང་གི་སྲུང་སྐྱོབ་དང་རོགས་རམ། མཐུན་རྐྱེན་གང་མང་སྦྱར་བ་བཅས་ལ་བརྟེན་ནས་ཁོང་གི་ཆོས་ལུགས་དེ་དར་ཁྱབ་ཆེན་པོ་ཕྱིན།
མཐར་དགུང་ལོ ༧༧ སོན་པའི་སྤྱི་ལོ་སྔོན་གྱི་ལོ་551B·C སྐབས་ཏ་ཟིག་དང་ཁྲོ་རན(Turan 图兰) གཉིས་ཀྱི་གཡུལ་འཁྲུག་སྐབས་སུ་ལྷ་ཁང་ཞིག་ཏུ་སྐུ་བགྲོངས་པར་བཤད། དེས་ན་ང་ཚོས་ཀྱང་བཤད་ཚུལ་ཕྱི་མ་མེ་སྒྲེ་ཡ་རྒྱལ་རབས་སྐབས་འཁྲུངས་པར་གཞི་ལ་བཞག་ན་ཁོང་གི་འཁྲུངས་འདས་ལོ་ཚིགས་ནི་ཕལ་ཆེར་སྤྱི་ལོ་སྔོན་(628B·C –551B·C)ཡིན་པར་ཆ་འཇོག་བྱས་པ་དེར་ངོས་འཛིན་བྱས་ཆོག་སྙམ། །
ཚན་པ་བཞི་བ། གཟའ་ར་ཏོ་སི་རྒྱུ་ར་དང་སྟོན་པ་གཤེན་བར་གྱི་དོགས་སློང་།
དེ་ཡང་ཚན་པ་འདི་ལ་ཁོ་བོས་ཞིབ་འཇུག་དང་དབྱེ་ཞིབ་ནན་ཏན་བྱས་མེད་ལ་དེ་རིང་གི་གླེང་གཞི་གཙོ་བོའི་ཞོར་འཕྲོས་སུ་འདིའི་ཐད་དུ་དོགས་སློང་ཞིག་བྱས་པ་ཙམ་ཡིན། དུས་རབས་བཅུ་བ་དང་བཅུ་གཅིག་ནང་གཏེར་ནས་བཏོན་པར་བཤད་པའི་གཡུང་དྲུང་བོན་གྱི་ཕྱག་དེབ་<<མདོ་འདུས>>དང་<<མདོ་གཟེར་མིག>><<མདོ་དྲི་མེད་གཟི་བརྗིད>>སོགས་སྟོན་པ་གཤེན་རབ་མི་བོ་ཆེའི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་ཕྱག་དཔེ་མང་པོ་ཞིག་ཏུ། སྟོན་པ་གཤེན་རབ་དང་ཚེ་གཅིག་ལ་ཁོང་གི་འགལ་ཟླར་ལངས་པའི་བདུད་ཁྱབ་པ་ལག་རིང་གཉིས་ཀྱི་འབྲེལ་བ་བརྗོད་པ་དེ་དང་སྟོན་པ་ཤཀྱཱ་ཐུབ་པ་དང་ཚེ་གཅིག་ལ་ཁོང་གི་འགལ་ཟླར་ལངས་པའི་ལྷས་བྱིན་གཉིས་ཀྱི་འབྲེལ་བ་བརྗོད་པའི་གཏམ་རྒྱུད་འདི་དག་གི་བར་ལ་མཁས་པ་རྣམས་ཀྱིས་དཔྱད་བསྡུར་གནང་ཡོད་པ་མ་ཟད། སྟོན་པ་གཤེན་རབ་དང་ཏ་ཟིག་གི་སྟོན་པ་གཟའ་ར་ཏོ་སི་རྒྱུ་ར་གཉིས་ཀྱི་ལོ་རྒྱུས་ལའང་དཔྱད་བསྡུར་བྱས་འདུག དེར་བརྟེན། སྟོན་པ་གཤེན་རབ་བོད་ལ་ཕེབས་དོན་ནི་བདུད་ཁྱབ་པ་ལག་རིང་གིས་བརྐུས་པའི་ཁོང་གི་རྟ་བདུན་པོ་ཚུལ་ལེན་ཕྱིན་པར་འཁོད་པའི་གཏམ་རྒྱུད་དེ་དང་གནའ་བོའི་ཏ་ཟིག་གི་མེ་མཆོད་ཆོས་ལུགས་ཀྱི་སྟོན་པ་གཟའ་ར་ཏོ་སི་རྒྱུ་ར་རྟ་བའི་ཁྱིམ་དུ་སྐྱེས་པའི་ལོ་རྒྱུས་བཅས་ཀྱི་དཔར་ལའང་དབྱེ་ཞིབ་དང་དཔྱད་བསྡུར་གཏིང་ཟབ་བྱ་རྒྱུ་ཡོད་པ་མ་ཟད། ཡང་སྙིང་སྟོན་པ་འདི་གསུམ་དང་ཁོང་རྣམ་པས་སྲོལ་བཏོད་གནང་བའི་ཆོས་ལུགས་བཅས་ཀྱི་བར་ལ་གསང་ཟབ་ཀྱི་འབྲེལ་བ་ཅི་ཞིག་ཡོད་དམ་ཞེས་པ་ནི་སྐབས་འདིའི་ཤེས་འདོད་ཞུགས་པའི་དོགས་སློང་དངོས་ཡིན་ནོ། །
ལེའུ་གཉིས་པ། གནའ་བོའི་ཏ་ཟིག་གི་གསུང་རབ་རྙིང་བ<<ཨབེསྟ>>ལ་ལྟ་བ།
དེ་ཡང་དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས། “ལུང་ནི་གང་བཏུས་ཕྱོགས་གར་གཏོགས། །སུ་ཡི་དོན་དུ་འདི་ཉིད་མཛད། །དབུ་ཞབས་བསྡུས་པའི་དོན་ཅི་ཞིག” ཅེས་བྱ་བའི་ཚིག་གིས་དྲངས་ཏེ་གནའ་བོའི་ཏ་ཟིག་གི་གསུང་རབ་རྙིང་བ་<<ཨབེསྟ>>འི་གཞུང་དངོས་གླེང་བར་བྱ་བ་ལ་ཚན་པ་བཞི་སྟེ།
ཚན་པ་དང་པོ། ཨབེསྟའི་བརྡ་དོན་དང་བརྗོད་བྱའི་བསྟན་དོན་བསྡུས་པ།
<<ཨབེསྟ>>(Avesta 阿维斯陀/塔) ཞེས་པ་ནི་གནའ་བོའི་ཏ་ཟིག་གི་གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ཀྱི་ལྟ་གྲུབ་སྟོན་པའི་གསུང་རབ་རྙིང་བ་ཞིག་ཡིན། འདས་པའི་ལོ་ངོ་ཉིས་སྟོང་ནས་སུམ་སྟོང་གི་ལོ་རྒྱུས་རིན་ཐང་ལྡན་པའི་གསུང་རབ་འདི་ལ་གནའ་བོའི་ཏ་ཟིག་གི་ཆབ་སྲིད་འཕོ་འགྱུར་གྱི་དཀྱོགས་མཚམས་རེ་རེ་ནས་གསུང་རབ་འདི་ལའང་དར་རྒུད་ཀྱི་བྱུང་རིམ་ཤིན་ཏུ་མང་པོ་ཞིག་ཡོད་པས་དེ་དག་འོག་ཏུ་རགས་ཙམ་གླེང་བར་བྱ། གསུང་རབ་འདིའི་མཚན་བྱང་ལའང་མཁས་པ་རྣམས་འདོད་ཚུལ་མི་མཐུན་པ་མང་བོར་སྣང་སྟེ། གནའ་བོའི་ཏ་ཟིག་གི་སྐད་དུ། ཨབེསྟ “阿维斯塔” ཨབེསྟ་ཁུ “阿维斯塔克” ཨ་པེ་སི་ཐ “阿贝斯塔” ཝ་སི་ཐ “瓦斯塔” ཨ་སི་ཐ “阿斯塔” ཨོ་སི་ཐི “奥斯特” སོགས་མང་དུ་སྣང་།
སྤྱིར་བཏང “ཨབེསྟ” ཞེས་པའི་བརྡ་དོན་ལ་སྣ་མང་རྙོག་འཛིང་ཆེ་སྟབས། ལོ་ངོ་ཉིས་བརྒྱ་ལྷག་གི་ཞིབ་འཇུག་བྱ་བའི་བརྒྱུད་རིམ་ཁྲོད་དུ་མཁས་པ་རྣམས་བསམ་འཆར་གཅིག་མཐུན་བྱུང་ཐུབ་མེད་ལ། བརྡ་ཆད་འདི་གཞུང་འདིའི་ཁྲོད་ནས་མངོན་གསལ་དུ་མ་བྱུང་བའི་སྟབས་ཀྱིས་ཉམས་ཞིབ་པ་ཚོས་དུས་རབས་བརྒྱད་པར་ཨ་རབ་ཀྱི་ཁ་ཆེ་བས་ཏ་ཟིག་ལ་བཙན་འཛུལ་བྱེད་དུས་ཆོས་ལུགས་འདི་ལ་དད་མོས་བྱེད་མཁན་ཁག་ཅིག་རྒྱ་གར་གྱི་རྒོ་ཇི་ར་ཐི་(Gujarati 古吉拉特)ལ་བྲོས་བྱོལ་དུ་ཡོང་བའི་ཏ་ཟིག་མི་རྒྱུད་ཕོ་ཨར་སེ(Parsi帕西人) ཞེས་པའི་ཁྲོད་དུའང་འཚོལ་ཞིབ་བྱས་ཀྱང་མ་རྙེད། འོན་ཀྱང་རྒྱ་གར་གྱི་ཏ་ཟིག་པའི་མཁས་པ་ངྷ་ར(印度帕西人达拉) ཡི་འདོད་ཚུལ་ལྟར་ན། “ཨབེསྟAvesta” དང “བེད་Veda吠陀” ཞེས་པ་གཉིས་ཀྱི་ཚིག་རྩ་གཅིག་ཡིན་པར་འདོད་ལ་དེའི་བརྡ་དོན་ནི “ཤེས་ཡོན”དང “དམ་པའི་གསུང་རབ”ཅེས་པ་ལ་འཇུག་པར་ངོས་འཛིན་བྱས་ཡོད། དེ་བཞིན་འཇར་མན་གྱི་མཁས་པ་བྷར་ཐོ་ལོ་མེ་(Bartholomae巴尔托洛梅)ཡིས་དེའི་དོན “བསྟོད་བསྔགས” ཞེས་པར་འདོད་ལ། ཝེ་ཁན་སྒྲིར་(Wikander维坎德)ཡིས “མེ་ཡི་བསྟོད་བསྔགས” ཞེས་པའི་དོན་ཡིན་པར་བཤད་པ་སོགས་ཤིན་ཏུ་མང་མོད། མདོར་བསྡུས་ན། ཤེས་ཡོན་དང་བཀའ་ལུང་། གསུང་རབ། བསྟོད་བསྔགས་ཞེས་པའི་དོན་ལ་འཇུག་པར་སྙམ།
དེའི་ཕྱིར་<<ཨབེསྟ>>ཞེས་པའི་བསྟན་བཅོས་འདིའི་མཚན་བྱང་ལའང་སྐབས་འགར་<<གནའ་བོའི་ཏ་ཟིག་གི་གསུང་རབ>>དང་<<མེ་མཆོད་ཆོས་ལུགས་ཀྱི་རྩ་བའི་བཀའ་ལུང>> <<བསྟོད་གླུ>>སོགས་འབོད་ཀྱི་ཡོད་འདུག བོད་ལ་མཚོན་ན་བསྟན་བཅོས་འདིའི་མཚན་བྱང་ཙམ་ཐོག་མར་གླེང་མཁན་ནི་དྲན་དབང་དགེ་འདུན་ཆོས་འཕེལ་ཡིན་ལ། ཁོང་གིས་རིག་བྱེད་ལེགས་སྦྱར་དང་གནའ་དཔེ་ལེགས་སྦྱར་གཉིས་ཀྱི་ཁྱད་པར་བཤད་དུས། <<གཏམ་རྒྱུད་གསེར་ཐང་>>ལེའུ་དྲུག་པ་ལས། “ཏ་སིག་པའི་སྔོན་གྱི་ལུང་ཨབེསྟ་ཞེས་པ་དང་རིག་བྱེད་ལེགས་སྦྱར་གཉིས་ཤིན་ཏུ་མཐུན་པ་ཡིན་ནོ། དེས་ན་རིག་བྱེད་ལེགས་སྦྱར་དེ་ད་ལྟའི་འདི་ཡོངས་གྲགས་དང་ཚུལ་མི་མཐུན་པར་ཤེས་པར་བྱ ”ཞེས་གསུངས། དེ་ནས་བཟུང་ད་ལྟའི་བར་དུ་བོད་ལ་གཞུང་འདི་ངོ་སྤྲོད་བྱེད་མཁན་མ་བྱུང་པ་འདྲ། <<ཨབེསྟ>> ཞེས་པའི་ལེའུ་ཉེར་གཅིག་གི་བདག་ཉིད་དུ་གྲུབ་པའི་གཞུང་འདིའི་བསྟན་དོན་གཙོ་བོ་ནི། མདོར་བསྡུས་ན། གཟའ་ར་ཏོ་སི་རྒྱུ་རའི་མི་ཚེ་ལོ་རྒྱུས་དང་ཆོས་ལུགས་ཀྱི་ལྟ་བ། ལྟ་གྲུབ་སྟོན་པའི་གཞུང་ལུགས་ཀྱི་རྣམ་བཞག་སོགས་གཙོ་བོར་གྱུར་བའི་མཆོད་བསྟོད་དང་ཆོ་ག ཕྱག་ལེན། བྱེད་སྒོ་སྤེལ་སྟངས་སོགས་ཀྱི་སྐོར་སྟོན་པའི་གནའ་བོའི་གསུང་རབ་རྙིང་ཤོས་ཤིག་ཡིན།
ཚན་པ་གཉིས་པ། གཞུང་གཞིའི་འཕེལ་རིམ་དང་འབྲེལ་བའི་སྡུད་སྒྲིག་གི་རིམ་པ།
སྐབས་འདིར་སྐུ་ཞབས་ཡོན་ཝུན་ཆི་ཡིས་གཟོ་རོ་ཨ་སི་ཁྲིའི་ཆོས་ལུགས་ལ་ལོ་རྒྱུས་ཀྱི་སྟེང་ནས་འཕེལ་རིམ་མི་འདྲ་བ་བཞི་དབྱེ་ཡོད་པ་དེ་དང་སྦྱར་ནས་གཞུང་འདིའི་སྡུད་སྒྲིག་གི་རིམ་པ་རྣམས་བཤད་པ་ཡིན་ན་ཁ་གསལ་ཞིང་གོ་བདེ་བར་སྙམ།
1) གསར་རྩོམ་གྱི་དུས་སྐབས། (初创时期 1100B·C–800B·C) སྐབས་འདི་ནི་མིའི་དབང་བོ་གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་འདི་ཐོག་མར་གསར་གཏོད་བྱས་པ་ནས་རང་གི་ལྟ་གྲུབ་སྟོན་པའི་རྩ་བའི་མདོ་ལུང<<ཨབེསྟ>>ཞེས་པ་འདི་གྲུབ་པའི་དུས་སྐབས་ཡིན།
2) འཕེལ་རྒྱས་ཀྱི་དུས་སྐབས། (发展时期700B·Cདུས་མགོ–400B·Cདུས་མཇུག) སྐབས་འདི་ནི་གནའ་བོའི་ཏ་ཟིག་གི་གསུང་རབ་འདི་ཆེས་ཐོག་མར་སྡུད་བསྒྲིགས་བྱས་ཏེ་གྷི་རེ་སིའི་ཨ་ལག་རྒུ་གཟན་སྒྲིར་གྱི་ཤར་འདུལ་དམག་དཔུང་གིས་མེད་བརླག་མ་བཟོས་པའི་བར་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། འདི་ལ་ཨ་ཤི་མེ་ནེ་རྒྱལ་རབས་སྐབས་ཀྱི་སྡུད་སྒྲིག (Achae Menid Dynasty 阿契美尼王朝550B·C–331B·C) ཅེས་ཀྱང་ཟེར། ཏ་ཟིག་བཙན་རྒྱལ་ཐོག་མ་ཨ་ཤི་མེ་ནེ་རྒྱལ་རབས་ཀྱི་དུས་མཇུག་ལ་ཐོག་མར་གསུང་རབ་འདི་སྡུད་སྒྲིག་ལེགས་པར་བྱས་ཤིང་། རྩ་བའི་གཞུང་གཞི་ལ་ལེའུ་ཉེར་གཅིག་གི་བདག་ཉིད་ཅན་དུ་གཏན་འབེབ་གནང་། ཕྱིས་སུ་གྷི་རེ་སིའི་ཨ་ལག་གཟར་སྒྲིར (亚历山大330 B·C– B·C170) གྱིས་ཏ་ཟིག་ལ་དབང་བསྒྱུར་བྱེད་སྐབས་ཆོས་ལུགས་འདི་ལ་གཏོར་སྐྱོན་ཚད་མེད་བྱས་པ་མ་ཟད། གསུང་རབ་འདིའི་ཁྲོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས། མཚན་ཉིད་རིག་སོགས་དང་འབྲེལ་བ་རྣམས་གྷི་རེ་སིའི་སྐད་དུ་བསྒྱུར་ཞིང་ལྷག་མ་རྣམས་མེར་བསྲེགས་བཏང་ཡོད་འདུག
ཨ་ལག་རྒུ་གཟར་སྒྲིར་གྱིས་མེར་བསྲེགས་བྱས་པའི་སྐོར་ཡོན་ཝུན་ཆི་(元文琪)ཡིས་བསྒྱུར་བའི་<<ཨབེསྟ>> འི་ཟུར་རྒྱན p.344 དུ། “སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་100B·C སྐབས་ཀྱི་རོ་མའི་ལོ་རྒྱུས་རིག་པ་བ་ཕུ་ལེ་ནོ་སི(Plinius普利纽斯)ཡིས་བརྗོད་གསལ་ལ། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི300B·C སྐབས་ཀྱི་གྷི་རེ་སིའི་ལོ་རྒྱུས་མཁས་པ་ཧེར་མེ་ཕོ་སི(Hermipus 赫尔米普斯) ཡིས། སྙན་ཚིག་གི་ལམ་ནས་བྲིས་པའི་གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་ཆ་ཚང་བཀླགས་མྱོང་བར་བཤད་འདུག་པས། དེ་ནི(埃斯塔赫尔帝国图书馆)བཙན་རྒྱལ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི<<ཨབེསྟ>>འི་མ་ཡིག་ཨ་ལག་གཟར་སྒྲིར་གྱིས་མེར་བསྲེགས་བཏང་བ་དེ་ཡིན་འདུག” ཅེས་འཁོད་འདུག དེས་ན་ཧེར་མེ་ཕོ་སི་ནི་ཨ་ལག་རྒུ་གཟར་སྒྲིར་དང་དུས་རབས་གཅིག་ཡིན་པས་བརྗོད་ཚུལ་འདི་ནི་དཔྱད་གཞི་གལ་ཆེན་ཆགས་ཡོད། གཞན་ད་དུང། ཏ་ཟིག་ས་སན་བཙན་རྒྱལ་གྱི་རྒྱལ་བོ་ཨར་ཏ་ཞིར་པ་པ་ཁི་(阿尔达希尔·巴巴克 224—240ཁྲི་ལོ) ཡི་བློན་ཆེན་ཐན་སར་( 坦萨尔) ཟེར་བ་ཞིག་གིས་རྒྱལ་བོ་ཀི་ཤ་སི་པ་(戈沙斯布) ལ་མགོ་འདོགས་པར་སྐུལ་མ་བཏང་བའི་ཡི་གེ་ནང་འཁོད་དོན། རྒྱལ་སར་ཉར་ཚགས་བྱས་པའི་ཏ་ཟིག་གི་གནའ་བོའི་གསུང་རབ་དེ་ཨ་ལག་རྒུ་གཟན་སྒྲིར་གྱིས་མེ་སྲེག་བཏང་ཟིན་ལ་དེ་ནི་ཀོ་ལེབ་ཆིག་ཁྲི་ཉིས་སྟོང་སྟེང་དུ་བྲིས་ཡོད་པར་གླེང་། དེ་བཞིན་མ་སི་ཝོ་ཏི་ཡི<<གསེར་མདོག་གི་རྩྭ་ཐང>>(黄金草原) ཞེས་པའི་ནང་འཁོད་དོན། “ཨ་ལག་རྒུ་གཟར་སྒྲིར་གྱིས་བཀའ་ཕབ་ནས<<ཨབེསྟ>>འི་ཁྲོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས། མཚན་ཉིད་རིག་པ་བཅས་ཀྱི་སྐོར་གྷི་རེ་སིའི་སྐད་ལ་བསྒྱུར་ཞིང་ལྷག་མ་རྣམས་རྩ་མེད་བཟོས་ཟིན”ཞེས་བཀོད་འདུག་པ་སོགས་རྒྱུ་ཆ་སྣ་མང་ལ་བརྟེན་ནས་མཁས་པ་རྣམས་ཀྱིས་ཨ་ལག་རྒུ་གཟན་སྒྲིར་གྱིས་སྐབས་དེར་མེར་བསྲེགས་བྱས་པར་ངོས་འཛིན་གསལ་བོ་བྱས་ཡོད་འདུག སྐབས་འདི་ནི<<ཨབེསྟ>> སྡུད་སྒྲིག་དང་པོ་བྱས་ཏེ་འཕེལ་རྒྱས་ཕྱིན་པའི་དུས་སྐབས་རེད།
3) ཧ་ཅང་དར་བའི་དུས་སྐབས། (鼎盛时期3A·Dདུས་མགོ—7A·D དུས་དཀྱིལ) ཡང་ན་དར་རྒྱས་རྩེར་སོན་གྱི་སྐབས་འདི་ནི<<ཨབེསྟ>> བསྐྱར་དུ་དག་བསྒྲིགས་བྱས་ཏེ་དགོངས་འགྲེལ་དང་བཅས་པ་ཕ་ལ་ཝེ་སྐད་བརྡའི་ཡིག་ཚགས་(帕拉维语文献) ཞེས་པའི་སྐད་གྲགས་ཆེ་བ་དེ་གྲུབ་ནས་ས་སན་བཙན་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཆོས་ལུགས་ལ་ངོས་འཛིན་བྱས་ཏེ་དར་ཁྱབ་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན། དུས་སྐབས་འདིར་སྡུད་སྒྲིག་སྔ་ཕྱི་གཉིས་བྱས་ཡོད་ལ་གྲགས་ཆེ་བ་ཕྱི་མ་དེ་ཡིན།
༡ ཨ་ཤི་ནན་བཙན་རྒྱལ་སྐབས་ཀྱི་སྡུད་སྒྲིག (Ashanian Empire 安息帝国 247B·C–224A·D) དེ་ཡང་ཨ་ཤི་ནན་བཙན་རྒྱལ་གྱི་ཝོ་ལོ་རྒྱུ་སི་དང་པོའི་(Vologeses1 伏洛奇薛斯一世51A·D–78ཁྲི་ལོ) དུས་སྐབས་སུ། ཁོང་གིས་བཀའ་ཕབ་ནས་དུས་ཡུན་རིང་བོ་ཞིག་ལ་བོར་བརླག་ཏུ་སོང་བའི་གསུང་རབ་འདི་ཉིད་ཡི་གེར་བཀོད་པ་དང་མ་བཀོད་པའི་ངག་རྒྱུན་ལ་སོགས་གང་རྙེད་མཐའ་དག་འཚོལ་སྒྲུབ་དང་དག་སྒྲིག་བྱེད་པའི་ལས་གཞི་ཞིག་གི་འགོ་བརྩམས་ནས་གང་ཟིན་ཐམས་ཅད་ཡིག་ཐོག་ལ་བཀོད།
༢ ས་སན་བཙན་རྒྱལ་སྐབས་ཀྱི་སྡུད་སྒྲིག(Sasanian Empire 萨珊帝国 226A·D –650A·D) ས་སན་རྒྱལ་རབས་འཛུགས་མཁན་གྱི་རྒྱལ་པོ་ཨར་ཏ་ཞི་ཨར(阿尔达希尔) ནི་ཡབ་མེས་ཀྱི་རིང་ནས་ཆོས་ལུགས་འདིར་དད་མོས་ཡོད་ལ་ཁོང་གིས་བློན་ཆེན་ཐན་སར་ལ་བཀའ་ཕབ་ནས་<<ཨབེསྟ>>འཚོལ་སྒྲུབ་དང་དག་སྒྲིག་བྱས་ཡོད་ལ། ཕྱིས་སུ་ཁོང་གི་ཚ་བོ་ཤ་ཕོ་ཨར་དང་པོའི(Shapur2 沙普尔一世240A·D–270)རིང་ལ། ཁོང་གིས་བཀའ་ཕབ་ནས<<ཨབེསྟ>>འི་ཁྲོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས། མཚན་ཉིད་རིག་པ་དང་ས་ཁམས་སྐོར་གྱི་བརྗོད་བྱ་རྣམས་གྷི་རེ་སི་དང་རྒྱ་གར་ནས་ཕྱིར་འཚོལ་བསྡུ་བྱས་ཏེ་ཁ་སྐོར་མཛད། དེ་བཞིན་ཤ་ཕོ་ཨར་གཉིས་པའི(Shapur2 沙普尔二世309A·D–379) རིང་ལ་གཞུང་གཞི་ཡོངས་རྫོགས་སྔར་བཞིན་ལེའུ༢༡བདག་ཉིད་ཅན་དུ་དག་བསྒྲིགས་བྱས་ཏེ། གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་འདི་ཡང་བསྐྱར་ཏ་ཟིག་གི་ཡུལ་གྲུ་ཀུན་ལ་དར་སྤེལ་ཤུགས་ཆེར་བྱས་ནས་རྒྱལ་ཁབ་ཀྱི་ཆོས་ལུགས་ལ་གཏན་ཁེལ་བྱས། དུས་སྐབས་འདིར་གཞུང་གཞི་ལ་ཡིག་འབྲུ་ཁྲི་སུམ་ཅུ་སོ་བཞི་ལྔ་སྟོང་བདུན་བརྒྱ་(345700 ཡིག་འབྲུ) ཡོད་པར་བཤད། ཡིན་ནའང་ཕྱིས་སུ་དག་བསྒྲིགས་བྱས་པའི་གཞུང་གཞི་འདི་ལེའུ་གྲངས་ཚད་སོགས་རྩ་བའི་གཞུང་གཞི་རྙིང་བ་དང་མཐུན་མོད། འོན་ཀྱང་དེ་དག་གི་བར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་ལ། ལྷག་པར་དུ་སྡུད་སྒྲིག་བྱེད་མཁན་གྱི་རྒྱལ་བོ་ཚོས་རང་རང་གི་སྲིད་དབང་ལ་མཁོ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་མང་པོ་ཞིག་གང་འདོད་དུ་བར་བར་ལ་བཅུག་ནས་བསྲེས་སླད་ཀྱི་རང་བཞིན་ཅན་དུ་བྱས་ཡོད་པར་དབྱེ་ཞིབ་པ་རྣམས་ཀྱིས་བརྗོད། སྐབས་འདི་ནི<<ཨབེསྟ>>སྡུད་སྒྲིག་གཉིས་པ་བྱས་ཏེ་འཕེལ་རྒྱས་རྩེར་སོན་བྱུང་བའི་དུས་སྐབས་ཡིན།
4) ཉམས་རྒུད་ཀྱི་དུས་སྐབས། (伊斯兰时期7A·D–18A·D) སྤྱི་ལོ་དུས་རབས་བདུན་པའི་རྗེས་སུ་ཁ་ཆེ་བས་ཏ་ཟིག་ལ་དབང་བསྒྱུར་བྱས་པ་ནས་གནའ་བོའི་ཏ་ཟིག་གི་མེ་མཆོད་ཆོས་ལུགས་འདི་ལ་ཉམས་རྒུད་ཆེན་པོ་བྱུང་བ་དང་བསྟུན་ནས་གསུང་རབ་འདི་ལའང་བར་ཆད་ཆེན་པོ་བྱུང་ཡོད་ལ། གསུང་རབ་འདིའི་ཁྲོད་ཀྱི་ཆོས་ཚན་ཁག་མང་པོ་ཞིག་ཀྱང་སྐབས་འདིར་རྩ་བརླག་ཏུ་ཕྱིན་ཡོད། དུས་སྐབས་འདིར་གསུང་རབ་འདི་ལ་ཡིག་འབྲི་བརྒྱད་ཁྲི་སུམ་སྟོང་(83000 ཡིག་འབྲུ) ཙམ་ལས་མ་ལྷག་པས། དེ་ནི་ས་སན་བཙན་རྒྱལ་སྐབས་ཀྱི་གཞུང་གཞིའི་བཞི་ཆ་གཅིག་ཙམ་མ་གཏོགས་ཟིན་མེད། ཡིན་ནའང་། དུས་རབས་༡༨པར་རྒྱ་གར་དུ་ཆོས་ལུགས་འདིའི་རྗེས་འཇུག་པ་རྣམས་བརྟན་གཞི་ཆགས་པ་ནས་ཆོས་རྒྱུན་མ་ཆད་པར་ད་ལྟའི་བར་དུ་རྒྱུན་གནས་ཐུབ་པ་ཙམ་བྱུང་ཡོད། གཞུང་གཞི་འདིའི་སྡུད་སྒྲིག་གི་རིམ་པ་དེ་ཙམ་ཡིན།
ཚན་པ་གསུམ་པ། བསྟན་བཅོས་ཀྱི་ལེའུ་ཁག་གི་བསྡུས་དོན།
དེ་ཡང<<ཨབེསྟ>>ལ་ཐོག་མའི་སྡུད་སྒྲིག་གི་སྐབས་ནས་ལེའུ་ཉི་ཤུ་རྩ་གཅིག་གི་བདག་ཉིད་དུ་གྲུབ་ཡོད་ལ་ཕྱིས་སུའང་སྔར་བཞིན་ལེའུ་ཉེར་གཅིག་ཅན་དུ་གཏན་འབེབ་བྱས་ཡོད་པ་རྣམས་ཀྱི་བརྗོད་སྙིང་ཚུར་བསྡུས་ན་རྣམ་པ་གསུམ་ཅན་དུ་དབྱེ་བ་དང་རྣམ་པ་དྲུག་ཅན་དུ་དབྱེ་བ་བཅས་རིགས་གཉིས་ཡོད་ལ། ཉེ་སྔོན་འཆད་ཁྲིད་སྐབས་སུ་འདིའི་སྐོར་ངོ་སྤྲོད་གནང་ཡོད་མོད་ཅུང་ཟད་མི་མཐུན་པས། ཁོ་བོས་འདིར་ཏ་ཟིག་གི་མཁས་པ་ཅ་ལེ·ཏོ་སི་ཐི་ཧ་ཧེ(贾利尔·杜斯特哈赫)ཡིས་འདེམ་སྒྲིག་བྱས་པའི<<ཨབེསྟ>>འི་གླེང་བརྗོད་དུ་བཀོད་པ་ལྟར་བརྗོད་འདོད་བྱུང་།
དང་པོ། ས་སན་བཙན་རྒྱལ་སྐབས་སུ་སྡུད་སྒྲིག་བྱས་པའི<<ཨབེསྟ>>ལ་བརྗོད་བྱའི་ཆ་ནས་དབྱེ་བ་རྣམ་པ་གསུམ་གྱི་སྒོ་ནས་ཕྱེས་ཡོད་པ་རིམ་བཞིན།
༡ གྷ་ཐ་ནེ་ཁུ་<<伽萨尼克 >> སྟེ་དག་ཞིང་གི་ཤེས་ཡོན་དང་བྱ་འགུལ་སོགས་རྒྱས་བཤད།
༢ ཏ་ཏི་ཁུ་<<达蒂克>>སྟེ་མི་ཡུལ་གྱི་ཤེས་ཡོན་དང་བྱ་འགུལ་སོགས་རྒྱས་བཤད།
༣ ཧ་ཐ་ཁུ·མན་ས་ལེ་ཁུ་<<哈塔克·曼萨里克>>སྟེ་དག་ཞིང་དང་མི་ཡུལ་བར་གྱི་བྱ་འགུལ་དང་འབྲེལ་བའི་སྐོར་རྒྱས་བཤད་བཅས་སོ།།
དབྱེ་སྒོ་གསུམ་རེ་རེ་ཕལ་ཆེར་ལེའུ་བདུན་རེར་བསྡུས་ཡོད་ལ། སྤྱིར་ལེའུ་ཉེར་གཅིག་༢༡་ཏུ་གྲུབ་པ་ཁག་སུམ་བརྒྱ་ཞེ་བརྒྱད༣༤༨དང་ཡིག་འབྲུ་ཁྲི་སོ་བཞི་ལྔ་སྟོང་བདུན་བརྒྱ་༣༤༥༧༠༠ལས་གྲུབ་ཡོད།
གཉིས་པ། ཉེ་རབས་ཞིབ་འཇུག་པ་རྣམས་ཀྱིས<<ཨབེསྟ>>ལ་བརྗོད་བྱའི་ཆ་ནས་དབྱེ་བ་རྣམ་པ་དྲུག་ཏུ་ཕྱེས་ཡོད་པ་དང་དེ་དག་གི་བསྡུས་དོན་བཅས་རིམ་བཞིན་འགོད་པར་བྱ།
༡ <<རྒ་ཐ>>(Gathas/伽萨) ཡང་ན་<<ལྷའི་གླུ་དབྱངས>> (Sang of Gad/神歌) སྟེ། ལེའུ་༥་དང་སྐབས་༡༧་ཡོད། འདི་ནི་གཙོ་བོ་ལྷའི་མཆོད་བསྟོད་དང་དབྱངས་འགྲོས་ཀྱི་སྐོར་ཡིན་ལ་སྤྱིར་འདི་ནི་ཡ་སི་ནའི་ཁོངས་གཏོགས་ཡིན་མོད། <<ཨབེསྟ>>འི་ཁྲོད་ཀྱི་ལེའུ་རྙིང་ཤོས་དེ་ཡིན་པ་མ་ཟད་ལེའུ་གཞན་རྣམས་དང་བསྡུར་ན་རྩོམ་སྟངས་དང་རྩོམ་གཤིས་སོགས་གང་གི་ཆ་ནས་བལྟས་ཀྱང་ཁྱད་པར་ཆེན་པོ་ཡོད་སྟབས། ཀུན་གྱིས་འདི་ནི་གཟའ་ར་ཏོ་སི་རྒྱུ་རའི་གསུང་དངོས་ཡིན་པར་འདོད་ལ་རྒྱུ་མཚན་དེའི་ཕྱིར་ཆོས་ལུགས་འདིའི་རྗེས་འཇུག་པ་ཚོས་རྒྱུན་དུ་ཁ་འདོན་བྱེད་བཞིན་ཡོད་པར་བཤད། བརྗོད་སྙིང་ནི་དགེ་སྡིག་གི་རྒྱུ་གཉིས་ལ་བརྟེན་ནས་འཇིག་རྟེན་གྱི་འབྱུང་རྩ་དང་ཆགས་འཇིག་བྱ་ཚུལ་བརྗོད་ལ་ཀུན་སྤྱོད་དང་མི་ཚེའི་དོན་སྙིང་ངོས་འཛིན་བྱེད་སྟངས་སོགས་འདུས།
༢ << ཡ་སི་ན>>( Yasna/亚斯纳/耶斯那)སྟེ། སྐབས་༥༥ཡོད། མེས་པོ་དྲན་གསོ་དང་དགེ་བའི་ལྷ་ཚོགས་ཀྱིས་བྱ་དངོས་གསར་སྐྲུན་བྱས་པའི་དོན་སྙིང་ལ་བསྟོད་བསྔགས། གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ཀྱི་ལྷ་སྒྲུང་ཁག་ལ་དད་མོས་བྱས་པའི་བསྟོད་བསྔགས་བཅས་འདུས།
༣ <<ཝེད་སི་ཕད་ར་སྒྲི>>(Visparad/维斯帕拉德) སྟེ། སྐབས་༢༣།༢༧ཡོད། ལྷ་ཚོགས་ཀྱི་རྣམ་བཞག་སྟོན་པ་སྟེ་སྲུང་མའི་ལྷ་ཚོགས་འདྲ་མིན་གྱི་བསྟོད་པ་དང་སྨོན་འདུན། སྐྱབས་གསོལ་ཞུ་ཚུལ་གྱི་སྐོར། ཨ་ཧོ་ར་མ་རྫ་ཊ་ཡིས་འཇིག་རྟེན་གསར་བསྐྲུན་བྱས་ཚུལ་དང་ལོ་ཟླ་ཉིན་གསུམ་དང་ཉིན་གཅིག་ལ་ཐུན་ལྔ་དབྱེ་བ་སོགས་ལྷ་མིའི་འཇིག་རྟེན་གྱི་བྱུང་རིམ་སོགས་བརྗོད་གཞི་ཤིན་ཏུ་རྒྱ་ཆེ་ལ་རྣམ་གྲངས་མང་པོ་འདུས།
༤ <<ཡ་སི་ཐ>>(Yasht/亚斯特/亚什特) སྟེ། ལེའུ་༢༡ཡོད། འདི་ནི་ཨབེསྟའི་ཁྲོད་ཀྱི་ལེའུ་རིང་ཤོས་དེ་ཡིན། དགེ་ཕྱོགས་སྐྱོང་བའི་ལྷའི་བསྟོད་ཚོགས་ཀྱི་རྣམ་བཞག་སྟེ། འདིའི་ལེའུ་དང་པོ་ལྷའི་གཙོ་བོ་ཨ་ཧོ་ར་མ་རྫ་ཊའི་བསྔགས་བསྟོད་ཡིན་ལ་ཁོང་ནི་ཟླ་རེའི་ཚེས་གཅིག ཚེས་བརྒྱད། ཚེས་བཅོ་ལྔ། ཚེས་ཉེར་གཉིས་བཅས་ཀྱི་འགེབས་སྲུང་ལྷ་ཡིན་པ་མ་ཟད་དགེ་བའི་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ཀྱི་གསར་གཏོད་པ་ཡིན་པར་བསྔགས་བརྗོད་བྱས་ཡོད། ཨ་ཧོ་ར་མ་རྫ་ཊ་ཡིས་ལོ་གཅིག་ལ་ཟླ་བཅུ་གཉིས་དང་ཟླ་རེར་ཉིན་སུམ་ཅུ། ཉིན་གཅིག་ལ་ཐུན་ལྔ་སོགས་དབྱེ་ཞིང་དེ་དག་རེ་རེ་ལའང་འགེབས་སྲུང་ལྷ་གཏན་འབེབ་བྱས་པ་སོགས་ལ་བསྔགས་པ་བརྗོད་ཡོད་ལ། གདོད་མའི་ལྷ་སྒྲུང་དང་གདོད་མའི་ལྷ་སྒྲུང་རྨང་གཞི་བྱས་པའི་གསར་རྩོམ་ལྷ་སྒྲུང་སོགས་དང་། དེ་མིན་ད་དུང་ངག་རྒྱུན་ལས་བྱུང་བའི་ཨརྱཎ་མི་རིགས་ཀྱི་རྒྱལ་བོ་དང་དཔའ་རྒོད་ཚོའི་གཏམ་རྒྱུད་སོགས་ཀྱིས་གྲུབ་ཡོད་པས་ཤིན་ཏུ་གལ་ཆེན་རང་བཞིན་དུ་གནས། ཡ་སི་ན་དང་ཡ་སི་ཐ་གཉིས་སྤྱིར་འདྲ་བོ་ཡོད་ཀྱང་ཁྱད་པར་གཙོ་བོ་ཡ་སི་ན་ཁྲོད་དུ་ལྷའི་བྱ་བཞག་ལ་བསྟོད་བསྔགས་བྱས་ཡོད་ལ། ཡ་སི་ཐའི་ཁྲོད་དུ་ལྷ་བྱེ་བྲག་ལ་སྨོན་ལམ་དང་བསྟོད་བསྔགས་བྱས་ཡོད།
༥ <<ཝན་སྒྲད་སྒྲ་སྒྲི>>(Vandidad/万迪达德)སྟེ། སྐབས༢༢ཡོད། བགེག་ཟློག་གི་རྣམ་བཞག་སྟོན་པ་སྟེ་ལྷ་དང་ལྷ་མ་ཡིན། འདྲེ་སྲིན། ཡུལ་ལྷ། གཞི་བདག མི་དང་གཟུགས་ཡོད་གཟུགས་མེད་ཀྱི་བཙན་དང་མཐུ་བོ་ཆེ་རྣམས་ཀྱི་གནོད་པ་ཕྱིར་བཟློག་བྱེད་སྟངས་ཀྱི་ཐབས་ཤེས་དང་གདམ་པ། མན་ངག་སོགས་ཀྱི་སྐོར་དང་། གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཉམས་ལེན་དང་སྲུང་བྱ་བཅས་ཀྱི་སྐོར་འདུས་ཡོད་ལ། འདིར་ངག་རྒྱུན་གྱི་ལྷ་སྒྲུང་ཁག་ཅིག་དང་དགེ་སྡིག་གི་ལྷ་ཚོགས་བར་གྱི་འགལ་ཟླ་བཅས་གཞན་དང་མི་མཐུན་པའི་ཁྱད་ཆོས་སྣ་མང་ལྡན་ཡོད།
༦ <<ཁོར་དྷ · ཨབེསྟ>>(Khordah Avesta /胡尔达·阿维斯陀) ཨབེསྟ་ཆུང་བ་སྟེ། འདི་ནི་གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ཀྱི་གསུང་རབ་དང་འབྲལ་ཐབས་མེད་པ་ཞིག་མ་ཡིན་མོད། འོན་ཀྱང་<<ཨབེསྟ>>འི་སྙིང་བསྡུས་ལྟ་བུ་ཞིག་ཡིན། ཉི་ཟླ་འོད་སྣང་མེ་ཆུ་སོགས་རང་བྱུང་རྣམ་ཅན་དང་རང་བྱུང་རྣམ་ཅན་མ་ཡིན་པའི་ལྷ་ཚོགས་ཀྱི་བསྟོད་སྨོན་དང་ཆོ་གའི་བྱེད་སྒོ་སྤེལ་སྟངས་སོགས་སྣ་ཚོགས་ཕྱོགས་བསྡུས་ཤིག་ཡིན་ལ། འདིར་སྐད་བརྡ་དང་ལྷ་ཚོགས་བཅས་བསྲེས་སླད་ཤིན་ཏུ་མང་ལ་ཕྱིས་སུ་བར་བཅུག་བྱས་པའི་རྣམ་པ་མངོན་ཡོད།
འདིར་གནའ་བོའི་ཏ་ཟིག་གི་གསུང་རབ་རྙིང་བ་ <<ཨབེསྟ>> འདི་ལ་ཉེ་རབས་ཞིབ་འཇུག་པ་དག་གིས་དབྱེ་ཞིབ་བྱས་ཏེ་བརྗོད་བྱའི་ཆ་ནས་རྣམ་པ་དྲུག་ཏུ་བསྟན་པའི་བསྡུས་དོན་ཙམ་གླེང་བ་ཡིན།
མདོར་ན། སྤྱིར་ལོ་ངོ་ཉིས་བརྒྱའི་ཡར་སྔོན་ནས་ཡུལ་ལུང་འདྲ་མིན་གྱི་མཁས་དབང་མང་པོ་ཞིག་གིས་གསུང་རབ་འདི་ལ་དོ་སྣང་ཤུགས་ཆེར་མཛད་དེ་འཚོལ་སྒྲུབ་དང་ཞིབ་འཇུག དབྱེ་ཞིབ་མང་པོ་བྱས་མཐར། གསུང་རབ་འདི་ནི་གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ཀྱི་སྣོད་བཅུད་ཆགས་རིམ་གྱི་ལོ་རྒྱུས་དང་མཚན་ཉིད་རིག་པའི་ལྟ་གྲུབ། མི་ཆོས་དང་ཀུན་སྤྱོད། དགེ་སྒྲུབ་སྡིག་སྤང་གི་བསླབ་བྱའི་གདམ་ངག དགྲ་འདུལ་གཉེན་སྐྱོང་། སྲིད་འབྱོར་མཁོ་སྒྲུབ་བྱེད་སྟངས་སོགས་ཤེས་ཡོན་སྣ་བརྒྱ་འཛོམས་པའི་རིག་པའི་གཏེར་མཛོད་ཅིག་ཡིན་པར་ངོས་འཛིན་གསལ་བོར་བྱས་ཡོད་པ་མ་ཟད། གཞུང་འདི་ནི་འཛམ་གླིང་གི་ཆོས་ལུགས་ཀུན་གྱི་གཞི་མ་དང་ལྷག་པར་དུ་རྒྱ་གར་རིག་བྱེད་ཀྱི་འབྱུང་ཁུངས་ཡིན་པར་ར་སྤྲོད་གསལ་བོར་བྱས་འདུག དེས་ན་ང་ཚོས་ཀྱང་སྤྱིར་རྒྱ་གར་ཤེས་རིག་དང་ལྷག་པར་དུ་རིག་བྱེད་རྩོམ་རིག་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་དུས། རིག་བྱེད་ཀྱི་འབྱུང་ཁུངས་སུ་གྱུར་བའི་གནའ་བོའི་ཏ་ཟིག་གི་གསུང་རབ་འདི་ངེས་པར་དུ་ཞིབ་འཇུག་གི་ཁྱབ་ཁོངས་སུ་བླངས་ནས་ལྟ་ཀློག་དང་དབྱེ་ཞིབ་བྱ་དགོས་པར་སྙམ་མོ། །
ཚན་པ་བཞི་བ། རྒྱ་གར་རིག་བྱེད་རྩོམ་རིག་དང<<ཨབེསྟ>>འི་འབྲེལ་བ།
དེ་ཡང་བོད་ཀྱི་ཤེས་རིག་དར་རིམ་གཉིས་པ་དེ་རྒྱ་གར་གྱི་ཤེས་རིག་བརྒྱུད་ནས་འཕེལ་རྒྱས་སོང་ཡོད་ལ་རྒྱ་གར་གྱི་ཤེས་རིག་དར་རིམ་གཉིས་པ་ནི་གནའ་བོའི་ཏ་ཟིག་གི་ཤེས་རིག་བརྒྱུད་ནས་འཕེལ་རྒྱས་ཕྱིན་ཡོད་སྟབས། འདིར་རྒྱ་གར་གྱི་རིག་བྱེད་རྩོམ་རིག་ལ་སློབ་གཉེར་དང་ཞིབ་འཇུག་བྱེད་དུས་ངེས་པར་དུ་ཏ་ཟིག་གི་གསུང་རབ་རྙིང་བ་<<ཨབེསྟ>> ལ་རྒྱུས་ལོན་ཅུང་ཟད་མི་བྱ་ཐབས་མེད་ཡིན་ཏེ། རྒྱུ་མཚན་ནི་རིག་བྱེད་རྩོམ་རིག་དང་<<ཨབེསྟ>>གཉིས་ཀྱི་འབྲེལ་བ་ནི་སྨྲ་བསམ་བརྗོད་ལས་འདས་པ་ཤིག་ཡིན། མཁས་པ་རྣམས་ཀྱིས <<ཨབེསྟ>>དང་<<ངེས་བརྗོད་རིག་བྱེད >> གཉིས་ཀྱི་སྐད་བརྡ་དང་ཆོས་ལུགས། ལྷ་སྒྲུང་བཅས་ཀྱི་ཐད་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྤྱི་ལོ་མ་བྱུང་སྔོན་ལ་གཞུང་འདི་གཉིས་ཏ་ཟིག་ཤར་ཕྱོགས་ས་ཁུལ་ནས་འཕེལ་རྒྱས་ཕྱིན་པའི་ཐད་ལ་དུས་རིམ་གསུམ་གྱི་སྒོ་ནས་དབྱེ་ཞིབ་བྱས་འདུག་པ་ནི། དུས་རིམ་དང་པོ(1750B·C)ཡར་སྔོན་ལ་ལྷ་སྒྲུང་གི་དུས་རབས་དང་། དུས་རིམ་གཉིས་པ(1750B·C–11 B·C)དཔའ་བོའི་དུས་རབས་དང་། དུས་རིམ་གསུམ་པ(11 B·C –8 B·C)ཆོས་ལུགས་ཀྱི་དུས་རབས་བཅས་དུས་རིམ་གསུམ་དུ་དབྱེ་ཡོད།
སྤྱི་ལོ་སྔོན་གྱི་ལོ་(1750B·C) ཡར་སྔོན་ལ་རྒྱ་གར་དང་ཡོ་རུབ་སྐད་བརྡའི་ཁྱིམ་རྒྱུད་ཀྱི་ཁྱབ་ཁོངས་ནས་ཏ་ཟིག་གི་ཨརྱཎ་མི་རིགས་རྣམས་ཨེ་ཤི་ཡ་དབུས་མའི་གཙང་འགྲམ་དུ་འཚོ་གནས་བྱས་ཡོད་པར་བཤད་ལ། ཁོང་ཚོའི་སྐད་བརྡ་ལས་ད་གཟོད་ཨབེསྟའི་སྐད་བརྡ་དང་རིག་བྱེད་སྐད་བརྡ་གཉིས་བྱུང་བར་འདོད་ལ། སྐད་བརྡ་འདི་གཉིས་ཀྱི་སྒྲ་གདངས་ཤིན་ཏུ་ཉེ་བ་མ་ཟད་ཐ་སྙད་མང་པོ་ཞིག་གཅིག་མཚུངས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཁོང་ཚོས་དད་མོས་བྱེད་སའི་ལྷ་ཚོགས་མང་པོ་ཞིག་མི་གཤིས་ཅན་དུ་འགྱུར་བའི་རང་བྱུང་གི་ལྷ་ཚོགས་ཡིན་ལ། བསྔགས་བརྗོད་བྱེད་སའི་དཔའ་བོ་མང་པོ་ཞིག་བྱས་རྗེས་གཟེངས་སུ་མཐོ་བས། ཚོ་ཁག་རྣམས་ཀྱི་སྣེ་ཁྲིད་པར་གྱུར་བ་སོགས་ཀྱང་ངོ་བོ་ཅུང་ཙམ་འགྱུར་བ་མ་གཏོགས་གཅིག་མཚུངས་སུ་གནས་པ་མང་པོར་སྣང་། དཔེར་ན། <<ཨབེསྟ>>འི་ཁྲོད་དུ་ཧོ་མ(豪麻) ཞེས་པའི་ལྷ་ཞིག་ལ་མཆོད་བསྟོད་སྙན་ཚིག་བྲིས་པ་ཡོད་པ་དེ་བཞིན་<< ངེས་བརྗོད་རིག་བྱེད>>ཁྲོད་དུ་སོ་མ་(苏摩) ཞེས་པ་ཞིག་ལ་མཆོད་བསྟོད་སྙན་ཚིག་བྲིས་ཡོད་པ་ལྟ་བུ་རེད། མ་གཞི་སོ་མ་ཞེས་པ་ནི་ཏ་ཟིག་དང་རྒྱ་གར་གྱི་འབྲོག་སྡེ་དག་གིས་གུས་བཀུར་བྱེད་སའི་རྩྭ་སྨན་ཞིག་ཡིན་མོད་ཕྱིས་སུ་ལྷའི་ངོ་བོར་འགྱུར་བ་ཞིག་རེད།
དེ་བཞིན་ཏ་ཟིག་གི<<ཨབེསྟ>>དང་རྒྱ་གར་གྱི<<རིག་བྱེད>>གཉིས་ལ་སྐད་བརྡ་དང་ལྷ་ཚོགས། ཆོས་ལུགས་དང་ཆོ་ག་སྤེལ་སྟངས་སོགས་ཕྱོགས་མང་པོའི་ཐད་ནས་ཞིབ་འཇུག་དང་དཔྱད་བསྡུར་བྱས་ཏེ་རིག་བྱེད་འབྱུང་ཁུངས་ཏ་ཟིག་པའི་ཨབེསྟ་ཡིན་པ་དང་། དེ་ལས་ཀྱང་ངེས་བརྗོད་རིག་བྱེད་ནི་ཨབེསྟ་ལས་བྱུང་བར་ངོས་འཛིན་གསལ་བོར་ཐུབ་ཡོད། དེ་བཞིན་དྲན་དབང་དགེ་འདུན་ཆོས་འཕེལ་གྱི་<<གཏམ་གསེར་ཐང>>ལེའུ་དྲུག་པ་ལས།p.153 “དེར་མ་ཟད། ངེས་བརྗོད་རིག་བྱེད་ཀྱི་མདོར་བསྡུས་དང་པོར་བཤད་པའི་ཆུ་བོ་གོམཏི། ཀུབྷ། སུབསྟུ་སོགས་ཨབ་གན་སྠཱན་དང་ཏ་ཟིག་གི་ཡུལ་གྱི་ཆུ་བོ་རྐྱང་གི་མིང་ཡིན་ཅིང་། གངྷ་དང་ཡ་མུ་ན་ལ་སོགས་པའི་མིང་ཡང་མེད་པས། ངེས་བརྗོད་རིག་བྱེད་ཀྱང་དེ་ཕྱོགས་ཞིག་ནས་བརྩམས་པར་གསལ” ཞེས་གསུངས་པ་ལས་ཀྱང་ངེས་བརྗོད་རིག་བྱེད་དེ་ཏ་ཟིག་ཕྱོགས་ནས་ཆད་པར་ཤེས་ནུས། དེ་ལྟར་ཏ་ཟིག་པའི་གཞུང་<<ཨབེསྟ>>ནི་རྒྱ་གར་གྱི་ཤེས་རིག་གི་འབྱུང་ཁུངས་ཉག་གཅིག་ཡིན་པ་མ་ཟད་རྒྱ་ནག་གི་ཤེས་རིག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པའི་སྐོར་སྐབས་སུ་མ་བབ་པས་བརྗོད་པར་མི་བྱ་མོད། འོན་ཀྱང་འདིའི་མཐའ་སྡོམ་ལྟ་བུ་ལ་ཁོ་བོའི་ངེས་སྟོན་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་བོད་ཀྱི་རྩིས་རིག་གི་མ་ལག་གྲུབ་རིམ་གྱི་རེའུ་མིག་དེ་འདིར་འཁོད་ཡོད།
(རྒྱ་ནག་གི་<<སྤོར་ཐང>> (易经)ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་<<བསམ་གཏན་མིག་སྒྲོན་>>ལས་<<བསམ་གཏན་པའི་མདོ>>(坛经/金刚经) ཟེར་བ་དེ་དང་<< མ་ཎེ་ཆོས་ལུགས >>(明教)ཞེས་པ་གཉིས་ཏ་ཟིག་ནས་བརྒྱུད་ཡོང་བའི་<<རྒྱ་ནག་གི་མེ་མཆོད་ཆོས་ལུགས>>(中国的拜火教)ཟེར།)
ལེའུ་གསུམ་པ། གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་ལ་ལྟ་བ།
གོང་དུ་ང་ཚོས་གཟའ་ར་ཏོ་སི་རྒྱུ་རའི་མི་ཚེ་ལོ་རྒྱུས་དང་ཁོང་གི་ཆོས་ལུགས་ཀྱི་ལྟ་གྲུབ་སྟོན་པའི་གཞུང<<ཨབེསྟ>>འི་སྐོར་ལ་དབྱེ་ཞིབ་དང་རྒྱུས་ལོན་གང་འཚམས་བྱས་ཟིན་པ་རེད། ད་ནི་ཁོང་གི་ཆོས་ལུགས་དེ་ནི་ཡང་སྙིང་ཅི་འདྲ་ཞིག་ཡིན་མིན་ཐད་རགས་ཙམ་གླེང་བར་བྱ་བ་ལ་ཚན་པ་བཞི་སྟེ། ཆོས་ལུགས་འདིའི་མིང་དོན་བྱུང་སྟངས་དང་ལོ་རྒྱུས་བྱུང་རིམ། ལྟ་གྲུབ་ཀྱི་རྣམ་བཞག་དང་བོད་ཀྱི་རིག་གཞུང་གི་མ་ལག་གྲུབ་སྟངས་དང་འབྲེལ་བའི་སྐོར་བཅས་སོ། །
ཚན་པ་དང་པོ། མིང་དོན་བྱུང་སྟངས།
དེ་ཡང་ཆོས་ལུགས་འདིའི་མིང་དོན་ཤན་སྦྱར་བྱས་ན།
ཏ་ཟིག་སྐད། (مزدیسنا)
དབྱིན་ཡིག (Zoroastrianism/Mazdaism)
རྒྱ་ཡིག (琐罗亚斯德教、祆教、火祆教、拜火教)
བོད་ཡིག (གཟོ་རོ་ཨ་སི་ཁྲིའི་ཆོས་ལུགས། མ་རྫ་ཊའི་ཆོས་ལུགས། མེ་མཆོད་ཆོས་ལུགས།)
ཆོས་ལུགས་འདིའི་མིང་ལ་འབོད་སྟངས་ཁ་ཤས་ཤིག་ཡོད་པ་འདི་དག་གི་མིང་དོན་བྱུང་སྟངས་ནི་ཆོས་ལུགས་འདི་ཐོག་མར་སྲོལ་བཏོད་པ་པོའི་མིང་གི་ཆ་ནས་གཟོ་རོ་ཨ་སི་ཁྲིའི་ཆོས་ལུགས་ཟེར་གྱིན་ཡོད་ལ། ཆོལ་ལུགས་འདིའི་སྐྱབས་སུ་འགྲོ་ཡུལ་གྱི་ལྷ་གཙོ་བོའི་མིང་གི་ཆ་ནས་མ་རྫ་ཊའི་ཆོས་ལུགས་ཟེར། ཆོས་ལུགས་འདིའི་མཆོད་པ་བྱ་ཡུལ་གྱི་ཆ་ནས་རྒྱ་ནག་དང་ཨ་རབ་ཕྱོགས་ནས་མེ་མཆོད་ཆོས་ལུགས་ཞེས་པའི་མིང་གིས་བསྙད་ཡོད།
ཚན་པ་གཉིས་པ། ལོ་རྒྱུས་ཀྱི་བྱུང་རིམ།
དེ་ཡང་ང་ཚོས་གོང་དུ་གཟའ་ར་ཏོ་སི་རྒྱུ་ར་ནི་མེ་སྒྲེ་ཡ་རྒྱལ་རབས་(Median dynasty 672 B·C –550 B·C)དུས་སུ་འཁྲུངས་པར་ཆ་འཇོག་བྱས་པ་ལྟར་བཤད་ན། ཆོས་ལུགས་འདི་ཡང་སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པར་ཁོང་གིས་གསར་གཏོད་བྱས་པ་ནས་དར་རྒུད་ཀྱི་འཕེལ་རིམ་མང་པོ་ཞིག་བརྒྱུད་ནས་ཡོང་ཡོད་ལ། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བར་གནའ་བོའི་ཏ་ཟིག་གི་བཙན་རྒྱལ་ཐོག་མ་ཨ་ཤི་མེ་ནེ(Achae Menid Dynasty 阿契美尼王朝550B·C–330B·C)རྒྱལ་རབས་ཀྱི་རྒྱལ་ཐོག་དང་པོས་ཏ་ཟིག་གི་ཡུལ་གྲུ་ཀུན་གཅིག་གྱུར་བཟོ་ཆེད། “གཙོ་བོ་ཆབ་སྲིད་ཀྱི་དགོས་དབང་ལ་དམིགས་ནས་ཚོས་ལུགས་འདི་ལ་སྐྱབས་སུ་སོང་ཞིང་། ཁོང་གིས་ཀྱང་མ་རྫ་ཊ་སྐྱབས་གཅིག་བདག་ཉིད་ཀྱི་དམ་པར་བཟུང་སྟེ་རྒྱལ་ཁབ་དེར་ཆོས་ལུགས་འདི་ཁོ་ན་མ་གཏོགས་གཞན་སྤེལ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ནས་དར་སྤེལ་ཤུགས་ཆེར་བཏང་། ཁོང་གི་བློན་པོ་དང་བཀའ་རྒྱ་བསྒྲགས་མཁན་ཚོས་ཀྱང་རྒྱལ་བོ་ནི་ལྷ་ཡི་དགོངས་དོན་སྒྲུབ་མཁན་དང་ཁོང་ཚོ་ནི་རྒྱལ་བོའི་དགོས་འདོད་སྐོང་མཁན་གྱི་ལྷ་ཡི་ཕོ་ཉ་ཡིན་པར་ཁྱབ་བསྒྲགས་བྱས་ནས་ཆོས་ལུགས་འདིའི་གཞི་རྐང་བརྟན་པར་བཙུགས།
དེའི་རྗེས་སུ་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་ཨ་ལག་རྒུ་གཟན་སྒྲིར་གྱི་བཙན་འཛུལ་སྐབས་སུ་ཆོས་ལུགས་འདིའི་ལྷ་ཁང་དང་གསུང་རབ་མང་ཆེ་བ་མེ་ལ་བསྲེགས་ཤིང་ཆོས་དཔོན་དང་དད་ལྡན་མང་ཚོགས་གྲངས་མེད་ཅིག་དམར་གསོད་བྱས་ཏེ་ཆོས་ལུགས་འདི་ཕལ་ཆེར་རྨག་མེད་དུ་བཅོམ། སྐབས་དེར་ཏ་ཟིག་གི་ལྷ་ཁང་ཁ་ཤས་ནང་དུ་གྷི་རེ་སི་དང་ཏ་ཟིག་གི་ལྷ་གཉིས་མཉམ་བསྲེས་བྱས་པའི་མཆོད་གནས་ཀྱི་སྐུ་བརྙན་ཁག་ཅིག་བྱུང་བའི་ཁྲོད་དུ། ཏ་ཟིག་གི་སྐྱབས་གཅིག་དམ་པ་མ་རྫ་ཊ་ནི་གྷི་རེ་སིའི་ཉི་མ་དང་ཟླ་བའི་ལྷ་གཉིས་ཀྱི་འཁོར་གཡོག་གི་ཚུལ་དུ་བཞེངས་པ་སོགས་གྷི་རེ་སིའི་རྣམ་ཅན་གྱི་ཆོས་ལུགས་ཀྱི་སྣང་ཚུལ་གང་སར་ཁྱབ་ཡོད་སྐད།”
དེ་ནས་སྤྱི་ལོ་དུས་རབས་གསུམ་པར་ས་སན་རྒྱལ་རབས་སྐབས་སུ་གོང་དུ་བཤད་པ་བཞིན་<<ཨབེསྟ>>སྡུད་སྒྲིག་ལེགས་པར་བྱས་ནས་རྒྱལ་ཁབ་ཀྱི་ཆོས་ལུགས་ལ་ངོས་འཛིན་བྱས་ནས་དར་སྤེལ་རྒྱ་ཆེར་བྱས། ཆོས་ལུགས་འདི་ལ་མཚོན་ན་དུས་སྐབས་འདི་ནི་བསྟན་པ་ཧ་ཅང་དར་བའི་དུས་སྐབས་དེ་ཁོ་ན་ཡིན། དེའི་རྗེས་སུ་སྤྱི་ལོ་དུས་རབས་བདུན་པར་ཏ་ཟིག་ལ་ཨ་རབ་ཁ་ཆེ་བས་དབང་བསྒྱུར་བྱས་ཏེ་མུ་ཟི་ལན་ཆོས་ལུགས་བཙུགས་པ་ནས་གཟའ་ར་ཏོ་སི་རྒྱུ་རའི་ཆོས་ལུགས་འདི་ཉམས་རྒུད་དུ་འགྲོ་འགོ་བཙུགས་ཤིང་། མཐར་དུས་རབས་བརྒྱད་པའི་ནང་ཆོས་ལུགས་འདིའི་རྗེས་འཇུག་པ་ཁག་ཅིག་རྒྱ་གར་གྱི་རྒོ་ཇི་ར་ཐི(Gujarati 古吉拉特)ལ་བྲོས་བྱོལ་དུ་ཡོང་ནས། དུས་རབས་བཅོ་བརྒྱད་པར་བྷང་བྷེ་རུ་བརྟན་གཞི་ཆགས་ཤིང་ཁོང་ཚོས་ད་དུང་མུ་མཐུད་དུ་མེ་མཆོད་ཆོས་ལུགས་འདི་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ་མི་གྲངས་ཕལ་ཆར་ཁྲི་བཅུ་ལྷག་ཙམ་ཡོད་པར་འཁོད་འདུག་པ་བཅས་ཆོས་ལུགས་འདིའི་ལོ་རྒྱུས་ཀྱི་བྱུང་རིམ་རགས་ཙམ་ཞིག་དེ་ལྟར་རོ། །
ཚན་པ་གསུམ་པ། ལྟ་གྲུབ་ཀྱི་རྣམ་གཞག
ཆོས་ལུགས་འདི་ནི་གཙོ་བོ་ཆོས་ལུགས་ཀྱི་ཆ་ནས་ལྷ་གཅིག་སྨྲ་བ་དང་མཚན་རིག་རིག་པའི་ཆ་ནས་རྒྱུ་གཉིས་སྨྲ་བའི་གྲུབ་མཐའ་འཛིན་པ་ཡིན་པར་དཔྱད་བརྗོད་པ་རྣམས་ཀྱིས་ཐུན་མོང་དུ་ཁས་ལེན་བྱས་འདུག ཆོས་ལུགས་འདི་ལྷ་སྒྲུང་གི་ཁྲོད་ནས་ཆོས་ལུགས་བཤད་པའི་དུས་སྐབས་སུ་བྱུང་བ་ཡིན་པས་དགེ་སྡིག་གི་རྒྱུ་གཉིས་མཚོན་པའི་ལྷ་ཚོགས་རིགས་གཉིས་ཀྱི་འགལ་ཟླའི་བར་ནས་ཆོས་ལུགས་འདིའི་ལྟ་གྲུབ་བརྗོད་པ་ཞིག་རེད། དེ་ཡང་ཐོག་མར་དགེ་བའི་ལྷ་ཚོགས་ཀྱི་གཙོ་བོ་ཨ་ཧོ་ར་མ་རྫ་ཊ(Ahura Mazda/Ormasd 阿胡拉·马兹达) ནི་འོད་སྣང་གི་མཚོན་དོན་དུ་འདོད་ལ། ཆེས་ཐོག་མར་འཇིག་རྟེན་གསར་སྐྲུན་བྱས་ཏེ་སྐྱེ་རྒུ་ཐམས་ཅད་ལ་དགེ་བའི་ལམ་སྟོན་མཛད་ཀྱིན་ཡོད་པ་དང་། དེ་ལས་ལྡོག་སྟེ་སྡིག་པའི་ལྷ་ཚོགས་ཀྱི་རྒྱལ་བོ་ཨན་རྒུ་ར་མན་ཡོ(Angara Mainyu/Ahriman安格拉·曼纽) ནི་མུན་པའི་མཚོན་དོན་དུ་འདོད་ལ། འཇིག་རྟེན་གྱི་ལེགས་ཚོགས་ཐམས་ཅད་རྩ་གཏོར་དང་སྐྱེ་འགྲོ་ཀུན་ལ་སྡིག་པ་བསག་པའི་སྒོ་ཆེན་ཕྱེས་བཞིན་ཡོད། དགེ་སྡིག་གི་ལྷ་འདི་གཉིས་ཀྱིས་རྟག་པར་བདེན་རྫུན་དང་ལེགས་ཉེས། སྤང་བླང་དང་བཟང་ངན་སོགས་དཀར་ནག་དབྱེ་འབྱེད་ཀྱི་ཆེད་དུ་མཐར་ཐུག་གི་རྒྱལ་ཕམ་རྩོད་བཞིན་ཡོད་སྟབས། རྒྱལ་ཕམ་དབྱེ་འབྱེད་བྱེད་སའི་གཡུལ་ས་ཞིག་ངེས་པར་དགོས་པ་ལ་དམིགས་ཏེ། ཨ་ཧོ་ར་མ་རྫ་ཊ་ཡིས་འཇིག་རྟེན་འདི་ཆེད་དུ་གསར་གཏོད་བྱས་པར་གཟའ་ར་ཏོ་སི་རྒྱུ་རས་གསུངས་པར་བཤད་ལ། ཆོས་ལུགས་འདིའི་འདོད་ཚུལ་ལྟར་ན། མཐར་དགེ་སྡིག་གི་ལྷ་ཚོགས་རྣམས་ཀྱིས་དྲག་པོའི་གཡུལ་འཁྲུག་བྱས་མཐར་ཨ་ཧོ་ར་མ་རྫ་ཊ་སོགས་གཡུལ་རྣམ་པར་རྒྱལ་ནས་དགེ་བའི་ལེགས་ཚོགས་ཀུན་གྱི་རྩ་བ་འཇིག་རྟེན་འདིར་བརྟན་པོར་བཙུགས་ཤིང་། འཇིག་རྟེན་ཆགས་ནས་ལོ་ངོ་དགུ་སྟོང་གི་རྗེས་སུ་སྐྱབས་གཅིག་དམ་པའི་བཀའ་དགོངས་བཞིན་གཟའ་ར་ཏོ་སི་རྒྱུ་ར་འཇིག་རྟེན་འདིར་བྱོན་ནས་བསླུ་བ་མེད་པའི་མེ་མཆོད་ཆོས་ལུགས་ཀྱིས་འགྲོ་བ་ཐམས་ཅད་བདེ་བར་བསྐྱངས་པ་ནས་མིའི་རིགས་ལ་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་སླེབས་པར་འདོད།
ཆོས་ལུགས་འདིའི་འདོད་ཚུལ་ཞིག་ལ། ཨ་ཧོ་ར་མ་རྫ་ཊ་ཡིས་འཇིག་རྟེན་འདི་ལ་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་བཞི་དབྱེ་ཡོད་ལ་དུས་རིམ་རེ་ལ་མི་ལོ་སུམ་སྟོང་རེ་བྱས་ཏེ་བསྐལ་བ་འདི་ལ་མི་ལོ་ཆིག་ཁྲི་ཉིས་སྟོང་ཡོད་པར་བཤད། དུས་རིམ་དང་པོར་ཁོང་ཚོའི་དཀོན་མཆོག་ཨ་ཧོ་ར་མ་རྫ་ཊ་ཡིས་འདུ་ཤེས་ཀྱི་འཇིག་རྟེན་ཁོ་ན་གསར་གཏོད་བྱས། དུས་རིམ་གཉིས་པར་དངོས་ཟོང་གི་འཇིག་རྟེན་དང་དེ་ཡང་ཐོག་མར་མེ་ཕུང་གསར་སྐྲུན་བྱས་ཤིང་དེ་ནས་མིའི་རིགས་ཀྱི་ཐོག་མ་རྒ་ཡོ་མར་སྒྲི(Gayamard 盖约马德) སོགས་གསར་སྐྲུན་བྱས། དུས་རིམ་གསུམ་པར་ཨ་ཧོ་ར་མ་རྫ་ཊ་དང་ཨན་རྒུ་ར་མན་ཡོ་གཉིས་ཀྱི་དགེ་སྡིག་གི་ལྷ་ཚོགས་རྣམས་དྲག་པོའི་གཡུལ་འཁྲུག་རྒྱབ་མཐར་དགེ་བའི་ལྷ་ཚོགས་ལ་རྒྱལ་ཁ་ཐོབ་ནས་ཨ་ཧོ་ར་མ་རྫ་ཊའི་དགོངས་དོན་བཞིན་གཟའ་ར་ཏོ་སི་རྒྱུ་རས་མིའི་རིགས་ཆོས་ཀྱིས་བསྐྱངས་ཚུལ་བཤད། དུས་རིམ་བཞི་བ། གཟའ་ར་ཏོ་སི་རྒྱུ་ར་ཡིས་འཇིག་རྟེན་ཐམས་ཅད་ཆོས་ཀྱི་དབང་དུ་བསྡུས་ཤིང་རང་གི་རིགས་སྲས་རྣམས་ལ་ཆོས་ལུགས་འདི་རྒྱུན་འཛིན་བྱེད་དུ་བཅུག་པ་སོགས་བརྗོད།
ཆོས་ལུགས་འདིའི་ལུགས་སྲོལ་ཁ་ཤས་ཤིག་བཤད་པ་ལ།
༡ འདི་ཕྱི་གཉིས་ལ་འཇུག་རིམ།
རང་ཉིད་དགེ་སྡིག་གི་ཕྱོགས་གང་དུ་འགྲོ་མིན་རང་ཉིད་ལ་གདམ་ཀ་བྱེད་པའི་རང་དབང་ཡོད་མོད། དགེ་སྡིག་གི་ལྷ་ཚོགས་རྒྱལ་ཕམ་ལས་དགེ་བར་རྒྱལ་ཁ་ཐོབ་པའི་བསླུ་བ་མེད་པའི་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོར་བྱེད་དགོས་པར་བསྟན་ཡོད།
༢ ཆོ་གའི་བྱེད་སྒོ་ཆ་ནས་མེ་མཆོད་བྱེད་སྟངས།
མེ་མཆོད་ཆོས་ལུགས་འདིས་མེ་ལ་བླ་ན་མེད་པའི་གོ་འཕང་སྤྲད་ཡོད། ཁོང་ཚོས་མེ་ནི་དག་གཙང་དང་འོད་སྣང་། གསོན་ཤུགས། གསར་སྐྲུན་གྱི་ནུས་པའི་མཚོན་དོན་དུ་རློམ་ནས། ཁོང་ཚོས་མེ་ལ་མཆོད་བསྟོད་བྱ་རྒྱུ་ནི་ཆོས་ལུགས་འདིར་ཞུགས་པའི་ཐོག་མའི་འཇུག་སྒོ་ཡིན།
༣ དུར་འཇུག་གི་ཆོ་ག
ཆོས་ལུགས་འདིའི་ལྟ་གྲུབ་ལྟར་ན་ས་ཆུ་མེ་གསུམ་ནི་ལྷ་ཡི་རྣམ་ཅན་དུ་གནས་ཕྱིར་འབག་བཙོག་བྱེད་མི་རུང་བས། བེམ་པོ་བྱ་ལ་ཟ་རུ་བཅུག་རྗེས་རུས་པ་མཆོད་རྟེན་ནང་དུ་དུར་འཇུག་བྱེད་དགོས། འདི་ནི་གནའ་བོའི་ཏ་ཟིག་ཡུལ་གྱི་སྲོལ་རྒྱུན་གྱི་དུར་འཇུག་བྱེད་སྟངས་ངོ་མ་དེ་ཡིན།
ཚན་པ་བཞི་བ། བོད་ཀྱི་རིག་གཞུང་གི་མ་ལག་གྲུབ་སྟངས་དང་འབྲེལ་བ།
དེ་ཡང་ཏ་ཟིག་གི་ཨརྱཎཱ་མི་རྒྱུད་ལས་བྱུང་བའི་ཆོས་ལུགས་འདི་བྱུང་བ་ནས་རྗེས་ཀྱི་ཆོས་ལུགས་མང་པོ་ཞིག་དང་ཤར་ནུབ་ཀྱི་རིག་གཞུང་མང་པོ་ཞིག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་དཔེར་ན། འཇོན་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས། མ་ནོ་ཆོས་ལུགས་དང་བྲམ་ཟེ་ཆོས་ལུགས། དེ་བཞིན་བོན་ཆོས་དང་སངས་རྒྱས་ཆོས་ལུགས། ཁ་ཆོས་ཆོས་ལུགས་སོགས་ལ་ཤུགས་རྐྱེན་ཐེབས་ཏེ་ཆོས་ལུགས་དེ་དག་དང་འབྲེལ་བའི་རིག་གཞུང་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པས། འདིའི་མཐའ་སྡོམ་གྱི་ཚུལ་དུ་ཁོ་བོའི་ངེས་སྟོན་པ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་བཀོད་པའི་སྤྱི་སྡོམ་དེ་འཁོད་པར་བྱའོ། །
མཇུག་བསྡུས་གཏམ།
མདོར་ན། དེ་རིང་འདིར་གནའ་བོའི་ཏ་ཟིག་གི་གསུང་རབ་རྙིང་བ<<ཨབེསྟ>>གླེང་བ་ནི་གཞུང་འདི་ཉིད་ཤེས་པར་བྱ་བ་དང་འདི་ལ་འཇུག་པར་བྱ་བའི་ཆེད་དུ་མིན་ལ། མེ་མཆོད་ཆོས་ལུགས་ལ་དད་མོས་བྱེད་པའི་ཆེད་དུ་དེ་བས་ཀྱང་མིན། སྤྱིར་འཛམ་གླིང་ཤར་ནུབ་ཀྱི་ཤེས་རིག་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡོད་པ་སྨྲས་ཅི་དགོས། བྱེ་བྲག་ཏུ་གཞུང་འདི་ཉིད་ཀྱིས་བོད་ཀྱི་རིག་གཞུང་གི་མ་ལག་གྲུབ་རིམ་གྱི་རྩ་བའི་སྣེ་ཟིན་ཡོད་སྟབས་ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན་རྩ་བའི་འབྱུང་ཁུངས་འཚོལ་ཞིབ་དང་ཤེས་རྟོགས་ཡོང་བའི་ཆེད་དུ་བརྗོད་གཞི་འདི་ཉིད་རགས་ཙམ་གླེང་བ་ཡིན་ནོ།། །།
ཟུར་མཆན།
སྤྱི་ལོ་2016ལོར་བོད་ཀྱི་རྒྱལ་ས་གཉིས་པ་བྱང་ཕྱོགས་རྡ་རམ་ས་ལ་ནས།
ལུང་ཁུངས་ཡིག་ཆ།
སྡེ་བསྟན། དབུ་མ། འ༽
<<གཏམ་རྒྱུད་གསེར་ཐང>> དགེ་འདུན་ཆོས་འཕེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990
<<རྒྱ་གར་རྩོམ་རིག་ལོ་རྒྱུས་འཆད་ཁྲིད་ཟིན་བྲིས>> N.C. འབྲོག་རུ་ཆོས་དར།
<<阿维斯塔>> (伊朗)贾利尔·杜斯特哈赫(选编).元文琪(译). 商务印书馆出版. 2005北京.
<<阿维斯塔>>导读 元文琪. 商务印书馆出版. 2005北京
དཔྱད་གཞིའི་ཡིག་ཆ།
<<མངོན་བརྗོད་འཆི་མེད་བང་མཛོད>> སློབ་དཔོན་འཆི་མེད་སེངྒེ། བསྟན་འགྱུར་དཔེ་བསྡུར་མ། པོད་110
<<གཏམ་རྒྱུད་གསེར་ཐང་>> དགེ་འདུན་ཆོས་འཕེལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990
<<རྒྱ་གར་རྒྱལ་རབས་>> ཐུབ་བསྟན་མཆོག་སྒྲུབ། ལྡི་ལི་བོད་ཁང་། 2002
<<རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན >> རྒྱ་ཡེ་བཀྲ་བྷོ། འབུམ་རམས་པའི་ཆེད་རྩོམས། 2008
<<阿维斯塔>> (伊朗)贾利尔·杜斯特哈赫(选编).元文琪(译). 商务印书馆出版. 2005北京.
<<神谱>> <<工作与时日>> (古希腊) 赫西俄德 著. 张竹明 蒋平 译. 1996年7月北京第2次印刷. 商务印书馆出版.
<<印度哲学宗教史>>高楠顺次郎 , 木村泰贤 著. 高观庐 译 . 中华全国 80 年. 第二 6 次印刷.
<<宗教与印度社会>> 王树英. 人民出版社. 2009年.
<<印度古代文化与文明史纲>> 高善必 Cosanbi
<<印度古典诗学>> 黄宝生
<<梵语文学史 >>金克木. 江西教育出版社. 1999年.
<<季羡林全集>>季羡林. 中国外语教学研究出版社. 2009
<<A History of Indian Literature>> Maurice Winternitz
<<A History of Sanskrit Literature>> A.Berriedale Keith
– – – – –