(སྒྱུར་བ་པོའི་གཏམ། སྔོན་ཆད་བོད་ནང་གི་མཁས་པ་རྒན་པ་ཞིག་གིས་སྒྲིག་འཛུགས་ཟེར་བ་འདི་ཧ་ཅང་གལ་ཆེ་ཚུལ་གསུང་མྱོང་བ་དང་། རང་ཉིད་ཀྱིས་ནུབ་ཕྱོགས་སུ་མི་ལོ་ཉི་ཤུ་ཙམ་བསྐྱལ་བའི་རིང་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ལ་མཚོན་ན། ཆབ་དཔལ་རིག་གནས་གང་ཅིའི་ཐད་སྒྲིག་འཛུགས་བརྟན་པོ་ཞིག་དགོས་པའི་ངེས་ཤེས་ཟབ་མོ་ཐོབ། རིག་གནས་པའི་སྒྲིག་འཛུགས་ལ་མཚོན་ན་སློབ་གྲྭ་ཆུང་འབྲིང་ཆེ་གསུམ། དེ་བཞིན་རིགས་གཅིག་རྐང་འཛིན་པའི་རིམ་པ་རེ་རེར་ཡང་འགྲོ་སྟངས་སམ་སྒྲིག་འཛུགས་ཤིག་ཡོད་པ་ཙམ་གྱིས་མི་ཆོག་པར་དུས་དང་བསྟུན་ནས་འགྱུར་བ་གཏོང་དགོས་པ་ནི་སྨོས་ཅི་དགོས། ང་ཚོ་བོད་ཀྱི་ཤེས་རིག་ཐད་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་རང་སྐྱ་འཕེར་བའི་སྒྲིག་འཛུགས་ཤིག་མེད་ལ། དགོན་པའི་སྒྲིག་འཛུགས་ལྟ་བུས་ཀྱང་སྔར་སྲོལ་རྒྱུན་འཛིན་བྱེད་པ་གལ་ཆེར་བརྩི་བ་ལས། དེ་ལ་དུས་དང་བསྟུན་ནས་ལེགས་བཅོས་དང་ཡར་རྒྱས་གཏོང་བའི་རྣམ་པ་མཐོང་དཀོན་པོར་གྱུར་ཡོད། ནུབ་ཕྱོགས་པའི་ཤེས་རིག་གི་སྡེ་ཚན་དུ་འབུམ་རམས་པ་དང་ཆེད་ལས་མཁས་པ་ནི་ཤེས་ཡོན་པའི་རིམ་པ་མཐོ་ཤོས་ལྟ་བུར་བརྩི་བ་དང་། རིམ་པ་དེར་སླེབས་པར་ཞིབ་འཇུག་གི་ལས་དོན་ཁྲོད་ཁྱད་དུ་འཕགས་པའི་ཕྱག་རྗེས་འཇོག་དགོས་ཀྱི་ཡོད། དེ་ལྟ་བུའི་སྤུས་ཚད་མཐོ་བའི་སྐྱེ་བོ་གསོ་སྐྱོང་བྱེད་སའི་ཁོར་ཡུག་རྨང་གཞི་འཛུགས་པར་སྒྲིག་གཞི་འདི་ལྟ་བུ་ཞིག་དགོས་ཀྱི་ཡོད། བོད་རིག་པ་ཞེས་པའི་དྲ་རྒྱ་དང་སྐད་ཚོམས་ནང་དེང་རབས་ཞིབ་འཇུག་སྐོར་ལ་དོ་སྣང་སྤྲོད་མཁན་མང་པོ་ཞིག་འདུག་པ་རྣམས་པ་ཕན་ཆེད། ཨོ་སི་ཊོ་ལི་ཡའི་ནང་འགན་ཁུར་བའི་སྒོ་ནས་ཞིབ་འཇུག་བྱེད་ཚུལ་སྐོར་གྱི་སྒྲིག་གཞི་དང་དེ་ལས་འཕྲོས་པའི་གཞུང་ཡིག་ཁག་ཅིག་བོད་བསྒྱུར་གྱིས་འབུལ་བ་ལགས།)
སྔོན་གླེང་།
ཨོ་སི་ཊོ་ལི་ཡ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིབ་འཇུག་གི་ལས་དོན་རྣམས་འགན་འཁུར་ཡོད་པ་དང་བཟང་སྤྱོད་ལྡན་པ། དྲང་བདེན་གྱི་སྒོ་ནས་བསྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འགན་འཁུར་ནས་ཞིབ་འཇུག་བྱེད་པའི་སྒྲིག་གཞིའི་ནང་དུ་ཁྱེད་ལ་ཞིབ་འཇུག་གི་ལས་དོན་རྣམས་དྲང་པོ་དྲང་བཞག་དང་། ཀུན་སྤྱོད་བཟང་པོ། རྣམ་དཔྱོད་ལྡན་པའི་སྒོ་ནས་སྒྲུབ་རྒྱུའི་རིག་གཞུང་ཅིག་གོམས་སུ་འཇུག་པའི་རྩ་དོན་རྒྱ་ཆེན་པོ་ཞིག་བང་རིམ་འགྲིགས་པོའི་སྒོ་ནས་གསལ་སྟོན་བྱས་ཡོད། སྒྲིག་གཞི་འདི་ཡིས་འགན་འཁུར་ནས་ཞིབ་འཇུག་བྱེད་པའི་སྒྲོམ་གཞི་ཞིག་གསར་གཏོད་བྱས་པ་བརྒྱུད་སྤུས་ཚད་མཐོ་བའི་ཞིབ་འཇུག་གི་རྨང་གཞི་འདིང་བ་དང་། ཞིབ་འཇུག་ལ་བརྩོན་པ་ལྷུར་ལེན་བྱེད་པར་གདེང་འཇོག།།སྤྱི་ཚོགས་ཀྱི་ཡིད་ཆེས་སླེབས་ཐུབ་པ་བྱེད་ཀྱི་ཡོད། དེ་ཡིས་ཨོ་སི་ཊོ་ལི་ཡའི་ནང་ཞིབ་འཇུག་བྱེད་དུས་ཞིབ་འཇུག་གི་ཀུན་སྤྱོད་སྐོར་ལ་རེ་བ་གང་ཞིག་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་གཙུག་ལག་སློབ་གཉེར་འགོ་འཛུགས་པའི་སྐབས་སུ་ཞིབ་འཇུག་ཇི་ལྟར་བྱེད་ཚུལ་བཅས་བསྟན་ཡོད།
ཞིབ་འཇུག་ཡང་དག་པ་ཞིག་བསྒྲུབ་རྒྱུའི་རྩ་བའི་འགན་འཁྲི་ནི་མི་སྒེར་དང་ཚོགས་སྡེ་ཁག་ལ་ཡོད་ཅིང། སྒྲིག་གཞི་འདིའི་ནང་མི་སྒེར་དང་ཚོགས་སྡེ་རྣམས་ཀྱིས་ཞིབ་འཇུག་གི་ལས་དོན་སྒྲུབ་སྐབས་བརྩི་སྲུང་བྱེད་དགོས་པའི་རྩ་དོན་དང་འགན་འཁྲི་རྣམས་འཁོད་ཡོད། བརྩོན་པ་ལྷུར་ལེན་གྱི་འགྲུལ་བཞུད་འདི་ལ་གནད་འགག་ཆེ་ཤོས་ནི་བཟང་སྤྱོད་ཀྱི་ཁྲིད་སྟོན་དང་། ཚོགས་སྡེ་ཡི་རིན་ཐང་ལྟ་བ། ཐུན་མོང་གི་རིན་ཐང་ལྟ་བ། དྲང་བདེན་གྱི་རེ་སྨོན། གཙུག་ལག་སློབ་གླིང་གི་ཡང་དག་པའི་འགོ་ཁྲིད་དང་གོམས་སྲོལ་བཅས་ཡིན།
སྔོན་ཆད་ཀྱི་སྒྲིག་གཞི་དེ་ནི་ཞིབ་འཇུག་མི་སྣ་དང་འཛིན་སྐྱོང་དོ་དམ་བྱེད་མཁན་རྣམས་ཀྱི་ཁུངས་གཏུགས་སའི་ཡིག་ཆ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང། ལྷག་པར་དུ་སྒྲིག་གཞི་དེ་རང་ལུགས་སུ་བསྟེན་མཁན་གྱི་ཨོ་སི་ཊོ་ལི་ཡའི་ཚོགས་སྡེ་ཁག་དང་། ཞིབ་འཇུག་ལ་མ་དངུལ་མཁོ་སྤྲོད་བྱེད་རྣམས་ལ་ཞིབ་འཇུག་གི་ཡང་དག་པའི་རང་བཞིན་ལ་ཡིད་ཆེས་བསྐྲུན་ཡོད། དུས་བསྟུན་ཁ་གསབ་བྱས་པའི་སྒྲིག་གཞི་འདིའི་དམིགས་ཡུལ་སྔོན་ཆད་ལྟར་གཅིག་མཚུངས་ཡིན་ན་ཡང་། སྒྲིག་གཞི་འདི་ཡིས་སྟབས་བདེ་བའི་ལམ་ཁ་ཞིག་གི་ནང་རིམ་པ་མཐོ་བའིི་རྩ་དོན་ཁག་དང་། འགན་འཁྲི་ཁག །རེ་བ་བཅས་ཇེ་གསལ་དུ་བཏང་ནས་བརྗོད་ཡོད།
སྒྲིག་གཞི་འདི་ནི་ཁྲིམས་སྲོལ་ཁག་དང་། སྒྲིག་ཁྲིམས་ཁག །ལམ་སྟོན་ཁག །ད་དུང་ཞིབ་འཇུག་བྱེད་ཚུལ་ཀྱི་སྒྲིག་གཞི་གཞན་དང་ལྷན་དུ་མཉམ་བསྲེས་གཏོང་བ་དང་ཁོངས་སུ་འཇུག་པ་སོགས་བྱས་མི་ཆོག།། སྒྲིག་གཞི་འདི་ལ་ལམ་སྟོན་མང་པོས་རྒྱབ་སྐྱོར་བྱས་ཏེ་སྒྲིག་གཞིའི་རྩ་དོན་དང་འགན་འཁྲི་རྣམས་ཇི་ལྟར་ལག་ལེན་བསྟར་དགོས་ཚུལ་ཞིབ་ཏུ་གླེང་ཡོད། ལམ་སྟོན་དེ་དག་ནི་ཨོ་སི་ཊོ་ལི་ཡའི་ཐུན་མོང་མ་ཡིན་པའི་ཚོགས་སྡེ་ཁག་དང་ཞིབ་འཇུག་གི་སྒྲིག་འཛུགས་ཁག་ལ་འབྲེལ་བ་ཟབ་མོ་ཡོད། དེར་བརྟེན་ཚོགས་སྡེ་ཁག་དང་ཞིབ་འཇུག་མི་སྣ་ཚོ་ལམ་སྟོན་འདིའི་ནང་གི་བསླབ་བྱ་རྣམས་ཀྱི་རྗེས་སུ་འབྲང་རྒྱུར་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་ཡིན། ཚོགས་སྡེ་ཁག་ལ་མཚོན་ན་ལམ་སྟོན་འདི་དག་ནི་སྒྲིག་གཞིའི་ཁྲོད་ཀྱི་རྩ་དོན་ཁག་དང་འགན་འཁྲི་ཁག་གོང་སྤེལ་གཏོང་བར་མཐུན་རྐྱེན་སྦྱོར་བྱེད་མཁན་ཡིན།
སྒྲིག་གཞི་འདི་ཡིས་འགན་འཁུར་ནས་ཞིབ་འཇུག་སྒྲུབ་པའི་བྱ་སྤྱོད་ཀྱི་སྙིང་དོན་མཚོན་གྱི་ཡོད། རྩ་དོན་ཁག་དང་འགན་འཁྲི་ཁག་ལག་བསྟར་མ་བྱས་པ་ཡིན་ན་སྒྲིག་གཞི་དང་འགལ་གྱི་ཡོད་ལ། སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་ཆུང་ཚགས་ནས་ཧ་ཅང་ཚབས་ཆེན་པོར་འགྱུར་བ་ཡིན། ཚབས་ཆེ་བའི་སྒྲིག་འགལ་དེ་ཡང་བསམ་བཞིན་དུ་བྱས་པའམ། སྣང་མེད་སྒོ་ནས་བྱས་པ། ལྷོད་གཡེང་ཤོར་པ་གང་ལྟར་ཀྱང་དམིགས་བསལ་གྱི་མངོན་གསལ་དོད་པོ་དང་ཞིབ་འཇུག་ཕྱིན་ཅི་ལོག་ཏུ་སྤྱད་པར་ངོས་འཛིན་བྱེད་པ་ཡིན། སྒྲིག་འགལ་འགྲོ་ཉེན་ལ་དོ་དམ་དང་ཞིབ་བཤེར་བྱེད་པའི་ལམ་སྟོན་(ཞིབ་བཤེར་ལམ་སྟོན) ནང་དུ་ཚོགས་སྡེ་ཁག་ལ་འཚམས་པའི་སྒྲིག་འགལ་འགྲོ་ཉེན་ལ་ཞིབ་བཤེར་དང་དོ་དམ་བྱེད་སྟངས་ཀྱི་དཔེར་མཚོན་འཁོད་ཡོད་པ་དེས། ཞིབ་འཇུག་གི་ཡིག་ཆའི་ཡང་དག་པའི་རང་བཞིན་དང་། ཞིབ་འཇུག་ཕྱིན་ཅི་ལོག་བྱས་བ་ཤེས་རྟོགས་བྱུང་དུས་དགེ་འདོན་སྐྱོན་སེལ་གྱི་ཐག་གཅོད་བྱེད་པ་ཡིན།
ཨོ་སི་ཊོ་ལི་ཡའི་ཡང་དག་པའི་ཞིབ་འཇུག་ཚོགས་ཆུང་གི་ཞིབ་བཤེར་ལམ་སྟོན་ནི། རྒྱལ་ཡོངས་འཕྲོད་བསྟེན་དང་གསོ་རིག་ཞིབ་འཇུག་ལྷན་ཚོགས། ཨོ་སི་ཊོ་ལི་ཡའི་ཞིབ་འཇུག་ལྷན་ཚོགས་ཀྱི་མ་དངུལ་སྤྲད་པའི་ཚོགས་སྡེ་རྣམས་ཀྱིས་སྒྲིག་འགལ་བྱེད་ཉེན་ལ་བསྐྱར་ཞིབ་བྱེད་པའི་ཚད་གཞི་ཞིག་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད། (National Health and Medical Research Council (NHMRC) or Australian Research Council (ARC)
སྒྲིག་གཞི་འདི་དང་བསྟུན་རྒྱུ་ནི་རྒྱལ་ཡོངས་འཕྲོད་བསྟེན་ནམ་གསོ་རིག་ཞིབ་འཇུག་ལྷན་ཚོགས་དང། ཨོ་སི་ཊོ་ལི་ཡའི་ཞིབ་འཇུག་ལྷན་ཚོགས་ནས་མ་དངུལ་ཐོབ་པར་དགོས་མཁོའམ་ཆ་རྐྱེན་ཞིག་ཏུ་གྱུར་ཡོད།
ཞིབ་འཇུག་གི་ཚོགས་སྡེ་གཞན་རྣམས་ཀྱིས་ཀྱང་སྒྲིག་གཞི་འདི་བཞིན་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཏུ་བརྩི་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྩ་དོན་དང་པོ། དྲང་བདེན།
ཞིབ་འཇུག་གི་འཆར་གཞི་འདིང་བ་དང། ལག་ལེན་བསྟར་བ། སྙན་ཐོ་འབུལ་བ་བཅས་ཀྱི་སྐབས་སུ་དྲང་བདེན་རྒྱུན་འཁྱོངས་བྱེད་དགོས།
- ཞིབ་འཇུག་གི་གྲོས་འཆར་འདོན་པ་དང་། ལག་ལེན་བསྟར་བ། སྙན་སེང་འབུལ་བའི་སྐབས་བཅས་སུ་དྲང་བདེན་དང་ཡང་དག་པའི་གནས་ཚུལ་མཁོ་འདོན་བྱེད་དགོས།
རྩ་དོན་གཉིས་པ། གཟབ་ནན།
ཞིབ་འཇུག་གི་འཆར་གཞི་འདིང་བ་དང་། ལག་ལེན་བསྟར་བ། སྙན་ཐོ་འབུལ་བ་བཅས་ཀྱི་སྐབསསུ་གཟབ་ནན་བྱེད་དགོས།
- ཞིབ་རྒྱས་ལ་བློ་སྒྲིམས་པ་དང་ཐབས་ཚུལ་གྱི་རིམ་པ་རྣམས་བརྟན་པོ་ཡིན་པ། ཕྱོགས་སུ་ལྷུང་པའི་གནས་ཚུལ་བྱུང་སྐབས་གསལ་བཤད་ཞུ་བའམ་དེ་ལས་གཡོལ་ཐབས་བྱེད་དགོས།
རྩ་དོན་གསུམ་པ། ཕྱི་གསལ་ནང་གསལ།
རང་ཉིད་ལ་ཁེ་ཕན་གང་ཞིག་ཡོད་མེད་དང་། ཞིབ་འཇུག་གི་བྱེད་ཐབས། དཔྱད་གཞི། གྲུབ་དོན་བཅས་ཕྱི་གསལ་ནང་གསལ་བྱེད་དགོས།
- ཞིབ་འཇུག་བྱེད་ཐབས་དང་། གནས་བསྡུས། གྲུབ་དོན་བཅསལ་གུ་ཡངས་པོ་དང་། འགན་འཁྲི་ལྡན་པ། ཡང་དག་པའི་སྒོ་ནས་ཐུན་མོང་དུ་སྤྱོད་པ་དང་བརྒྱུད་སྤྲོད་བྱེད་དགོས།
- ཁེ་ཕན་ནང་འཛིངས་དང་འབྲེལ་བའི་རིགས་རྣམས་གསལ་སྟོན་དང་དེ་དག་དོ་དམ་བྱེད་དགོས།
རྩ་དོན་བཞི་པ། དྲང་སྙོམས།
གཞན་ལ་ལྟ་སྟངས་དྲང་སྙོམས་འཛིན་དགོས།
- ཞིབ་འཇུག་མི་སྣ་དང་ཞིབ་འཇུག་གི་ལས་དོན་ནང་ཚུད་པའི་མི་སྣ་གཞན་ལ་ལྟ་སྟངས་དྲང་སྙོམས་འཛིན་པ་དང་བརྩི་བཀུར་བྱེད་དགོས།
- གཞན་གྱི་རྩོམ་ཡིག་ལུང་འདྲེན་ནམ། དཔྱད་གཞིར་བེད་སྤྱོད་གཏོང་དུས་ཚུལ་དང་ལྡན་པའི་སྒོ་ནས་སྒྲུབ་དགོས།
- ཞིབ་འཇུག་ལ་ལེགས་སྐྱེས་འབུལ་མཁན་གྱི་རྩོམ་པ་པོའི་རིག་དངོས་ཀྱི་བདག་དབང་ཚུད་པའི་མཛད་རྗེས་ཁག་ལ་ཆེ་བསྟོད་དམ་ཐུགས་རྗེ་ལེགས་གསོལ་འབུལ་དགོས།
རྩ་དོན་ལྔ་པ། བརྩི་མཐོང་།
ཞིབ་འཇུག་ལ་མཉམ་ཞུགས་གནང་མཁན་མི་སྒེར་དང། ཚོགས་སྡེ་ཁྱོན་ཡོངས། (སྣོད་བཅུད་) སྲོག་ཆགས་དང་ཁོར་ཡུག་བཅས་ལ་བརྩི་མཐོང་སྤྲོད་དགོས།
- ཞིབ་འཇུག་གིས་ཤུགས་རྐྱེན་ཐེབས་པའི་མི་སྒེར་དང་ཚོགས་སྡེ་ལ་སེམས་ཁུར་དང་བརྩི་མཐོང་སྤྲོད་རྒྱུ་དང་། གྲངས་ཉུང་མི་རིགས་དང་གཉོད་ཆུང་གི་མི་རིགས་ཀྱི་དགོས་མཁོར་བསམ་ཤེས་བྱེད་དགོས།
- བརྩི་མཐོང་སྤྲོད་རྒྱུ་ནི་ཞིབ་འཇུག་ཁྲོད་དུ་དུད་འགྲོ་སྲོགས་ཆགས་བེད་སྤྱོད་གཏོང་བ་དང་ལྟ་སྐྱོོང་བྱེད་པར་འབྲེལ་བའི་ཐག་གཅོད་དང་བྱ་སྤྱོད་ཚང་མིའི་རྨང་གཞི་ནི་བརྩི་མཐོང་སྤྲོད་རྒྱུ་དེ་ཡིན་པ་ངེས་པར་ཤེས་དགོས།
- ཞིབ་འཇུག་བྱེད་དུས་རང་བྱུང་ཁོར་ཡུག་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་ལ་གཏོང་རྒྱུར་འབད་བརྩོན་བྱེད་དགོས།
རྩ་དོན་དྲུག་པ། ངོས་འཛིན།
གདོད་མའི་མི་རིགས་ཀྱི་ཐོབ་ཐང་ལ་ངོས་འཛིན་བྱས་ནས་ཁྱེད་ཀྱི་ཞིབ་འཇུག་གིས་ཁོ་ཚོར་འབྲེལ་ཡོད་ཀྱི་དམིགས་བསལ་གལ་འགངས་ཆེ་བའི་གནད་དོན་ཐད་ཤུགས་རྐྱེན་མ་ཐེབས་པ་བྱེད་དགོས།
- གདོད་མའི་མི་རིགས་ལ་འབྲེལ་བ་ཡོད་པའི་མི་རིགས་ཀྱི་སྣ་ཚོགས་རང་བཞིན་དང་། སྲོལ་རྒྱུན། ཤེས་ཡོན། རིག་གཞུང་གི་རྒྱུདངོས་བཅས་ལ་ངོས་འཛིན་དང་བརྩི་མཐོང་སྤྲོད་དགོས།
- ཞིབ་འཇུག་གི་ལས་འཆར་མགོ་འཛུགས་མ་བྱས་སྔོན་དུ་གདོད་མའི་མི་རིགས་ལ་འབྲེལ་བ་བྱེད་དགོས་པ་དང་། ཁོ་ཚོར་ལས་འཆར་དེའི་ནང་མཉམ་ཞུགས་བྱེད་མིན་སོ་སོར་རང་དབང་སྒོ་ནས་ཐག་གཅོད་བྱེད་དུ་འཇུག་དགོས།
- ཁོ་ཚོ་མཉམ་ཤུགས་བྱས་པའི་གནས་ཚུལ་རྣམས་གདོད་མའི་མི་རིགས་ལ་སྙན་སེང་ཞུ་དགོས།
རྩ་དོན་བདུན་པ། འགན་འཁྲི།
ཞིབ་འཇུག་མགོ་འཛུགས་པ་དང་། ལག་ལེན་བསྟར་པ། སྙན་སེང་ཞུ་བའི་བརྒྱུད་རིམ་ཡོངས་ལ་འགན་ལེན་དགོས།
- འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་། སྲིད་ཇུས། ལམ་སྟོན་ཁག་ལ་བརྩི་སྲུང་བྱེད་དགོས།
- ཞིབ་འཇུག་ཁྱབ་སྤེལ་མ་བཏང་པའི་སྔོན་ལ་དེའི་ཕན་གནོད་དང་གྲུབ་དོན་བཅས་ལ་བསམ་གཞིག་བྱེད་དགོས།
རྩ་དོན་བརྒྱད་པ། དར་སྤེལ།
འགན་འཁུར་ནས་ཞིབ་འཇུག་བྱེད་ཚུལ་དར་སྤེལ་གཏོང་དགོས།
- འགན་འཁུར་ནས་ཞིབ་འཇུག་བྱེད་ཚུལ་ལ་རྒྱབ་སྐྱོར་ཡོད་པའི་རིག་གཞུང་དང་། ཁོར་ཡུག་དར་སྤེལ། གསོ་སྐྱོང་བཅས་བྱེད་དགོས།
ཚོགས་སྡེ་ཁག་གི་འགན་འཁྲི།
འགན་འཁུར་ནས་ཞིབ་འཇུག་སྒྲུབ་པ་དེས་ཚོགས་སྡེ་ཁག་ནང་ཁུལ་དུ་ཞིབ་འཇུག་གི་གོམས་གཤིས་གསོ་སྐྱོང་དང་རྨང་གཞི་འདིང་བ་ཡིན་པས། ཚོགས་སྡེ་ཁག་ལ་འགན་འཁུར་ནས་ཞིབ་འཇུག་བྱེད་ཚུལ་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱ་རྒྱུའི་འགན་འཁྲི་ཡོད།
ཨོ་སི་ཊོ་ལི་ཡའི་ཚོགས་པ་དང་མི་སྒེར་རྣམས་ལ་མ་དངུལ་སྤྲོད་དུས་ཞིབ་འཇུག་ཇི་ལྟར་བྱེད་མིན་ལ་ཁོ་ཚོས་འགན་ཁུར་དགོས་པ་ཡིན། འགན་འཁུར་ནས་ཞིབ་འཇུག་བྱེད་ཐབས་གོང་འཕེལ་གཏོང་བར་ཚོགས་སྡེ་ཁག་ནས་སྒྲུབ་དགོས་པ་ཁག་ནི།
འགན་དང་པོ།
འགན་འཁུར་ནས་ཞིབ་འཇུག་བྱེད་པའི་ཆེད་དུ་ཚོགས་པ་སྒྲིག་འཛུགས་དང་དོ་དམ་ལེགས་པོ་གསར་འཛུགས་དང་རྒྱུན་སྲིང་བྱེད་དགོས།
འགན་གཉིས་པ།
འགན་འཁུར་ནས་ཞིབ་འཇུག་བྱེད་པར་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་། སྒྲིག་གཞི། ལམ་སྟོན། སྲིད་ཇུས་སོགས་ངོས་འཛིན་དང་བརྩི་སྲུང་བྱེད་དགོས།
འགན་གསུམ་པ།
ཚོགས་སྡེ་ཡི་ལག་ལེན་རྣམས་སྒྲིག་གཞིའི་རྩ་དོན་དང་འགན་འཁྲི་ཁག་ལ་མཐུན་པོ་ཡོང་ཆེད། སྲིད་ཇུས་དང་འགྲོ་ལུགས་རྣམས་དུས་བསྟུན་འོས་འཚམས་ལྡན་པའི་གསར་གཏོད་དང་རྒྱུན་གནས་ཡོང་ཐུབ་པ་བྱེད་དགོས།
འགན་བཞི་པ།
ཞིབ་འཇུག་མི་སྣ་དང་འབྲེལ་ཡོད་རྣམས་ཀྱིས་འགན་འཁུར་ནས་ཞིབ་འཇུག་བྱེད་རྒྱུར་རྒྱབ་སྐྱོར་དང་གོང་སྤེལ་གཏོང་བའི་སྦྱོང་བརྡར་དང་སློབ་གསོ་རྒྱུན་མཐུད་ནས་སྤྲོད་དགོས།
འགན་ལྔ་པ།
ཞིབ་འཇུག་སྦྱོང་བརྡར་མཁན་གྱི་ལྟ་རྟོག་པ་ཚོར་འོས་ཤིང་འཚམས་པའི་འཇོན་ཐང་དང་། ཕྱག་འཁྱེར་དང་མཐུན་རྐྱེན་བཅས་བསྐྲུན་དགོས།
འགན་དྲུག་པ།
འགན་འཁུར་ནས་ཞིབ་འཇུག་བྱེད་ཐབས་གོང་སྤེལ་དང་ཡར་རྒྱས་གོང་འཕེལ་ལ་གཏོང་མཁན། ཞིབ་འཇུག་གི་ཡང་དག་པའི་རང་བཞིན་ལ་སློབ་སྟོན་གནང་མཁན་ངོས་འཛིན་དང་ཁོང་རྣམ་པར་སྦྱོང་བརྡར་སྤྲོད་རྒྱུ་དང་། སྒྲིག་འགལ་བྱུང་ཡོད་པར་བློ་འཚབ་ཅན་རྣམས་ལ་ལམ་སྟོན་གནང་དགོས།
འགན་བདུན་པ།
ཞིབ་འཇུག་གི་གྲུབ་འབྲས་རྣམས་འགན་འཁུར་ཡོད་པའི་སྒོ་ནས་ཁྱབ་བརྡལ་ལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དགོས་ངེས་བྱུང་ན་དུས་ཐོག་ཡིག་ཆར་དག་བཅོས་བྱེད་དགོས།
འགན་བརྒྱད་པ།
བདེ་འཇགས་དང་ཡིད་རྟོན་རུང་བའི་སྒོ་ནས་གནས་བསྡུས་དང་། ཟིན་ཐོ། དཔྱད་གཞིའི་ཡིག་ཆ་གཙོ་བོ་བཅས་ཉར་ཚགས་དང་དོ་དམ་བྱ་རྒྱུའི་སྒྲིག་བཀོད་མཁོ་སྤྲོད་བྱེད་དགོས་པར་མ་ཟད། གནས་ཚུལ་འོས་ཤིང་འཚམ་པ་ཞིག་གི་འོག་ཏུ་བཅར་འདྲི་དང་དཔྱད་གཞིའི་ཡིག་རིགས་མཁོ་སྤྲོད་བྱེད་དགོས།
འགན་དགུ་པ།
སྒྲིག་ཁྲིམས་དང་འགལ་སྲིད་པའི་གནས་ཚུལ་ཤེས་རྟོགས་དང་སྔོན་འགོག་བྱེད་པའི་མཐུན་རྐྱེན་སྦྱོར་དགོས།
འགན་བཅུ་པ།
སྒྲིག་འགལ་འབྱུང་ཉེན་ལ་བློ་འཚབ་བམ་སྐྱོན་བརྗོད་བྱེད་སའི་ཐབས་ལམ་གོ་སྒྲིག་བྱེད་པ་དང་། སྒྲིག་འགལ་འབྱུང་ཉེན་ལ་རྩད་ཞིབ་དང་ཐག་གཅོད་བྱེད་དགོས།
འགན་བཅུ་གཅིག་པ།
སྒྲིག་འགལ་འབྱུང་ཉེན་གྱི་བློ་འཚབ་བམ་སྐྱོན་བརྗོད་རྣམས་ལ་ཞིབ་འཇུག་དང་སྟངས་འཛིན་བྱེད་པའི་ཐབས་ལམ་ནི་དུས་སུ་བབས་པ། དོན་ཐོག་འཁེལ་བ། བརྒྱུད་རིམ་དང་མཐུན་པ་ཡོང་ཐབས་བྱེད་དགོས།
འགན་བཅུ་གཉིས་པ།
སྒྲིག་འགལ་འབྱུང་ཉེན་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཕྱོགས་ཚང་མའི་བདེ་དོན་ལ་རྒྱབ་སྐྱོར་བྱེད་དགོས།
འགན་བཅུ་གསུམ་པ།
འབྱུང་སྲིད་པའི་གནས་སྟངས་ལ་དོ་མཉམ་ཡིན་པའི་བརྟག་དཔྱད་ཀྱི་མཇུག་འབྲས་ལ་གཞིགས་ནས། སྒྲིག་འགལ་གྱི་ཚབས་ཆེའི་རང་བཞིན་ལ་ཐག་གཅོད་ཀྱང་དེ་མཚུངས་བྱེད་དགོས།
ཞིབ་འཇུག་མི་སྣ་ཚོའི་འགན་འཁྲི།
ཞིབ་འཇུག་མི་སྣ་ཚོས་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་འགན་འཁུར་ནས་ཞིབ་འཇུག་བྱེད་ཚུལ་གྱི་རྩ་དོན་རྣམས་བརྩི་སྲུང་བྱེད་དགོས་པ་ཁག་ནི།
འགན་བཅུ་བཞི་པ།
རང་ཉིད་ཀྱི་གཙུག་ལག་སློབ་གླིང་དང་ལག་བསྟར་བྱེད་སའི་སྡེ་ཚན་ནང་འགན་འཁུར་ནས་ཞིབ་འཇུག་བྱེད་རྒྱུའི་གོམས་གཤིས་ལ་རྒྱབ་སྐྱོར་བྱེད་དགོས།
འགན་བཅོ་ལྔ་པ།
ཞིབ་འཇུག་མི་སྣ་དང་ཁོ་ཚོའི་ལྟ་རྟོག་འོག་ཡོད་པའི་ཞིབ་འཇུག་སྦྱོང་བརྡར་བྱེད་མཁན་རྣམས་ཀྱིས་འགན་འཁུར་ནས་ཞིབ་འཇུག་བྱེད་སྟངས་ལ་རྒྱུས་སྟོན་དང་ཁྲིད་སྟོན་གྱི་མཐུན་རྐྱེན་སྦྱོར་པ་དང། གལ་སྲིད་དགོས་གལ་བྱུང་ན། ཁོ་ཚོའི་བྱ་སྤྱོད་ལ་བྱ་ར་བྱེད་དགོས།
འགན་བཅུ་དྲུག་པ།
འགན་འཁུར་ནས་ཞིབ་འཇུག་བྱེད་ཐབས་སྐོར་གྱི་ཤེས་ཡོན་ཡར་རྒྱས་དང་སྦྱོང་བརྡར་ལྷུར་ལེན་བྱེད་དགོས།
འགན་བཅུ་བདུན་པ།
འགན་འཁུར་ནས་ཞིབ་འཇུག་བྱེད་ཐབས་ལ་འབྲེལ་ཡོད་ཀྱི་ཁྲིམས་དང་། སྒྲིག་གཞི། སྒྲིག་ཁྲིམས་ཀྱི་ཚད་གཞི། ཀུན་སྤྱོད་ཀྱི་རྩ་འཛིན། གཙུག་ལག་སློབ་གླིང་གི་སྲིད་ཇུས་བརྩི་སྲུང་བྱེད་དགོས། ཞིབ་འཇུག་མ་བྱས་གོང་ནས་ཚུལ་ལྡན་གྱི་ཆོག་མཆན་རྣམས་ཐོབ་དགོས་པ་དང་། ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་ཆོག་མཆན་གྱི་ཆ་རྐྱེན་རྣམས་འགྱུར་པ་མེད་པར་ཉམས་སུ་ལེན་དགོས།
འགན་བཅོ་བརྒྱད་པ།
འགྲོ་བ་མིའི་རིགས་ལ་ཞིབ་འཇུག་སྐབས་ཞིབ་འཇུག་གི་རིན་ཐང་དང་། ཆ་ཚང་རང་བཞིན། དྲང་བདེན་དང་། ཕན་ཐོགས། བརྩི་བཀུར་བཅས་བྱེད་པའི་བཟང་སྤྱོད་དོན་འཁྱོལ་ཡོང་བ་བྱེད་དགོས།
འགན་བཅུ་དགུ་པ།
གདོད་མའི་མི་རིགས་(Aboriginal and Torres Strait Islander peoples) ལྷན་ཏུ་མཉམ་ལས་བྱེད་སྐབས་ཁོ་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ཁག་དང་ས་གནས་ཀྱི་ཁྲིམས་ལུགས། གོམས་སྲོལ། གོ་བབས་བཅས་ལ་བརྩི་སྲུང་བྱེད་དགོས།
འགན་ཉི་ཤུ་བ།
ཞིབ་འཇུག་གི་ནང་སྲོག་ཆགས་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཆ་ཚང་ཁྲོད་དུ་རྩ་དོན་གསུམ་སྟེ། བརྗེ་ཚབ། ཉུང་འཕྲི། ལེགས་བཅོས་བཅས་རྩི་འཇོག་བྱས་ཏེ་སྲོག་ཆགས་རྣམས་ལ་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས། སེམས་ཅན་དེ་དག་གི་བདེ་ཐང་དང་། བདེ་སྡུག་ལ་རྒྱབ་སྐྱོར་བྱེད་དགོས།
འགན་ཉེར་གཅིག་པ།
ཞིབ་འཇུག་གི་དམིགས་ཡུལ་ལ་འཚམས་པའི་བྱེད་ཐབས་སྤྱད་དེ། མཐའ་མའི་ཐག་གཅོད་རྣམས་མཇུག་འབྲས་དང་མཐུན་པ་བྱེད་དགོས།
འགན་ཉེར་གཉིས་པ།
ཞིབ་འཇུག་གི་གནས་བསྡུས་(གཞི་གྲངས་) དང་རྨང་གཞིའི་རྒྱུ་ཆ་ཚུད་པའི་ཡིག་ཆ་ཡོད་ཚད་གསལ་པོ་དང་། ནོར་འཁྲུལ་མེད་པ། བདེ་འཇགས་བཅས་ཀྱི་སྒོ་ནས་ཉར་འཚགས་བྱེད་དགོས།
འགན་ཉེར་གསུམ་པ།
ཞིབ་འཇུག་གི་གྲུབ་དོན་རྣམས་འགན་འཁུར་ཡོད་པ་དང་། ནོར་འཁྲུལ་མེད་པ། རྒྱ་ཁྱབ་ཏུ་འགྲེམས་སྤེལ་བྱེད་རྒྱུ་དང་། དགོས་གལ་བྱུང་ན། ཡིག་ཆ་ལ་དུས་དང་འཚམས་པའི་ནོར་བཅོས་སམ་ཡོ་བསྲང་བྱེད་དགོས།
འགན་ཉེར་བཞི་པ།
ཁེ་ཕན་ནང་འཛིང་དངོས་སུ་བྱུང་བ་དང་། འབྱུང་ཉེན་ཡོད་པ། ཤེས་རྟོགས་བྱུང་བའི་རིགས་ཕྱིར་བསྒྲགས་དང་སྟངས་འཛིན་བྱེད་དགོས།
འགན་ཉེར་ལྔ་པ།
ཞིབ་འཇུག་གི་རྩོམ་པ་པོ་ནི། ཞིབ་འཇུག་གི་གྲུབ་དོན་ལ་རྣམ་དཔྱོད་དང་མཁས་པའི་ལེགས་སྐྱེས་ཆེན་པོ་འབུལ་མཁན་དང་། ཁོ་ཚོ་རྩོམ་པ་པོ་མཚན་ཐོའི་འཇོག་པར་མོས་མཁན་ཁོ་ན་ཡིན་པས་དེ་ལྟར་ཡོང་བར་འབད་རྩོལ་ཞུ་དགོས།
འགན་ཉེར་དྲུག་པ།
ཞིབ་འཇུག་ལ་མཐུན་སྦྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཞུ་དགོས།
འགན་ཉེར་བདུན་པ།
ལུང་འདྲེན་དང་གཞན་པའི་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་ལ་ངོས་འཛིན་ནོར་འཁྲུལ་མེད་པ་དང་འོས་འཚམས་ཀྱི་སྒོ་ནས་སྒྲུབ་དགོས།
འགན་ཉེར་བརྒྱད་པ།
ཆེད་ལས་གཅིག་པའི་བསྐྱར་ཞིབ་སྐབས་སུ་དྲང་པོ་དྲང་བཞག་དང་། རྩལ་འདོན་པ། དུས་དང་འཚམས་པ་བྱེད་རྒྱུ་དང་། བརྗོད་བྱའི་གསང་པ་གཅེས་ཉར་བྱེད་དགོས།
འགན་ཉེར་དགུ་པ།
སྒྲིག་གཞི་གཏོར་བཤིག་གཏོང་གི་ཡོད་པའི་དོགས་གཞི་བྱུང་ཚེ་འབྲེལ་ཡོད་ཀྱི་ཚོགས་སྡེ་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས།
ཐ་སྙད་ཁག་གི་འགྲེལ་བརྗོད།
རྩ་དོན་གསུམ་ནི།
གོ་རིམ་ལྡན་པའི་སྒྲོམ་གཞི་ཞིག་གི་རྨང་གཞི་ཐོག་སྙིང་རྗེའམ་ཕན་སེམས་ཀྱི་ཐབས་ལམ་ལག་ལེན་དོན་འཁྱོལ་ཡོང་བའི་རྩ་དོན་གསུམ་སྟེ། དེ་དག་ནི། སྲོག་ཆགས་སེམས་ཅན་གྱི་ཚབ་ཏུ་ཐབས་ལམ་གཞན་བཀོལ་བ་དང་། སྲོག་ཆགས་སེམས་ཅན་བཀོལ་སྤྱོད་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་བ། ཡ་རབས་ཀྱི་ཐབས་ལམ་བཀོལ་ནས་སྲོག་ཆགས་སེམས་ཅན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བ་བཅས་ཡིན།
ཚོད་རྩིས་ཀྱི་ཁྱད་པར།
ཁུངས་སྐྱེལ་བྱེད་དུས་སྤྱི་དམངས་ཀྱི་ཚད་གཞི་དགོས་པ་དེ་བདེན་དཔང་གི་སྲང་ལ་བཀྱགས་པའི་ཚེ། སྒྲིག་འགལ་བྱུང་བ་ལས་འབྱུང་ཉེན་ཆེ་བའི་ཕྱོགས་སུ་སོང་བ་ལ་ཟེར།
སྒྲིག་འགལ།
སྒྲིག་གཞིར་འཁོད་ཡོད་པའི་འགན་འཁྲི་དང་རྩ་དོན་ཁག་སྲུང་བརྩི་མ་བྱས་པ་ལ་ཟེར། དེ་ནི་སྒྲིག་འགལ་གཅིག་བྱས་པའམ་ཡང་ན་ཐེངས་མང་པོར་བྱས་པ་གང་རུང་ལ་ཟེར།
ཁེ་ཕན་ནང་འཛིངས།
རང་དབང་ལྡན་པའི་ལྟ་ཞིབ་པ་ཞིག་བརྟག་དཔྱད་གནས་སྐབས། ཆེད་ལས་མི་སྣའི་བྱ་སྤྱོད་དམ་མི་སྣ་དེ་ལ་ཁེ་ཕན་གཞན་གྱིས་ཚུལ་དང་མི་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་པ་དེ་རྒྱུ་མཚན་ལྡན་པའི་སྒོ་ནས་ཐག་གཅོད་བྱུང་སྐབས་ཁེ་ཕན་ནང་འཛིང་གི་གནས་སྟངས་བྱུང་བ་ཡིན། དེ་ཡང་དཔལ་འབྱོར་རམ་ཡང་ན་དཔལ་འབྱོར་ལ་འབྲེལ་བ་མེད་པའི་ཁེ་ཕན་ནང་འཛིང་གི་རིགས་ཤེས་རྟོགས་བྱུང་བ་དང་། འབྱུང་ཉེན་ཡོད་པ། དངོས་འབྲེལ་བྱུང་བ་བཅས་ལ་ཟེར།
ཚོགས་སྡེ། (སློབ་གཉེར་ཁང་། ལྟེ་གནས། ཚོགས་པ་སྒྲིག་འཛུགས། སྒྲིག་འཛུགས། ལྷན་ཁང་)
ཚོགས་སྡེ་ནི། གཙུག་ལག་སློབ་གྲྭ་ཆེན་མོ་ཁག་དང་། རང་དབང་ཅན་གྱི་ཞིབ་འཇུག་གི་ལྟེ་གནས་ཁག སྨན་ཁང་ཁག་གམ་ཡང་ན། ཞིབ་འཇུག་བྱེད་པའི་ཚོགས་པ་གཞན་བཅས་ལ་གོ་དགོས། ཚོགས་སྡེ་གཅིག་གམ་དུ་མ་ལ་གོ་ཆོག
ཆེད་ལས་གཅིག་པའི་བསྐྱར་ཞིབ།
ཁྱབ་ཁོངས་གཅིག་གམ་ཡང་ལ་འབྲེལ་ཡོད་ཀྱི་ཁྱབ་ཁོངས་ནས་ཕྱག་ལས་གནང་མཁན་གྱིས་ཕྱོགས་རིས་མེད་པ་དང་། རང་དབང་ལྡན་པའི་སྒོ་ནས་དཔྱད་ཞིབ་བྱེད་པ་ལ་ཟེར།
ཞིབ་འཇུག
ཞིབ་འཇུག་གི་གོ་དོན་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པ་སྟེ། དེའི་ནང་ཤེས་ཡོན་གསར་པ་བཟོ་འདོན་བྱེད་པའམ། ཡང་ན་ཤེས་ཡོན་རྙིང་པ་ཞིག་ལ་ཐབས་ལམ་གསར་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བསམ་ཚུལ་དང་། ཐབས་ཚུལ། གསར་བཟོ། ཤེས་རྟོགས་གསར་པ་གོང་འཕེལ་བཏང་བ་སོགས་ཚུད་ཡོད། དེའི་ནང་ཞིབ་འཇུག་རྫས་རིགས་སྡེབ་སྦྱོར་དང་དབྱེ་ཞིབ་བརྟག་དཔྱད་ཀྱི་ཁྱབ་ཁོངས་སུ་གསར་པའམ་གསར་གཏོད་བྱེད་པ་ཡང་ཚུད་ཆོག་པ་ཡིན།
(རྫས་རིགས་སྡེབ་སྦྱོར་ནི། རང་བྱུང་གི་ཁམས་ཀྱི་རྫས་དུ་མ་བསྲེ་སྦྱོར་བྱས་པ་ལས་བཅོས་མའི་དངོས་པོ་བསྐྲུན་ཐབས། རྫས་སྦྱོར། བཅོས་སྦྱོར་བྱས་པ་ཟེར། དབྱེ་ཞིབ་བརྟག་དཔྱད་ནི། ཞིབ་ཏུ་དབྱེ་བ། སོ་སོར་ཕྲལ་དེ་བརྟག་ཞིབ་བྱེད་པ། རྫས་སམ་ཆ་ཤས་སོ་སོར་དབྱེ་བ། གྲུབ་ཆའི་རྫས་སམ་གའ་ཆེའི་ཆ་ཤས་སོ་སོར་དབྱེ་བ་ལ་ཟེར།)
ཞིབ་འཇུག་ཕྱིན་ཅི་ལོག་པ།
སྒྲིག་འགལ་ཚབས་ཆེན་བྱས་པ་སྟེ། ཆེད་མངགས་སམ་བསམ་བཞིན་དུ་བྱས་པ་དང་། སྣང་མེད་དམ་ལྷོད་གཡེང་ཤོར་བ་བཅས་ལ་ཟེར།
ཞིབ་འཇུག་མི་སྣ།
གང་ཟག་གཅིག་གམ་གང་ཟག་མང་པོས་ཞིབ་འཇུག་བྱེད་པ་དང་ཞིབ་འཇུག་བྱེད་རྒྱུར་རོགས་རམ་བྱས་པ་ཟེར།
སྒྲིག་གཞིའི་འཕེལ་རིམ།
སྒྲིག་གཞི་འདི་ནི་རྒྱལ་ཡོངས་འཕྲོད་བསྟེན་དང་གསོ་རིག་ཞིབ་འཇུག་ལྷན་ཚོགས། ཨོ་སི་ཊོ་ལི་ཡའི་ཞིབ་འཇུག་ལྷན་ཚོགས། ཨོ་སི་ཊོ་ལི་ཡའི་གཙུག་ལག་སློབ་གླེང་བཅས་ཀྱི་མཉམ་འབྲེལ་ཐོག་ཡར་རྒྱས་བཏང་བ་ཞིག་ཡིན་ལ། ༡༩༩༢ ལོའི་རྒྱལ་ཡོངས་འཕྲོད་བསྟེན་དང་གསོ་རིག་ཞིབ་འཇུག་ལྷན་ཚོགས་ཀྱི་ཁྲིམས་འོག་ཏུ་ཆེད་ལས་མཁས་པའི་ཚོགས་ཆུང་ཞིག་ནས་ཡར་རྒྱས་སུ་བཏང་བ་དང་། ཚོགས་མི་རྣམས་ཀྱི་མཚན་གཞུང་གཤམ་གསལ་ལྟར་ཡིན།
སྒྲིག་གཞི་འདི་ཐོག་ཕྱག་ལས་གནང་མཁན་གྱིས་མཁས་དབང་རྣམ་པའི་མཚན་ཐོ་གཤམ་གསལ་ལྟར་ཡིན།
– – – – –