དགེ་རྒན་ཆེན་མོ་ཊུ་རེལ་ཝའེ་ལེ་མཆོག་གིས་གཏན་འབེབས་གནང་བའི་བོད་ཡིག་གཅིག་གྱུར་གྱི་སྒྲ་འབེབ་[1]བྱེད་ཚུལ།
བོད་པའི་གཏམ་དཔེར།
“ལུང་པ་རེ་ལ་སྐད་ལུགས་རེ།། བླ་མ་རེ་ལ་ཆོས་ལུགས་རེ།།”[2] ཞེས་པའི་སྟེང་དུ། མཁས་པ་རེ་ལ་སྒྲ་འབེབ་རེ།། ཞེས་ཁ་སྣོན་བྱས།
བོད་ཀྱི་སྐད་ཡིག་རོ་མན་གྱི་ཡི་གེར་སྒྲ་ཕབ་བྱས་པ་ལས་ལྷག་པའི་མཁས་པའི་རང་དབང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི་བདེན་དཔང་གཞན་ཞིག་ཕལ་ཆེར་ཡོད་མི་སྲིད། སྤར་སྐྲུན་བྱས་ཟིན་པའི་བོད་རིག་པའི་མཁས་དབང་བཅུ་གཉིས་ཀྱི་སྒྲ་ཕབ་བྱེད་ཚུལ་མི་འདྲ་བ་བཅུ་གཉིས་ཀྱི་བརྩམས་ཆོས་ལ་གཞིགས་ན། བསྐུང་རྟགས་(apostrophes) དང་སྒྲ་རྟགས། (diacritical marks) གྷི་རིག་གི་གྷ་མ་དང་།(Greek gammas) ཡིག་ཆེན་(capital) གསེག་ཡིག(italic letters) སོགས་མང་པོ་ཞིག་འདུག
ལག་ལེན་གྱི་ཁྲོད་དུ་བྱུང་བའི་སྒྲ་ཕབ་ཡི་གེ་འགའ་ཞིག་ནི་སེམས་འགུལ་ཐེབས་ནུས་ཀྱང་འགྲེལ་བཤད་གནང་ཁག་པོ་འདུག །དཔེར་ན། ཅོ་མ་ དི། ཁོ་རོ་སིའི་[3] རྩོམ་ཡིག་ཅིག་གི་ནང་དུ་ང་ལ་སྒྲ་ཕབ་ཚུལ་གཉིས་འདུག །དང་པོ་མིང་གཞིའི་སྐབས་སུ་ n (ན) ལ་རྐན་དང་ལྕེ་རྩེའི་སྒྲ་གདངས་མཚོན་བྱེད་སྣ་སྒྲ་ཅན་གྱི་རྟགས(~tilde)བཏགས་པ་མ་གཏོགས། རྐན་སྦུག་དང་ལྕེ་རྩེའི་རྩོལ་བ་ལས་བྱུང་བའི་སྣ་སྒྲ་ཅན་གྱི་རྟགས་བཀོད་མེད། ཡིན་ན་ཡང་རྗེས་མཇུག་སྐབས་སུ་ང་སྒྲ་ཕབ་བྱེད་ཚུལ་(-ng) འདི་ལྟར་བྲིས་འདུག །ཡང་ཁོང་གི་རྩོམ་ཡིག་དེའི་ནང་ཧ་དང་འ་གཉིས་ཀའི་སྒྲ་ཕབ་ཡི་གེ་ h ཡིས་མཚོན་པར་བྱས་འདུག །སྔོན་འཇུག་སྐབས་རྐན་སྦུག་དང་ལྕེ་རྩེའི་རྩོལ་བའི་ཡི་གེ་ h དེ་གསེག་ཡིག་ཏུ་བྲིས་ཡོད་པས་གཞན་ལས་ཁྱད་པར་ཆེ། སྤྱིར་རྩོམ་ཡིག་དེའི་ནང་དུ་སྔོན་འཇུག་ལྔ་ཀར་གསེག་ཡིག་ཏུ་ཕབ་ཡོད་པས་ཁྱད་པར་འདི་ཆེད་དུ་དམིགས་ནས་ཕྱེས་པ་ཞིག་མ་རེད། གཞན་མིང་གཞིའི་སྐབས་ཀྱི་འ་དང་རྗེས་མཇུག་སྐབས་ཀྱི་འ་གཉིས་ཀར་རྐན་སྦུག་དང་ལྕེ་རྩེའི་རྩོལ་བའི་ཁྱད་པར་ཕྱེས་མི་འདུག །
གཤམ་དུ་བོད་ཡིག་གི་སྒྲ་འབེབ་བྱེད་ཚུལ་རྣམས་མཚུངས་བསྡུར་གྱི་སྒོ་ནས་རེའུ་མིག་ཅིག་བཀོད་ཡོད།
- ཅོ་མ་ དི། ཁོ་རོ་སི། (Csoma de Körös) བོད་འགྱུར་ཐོར་བུ། བྷང་གལ་ཨེ་ཤེ་ཡའི་སྤྱི་ཚོགས་དུས་དེབ། (Journal of the Asiatic Society of Bengal I) འདོན་ཐེངས་དང་པོ། (༡༨༣༢) ཤོག་གྲངས། ༢༦༩
- ཡ་ཤ་ཁེ། (Jäschke) བོད་ཨིན་ཚིག་མཛོད། (ལོན་ཏོན། ༡༨༨༡)
- ཙནྡྲ་དཱ་ས། (Das) བོད་ཨིན་ཚིག་མཛོད། ( ཀ་ལི་ཀ་ཏ། ༡༩༠༢)
- ཕ་རན་ཁི། (Francke) ལ་དྭགས་སྨད་ཀྱི་གེ་སར་སྒྲུང་། (ཀ་ལི་ཀ་ཏ། ༡༩༠༥)
- ཧན་ནཱ། (Hann) བོད་ཀྱི་བརྡ་སྤྲོད། (ཀ་ལི་ཀ་ཏ། ༡༩༡༢)
- བྷཊཊཱཙརྱ། (Bhattacharya) བྷོཊ་པྲཀཱཤ (བོད་སྐད་རབ་གསལ) བོད་ཡིག་སྦྱོང་ཚན་རྩོམ་དུམ། (ཀ་ལི་ཀ་ཏ། ༡༩༣༩)
- རོའེ་རིག (Roerich) དེབ་ཐེར་སྔོན་པོ། པོད་གཉིས། (ཀ་ལི་ཀ་ཏ། ༡༩༤༩། ༡༩༥༣)
- ཏུའུ་ཅི། (Tucci) བོད་བཙན་པོའི་བང་སོ། ཤར་རོ་མན་གྱི་དེབ་ཕྲེང་དང་པོ།(Serie Orientale Roma, I) (རོམ། ༡༩༥༠)
- ནོ་སྦེལ། (Nobel) གསེར་འོད་དམ་པ་མདོ། པོད་གཉིས། (ལེ་དན། ༡༩༤༤། ༡༩༥༠)
- ཡོ་ཤི་མུ་ར། Yoshimura, བོད་བརྒྱུད་ནང་བསྟན་རིག་པ། (ཀྱོ་ཏོ། ༡༩༥༣)
- ནེ་སྦེ་སེ་ཀེ-ཝོ་ཡེ་ཁོ་ཝེ་ཛ། (Nebesky-Wojkowitz) བོད་ཀྱི་ལྷ་འདྲེའི་སྐོར། (དེ་ཧརྒུ། 1956)
- ཕེར་ར་རི། (Ferrari) མཁྱེན་བརྩེས་མཛད་པའི་དབུས་གཙང་གནས་ཡིག །ཤར་རོ་མན་གྱི་དེབ་ཕྲེང་བཅུ་དྲུག་པ། (Serie Orientale Roma, XVI) (རོམ། ༡༩༥༨)
བོད་ཡིག་སྒྲ་ཕབ་ལ་མི་མཐུན་པའི་དཔེ་མཚོན་གྲངས་ལས་འདས་པ་ཡོད་ཀྱང་འདིར་དེའི་ནང་ནས་དཔེ་མཚོན་གཉིས་བཀོད་ཡོད། དཔྱད་རྩོམ་འདིའི་དམིགས་ཡུལ་ནི་དཔེར་མཚོན་དེ་དག་གི་མི་འདྲ་བ་གྲངས་འདྲེན་བྱ་རྒྱུ་དེ་མིན་པར། མ་འོངས་པར་དཔེ་དེབ་ཁག་ཏུ་དེ་དག་གི་མི་མཐུན་པའི་ཆ་རྣམས་བསལ་ཏེ་གཅིག་གྱུར་ཡོང་བའི་ཁོར་ཡུག་ཅིག་བསྐྲུན་ཆེད་ཡིན། བོད་རིག་པར་སློབ་གཉེར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ལ་གཞིགས་ན། ད་ལྟ་བོད་ཡིག་གི་སྒྲ་འབེབ་བྱེད་ཚུལ་ཞིག་གཏན་འབེབས་བྱ་རྒྱུར་བསམ་གཞིགས་ནན་པོ་བྱེད་དགོས་པ་མངོན་གསལ་རེད། བོད་རིག་པའི་ཞིབ་འཇུག་འཕེལ་རྒྱས་ལ་མཐུན་རྐྱེན་དང་གཅིག་གྱུར་གྱི་སྒྲ་འབེབ་ཚད་ལྡན་ཞིག་བཟོ་ཆེད། རང་དབང་ཅན་གྱི་སྒྲ་འབེབ་རྣམས་དོར་དགོས་པའི་དུས་ལ་བབས་ཡོད། བོད་ཡིག་གི་དག་ཆ་དང་སྐད་ཀྱི་སྒྲ་གདངས་གཉིས་ཀ་ཡང་དག་པར་མཚོན་ཐུབ་པའི་སྒྲ་ཕབ་ཀྱི་ལམ་ལུགས་གཅིག་གྱུར་ཞིག་བཟོ་དཀའ་ནའང་། དག་ཆ་དང་སྒྲ་གདངས་སྣ་ཚོགས་ཡོད་པ་ནི་ཚད་ལྡན་གྱི་སྒྲ་ཕབ་ཡིག་གཟུགས་གཏན་འབེབས་བྱས་ཟིན་པའི་སྐད་རིགས་གཞན་དག་ལའང་ཡོད་པས་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན། རྩོམ་ཡིག་འདིའི་དམིགས་ཡུལ་ནི་མཁས་པའི་དཔྱད་རྩོམ་ནང་དུ་མཁོ་བའི་ཚད་ལྡན་གྱི་སྒྲ་འབེབ་ཡི་གེ་གཏན་འབེབས་བྱ་རྒྱུ་དེ་ཡིན།
བོད་ཡིག་སྒྲ་འབེབ་བྱེད་ཚུལ་ལ་ཚད་གཞི་ཅི་ཞིག་དགོས་སམ་ཞེ་ན། དེ་ནི་རྙོག་འཛིང་ཉུང་ཞིང་ཚད་ལྡན་གྱི་ཡི་གེ་གཏགས་ཐབས་མཛུབ་གནོན་དཔེར་ན། སྒྲ་རྟགས་ཆེད་དུ་མཛུབ་གནོན་དམིགས་བསལ་མེད་པའི་ཡི་གེ་གཏགས་ཐབས(typewriter)ཐོག་ཀྱང་ཡི་གེ་བྲིས་ཐུབ་པ་ཞིག་དགོས། སྒྲ་རྟགས་རྣམས་ལག་པས་འབྲི་བའམ་འཕྲུལ་ཆས་ཀྱིས་འབྲི་བ་གཉིས་ཀར་མཁས་པ་རྣམས་ཀྱིས་དུས་ཚོད་མང་པོ་ཞིག་གཏོང་དགོས་པ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་མཛུབ་གནོན་ཡིག་འབྲུ་སྒྲིག་མཁན་གྱིས་རྒྱུན་དུ་མཁས་པའི་འདོད་མོས་ལྟར་ཡི་གེ་གཏགས་ཐབས་བཟོ་བར་མཉམ་ལས་མི་བྱེད་པའང་སྲིད། གལ་སྲིད་དེ་འདྲ་བྱས་ན་སྒྲ་རྟགས་དེ་རིགས་འགོད་རྒྱུ་མ་བྱུང་བའི་རྐྱེན་གྱིས་སྤར་སྐྲུན་བྱེད་སྐབས་ཡིག་ནོར་ཤོར་བའི་ནོར་འཁྲུལ་མང་པོ་འབྱུང་གི་ཡོད། དཔེར་ན། རྐན་སྦུག་དང་ལྕེ་རྩའི་རྩོལ་བ་ལས་བྱུང་བའི་སྒྲ་གདངས་མཚོན་བྱེད་ (ng) འབྲི་སྐབས་ན(n)ཡི་སྟེང་དུ་སྣ་སྒྲའི་རྟགས་ཐིག་མ་བཀོད་པའི་ཡིག་ནོར་བྲིས་པ་ཡོངས་གྲགས་རེད།
དཔེར་ན། སྒྲ་རྟགས་ཡི་གེའི་དགོས་པ་ནི་སྒྲ་གདངས་གསལ་པོ་སྟོན་པའི་ཆེད་དུ་ཡིན་ཞིང་། དེ་ནི་སྒྲ་གདངས་ཀྱི་སྒྲ་འབེབ་ཡི་གེ་འབྲི་དུས་མེད་ཐབས་མེད་པ་ཞིག་རེད། འོན་ཀྱང་། ཡི་གེ་དག་ཐབས་ནང་ལ་སྒྲ་རྟགས་ཡི་གེ་གལ་ཆེན་པོ་མིན། ཚད་བཀག་ལྡན་པའི་རྙོག་འཛིང་ཅན་གྱི་སྒྲ་འབེབ་ཡི་གེ་མ་ལག་གང་ཡིན་རུང་། དེ་ནི་མཁས་པ་དང་སྤར་སྐྲུན་པ། ཀློག་པ་པོ་བཅས་ཀྱི་དུས་ཚོད་འཕྲོ་བརླག་ཏུ་གཏོང་། སྟབས་ལེགས་པ་ཞིག་ལ་རྒྱུན་ལྡན་མིན་པའི་སྒྲ་འབེབ་བྱེད་ཚུལ། གྷི་རིག་གི་གྷ་མས(Γγ)མཚོན་པའི་སྔོན་འཇུག་ག(g)དང་། ཡ་ཤི་ཁེ་ཡིས་[4]བེད་སྤྱོད་བཏང་བའི་སྔོན་འཇུག་འ་མཚོན་བྱེད་ཀྱི་གོར་ཐིག་དེར་རྒྱབ་སྐྱོར་ཐོབ་མེད། དེ་ལས་ལྡོག་སྟེ། དབུགས་རྔུབ་སྒྲ་གདངས་མེད་པ་ལས་ཡོད་པའི་ཁྱད་པར་སྟོན་ཆེད་[5]དང་གོ་ཉིས་ཆོད་ཀྱི་འ་ཡིག་མཚོན་བྱེད་དུ་བེད་སྤྱོད་བྱས་པའི་བསྐུང་རྟགས(’)དེ་མཁས་པ་འགའ་ཤས་ཀྱིས་ད་དུང་ཡང་བེད་སྤྱོད་བྱེད། འོན་ཀྱང་ལེགས་སྦྱར་སྐད་ཡིག་ནང་(h)ཡིས་དབུགས་རྔུབ་སྒྲ་གདངས་མཚོན་བྱེད་ཀྱི་སྒྲ་ཕབ་བྱེད་པ་ནང་བཞིན། བོད་ཡིག་ནང་(h)ཡིས་དབུགས་རྔུབ་སྒྲ་གདངས་མཚོན་པས་བསྐུང་རྟགས་ཀྱི་བྱ་བ་གཉིས་ལྡན་བྱེད་པའི་དཀའ་ངལ་སེལ་ཞིང་རྙོག་འཛིང་ཅན་ཉུང་དུ་གཏོང་བར་བྱས།
རྗེས་མཇུག་འ་ཡིག་མཚོན་བྱེད་དུ་བསྐུང་རྟགས(’)བེད་སྤྱོད་བྱེད་པ་དཔེར་ན་མདའ་(mda’)ལྟ་བུ་ནི་དགོས་མེད་ཡིན་ལ། རྒྱུ་མཚན་ནི། མདའ་དེ་བསྐུང་རྟགས་མེད་པར(mda) བྲིས་ནའང་དོན་ལ་རྗེས་འཇུག་འ་ཡིག་ཡོད་པ་དེ་གཅིག་པུ་ལས་ཡི་གེ་དག་པ་གཞན་དུ་བཅོས་སུ་མེད། འོན་ཀྱང་། ཚད་ལས་བརྒལ་བའི་རྙོག་འཛིང་ཆེ་ནའང་སྐབས་འདིར་བསྐུང་རྟགས་འདི་(’)བེད་སྤྱོད་བྱས་ཏེ་སྒྲ་འབེབ་བྱེད་ཚུལ་དེ་རང་སོར་འཇོག་དགོས་པ་ནི་སྒྲ་འབེབ་རན་པོ་ཞིག་ཡོང་པའི་ཆེད་དུ་ཡིན།
རྩོམ་ཡིག་འདིའི་ནང་གོ་བསྡུར་ཞུ་རྒྱུའི་གནད་དོན་མཐའ་མ་དེ་ནི་མིང་གཞི་དེ་ཡིག་ཆེན་དུ་འགོད་རྒྱུ་དེ་རེད། སྔོན་འཇུག་གི་ཡི་གེ་མིང་གཞི་དང་ཁྱད་པར་དུ་གསལ་སྟོན་འབྱེད་འདོད་ཀྱི་བསམ་བློ་ནི་བོད་རིག་པའི་ཞིབ་འཇུག་པའི་ཁྲོད་དུ་སྔ་མོ་ནས་བྱུང་ཡོད། དཔེར་ན། གོང་དུ་བརྗོད་པའི་ ༡༨༣༢ ལོར་བྲིས་པའི་ཅོ་མ་ དི་ ཁོ་རོ་སིའི་རྩོམ་ཡིག་གི་ནང་དུ་སྔོན་འཇུག་གི་ཡི་གེ་ཚང་མ་གསེག་ཡིག་ཏུ་སྤར་ཡོད། སྟབས་ལེགས་པ་ཞིག་ལ་དཀའ་ཚེགས་ཅན་གྱི་ལག་ལེན་དེ་ཉམས་ཟིན། རྩོམ་ཡིག་དེའི་ནང་མིང་ཚིག་གི་ཡིག་འབྲུ་དང་པོ་དེ་ཡིག་ཆེན་དུ་བཀོད་ཡོད་པར་མ་ཟད། ཡིག་འབྲུ་དེ་སྔོན་འཇུག་ཡིན་པ་གང་ཞིག་ལ་གསེག་ཡིག་ཏུ་བྲིས་ཡོད་ནའང་ཡིག་ཆེན་དུ་བཀོད་ཡོད། སྔོན་འཇུག་གསེག་ཡིག་ཏུ་བཀོད་པའི་རྒྱུན་སྲོལ་ཉམས་པ་དང་ཡིག་འབྲུ་ཐོག་མ་དེ་ཡིག་ཆེན་དུ་བྲིས་སྲོལ་ཡང་ཉམས་པས་མིང་གཞི་ཡིག་ཆེན་དུ་འབྲི་སྲོལ་བྱུང་། དེ་ནི་མིང་གཞི་ཡིག་ཆེན་དུ་འབྲི་སྲོལ་ཐོག་མར་བྱུང་བ་ཡིན།
མིང་གཞི་ཡིག་ཆེན་འབྲི་སྟངས་ཐོག་ལ་རྩ་བའི་རྩོད་གཞི་གཉིས་བྱུང་ཡོད་ལ། རྩོད་གཞི་དེ་གཉིས་ཀར་ཉམས་མྱོང་ཚད་ལྡན་གྱི་སྒོ་ནས་བརྟག་དཔྱད་བྱས་པའི་རྒྱུ་མཚན་ཡང་དག་ཅིག་མེད། ཚིག་མཛོད་དང་འབྲེལ་བའི་རྩོད་གཞི་ནི་བོད་ཡིག་ཚིག་མཛོད་ནང་དུ་ཚིག་འབྲུ་འཚོལ་སྐབས་ཚིག་འབྲུ་དེའི་མིང་གཞི་ལ་བལྟས་ནས་ཀློག་པ་པོས་ལས་སླ་པོ་ངང་ཚིག་དེ་རྙེད་དུ་འཇུག་པའི་རྒྱུ་མཚན་གྱིས་ཡིན་པ་དེ་ཡིན། འོན་ཀྱང་། གལ་སྲིད་ཀློག་པ་པོ་གང་ཞིག་ཚིག་མཛོད་ནང་དུ་འཁོད་པའི་བོད་ཡིག་ལ་རྒྱུས་མངའ་ལྡེང་ངེས་ཡོད་ན། མིང་གཞི་ཡིག་ཆེན་དུ་མ་བྲིས་ནའང་ཚིག་མཛོད་ནང་གི་མིང་ཚིག་རྙེད་ཐུབ་པའི་ཚོད་དཔག་བྱས་ན་མི་རུང་ངམ། དེ་ལྟར་ཉེན་ཁ་ཡོད་མེད་གང་ལྟར་ཡང་། མིང་གཞིར་ཡིག་ཆེན་བཀོལ་སྤྱོད་བྱེད་མཁན་རྣམས་ནས་ཀློག་པ་པོར་ཚིག་མཛོད་བེད་སྤྱོད་བྱེད་སྟངས་ལམ་ལུགས་གསལ་བཤད་བྱས་མེད་པ་ཚོད་དཔག་བྱེད་ཐུབ། གཞན་ཡང་སྒྲ་འབེབ་ཡི་གེ་ཡོད་པའི་སྤར་སྐྲུན་ཟིན་པའི་དཔྱད་རྩོམ་ནང་དུ། ཚིག་ཕྲེང་ནང་གི་ཚིག་ཐོག་མ་ཁོ་ནའི་མིང་གཞི་དེ་ཡིག་ཆེན་དུ་བཀོད་པ་ལས་གཞན་གསལ་མེད།[6] དཔེ་མཚོན་ཞིག་བརྗོད་ན། ཉེ་ཆར་སྤར་སྐྲུན་བྱས་པའི་རྩོམ་ཡིག་ཅིག་གི་ནང་ཤོག་གྲངས་སུམ་ཅུ་སོ་གསུམ་ཅན་གྱི་བོད་ཡིག་དཔེ་དེབ་ཅིག་སྒྲ་ཕབ་བྱས་ཏེ་མིང་གཞི་ཡིག་ཆེན་དུ་བཀོལ་སྤྱོད་བྱས་པའི་ནང་མིང་གཞི་གཅིག་ཁོ་ནར་ཡིག་ཆེན་སྦྱར་བ་ནི་ཚིག་ཕྲེང་ཞིག་གི་མིང་ཚིག་དང་པོའི་མིང་གཞི་ཐོག་མ་ལ་ཡིག་ཆེན་སྦྱར་བ་ཙམ་ལས་མེད་པ་ལྟ་བུ་རེད།
མིང་ཚོགས་འདུས་པའི་མིང་གཞི་དང་པོ་ཁོ་ན་ལ་ཡིག་ཆེན་བེད་སྤྱོད་བྱས་ཚུལ་དཔེར་ན་སྔོན་འཇུག་ག་ཡིག་གིས་འཕུལ་བའི་མིང་གཞི་ཡ་ y ལ་གཡུ་(g.yu) ལྟ་བུར་སྒྲ་འབེབ་བྱེད་ཚུལ་འདོད་བློ་ཁེངས་པ་ཞིག་ཡོང་མི་ཐུབ། དཔེར་ན་གལ་སྲིད་གཡུ་དེ་མིང་ཚོགས་འདུས་པའི་ཚིག་ཐོག་མ་དེ་ཡིན་ན། མིང་གཞི་ཡ་དེ་ཡིག་ཆེན་བྲིས་པ་ལས་སྔོན་འཇུག་ཡི་གེ་ག(g) དེ་ཡིག་ཆེན་དུ་མེད་པས་(gYu)བྲིས་པ་དང་། དེ་མིན་གལ་སྲིད་ག(g) དང་ཡ་(y) གཉིས་ཡོད་པའི་མིང་ཚིག་དེ་ཚིག་དང་པོ་མིན་ན་ག(g) དང་ཡ་(y)གཉིས་ཀ་ཤན་འབྱེད་ཀྱི་རྟགས་མེད་པར་ཡིག་ཆུང་ནང་ལ་བྲིས་པས་ག(g) མིང་གཞི་དང་ཡ(y) ནི་གདོགས་ཅན་དུ་བྱེད་པས(-gyu) བྲིས་པ་དང་། དེ་ནི་ཚིག་གཞན་ཞིག་ཡིན། གནད་དོན་འདི་དག་སེལ་ཐབས་གཅིག་ནི་མིང་ཚིག་རེ་རེར་ཡོད་པའི་མིང་གཞི་དེ་ཡིག་ཆེན་དུ་འབྲི་རྒྱུ་དེ་ཡིན་ནའང་། དེ་ནི་ལག་ལེན་དང་མཐོང་ཚུལ་གཉིས་ཀའི་ཐོག་ནས་རྩོལ་བ་ཆེན་པོས་ལག་བསྟར་བྱེད་པ་ལས་ཐབས་གཞན་བྲལ་བ་ཞིག་རེད། གལ་སྲིད་ཡིག་གཟུགས་ཀྱི་སྒྲ་ཕབ་བྱེད་ཚུལ་མ་ལག་ཚད་ལྡན་ཞིག་ཡོད་ན། ཡིག་ཆེན་དུ་བསྒྱུར་དགོས་མིན་གྱི་དཀའ་ངལ་དེ་དག་སེལ་ཐུབ། དོན་དངོས་ཐོག་མིང་གཞི་ཐོག་མ་ཡིག་ཆེན་དུ་འབྲི་བ་འདི་ནི་ནུབ་ཕྱོགས་པས་བོད་ཀྱི་སྐད་ཡིག་རོ་མན་གྱི་ཡི་གེར་སྒྲ་ཕབ་བྱས་པར་དགོས་མཁོ་དམིགས་བསལ་བ་ཞིག་རེད་མ་གཏོགས། བོད་ཡིག་ལ་ཡིག་ཆེན་ཞེས་པའི་རྣམ་གཞག་དེ་འདྲ་མེད།
མིང་གཞི་ཡིག་ཆེན་འབྲི་བར་ཚིག་མཛོད་དང་འབྲེལ་བའི་སྒྲུབ་བྱེད་བཀོད་པ་ནི་ཚིག་མཛོད་ནང་གི་མིང་གཞི་མ་ནོར་བའི་སྒོ་ནས་ངོས་འཛིན་བྱེད་མིན་ལ་ཐུག་ཡོད་པས། དེ་ནི་དངོས་ཡོད་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་མེད། མིང་གཞི་ཡིག་ཆེན་དུ་འབྲི་བའི་རྒྱུ་མཚན་དུ་བཀོད་པའི་སྒྲ་སྦྱོར་བའི་རྩོད་པ་དེ་ནི་ཡི་གེ་ཀློག་ཚེ་སྒྲ་ཇི་ལྟར་འདོན་དགོས་ངོ་སྤྲོད་ཡོང་ཆེད་དང་། དབུས་སྐད་དུ་སྔོན་འཇུག་གི་སྒྲ་རྣམས་ཐོན་གྱི་མེད་པས་སྔོན་འཇུག་དེ་མིང་གཞི་ལས་ལོགས་སུ་གསལ་བར་སྟོན་པའི་ཆེད་དུ་འདོད། ཨིན་ཡིག་ནང་སྒྲ་གདངས་ལ་བརྟེན་ནས་ཡིག་ཆེན་བཀོལ་སྤྱོད་བྱེད་ན། hOur, kNight, pNeumonia, pSychiatry, and phTisic ལྟ་བུ་འབྲི་སྲིད།
ཚིག་ཕྲེང་གི་ཚིག་ཐོག་མ་དེའམ་མིང་ཚོགས་ཀྱི་ཚིག་ཐོག་མ་ཁོ་ནའི་མིང་གཞི་ཡིག་ཆེན་བཀོད་པ་འདི་ནི་ཚིག་མཛོད་དང་འབྲེལ་བའི་སྒྲུབ་བྱེད་བཀོད་པ་ནང་བཞིན་སྒྲ་སྦྱོར་བའི་རྩོད་རྙོག་དེ་ལའང་གཅིག་མཚུངས་རེད། ཀློག་པ་པོས་བོད་ཡིག་སྒྲ་གདངས་ལ་གོམས་འདྲིས་ཆེན་པོར་གྱུར་ན། མིང་གཞི་ཡིག་ཆེན་བཀོད་སྤྱོད་བྱེད་དགོས་དོན་ཡོད་དམ་སྙམ། དཀའ་ངལ་འདི་སེལ་ཐབས་ནི་མིང་ཚིག་ཡོད་དོ་ཅོག་གི་མིང་གཞི་རེ་རེ་བཞིན་ཡིག་ཆེན་དུ་བཀོད་རྒྱུ་དེ་ཡིན་སྲིད་ཀྱང་། དེ་ནི་འབད་རྩོལ་བྱེད་ཐུབ་ཀྱང་ངལ་བ་དོན་མེད་རེད། དཔེར་ན། བོད་སྐད་དུ་བོད་ལ(pö) དང་། དབང་ལ་ཝང་(wang) བྱ་ལ( chya) ཞེས་སྒྲ་འདོན་པའི་ཆེད་དུ། ཡི་གེ་གང་ཞིག་ཡིག་ཆེན་དུ་བཀོད་དགོས་སམ། དེ་བཞིན་དཔར་སྐྲུན་ཟིན་པའི་དཔེ་དེབ་ཞིག་ལ་ཆ་བཞག་ནའང་སྔ་ཕྱི་མི་མཐུན་པའི་ཡིག་ཆེན་བཀོད་སྤྱོད་བྱས་ཡོད། དཔེར་ན། རོའེ་རིག་གིས་ཟ་ལ་བཏགས་པའི་ལ་བཏགས་སྐབས་མ་གཏོགས་ལ་བཏགས་གཞན་གྱི་སྒྲ་འདོན་ཚུལ་ལ་བརྟེན་ནས་ལ་བཏགས་དེ་ཡིག་ཆེན་དུ་བྲིས་ཏེ་གློ་(gLo) ལ་(pronounced Lo) བྲིས་པ་དང་། ཟ་ཡིག་ལ་ལ་བཏགས་སྦྱར་ནས་དཔེར་ན་ཟླ་ལྟ་བུར་ད་ཡིས་སྒྲ་འདོན་པའོ།[7] སྐབས་འདིར་གསལ་བྱེད་ད་དངོས་སུ་མེད་པས་ད་ཡིག་ཆེན་དུ་སྦྱར་མི་ཐུབ་པས་མིང་གཞི་ཟ་ཡིག་ཆེན་དུ་བྲིས་ཡོད། འོན་ཀྱང་ཀློག་པོ་པོས་ཟ་ལ་ལ་བཏགས་ཡོད་ན་དེ་གཉིས་མཉམ་དུ་དའི་སྒྲ་གདངས་ཐོན་དགོས་པ་ཤེས་གསལ་ཡིན་པ་ཚོད་དཔག་བྱེད་ཐུབ། འདིར་དཔེར་མཚོན་གཅིག་བཀོད་པ་མ་གཏོགས་གཞན་མང་པོ་ཞིག་འདྲེན་རྒྱུ་ཡོད་མོད། དེ་ཚང་མས་སྒྲ་སྦྱོར་གྱི་ཡི་གེའི་ཐོག་མར་ཡིག་ཆེན་སྦྱོར་བའི་སྒྲུབ་བྱེད་དེ་ནི་ཚིག་མཛོད་ཀྱི་ཐོག་མའི་ཚིག་དེའི་མིང་གཞི་ཡིག་ཆེན་དུ་འགོད་པའིསྒྲུབ་བྱེད་དེ་ལས་ཀྱང་རྒྱུ་མཚན་ཆེས་མི་ལྡན་པ་ཞིག་ཡིན་པ་གཅིག་པུ་སྒྲུབ་འགྲོ་བ་རེད།
བོད་ཡིག་ཀློག་ཤེས་མཁན་ཞིག་ལ་མཚོན་ན་ཡིག་ཆེན་འགོད་སྟངས་དེ་དགོས་མེད་ཡིན། བོད་ཡིག་ལ་རྒྱུས་མངའ་མེད་མཁན་ཚོར་ཡིག་ཆེན་འགོད་ཚུལ་རྙོག་འཛིང་ཅན་འདི་འདྲར་མཚར་སྣང་སྐྱེ་སྲིད་ཀྱང་། བོད་ཡིག་དག་པར་ཀློག་པ་དང་ཚིག་མཛོད་བེད་སྤྱོད་བྱེད་པར་ཕན་ཐོགས་མེད་པ་ཡིན། དེར་བརྟེན་བོད་ཡིག་གི་དག་ཆ་དང་སྒྲ་གདངས་མི་འདྲ་བའི་དབང་གིས་སྐབས་རེར་བོད་ཡིག་ཀློག་ཚུལ་སྒྲ་གདངས་དང་བསྟུན་ནས་བོད་ཡིག་སྒྲ་འབེབ་བྱེད་ན་འོས་ཤིང་འཚམ་པ་ཡོད།
བོད་ཡིག་ལ་རྒྱུས་མངའ་མེད་པ་ཞིག་གི་ཆེད་དུ་བཀྲ་ཤིས་ལྷུན་པོ་ལ་ Bkra-shis-lhum-po བྲིས་པའམ་ཡང་ན་བླ་མ་ལ་Bla-ma འབྲི་སྲོལ་ཡོད་པ་འདི་ནི་ཨུ་ཚུགས་ཀྱི་རང་རློམ་ཁོ་ན་རེད། དེ་མིན་བོད་དང་འབྲེལ་བའི་རྩོམ་རིག་མང་ཆེ་བ་བོད་ཡིག་ལ་རྒྱུས་མངའ་མེད་པ་ཚོའི་ཆེད་དུ་སྤེལ་བ་ཡིན་པས། དེ་ནང་སྒྲ་གདངས་ལ་བརྟེན་ནས་སྒྲ་འབེབ་བྱེད་པ་ཁོ་ན་འཁོད་ཡོད། སྒྲ་འབེབ་བྱེད་སྟངས་དེས་སྐབས་འགར་མིང་ཚིག་གི་དག་ཆ་དངོས་དེ་བོད་ཡིག་ཐོག་སླར་ཡང་སྐྱར་བྲིས་བྱེད་དགོས་ན་བཟོ་ཐབས་མེད་པས་ཆེད་ལས་མཁས་པ་ཚོའི་སྒྲ་འབེབ་འདི་རིགས་ཀྱི་རིན་ཐང་ཉམས་པར་བྱེད།
དཔེར་ན། ནུབ་ཕྱོགས་ཀྱི་ས་ཁྲ་ཁ་ཤས་ཀྱི་ནང་དུ། ཤར་གྱི་ཚངས་ཐིག་ལ་ཆ་ཕྲན་ ༡༠༠ དང་ ༣༠ བྱང་གི་ཚངས་ཐིག་ལ་ཆ་ཕྲན་ ༣༡ དང་ ༣༠ ཡོད་པའི་གྲོང་གསེབ་ཅིག་གི་མིང་ལ་Chango ཞེས་བཀོད་ཡོད་པ་དེའི་བོད་ཡིག་དག་ཆ་དངོས་ནི་བྲག་མགོ་ཞེས་པ་དེ་ཡིན། སྒྲ་ཇི་བཞིན་པར་འབྲི་འདོད་ན། གྲོང་གསེབ་དེའི་མིང་ལ་Chango ཞེས་སྒྲ་འབེབ་བྱེད་རུང་ཡང་གུག་རྟགས་ནང་བོད་ཡིག་གི་དག་ཆ་དངོས་བྲག་མགོ(Brag-mgo)ཞེས་བཀོད་དགོས།
གང་ལྟར་བརྡ་དག་ཆེད་ཡིན་ནའང་ཡང་ན་སྒྲ་གདངས་འདོན་ཆེད་གང་ཡིན་རུང་དགོས་མཁོ་སྐབས་མིང་གཞི་ཡིག་ཆེན་དུ་བཀོད་པ་ནི་རིན་ཐང་མེད་པ་དང་། མིང་གཞི་ཡིན་ཚད་ཡིག་ཆེན་དུ་བཀོད་པ་ནི་དེ་བས་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་ཞིག་ཡིན་ཕྱིར། ཐོག་མར་ཅོ་མ་ དི་ ཁོ་རོ་ནས་སྒྲ་འབེབ་བྱས་པ་བཞིན་སྔོན་འཇུག་གམ་མིང་གཞི་གང་ཡིན་ཡང་མིང་ཚིག་གང་ཞིག་གི་ཡིག་འབྲུ་ཐོག་མ་དེ་ཡིག་ཆེན་དུ་བཀོད་པ་ནི་མིག་ངོར་བདེ་བས་མ་ཚད་ནུབ་ཕྱོགས་པའི་ཡིག་ཆེན་བེད་སྤྱོད་བྱེད་སྟངས་དང་མཐུན་པ་ཡིན་པས་སྒྲ་འབེབ་བྱེད་སྟངས་དེ་བསྐྱར་གསོ་བྱེད་དགོས་པར་སྣང་།
མཐའ་དོན་དུ། བོད་ཡིག་རོ་མན་གྱི་ཡི་གེར་སྒྲ་འབེབ་དག་པར་བྱེད་ཚུལ་གཅིག་གྱུར་གྱི་ལམ་ལུགས་ཤིག་ཡོང་བར་དམིགས་ཏེ། དགོས་མེད་ཀྱི་སྒྲ་རྟགས་སོགས་དོར་ཏེ་རྙོག་འཛིང་ཉུང་བའི་བོད་ཡིག་སྒྲ་འབེབ་བྱེད་ཚུལ་ཞིག་གཏན་འབེབས་བྱས་པ་གཤམ་དུ་བཀོད་ཡོད།
ཀ | Ka | ཁ | Kha | ག | ga | ང | nga |
ཅ | Ca | ཆ | Cha | ཇ | ja | ཉ | nya |
ཏ | Ta | ཐ | Tha | ད | da | ན | na |
པ | Pa | ཕ | Pha | བ | ba | མ | ma |
ཙ | Tsa | ཚ | Tsha | ཛ | dza | ||
ཝ | Wa | ཞ | Zha | ཟ | za | འ | ‘a |
ཡ | Ya | ར | Ra | ལ | la | ||
ཤ | Sha | ས | Sa | ཧ | ha | ཨ | а |
སྒྲ་འབེབ་བྱེད་ཚུལ་ལམ་ལུགས་འདི་ནི་ཝ་ཤིང་ཊོན་མཐོ་སློབ་ཀྱི་ཨེ་ཤི་ཡ་ནང་མའི་ལས་འཆར་ནང་གི་ཚོགས་མི་ཚོས་ལོ་ངོ་མང་པོའི་གོང་ནས་གསར་བཟོ་བྱས་པ་ཞིག་ཡིན། ལམ་ལུགས་འདི་ལ་འགྱུར་བ་གཅིག་བཏང་བ་ནི་སྔོན་འཇུག་གས་འཕུལ་བའི་མིང་གཞི་ཡ་བྲིས་སྐབས་ཡི་གེ་དེ་གཉིས་དབར་སྤྲེལ་རྟགས(dash)གིས་བར་མཚམས་གཅོད་པ(g-y)དེ་ལ་སྐབས་འདིར་ཐིག་ལེས་ (dot) བར་མཚམས་གཅོད་པའི་འགྱུར་བ་བཏང་བ་འདི་ཡིན། འདི་ནི་ཡིག་ཕྲེང་དེ་དག་མིག་ངོར་སྣང་དུས་རྒྱུན་མཐུད་ཀློག་བདེ་བའི་ཆེད་དུ་ཡིན། མིང་ཚིག་གི་དུམ་བུ་དེ་རྣམས་སྤྲེལ་རྟགས་ཀྱིས་བར་མཚམས་གཅོད་ཚེ་སྔོན་འཇུག་ག་དང་མིང་གཞི་ཡ་གཉིས་ཀྱི་བར་དུ་ཡང་སྤྲེལ་རྟགས་བཀོད་ན་སྔོན་མཇུག་ག་དེ་མིང་གཞི་ཡ་དེ་ལས་ལོགས་སུ་ཡོད་པ་ལྟར་སྣང་། དཔེར་ན། ཡར་འབྲོག་གཡུ་མཚོ་འབྲི་དུས་ Yar-‘brog-g-yu-mtsho ཞེས་འབྲི་བ་ལས་ Yar-‘brog-g.yu-mtsho ཞེས་བྲིས་ན་མིག་ངོར་འཆར་བདེ་བ་ལྟ་བུའོ།། སྐྱར་བཅོས་འདི་ནི། སྤྱིར་རེ་ཎེ ནེ་སྦེ་སེ-ཝོ་ཡེ་ཁོ་ཝེ་ཛ(René Nebesky-Wojkowitz) ལགས་ཀྱིས་སྒྲ་འབེབ་གཏན་འབེབས་བྱས་པ་དེ་དང་མཚུངས་ཀྱང་། ཁོང་གིས་མིང་གཞི་ཡིག་ཆེན་དུ་བཀོད་པ་དེ་རིགས་[8]རྩོམ་ཡིག་འདིའི་ནང་དུ་བཀོལ་སྤྱོད་བྱེད་རྒྱུ་མིན་པའི་རྒྱུ་མཚན་གོང་དུ་བཤད་ཟིན་པ་ཡིན།
གསལ་བཤད། གྲོགས་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ཀྱིས་རང་ཉིད་བྲེལ་འཚུབ་ཧ་ཅང་ཆེ་ནའང་། བདག་གི་རེ་ཞུ་ལྟར་རྩོམ་ཡིག་འདིའི་མ་དཔེ་དང་བསྡུར་ནས་ཞུ་དག་གནང་ཆེད་དུས་ཚོད་ངེས་ཅན་ཞིག་བཏང་སྟེ་རྩོམ་ཡིག་འདི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འདྲེན་ཐུབ་པར་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དཔྱད་ཡིག་དང་ཞབས་མཆན།
[1] སྒྲ་འབེབ། (Transcription) ཐ་སྙད་འདི་ལ་བོད་འགྱུར་མི་འདྲ་བ་མང་པོ་ཞིག་འདུག །དཔེར་ན། ཡིག་འབེབས། སྒྲ་ཡིག་འབེབ་སྒྱུར། ཕབ་སྒྱུར། ཕབ་འབྲི་སོགས་ཀྱི་གཅིག་གྱུར་གྱི་ཐ་སྙད་ཅིག་མེད་སྟབས་འདིར་སྒྲ་འབེབ་ཅེས་བསྒྱུར་ཡོད།
[2] ཆར་ལི་སི་ ཨ་ སྦེལ། (Charles A. Bell) བོད་ཀྱི་ཡུལ་སྐད་ཀྱི་བརྡ་སྤྲོད་པ། (ཨ་ལེ་ཕོར། ༡༩༣༩ p.v)
[3] ཅོ་མ་དི། ཁོ་རོ་སི། (Csoma de Körös) བོད་ཡིག་འགྱུར་ཐོར་བུ། བྷང་གལ་ཨེ་ཤི་ཡའི་སྤྱི་ཚོགས་དུས་དེབ་དང་པོ། (༡༩༣༢). ༢༦༩ ff
[4] ཡ་ཤི་ཁེ། (Jäschke) བོད་ཨིན་ཚིག་མཛོད། (ལོན་ཏོན ༡༨༨༡)
[5] ཀ་དབུགས་མི་རྔུབ་པ་དང་། ཁ་དབུགས་རྔུབ་པའི་སྒྲ་གདངས་ཅན་ཡིན།
[6] ཨཱལ་ཕོན་ས་ ཕེར་ར་རེ། (Alfonsa Ferrari) མཁྱེན་བརྩེས་དབུས་གཙང་གནས་ཡིག །ཤར་རོ་མན་གྱི་དེབ་ཕྲེང་བཅུ་དྲུག་པ། (རོམ། ༡༩༥༨)
[7] རྗོར་ཇི་ ཨེན་ རོལ་རིག (George N. Roerich) དེབ་ཐེར་སྔོན་པོ། པོད་གཉིས། ( ཀ་ལི་ཀལ་ཏ། ༡༩༤༩། ༡༩༥༣) pp. ༡༡༥༤-༥། ༡༢༣༤-༥
[8] ཪེ་ནེ་ ནེ་སྦེ་སེ-ཝོ་ཡེ་ཁོ་ཝེ་ཛ (René Nebesky-Wojkowitz) བོད་ཀྱི་ལྷ་འདྲེའི་སྐོར། (དེ་ཧ་རྒུ། ༡༩༥༦)
– – – – –
Thanks for sharing this. I am blessed to have been able to meet him over 40 years ago at one of the first international Tibetan conferences. He was extremely helpful and generous to a young beardless lad I was at the time…