བོད་ཀྱི་ནུབ་ཕྱོགས་གུ་གེ་མཐོ་ལྡིང་དང་རྩ་ཧྲེང་གི་འགྲུལ་བཞུད། (ཚན་པ་གཉིས་པ)

བོད་ཀྱི་ནུབ་ཕྱོགས་གུ་གེ་མཐོ་ལྡིང་དང་རྩ་ཧྲེང་གི་འགྲུལ་བཞུད།
A Journey to Toling and Tsaparang in Western Tibet

དྲུག་པ། གུ་གེ་རྒྱལ་རབས་རྗེས་ཀྱི་མངའ་རིས་གནས་བབ་དང་དུས་ཕྱིའི་ཡེ་སཱུ་སེའུ་ཆོས་པའི་འཚོལ་ཞིབ།

ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་གུ་གེ་རྩ་ཧྲེང་དབང་དུ་བསྡུས་ནས་རིང་པོ་མ་ལོན་པར་སྲས་གསུམ་ལས་འབྲིང་པོ་ཨིན་ཌ་བྷོ་དྷི་རྣམ་རྒྱལ་གྱིས་གུ་གེ་རུ་དབང་བཟུང་པར་གྲགས་ཀྱང་། གུ་གེ་དང་མཐོ་ལྡིང་གི་ལོ་རྒྱུས་འཁོད་པའི་བསྟན་བཅོས་ཕལ་མོ་ཆེར་ཁོང་གི་ལོ་རྒྱུས་གཏན་ནས་བྱུང་མེད་པ་རེད། དེར་བརྟེན་ཨིན་ཌ་བྷོ་དྷི་རྣམ་རྒྱལ་གྱིས་གུ་གེ་རུ་དབང་བཟུང་བའི་བཤད་རྒྱུན་དེ་ནི་དོན་ལ་ཁོང་གི་ཡབ་ཀྱིས་གུ་གེ་མིང་ཐོག་ནས་ཁོང་ལ་གཏད་པ་ཙམ་ལས་དངོས་སུ་དབང་མཛད་པ་ནི་མ་ཡིན།[31] རྒྱུ་མཚན་སྐབས་དེའི་གུ་གེ་ནི་སྔར་བཞིན་ལ་དྭགས་རྒྱལ་པོ་རང་ནས་དོ་དམ་བྱེད་ཀྱིན་ཡོད། སྤྱི་ལོ་1635ལོར་རྒྱལ་པོ་སེང་གེ་རྣམ་རྒྱལ་སྐུ་གཤེགས་པའི་རྗེས་སུ་གུ་གེ་དང་ལ་དྭགས་སོགས་ཡུལ་གྲུ་ཀུན་དུ་སྲིད་འགྱུར་དང་ཟིང་ལོང་རྒྱུན་མ་ཆད་པར་བྱུང་ཞིང་། དེ་ནས་ལོ་ངོ་12འདས་པའི་རྗེས་སུ་སོག་པོ་དགའ་ལྡན་ཚེ་དབང་[32]གི་དམག་དཔུང་ལ་དྭགས་སུ་བསླེབས་ཤིང་། ལ་དྭགས་མ་གཏོགས་པའི་སྤི་ཏི་དང་ལ་ཧོར་གྱི་ཡུལ་སོགས་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་དབང་འོག་ཏུ་འདུས་ལ། དེང་སྐབས་ཀྱང་ས་ཁུལ་དེ་དག་སྔར་ བཞིན་དགའ་ལྡན་ཕོ་བྲང་གི་དབང་འོག་ཏུ་འདུ་བ་རེད། ཉེ་ལམ་གུ་གེ་རུ་རྫོང་གི་སྲིད་འཛིན་ལམ་ལུགས་ལག་ཏུ་བསྟར་བས་དེ་ལ་རྩ་ཧྲེང་རྫོང་དཔོན་གྱིས་དོ་དམ་བྱེད་ཀྱིན་ཡོད། སྤུ་ཧྲེངས་ནི་མདའ་པའི་རྫོང་དཔོན་གྱི་དོ་དམ་མངའ་ཁུལ་དུ་ཡོད།

གུ་གེའི་རྒྱལ་རབས་འཇིག་པའི་རྗེས་སུ་དུས་ཡུན་རིང་པོ་ཞིག་ལ་ལོ་རྒྱུས་བསྟན་བཅོས་རྣམས་སུ་གུ་གེའི་གནས་ཚུལ་འཁོད་མེད་ཅིང་། སྤྱི་ལོ་1715ལོར་ཡེ་སཱུ་སེའུ་ཆོས་པ་ཕི་ལེ་ཐོ་(Ippolito Desideri)བོད་དུ་བསླེབས་དུས། དེ་སྔོན་ཨན་ཏོ་ཏེའུ་སོགས་ཡེ་སཱུ་སེའུ་ཆོས་ཚོགས་ཀྱིས་བཙུགས་པའི་ཆོས་ཁང་གི་གནས་ཡུལ་འཚལ་དུ་ཕྱིན་ཅིང་ཆོས་ཚོགས་འཛུགས་གྲབས་བྱས། ཕི་ལེ་ཐོ་ཁ་ཆེ་བརྒྱུད་ནས་བོད་དུ་འོང་བའི་ལམ་ཁར་དེ་སྔོན་ཨན་ཏོ་ཏེའུ་ཡིས་རྒྱ་གར་དུ་ཆོས་ཚོགས་ལས་འཛིན་གྱི་འགན་འཁུར་མྱོང་བའི་ཡུལ་ཏེ། གྷ་ཧོའི་སི་རིན་གྷར་ཞེས་པ་དེ་རྗེ་ཧི་ལན་(Jhelum)[33] གྲོང་ཁྱེད་དུ་འཁྲུལ་ནས་ལ་དྭགས་གླེ་གྲོང་ཁྱེར་དུ་བསླེབས། ད་དུང་མུ་མཐུད་དུ་ཧིན་རྡུ་ཆུ་བོའི་འབབ་རྒྱུན་དེད་ནས་གུ་གེ་འཚོལ་དུ་ཕྱིན་ཡང་མཐར་མངའ་རིས་སྒར་ཐོག་ཏུ་བསླེབས། ལམ་སྐབས་སུ་མི་རྣམས་ལ་རྩ་ཧྲེང་གི་ལོ་རྒྱུས་རྩད་གཅོད་བྱས་ཀྱང་། ཡུལ་དེའི་མི་རྣམས་ཁོང་གི་འགྲུལ་བཞུད་ཀྱི་དམིགས་ཡུལ་ལ་དོགས་པ་ཟོས་ཏེ་བསམ་བཞིན་ལམ་སྟོན་ཡག་པོ་མ་བྱས་པས་ལམ་གྱི་ཁ་ཕྱོགས་ནོར་ཏེ་མཚོ་མ་ཕམ་གྱི་འགྲམ་དུ་བསླེབས། དེ་ནས་ཡར་ཀླུང་གཙང་པོའི་སྨད་ཕྱོགས་སུ་བསླེབས། མཐར་བོད་ཀྱི་ཡུལ་དབུས་ལྷ་སར་འབྱོར་ཞིང་དེ་རུ་ཡེ་སཱུ་སེའུ་ཆོས་ཁང་གི་རྗེས་ཤུལ་ཞིག་བརྙེད་པ་རེད། ཁོང་གིས་དེ་རུ་བརྟག་དཔྱད་བྱས་པ་བརྒྱུད། སྤྱི་ལོ་1816ལོའི་ཡར་སྔོན་དུ་བོད་ལྗོངས་སུ་ཡོ་རོབ་པ་གང་འདོད་དུ་འོང་ཆོག་པའི་གནས་ཚུལ་རྟོགས། ཁོང་གིས་བརྟག་དཔྱད་དང་འཚོལ་ཞིབ་གང་མང་བརྒྱུད་སྔོན་ཨན་ཏོ་ཏེའུ་སོང་པའི་གྲོང་ཁྱེར་དང་བཙུགས་པའི་ཆོས་ཁང་གི་གནས་ཡུལ་སོགས་རྩད་ཆོད། དེ་ནས་ཁོང་གིས་རོམ་གོང་མའི་ཆོས་ཚོགས་ལ་འཕྲིན་ཡིག་སྤྲིངས་ཚེ། རོམ་གོང་མའི་ཆོས་ཚོགས་ཀྱི་ཁོང་གིས་ལྷ་ས་དང་རྩ་ཧྲེང་གཉིས་ནོར་པའི་གནས་ཚུལ་ལ་ཡི་མ་རང་པའི་ཚུལ་བསྟན། དེར་བརྟེན་ཁོང་གིས་ཀྱང་རང་གི་འགྲུལ་བཞུད་མཚམས་བཞག་པ་རེད།

ཕི་ལེ་ཐོ་ལྷ་ས་དང་བྲལ་ཏེ་ལོ་ངོ་ཉིས་བརྒྱ་འདས་པའི་རྗེས་སུ་ཡོ་རོབ་པ་རྣམས་ཡང་བསྐྱར་མཐོ་ལྡིང་དང་རྩ་ཧྲེང་དུ་བསླེབས། སྤྱི་ལོ་1904ལོར་དབྱིན་ཇིའི་དམག་དཔོན་རོ་ལིན་(Rawling)[34]ཞེས་པ་སིམ་ལ་(Simla)[35] བརྒྱུད་མངའ་རིས་སྒར་ཐོག་ཏུ་བསླེབས་ཤིང་། ལོ་དེའི་དགུན་ཁར་རོ་ལིན་གྱིས་རང་གི་རྒྱང་སྐྱོད་ལམ་ཐིག་བསྒྱུར་ཏེ་མཐོ་ལྡིང་དུ་ཉིན་གཅིག་རིང་བསྡད། མཐོ་ལྡིང་གཙུག་ལག་ཁང་དང་དེའི་ཉེ་འཁོར་གྱི་གནས་ཚུལ་རྣམས་ཁོང་གི་ཟིན་ཐོ་རུ་འཁོད་ཡོད། ཡིན་ཡང་ཁོང་རྩ་ཧྲེང་དུ་བསླེབས་མེད། སྤྱི་ལོ་1908ལོར་སེ་ཝིན་ཧེ་ཏེན་(Sven Hedin)ཞེས་པའང་སིམ་ལ་བརྒྱུད་དེ་མཐོ་ལྡིང་དུ་བསླེབས་པ་དང་དབྱིན་ཇིའི་བཙན་འཛུལ་དམག་འཁྲུག་གི་གནས་ཚུལ་སྔ་མོ་ནས་གུ་གེ་རུ་ཁྱབ་པས། ས་དེའི་མི་རྣམས་ཀྱིས་ཁོང་གི་དམག་དཔུང་མཐོ་ལྡིང་དགོན་པའི་ཉེ་སར་བཅར་དུ་མ་བཅུག་པར་མཐོ་ལྡིང་དང་བར་ཐག་སྤྱི་ལེ་དུ་མའི་མཚམས་སུ་དམག་སྒར་བཏབ། སེ་ཝིན་ཧེ་ཏེན་ཡང་རྩ་ཧྲེང་དུ་བསླེབས་མེད། ཧྥུ་རན་ཁུ་ནི་སྤྱི་ལོ་1909ལོར་སྤི་ཏི་བརྒྱུད་ནས་རྩ་ཧྲེང་དུ་འགྲོ་གྲབས་བྱས་པ་ཡིན་མོད་འོན་ཀྱང་འགྲོ་རུ་མ་བཅུག དེ་ནས་ལོ་གསུམ་འདས་པའི་རྗེས་སུ་སྟབས་ལེགས་པ་ཞིག་ལ་ངེད་རང་ཧྥུ་རན་ཁུ་འགྲོ་མ་ནུས་པའི་ས་གནས་ཁག་ཏུ་བརྟག་དཔྱད་བྱེད་དུ་ཕྱིན།

བདུན་པ། རྩོམ་པ་པོའི་གུ་གེའི་འགྲུལ་བཞུད་དང་རྟོག་དཔྱོད།

སྤྱི་ལོ་1912ལོའི་ཟླ་5པའི་ཚེས་9ཉིན་ངེད་རང་སིམ་ལ་བརྒྱུད་ནས་ཁུ་ནུ་ཀ་གནམ་ལྷུན་གྲུབ་དགེ་འཕེལ་གླིང་གཙུག་ལག་ཁང་དུ་བསླེབས་ཤིང་། དེ་རུ་སྙན་གྲགས་ཀུན་དུ་ཁྱབ་པའི་དཔེ་མཛོད་ཁང་ཞིག་འདུག དེ་ནས་ཡར་རྩིས་པའི་མི་ལོ་90ལྷག་གི་གོང་དུ་ཧང་ག་རིའི་གནས་བརྟན་པ་Czoma di korosཞེས་པས་ཀྱང་དེ་རུ་ཆོས་ལ་སློབ་གཉེར་བྱས། ངེད་ཀྱིས་ས་དེའི་མི་རྣམས་ལ་གནས་བརྟན་པ་དེའི་སྐོར་གྱི་ལོ་རྒྱུས་དྲིས་པའི་ཚེ་ཁོང་ཅག་གིས་གནས་བརྟན་པ་དེ་ནི་སྔོན་མུ་སི་ལམ་པ་ཞིག་ཡིན་ལ་ཕྱིས་སུ་སངས་རྒྱས་ཆོས་ལུགས་སུ་ཞུགས་པར་བཤད། ད་ལྟའི་གཙུག་ལག་ཁང་དེའི་ཁྲི་འཛིན་ཀ་གནམ་ཀུ་མུད་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐྱེས་རབས་ཉི་ཤུ་བར་གྲགས་ཤིང་། ཁོང་ནི་སྤི་ཏིའི་ཡུལ་གྱི་དགོན་པ་གཞན་ཞིག་གི་ཁྲི་འཛིན་ཡང་ཡིན། མཐོ་ལྡིང་གཙུག་ལག་ཁང་ལ་མཚོན་ན་རང་གི་ཁྲི་འཛིན་དང་མཁན་པོ་བསྐོ་གཞག་གནང་སྲོལ་ཡོད་ཅིང་། ད་ནས་ཡར་རྩིས་པའི་ཁྲི་རབས་མང་པོ་ཞིག་གི་དུས་ནས་བཟུང་གཙུག་ལག་ཁང་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་དོ་དམ་བྱེད་སྲོལ་ཡོད། ལོ་ཆེན་རིན་ཆེན་བཟང་པོའི་ཡང་སྤྲུལ་དུ་ངོས་འཛིན་པའི་བླ་མ་དག་གི་འཁྲུངས་ཡུལ་ནི་གུ་གེ་དང་ཀ་གནམ་གྱི་ཡུལ་ཡིན་ལ། སྤྲུལ་སྐུ་དེ་དག་ནར་སོན་རྗེས་གཙང་བཀྲ་ཤིས་ལྷུན་པོ་དགོན་པར་སློབ་གཉེར་དུ་འགྲོ་སྲོལ་ཡོད།

ཨེ་ལག་ཟན་ཊར་(Alexander Gerard)གྱིས་བརྩམས་པའི་《ཁོ་ཎཱ་བེར་གྱི་ཧི་མ་ལའི་ཟིན་ཐོ》(Account of Koonawur in the Himalaya)ཞེས་པ་རུ་ལོ་ཆེན་རིན་ཆེན་བཟང་པོའི་སྐོར་འཁོད་ཡོད་ཅིང་། སྤྱི་ལོ་དུས་རབས་བཅུ་དགུའི་ནང་བླ་མ་རིན་ཆེན་བཟང་པོ་ལ་སྤྲུལ་སྐུ་གསུམ་བྱུང་བར་གྲགས། སྤྲུལ་སྐུ་རྗེས་མ་དེ་གཉིས་ནི་དུས་མཉམ་གཅིག་དུ་འཁྲུངས་པས་བླ་མའི་སྐུ་གསུམ་གྱི་སྤྲུལ་སྐུར་ངོས་འཛིན་བྱས། སྤྲུལ་སྐུ་དེ་རྣམས་ཕྱིས་སུ་གཙང་བཀྲ་ཤིས་ལྷུན་པོར་བཞུགས་ཤིང་སློབ་གཉེར་བྱས། ད་ལྟ་བཞུགས་པའི་བླ་མ་རིན་ཆེན་བཟང་པོའི་སྤྲུལ་སྐུ་ནི་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་ཡིན་ལ། བཀྲ་ཤིས་ལྷུན་པོར་ལོ་ངོ་29རིང་བཞུགས་པ་རེད། སེ་ཝིན་ཧེ་ཏེན་(Sven Hedin)ནི་བཀྲ་ཤིས་ལྷུན་པོར་བླ་མ་དེ་ལ་མཇལ་མྱོང་ཞིང་། བླ་མ་དེ་ཕྱིར་གུ་གེ་རུ་ཕེབས་འདོད་ཀྱི་འདུན་པ་དྲག་པོ་ཡོད་པར་བཤད། ཕྱིས་སུ་སྤྱི་ལོ་1912ལོར་པཎ་ཆེན་རིན་པོ་ཆེ་ཡིས་ཁོང་གི་ཡོངས་འཛིན་དེ་ཕྱིར་གུ་གེ་རུ་ལོག་པའི་ཆོག་མཆན་གནང་། ཁོང་རང་དང་ཐོག་ཀ་གནམ་བརྒྱུད་དེ་སྟོད་མངའ་རིས་ཕྱོགས་སུ་ཕེབས། ཐེངས་དེའི་འགྲུལ་བཞུད་ནི་ཁོང་ལ་མཚོན་ན་ཡུན་རིང་པོར་རེ་སྒུག་བྱས་པ་ཡིན་པས་གུ་གེ་རུ་མཐོང་ཐོས་དང་བློ་བསྐྱེད་མི་དམན་པ་ཞིག་ཐོབ། གུ་གེའི་མི་རྣམས་ཀྱིས་ཁོང་ནི་ལོ་ཆེན་རིན་ཆེན་བཟང་པོའི་དངོས་སྤྲུལ་ཡིན་པར་ཡིད་ཆེས་ལ། དེ་རུ་བསླེབས་པ་ན་ཁོང་ལ་བསྙེན་བཀུར་དང་འབུལ་རྟེན་གྱ་ནོམ་པ་ཕུལ། བླ་མ་ཁོང་ཕྱིར་གཙང་བཀྲ་ཤིས་ལྷུན་པོར་བསླེབས་དུས་འབུལ་རྟེན་ཡོངས་ལ་དངུལ་སྲང་དྲུག་སྟོང་ལས་བརྒལ་བ་དང་མངའ་རིས་ཕྱོགས་སུ་ཁོང་གི་གཟི་བྱིན་དེ་པཎ་ཆེན་རིན་པོ་ཆེ་དང་མཉམ་པོ་ཡིན། ཡང་སྤྲུལ་དེ་ནི་སྤྲུལ་སྐུའི་ལམ་ལུགས་བྱུང་པ་ནས་ཐོག་དང་པོར་ངོས་འཛིན་དང་ཁྲི་འདོན་མཛད་པའི་བླ་མ་རིན་ཆེན་བཟང་པོའི་སྤྲུལ་སྐུ་ཡིན་པས་མངའ་རིས་ཕྱོགས་སུ་ཤིན་ཏུ་གྲགས་ཆེ་བ་རེད། གལ་ཏེ་དུས་རབས་བཅུ་གཅིག་པའི་ནང་ནས་བཟུང་སྤྲུལ་སྐུའི་ལམ་ལུགས་བྱུང་ཡོད་ཚེ། ལོ་ཆེན་རིན་ཆེན་བཟང་པོའི་ཡང་སྤྲུལ་ནི་དུས་རབས་བཅོ་ལྔའི་ནང་འཁུངས་པའི་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་ལས་ཀྱང་སྙན་གྲགས་ཡོད་པ་ནི་གདོན་མི་ཟའོ། །

ངེད་ཀྱིས་བླ་མ་རིན་ཆེན་བཟང་པོའི་ཡང་སྤྲུལ་དེ་ཀ་གནམ་དུ་མཇལ་ཞིང་། ཁོང་ལ་བཀའ་མོལ་ཞུ་བའི་གོ་སྐབས་ཤིག་ཀྱང་བྱུང་། ཁོང་ནི་དཔེ་བྱད་ཤིན་ཏུ་ལེགས་ཤིང་མཚན་བཟང་གི་སྐྱེ་བའི་ཡོན་ཏན་དང་ལྡན་པས་ཀུན་ལ་དང་བ་འདྲེན་ནུས་པའི་མཚན་ལྡན་གྱི་བླ་མ་ཞིག་ཡིན་ལ། སྐབས་དེའི་སྐུ་ཆས་སུ་ཆོས་གོས་ཁ་མདོག་སེར་སྐྱ་(ཅུ་ལི། མངའ་རིས་ཁམ་བུའི་མདོག)མནབས་ཤིང་། དེའི་སྟེང་དར་སྔོ་ནག་གི་འཇོལ་བེར་ཞིག་མནབས་ལ། ཞབས་ལྷམ་དུ་གོས་ཆེན་སྤུ་མའི་ལྷམ་ཡུ་རིང་ཞིག་གསོལ་ཡོད། ཁོང་ལ་བཀའ་མོལ་ཞུ་བའི་ཁྲོད་གུ་གེའི་ལོ་རྒྱུས་སྐོར་ནས་སྐད་ཆ་དྲིས་པ་ན་ཁོང་གིས་ཀྱང་བོད་ཀྱི་ཆོས་འབྱུང་འབའ་ཞིག་ཏུ་བྲིས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལོ་རྒྱུས་ཙམ་ལས་གནས་ཚུལ་གཞན་ཅི་ཡང་མ་གསུངས། ཁོང་རང་རྩ་ཧྲེང་དུ་ཕེབས་མྱོང་ལ་རྩ་ཧྲེང་ནི་མི་འབོར་ཁྲི་ལས་བརྒལ་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པར་གསུངས། གཞན་ཁོང་རང་ཡེ་སཱུ་སེའུ་ཆོས་པའི་ལོ་རྒྱུས་ལ་སྤྲོ་བ་འཕེར་ཞིང་། ཨན་ཏོ་ཏེའུ་སོགས་ཀྱི་འགྲུལ་བཞུད་གནས་ཚུལ་ལའང་གསན་འདོད་དྲག་པོ་ཡོད་དོ། །

ངེད་རང་གུ་གེར་འགྲོ་དུས་ཧྲི་ཁེ་(Shipki)གཞོང་ས་བརྒྱུད་བྱང་རྩེར་(Shangtze)བསླེབས་པ་དང་། དེ་ནས་སུན་དྷུ་ཆུ་བོ་བརྒལ་ཏེ་ཉིན་བདུན་རིང་སོང་མཐར་རྩ་ཧྲེང་དུ་བསླེབས། ཡུལ་དེའི་རྫོང་དཔོན་ཆེད་དུ་ངེད་ཀྱི་གནས་ཚུལ་ལ་བལྟ་ཞིབ་བྱེད་དུ་འོང་། ངེད་ཀྱིས་མངའ་རིས་སྒར་ཐོག་ཏུ་རང་གི་བྱ་བའི་འོས་འགན་རྣམས་བསྒྲུབས་རྗེས་གུ་གེ་རུ་ཕྱིན། ལོ་དེའི་སྤྱི་ཟླ་6པའི་ཚེས་14ཉིན་ངེད་རང་ལག་རོགས་པ་ཚོ་དང་ལྷན་དུ་མཐོ་ལྡིང་བརྒྱུད་ཕྱིར་རང་ཡུལ་དུ་ལོག ངེད་ཀྱི་ལག་རོགས་སུ་དབྱིན་ཇིའི་ཚོང་པ་ཞིག་དང་གོར་ཁའི་སྐུ་སྲུང་དམག་མི་གཉིས།(སྐུ་སྲུང་བ་དེ་གཉིས་ལས་གཅིག་ནི་སིམ་ལའི་དམག་མི་ཞིག་ཡིན།)  གསར་འགྱུར་ཁང་གི་ལག་རོགས་པ་དང་གཡོག་པོ་འགའ་ཤས་བཅས་འཁྲིད་ཡོད། འགྲུལ་ལམ་རིང་པོ་གསུམ་བརྒྱུད་མཐར་ངེད་ཅག་ཁོད་ཡངས་པའི་དུང་པོའི་(Dongpo)ཡུལ་དུ་བསླེབས་ཤིང་། ཡུལ་དེ་ནི་གླང་ཆེན་ཁ་འབབ་སྟོད་ཕྱོགས་ཀྱི་མཚོ་ངོས་མཐོ་ཚད་དབྱིན་ཁྲུ་[36]13000ལྷག་གི་ས་རུ་ཡོད།

ཡུལ་ཚོ་དེ་ནི་མཐོ་ལྡིང་དགོན་པའི་ལྷ་སྡེ་རུ་གཏོགས་ཤིང་དེ་ནས་ནཱ་ལ་(nala)རུ་ལུང་མཐིལ་གྱི་གཞུང་ལམ་དོག་པོ་ཞིག་བརྒྱུད་ནས་འགྲོ་དགོས་ཤིང་། ལམ་གྱི་ཕྱོགས་གཉིས་སུ་སྔོ་ཁེབས་རིགས་གང་ཡང་སྐྱེས་མེད། ངེད་ཅག་མཐོ་སྒང་བརྒྱུད་ནས་ཕྱིར་རང་ཡུལ་དུ་ལོག་དུས་རྒྱ་གར་བརྒྱུད་པ་ཡིན་ལ།  ལམ་སྐབས་ཀྱི་བགྲོད་དཀའི་མཐོང་སྣང་དག་ནི་དབྱིན་ཇིའི་དམག་དཔོན་རོ་ལིན་གྱི་ཟིན་ཐོ་རུ་བཀོད་པའི་གནས་ཚུལ་དང་མཚུངས། ནཱ་ལ་(nala)ཞེས་པའི་ཡུལ་དེ་ལོ་ཁྲི་ཕྲག་མང་པོའི་གོང་རོལ་དུ་གླང་ཆེན་ཁ་འབབ་བྲུག་པ་ལས་བྱུང་བའི་གྲོག་རོང་དང་བདས་བསགས་ལས་གྲུབ་པའི་ས་རྒྱུ་ཡིན་ལ། ཆུ་བོ་བྲུག་པ་ལས་བྱུང་བའི་ས་དབྱིབས་དམིགས་བསལ་བ་དེ་ནི་རང་བྱུང་གི་བཟོ་ལྟ་སྣ་ཚོགས་སུ་གྲུབ་ཅིང་། རྒྱང་རིང་པོ་ནས་བལྟས་ཚེ་ས་འབུར་མང་པོའི་དབུས་སུ་སྔོན་གྱི་མཁར་ཤུལ་རྙིང་པ་ཞིག་ཀྱང་མཐོང་ནུས།[37]

ནཱ་ལ་བརྒྱུད་ནས་སོང་ཚེ་ལམ་བར་དུ་གྲོག་རོང་མང་པོ་དང་ཆུ་བོ་བྲུག་སྟེ་རྡོ་སྤུངས་བའི་ལམ་ཉག་མང་པོ་བརྒྱུད་དགོས་ཤིང་། ལམ་དེ་དག་ནི་ཨལྤ་(Alps)རི་རྒྱུད་ཀྱི་རྒྱུ་ལམ་ལས་ལྡབ་འགྱུར་གྱིས་བགྲོད་པར་དཀའ་བ་ཞིག་རེད། འདི་ནས་གླང་ཆེན་ཁ་འབབ་སྟོད་ཕྱོགས་སུ་ཐད་ཀར་བགྲོད་ཆོག་པའི་ལམ་ཕྲན་ཞིག་ཀྱང་མཆིས། ཆུ་བོ་དེའི་ཕྱོགས་གཉིས་སུ་ཞེང་ཚད་ལ་དབྱིན་ལི་གཅིག་ཙམ་གྱི་གྲམ་ཐང་ཞིག་ཡོད་ཅིང་། ཕྱོགས་བཞི་ནི་བཟོ་ལྟ་སྣ་ཚོགས་སུ་གྲུབ་པའི་རི་སྒང་དང་དེའུ་འབུར་ཡིན། མཐོ་ལྡིང་གཙུག་ལག་ཁང་ནི་ཅུང་མཐོ་བའི་གྲམ་ཐང་ཞིག་ཏུ་ཆགས་ཡོད་པ་དང་དེ་རུ་གླང་ཆེན་ཁ་འབབ་ཀྱི་བཞུར་རྒྱུན་མཐོང་ཐུབ། སྦྱར་ཤིང་གི་ལོ་མའི་གསེབ་ཏུ་མཐོ་ལྡིང་གཙུག་ལག་ཁང་གི་ལྕགས་རིའི་མདོག་ནི་དམར་པོར་སྣང་ཞིང་། མཆོད་རྟེན་དཀར་པོ་མང་པོ་མཐོ་ཞིང་བརྗིད་པ། ལྷ་ཁང་གི་རྒྱ་ཕིབས་རྣམས་གསེར་མདོག་གིས་བརྒྱན་པ་སོགས་བཀོད་པ་ལྟ་ན་སྡུག་ཅིང་མིའི་སེམས་སུ་སྨྲ་མི་ཤེས་པའི་དགའ་སྣང་ཞིག་རང་ཤུགས་སུ་སྦྱིན་འོང་། ངེད་རང་གུ་གེར་ཡོད་དུས་འཛམ་གླིང་ཡང་རྩེར་སྡོད་པའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་ཤིང་། མཐོ་ལྡིང་དུ་བསླེབས་ཚེ་ཡུལ་གྱི་བཀོད་པ་དང་རྩ་ཆེན་གྱི་རིག་གནས་ཤུལ་བཞག་རྣམས་མཐོང་བས་ཁྱད་མཚར་བའི་རྨི་ལམ་གྱི་ཞིང་ཁམས་ཤིག་མྱུལ་བ་དང་མཚུངས།

གུ་གེ་རུ་བཟོད་པར་དཀའ་བ་ནི་ནམ་ཟླའི་དྲོད་གྲང་གི་ཧེ་བག་ཡིན་ལ། གླང་ཆེན་ཁ་འབབ་བཞུར་རྒྱུན་དུ་ཡོད་པའི་ས་ཁུལ་དག་ནི་ཉི་མ་དང་བར་ཐག་ཉེ་བས་སྨུག་ཕྱིའི་འོད་ཀྱི་དྲོད་ཚད་མཐོ་ཞིང་། དེ་གའི་ས་ཁུལ་མང་པོ་ནི་གཞོང་ས་ཡིན་པས་ཉི་འོད་ཀྱི་གསོག་ཚད་མཐོ་བས། དབྱར་ཟླ་དྲུག་པའི་ནང་དྲོད་ཚད་ཆེས་མཐོ་བའི་ས་ཁུལ་དུ་ཧྲེ་ཧྲི་ཏུའུ་100ལས་བརྒལ་བ་རེད། ངེད་ཅག་གླང་ཆེན་ཁ་འབབ་ཀྱི་ཟམ་པ་དེ་བརྒལ་ནས་འགྲོ་གྲབས་བྱས་ཏེ་ཉིན་གུང་གི་ཆུ་ཚོད་11པར་ཚ་བ་ཆེས་ཆེ་བའི་དུས་སུ་ཟམ་པ་དེ་འཚོལ་དུ་ཕྱིན། ལྕགས་ཐག་གི་དཔྱང་ཟམ་དེ་ནི་ཧ་ལམ་མངའ་རིས་ཡུལ་གྱི་དཔྱང་ཟམ་ཐོག་མ་ཡིན་ལ། སྐུ་ཞབས་ནེ་ཨིན་(Nain Singh)གྱི་ཟིན་ཐོ་རུ་ཟམ་པ་དེ་སྤྱི་ལོ་1865ལོར་མཐོང་མྱོང་པར་གསུངས་ཤིང་། ཁོང་གི་བཞེད་པ་ལྟར་ན་ལྕགས་ཟམ་དེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་སྐབས་རྒྱལ་པོ་ཨེ་ལག་ཟན་ཊར་(Alexander the Great)གྱི་དམག་དཔུང་རྒྱ་གར་ཤར་ཕྱོགས་བར་བསླེབས་དུས་སུ་བཞེངས་པར་འདོད། རོ་ལིན་གྱིས་དང་ཐོག་ཟམ་པ་དེ་ནི་གུ་གེ་རྒྱལ་པོ་མཐའ་མ་ཁྲི་བཀྲ་ཤིས་གྲགས་པ་ལྡེ་ཡིས་སྤྱི་ལོ་དུས་རབས་བཅུ་བདུན་པའི་ནང་བཞེངས་པར་བཞེད་ཅིང་། མཐོ་ལྡིང་གཙུག་ལག་ཁང་གི་དགེ་འདུན་པ་དག་གིས་ཀྱང་དེ་ལྟར་གསུངས། འོན་ཀྱང་ཁོང་གིས་བརྟག་དཔྱད་བྱས་པ་བརྒྱུད་ཟམ་པ་དེ་ནི་བསྐྲུན་ནས་ལོ་ངོ་100ལས་འདས་མེད་པར་བཤད། ཨེ་ལག་ཟན་ཊར་(Alexander Gerard)གྱིས་ཀྱང་《ཁོ་ཎཱ་བེར་གྱི་ཧི་མ་ལའི་ཟིན་ཐོ》ཞེས་པའི་ཁྲོད་དུ་ཟམ་པ་དེའི་སྤྱི་ལོ་1821ལོའི་གནས་ཚུལ་[38]བཀོད་ཡོད་པས། ཟམ་པ་དེ་ནི་མ་མཐའ་ཡང་དེའི་ཡར་སྔོན་ནས་བཟུང་ཡོད་པ་རྟོགས། དེར་བརྟེན་ངེད་ཀྱི་རང་ལུགས་སུ་ཟམ་པ་དེ་ནི་བོད་ཀྱི་ཡུལ་དབུས་ཀྱི་ལྕགས་ཟམ་བཟོ་ལུགས་དང་མཐུན་པར་མ་ཟད། དེ་ནི་སྤྱི་ལོ་དུས་རབས་བཅུ་བདུན་པའི་དུས་མཇུག་དུ་སོག་པོ་དགའ་ལྡན་ཚེ་དབང་གིས་ལ་དྭགས་ཕྱོགས་སུ་དམག་སྣ་འདྲེན་དུས་སུ་བཞེངས་པར་འདོད། ལྕགས་ཟམ་གྱི་མཐིལ་དུ་བཏང་བའི་པང་གཅལ་རྣམས་སྲ་ཤིང་གིས་བྱས་ཤིང་། ཤིང་ལེབ་མང་པོ་ཆག་གྲུམ་གོག་ཧྲལ་དུ་གྱུར་འདུག ངེད་ཅག་ལྕགས་ཟམ་བརྒལ་དེ་དེའི་ཉེ་འཁོར་དུ་ཟམ་པའི་གནས་ཚུལ་འཁོད་པའི་རྡོ་རིང་སོགས་འཚོལ་དུ་ཕྱིན་མོད་ངལ་བ་དོན་འབྲས་མ་བྱུང་།

བརྒྱད་པ། རྩོམ་པ་པོའི་མཐོ་ལྡིང་གཙུག་ལག་ཁང་གི་མཐོང་སྣང་།

ངེད་ཅག་མཐོ་ལྡིང་དུ་ཞགས་གཅིག་བསྡད་ཅིང་དགོན་པའི་དཀོར་གཉེར་གྱིས་ཁོང་གི་ཤེས་གསལ་གྱི་གུ་གེའི་ལོ་རྒྱུས་རྣམས་ངེད་ཅག་ལ་བསྙད། ངེད་གྱིས་དགོན་གཞུང་ལ་འབུལ་རྟེན་འོས་འཚམས་ཤིག་ཕུལ་བས། དཀོར་གཉེར་གྱིས་ངེད་ཅག་ལ་དགོན་པའི་རྟེན་རྣམས་ཞིབ་ཏུ་བསྟན། དགོན་པའི་མཁན་པོའི་གཟིམས་ཤག་ནི་བཀོད་པ་ཤིན་ཏུ་ལེགས་ཤིང་བཞུགས་ཁྲིའི་མདུན་ཅོག་སྟེང་དངུལ་དཀར་དང་ཟངས་དཀར་ལས་བྱས་པའི་མཆོད་ཀོང་མཆོད་ཆས་བརྒྱ་དང་བརྒྱད་བཤམས་ཡོད། གཟིམས་ཁང་གི་ཀུན་དགའ་ར་བའི་ནང་སྤུས་ལེགས་པའི་ལི་སྐུ་དང་གཟེར་ཟངས་ཀྱི་སྐུ་རྟེན་བྱིན་ཅན་མང་དུ་བཞུགས། དགོན་པའི་འདུ་ཁང་ནི་བཀོད་པ་ལེགས་ཤིང་ཀ་བ་མང་པོས་བཏེགས་པས་དགེ་འདུན་གྱི་ཚོགས་མང་དུ་ཤོང་བ་ཞིག་རེད། མངའ་རིས་ཡུལ་དུ་དགོན་སྡེ་ཆེ་ཁག་ཚང་མར་དོ་དམ་བྱེད་མཁན་གྱི་དཀོར་གཉེར་རེ་ཡོད་ཅིང་། དགོན་པའི་ཚོགས་ཆེན་འདུ་ཁང་ནི་གཞི་རྒྱ་ཤིན་ཏུ་ཆེ་ལ་ཀ་བ་མང་པོ་ཡོད། མཐོ་ལྡིང་དགོན་པའི་ཚོགས་ཆེན་འདུ་ཁང་དུ་གྲལ་གདན་དང་མདུན་ཅོག་གྲལ་མགོ་ནས་གྲལ་སྔའི་བར་དུ་རིང་པོར་བསྒྲིགས་ཤིང་། གྱང་ངོས་སུ་ལྡེབས་རིས་སྣ་ཚོགས་བྲིས་པར་མ་ཟད། གཞན་ད་དུང་སངས་རྒྱས་སྟོང་སྐུ་དང་ཆོས་དཔེ་གླེགས་བམ། པར་ཤིང་སོགས་རི་བོའི་གཏོས་དང་མཉམ་པར་བརྩིགས་ཡོད། གླེགས་བམ་བརྩིགས་པའི་ཀུན་དགའ་ར་བའི་མཐའ་འཁོར་དུ་པར་ཤིང་གི་ཚོས་སྣུམ་གྱི་དྲི་མས་ཁྱབ་ཡོད། འདུ་ཁང་གི་ལོགས་སུ་ཡོད་པའི་ཤོད་སྟེགས་ཤིག་ཏུ་ལི་སྐུ་བྱིན་ཅན་ཞིག་དང་སངས་རྒྱས་ཤཱཀྱ་མུ་ནིའི་གསེར་ཟངས་ཀྱི་སྐུ་ཆེ་བ་བྱིན་ཅན་ཞིག་བཅས་བཞུགས་ཡོད། སྐུ་བརྙན་དག་གི་མདུན་ཐད་ཀྱི་ཡང་སྟེང་དུ་དཀར་ཁུང་བཏོད་ཡོད་པས་ཉི་འོད་ལྷ་སྐུ་དག་གི་ལུས་སྟེང་དུ་ཕོག་ཚེ། ལྷ་སྐུ་རྣམས་ཀྱི་ཞལ་རས་གསལ་བར་མཐོང་ནུས་ཤིང་སྐུའི་ བྱིན་རླབས་ཀྱིས་མིའི་སེམས་ཀྱི་དང་བ་རབ་དུ་འདྲེན་པར་འགྱུར་རོ། །

མཐོ་ལྡིང་དགོན་པའི་ནང་རྟེན་གྱི་ཁྲོད་གསེར་ཟངས་ལས་གྲུབ་པའི་སྒྲོལ་སྐུ་ཆེ་བ་མཐོ་ལ་དབྱིན་ཁྲི་བརྒྱད་ཙམ་ཡོད་པ་ཤིན་ཏུ་བྱིན་ལེགས་པ་ཞིག་བཞུགས་ཤིང་། གཞན་ཡང་གསུང་རྟེན་དང་ཐུགས་རྟེན་མང་དུ་ཡོད། ཐུགས་ཀྱི་རྟེན་ཏེ་མཆོད་རྟེན་མང་པོ་ནི་རྒྱུ་ཟངས་སེར་དང་དངུལ་དཀར། གཡུ་སོགས་བྱས་ཤིང་འདུ་ཁང་གི་དཀྱིལ་དབུས་སུ་སྟོན་པ་ཤཱཀྱ་མུ་ནིའི་གཙོ་སྐུ་བཞུགས་ལ་དེ་ཡི་རྒྱབ་ལོགས་སུ་གསེར་སྐུད་ཀྱིས་རི་མོ་སྣ་ཚོགས་ཕབ་པའི་གོས་ཆེན་རྒྱབ་ཡོལ་སོགས་ཡོད། བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ལྟར་ན་དགོན་པའི་འདུ་ཁང་དང་ལྷ་ཁང་ཀུན་གྱི་དཀར་ཁུང་ནི་ཆུང་ཞིང་དེ་རྣམས་སྟེང་ཕྱོགས་སུ་ཡོད་པས་ལྷ་ཁང་ནང་དུ་ཉི་འོད་ཕོག་ཚད་ཤིན་ཏུ་ཆུང་བ་ཡིན། གལ་ཏེ་སྒྲོན་མེའི་འོད་སྣང་མེད་ཚེ་ལྷ་ཁང་གི་སྦུག་ཏུ་མུན་པས་ཡོངས་སུ་བསྒྲིབས་ཡོད། ངེད་ཅག་ཐེངས་དང་པོར་ལྷ་ཁང་ནང་དུ་འགྲོ་དུས་དེར་ཡོད་པའི་དགེ་འདུན་པ་དག་འཚང་ཁ་ཤིག་ཤིག་གིས་རྗེས་དེད་ནས་འོང་། རྒྱུ་མཚན་ནི་ངེད་ཅག་གིས་ལྷ་ཁང་ནང་དུ་རྟེན་རྫས་རྩ་ཆེན་ཞིག་རྐུ་བར་དོགས་པས་རེད། ཡིན་ཡང་སྟབས་མ་ལེགས་པ་ཞིག་ལ་ངེད་ཀྱི་གོར་ཁའི་སྐུ་སྲུང་བ་ཞིག་གིས་དགེ་འདུན་པ་དག་བྲེལ་རྟབ་ཀྱིས་ཚུར་འོང་པ་མཐོང་ནས་དོགས་ཟོན་ཆེ་རུ་ཕྱིན་ཏེ་གོར་པན་[39]གདེང་གྲབས་བྱས་པ་ན། དགེ་འདུན་པ་དག་ཧ་ལས་པར་གྱུར་ཞིང་དགོན་པའི་ནང་མཚོན་ཆ་འཕྱར་བ་ལ་ཤིན་ཏུ་ཡི་མ་རངས་པར་གྱུར། དགོན་པ་དེའི་ཁྲོད་རྟེན་སྣ་ཤིན་ཏུ་མང་བས་རྟེན་མཛོད་ཁང་ཆུང་ངུ་ཞིག་དང་མཚུངས་ལ། དེ་ཡི་འདུ་ཁང་གི་གཙོ་སྐུ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་ལ་དེའི་གཡས་གཡོན་དུ་ལྷ་སྐུ་དུ་མ་བཞེངས་ཡོད་པར་མ་ཟད། འཇིམ་སྐུ་སྣ་ཚོགས་དང་རྫ་གཡམ་སྟེང་བརྐོས་པའི་སྐུ་བརྙན་ཡང་དུ་མ་མཆིས། དགོན་པའི་ནང་དུ་སོ་ཕག་ཆུང་ངུས་བསྒྲིགས་པའི་ལྷ་སྐུའི་བཞུགས་ཁྲི་དུ་མ་ཡོད་ཅིང་། ཡུལ་གཞན་དུ་ནི་དེ་དག་རག་དང་ཟངས་སེར་གྱིས་བྱས་ཡོད། དགོན་པའི་མ་ཎི་ཁང་གི་དཀྱིལ་དབུས་སུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཡོད་ཅིང་དེ་ཡི་སྟེང་དུ་དར་ལྕོག་མང་པོ་འཐེན་ཡོད། དགོན་པའི་ཁྱད་ཆོས་གཙོ་བོ་ནི་ལྡེབས་རིས་ཡིན་ལ། ལྡེབས་རིས་ཀྱི་ཁྲོད་དུ་པད་མའི་ཁྲི་ལ་བཞུགས་པའི་ཁྱབ་འཇུག་གི་ཞལ་ཐང་ཡིད་དུ་འོང་པ་ཞིག་ཡོད་ཅིང་ཞལ་ཐང་དེ་རུ་ལྷ་ཁྱབ་འཇུག་གི་ཉེ་འཁོར་དུ་འདབ་ཆགས་དང་གཅན་གཟན་གྱི་སྣང་བརྙན་སྣ་ཚོགས་བྲིས་ཡོད་པར་མ་ཟད། གཞན་ཡང་ཁོང་གི་སྟེང་འོག་ཕྱོགས་ཀྱི་སྟོང་པའི་ཆ་རྣམས་སུ་གླང་བོ་ཆེ་དང་རྟ་མཆོག འདབ་ཆགས་སོགས་བཀྲ་ཤིས་པའི་མཚོན་རྟགས་ཀྱི་རི་མོ་སྣ་ཚོགས་བྲིས་ཡོད། ཨན་ཏོ་ཏེའུ་ཡི་ཟིན་ཐོ་ལྟར་ན། དགོན་པ་དེའི་ལྡེབས་རིས་སུ་ལྷ་དང་ལྷ་མ་ཡིན་འཁྲུག་རྩོད་ཀྱི་རི་མོ་སོགས་བྲིས་ཡོད་པར་མ་ཟད། དགོན་པའི་འདུ་ཁང་གི་སྒོ་ཆེན་གྱི་ལོགས་སུ་དཀྱིལ་འཁོར་བཞེངས་ཤིང་དཀྱིལ་འཁོར་གྱི་ཁྲོད་དུའང་ལྷའི་ཡུལ་དང་ལྷ་མ་ཡིན་གྱི་ཡུལ་སོགས་ཀྱི་སྣང་བརྙན་འཁོད་ཡོད་པར་བཤད། ལྡེབས་རིས་དེ་དག་གི་ཚོན་མདངས་ནི་ཤིན་ཏུ་གསལ་བས་ཁ་སང་བྲིས་པ་ལྟར་སྣང་ཞིང་། ལྡེབས་རིས་ཀྱི་ཚོན་མདོག་ལས་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ་བཅས་ཀྱི་མདོག་ནི་ཤིན་ཏུ་བཀྲག་མདངས་འཚེར་བ་ཞིག་རེད།[40]

མཐོ་ལྡིང་གཙུག་ལག་ཁང་གི་ལྷ་ཁང་གཙོ་བོ་སྟེ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ལྷ་ཁང་གི་མཐའ་རུ་ལྷ་ཁང་ཆུང་ངུ་དུ་མས་བསྐོར་ཞིང་། འཛུལ་སྒོའི་ཡ་འདབ་ཏུ་མདུན་ཡོལ་ཆེན་པོ་ཞིག་དཔྱང་ཡོད་ཅིང་དེ་ཡི་རྒྱབ་ལོགས་སུ་གསེར་ཚོན་བྱུགས་པའི་སྟོན་པ་ཤཱཀྱ་ཐུབ་པའི་འཇིམ་སྐུ་མཐོ་ལ་དབྱིན་ཁྲི་ཉེར་ལྔ་ཡོད་པ་ཙམ་ཞིག་བཞུགས། ལྷ་ཁང་དེ་ཡི་རྒྱབ་ཕྱོགས་སུ་དགོན་པའི་ཚོགས་ཆེན་འདུ་ཁང་ཡོད་ཅིང་འདུ་ཁང་གི་མཐའ་འཁོར་དུ་ལྷ་ཁང་ཆུང་བ་མང་པོ་བཞེངས་ཡོད། ཚོགས་ཆེན་འདུ་ཁང་གི་རྒྱ་ཕིབས་ནི་གསེར་ཟངས་ལས་བྱས་ཤིང་། འདུ་ཁང་ནང་ལོགས་ཀྱི་ཉི་འོད་ཐད་ཀར་དྲང་འཕྲོ་བྱེད་སའི་གནས་སུ་སྒྲོལ་སྐུ་ཆེ་བ་ཞིག་བཞེངས་ཡོད་པར་མ་ཟད་དེའི་ལོགས་གཉིས་སུ་ཉེ་གནས་ཀྱི་ལྷ་སྐུའང་དུ་མ་བཞེངས་ཡོད། འདུ་ཁང་གི་ཀ་བ་རྣམས་ཐང་ཤིང་གིས་བྱས་ཤིང་འདུ་ཁང་ལོགས་སུ་བཞེངས་པའི་ལྷ་ཁང་གི་ཀ་བ་ནི་སྦྱར་ཤིང་ཡིན། འདུ་ཁང་གི་གནམ་གཅལ་ནི་པང་ལེབ་མང་པོ་བསྟར་དུ་བསྒྲིགས་པ་ལ་སྣུམ་ཚོན་དང་བརྐོས་རིས་ཀྱིས་བརྒྱན་ཞིང་། ལྷ་ཁང་ཆུང་བ་དག་གི་ཁྲོད་དུའང་འཇིམ་བཟོའི་གཙོ་སྐུ་ཆེ་བ་དག་གི་ལོགས་སུ་ཉེ་གནས་ཀྱི་ལྷ་སྐུ་མང་པོ་བཞེངས་ཡོད། དེའི་ཁྲོད་ཀྱི་ལྷ་ཁང་གཅིག་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་ལྷ་ཁང་ཡིན་ཞིང་གཙོ་སྐུ་རུ་ལོ་ཆེན་ཁོང་གི་སྐུ་བརྙན་བཞེངས་ཡོད།

མཐོ་ལྡིང་གི་དགེ་འདུན་པས་གསུངས་པ་ལྟར་ན། ལོ་ཆེན་རིན་ཆེན་བཟང་པོས་མཐོ་ལྡིང་གཙུག་ལག་ཁང་གི་ལྷ་ཁང་ཡོད་ཚད་བཞེངས་དེའི་དགོན་ལྷག་ཀྱང་མང་པོ་བཞེངས་ཡོད་པར་བཤད། བླ་མ་ལོ་ཙཱ་བས་ཉིན་གཅིག་ལ་གཙུག་ལག་ཁང་རེ་བཞེངས་པར་གྲགས་མོད། འོན་ཀྱང་དོན་དངོས་སུ་ལོ་ཆེན་ཉིད་ཀྱིས་སྐབས་དེར་ཡོན་བདག་རྣམས་ཀྱིས་གསར་དུ་བཞེངས་པའི་གཙུག་ལག་ཁང་རེ་ལ་ཉིན་གཅིག་ནང་རབ་གནས་ཀྱི་ཆོ་ག་མཛད་པ་དེ་ལ་གོ་དགོས། མཐོ་ལྡིང་གཙུག་ལག་ཁང་གི་བཞེངས་སྐྲུན་ཐད་མཁོ་བའི་ཤིང་ཆ་ནི་རྒྱུ་སྲ་ཞིང་ཤིན་ཏུ་རོམ་པའི་ཐང་ཤིང་དང་གསོམ་ཤིང་ཡིན་པས། སྐྱེལ་འདྲེན་གྱི་ཆ་རྐྱེན་མི་ལེགས་པའི་དུས་སྐབས་དེར་ལེ་བར་བཅུ་ཕྲག་དུ་མའི་ས་ནས་ཤིང་ཆ་རྣམས་ས་བབས་མཐོ་བའི་མཐོ་ལྡིང་དུ་སྐྱེལ་འདྲེན་བྱེད་པའང་ལས་སླ་བོ་ཞིག་མ་ཡིན།

ལྷ་བླ་མ་ཡེ་ཤེས་འོད་ཀྱི་ལྷ་ཁང་དེའི་ལོགས་སུ་ལྷ་ཁང་ཆུང་བ་ཉི་ཤུ་ལྷག་ཡོད་ཅིང་། དེའི་ཁྲོད་ཀྱི་ལྷ་ཁང་ཞིག་ཏུ་གཙོ་སྐུ་རུ་སངས་རྒྱས་སྨན་བླའི་སྐུ་བརྙན་ཆེ་བ་ཞིག་དང་དེ་ཡི་ལོགས་སུ་བོད་ཀྱི་ལྷ་རྗེ་དག་གི་སྐུ་བརྙན་བཞེངས་ཡོད། ལྷ་ཁང་དེ་རྣམས་སུ་གསེར་ཟངས་ལས་གྲུབ་པའི་ལྷ་སྐུ་ཆུང་བ་མང་པོར་གཡུ་ཡིས་ཕྲ་བཏབ་ཡོད་ཅིང་། དེ་དག་གི་མཐོ་ལ་དབྱིན་ཚོན་གསུམ་ནས་དྲུག་ཙམ་ཡོད། གཞན་དེ་གའི་ལྷ་ཁང་རྣམས་སུ་ལྷ་དབང་ཕྱུག་ཆེན་པོའི་སྐུ་བརྙན་མང་པོ་བཞེངས་ཡོད་པས། ལྷ་དབང་ཕྱུག་གི་དད་མོས་ནི་དུས་རབས་དུ་མའི་གོང་རྒྱ་གར་བརྒྱུད་མངའ་རིས་སུ་དར་བ་རྟོགས།

དགུ་པ། རྩོམ་པ་པོའི་གུ་གེ་རྙིང་པའི་མཐོང་སྣང་།

དུས་ཚོད་ཀྱི་དགོས་དབང་གིས་མཐོ་ལྡིང་གི་ལྷ་ཁང་རེ་རེའི་ལྡེབས་རིས་དང་བཟོ་བཀོད་སོགས་ལ་ཞིབ་ཏུ་རྒྱུས་ལོན་བྱེད་མ་ཐུབ་ཀྱང་། འབྱུང་འགྱུར་གྱི་དུས་སུ་བོད་པའི་ཞིབ་འཇུག་པ་ཞིག་གིས་ངེད་ཀྱི་ཞིབ་འཇུག་རྨང་གཞིའི་སྟེང་དེ་དག་ལ་ཞིབ་ཏུ་བརྟག་དཔྱད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། སྐུ་ཞབས་རོ་ལིན་གྱིས་བརྩམས་པའི་དེབ་དང་ཁོང་གི་བཅའ་འདྲི་ལས་ཤེས་གསལ་ལྟར་ན། ཁོང་གིས་ཀྱང་མཐོ་ལྡིང་དང་དེའི་ཉེ་འཁོར་གྱི་ལྷ་ཁང་མང་པོ་ཞིག་ལ་རྟོག་ཞིབ་བྱེད་ནུས་མེད་པ་རེད། འོན་ཀྱང་ཁོང་རང་ཡུལ་དངོས་སུ་ཕྱིན་པའི་ལྷ་ཁང་དག་གི་བཀོད་པ་དང་རིག་དངོས་གནས་ཚུལ་ནི་ཞིབ་ཕྲར་འཁོད་ཡོད། ཁོང་གིས་མཐོང་པའི་རིག་དངོས་ཁྲོད་གུ་གེ་རྒྱལ་པོའི་ཤིང་གི་བཞུགས་ཁྲི་ཞིག་ཀྱང་ཡོད་མོད། འོན་ཀྱང་ངེད་རང་དེ་རུ་ཕྱིན་དུས་བཞུགས་ཁྲི་དེ་མི་སྣང་ངོ་། །སྐུ་ཞབས་རོ་ལིན་དང་ངེད་ཅག་གི་འགྲུལ་བཞུད་དམིགས་ཡུལ་དང་སྲིད་གཞུང་གི་ལྟ་སྐྱོང་གི་ཚད་ནི་མི་འདྲ་སྟེ། ཁོང་རང་དང་པོ་ལྷ་ས་རུ་ཕྱིན་ཅིང་དེ་གར་རྟོག་ཞིབ་མཇུག་རྫོགས་རྗེས་ད་གཟོད་གཞི་ནས་མཐོ་ལྡིང་དུ་འོང་ལ། འགྲུལ་བཞུད་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་རང་ངོས་ནས་ཐག་བཅད་ཆོག་པ་རེད། སྐབས་དེའི་དབུས་གཙང་གི་བོད་མི་རྣམས་ལ་མཚོན་ན་དབྱིན་འགོག་དམག་འཁྲུག་གི་རྐྱེན་གྱིས་དབྱིན་ཇི་བ་དག་ལ་དགའ་ཚོར་མེད་ཅིང་། དགེ་འདུན་པ་དག་ལ་མཚོན་ནའང་དྲག་ཆས་སྤྲས་པའི་དམག་མི་དག་ལ་དགའ་སྣང་ཡེ་ནས་མེད་པ་རེད།

སྤྱི་ལོ་1910ལོར་རོ་ལིན་གྱིས་རྒྱ་གར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་སྣེ་ལེན་མཛད་མྱོང་པས། ཁོང་རང་མངའ་རིས་སུ་ཡོད་དུས་ཏཱ་ལའི་བླ་མས་ཁོང་གི་བརྟག་དཔྱད་འགྲུལ་བཞུད་ལ་ཁྱད་དབང་སྤྲད་ཅིང་། མཐོ་ལྡིང་དུ་གི་དཀོར་གཉེར་གྱིས་ཀྱང་ཁོང་ལ་ཞིབ་ཏུ་རྟོག་ཞིབ་བྱེད་དུ་བཅུག་པ་ཡིན་མོད། འོན་ཀྱང་རྟེན་རྫས་རྩ་ཆེན་དང་བཟོ་རིག་གི་སྒྱུ་རྩལ་བརྩམས་ཆོས་སྐོར་ཞིག་ནི་བསྟན་མེད་པ་རེད། ཉིན་ཞིག་གི་ཕྱི་དྲོར་ངེད་རང་རོ་ལིན་གྱི་དེབ་ཀྱི་ཁྲོད་དུ་གླེང་བའི་“མཐོ་ལྡིང་རྙིང་པ”རུ་ཕྱིན་པ་ཡིན། ཁོང་གི་དེབ་དེ་བཀླགས་མྱོང་པ་དག་གིས་དེབ་ཀྱི་ཁྲོད་དུ་ཡུལ་དེ་རུ་ཞིག་རལ་དུ་གྱུར་བའི་འཇིམ་བཟོའི་མཆོད་རྟེན་མང་པོ་ཡོད་པའི་སྣང་བརྙན་དེ་ལམ་སང་ཡིད་ལ་དྲན་ཞིང་། གཞན་ད་དུང་རཱམ་སེན་(Ram singh)གྱིས་ཞིབ་འབྲི་བྱས་པའི་མཐོ་ལྡིང་གི་ཡུལ་དངོས་དག་ཀྱང་ལམ་སང་ཡིད་ལ་དྲན་ངེས། འོན་ཀྱང་རོ་ལིན་ཁོང་དངོས་སུ་དེ་རུ་ཕྱིན་མེད་པ་འདྲ།“མཐོ་ལྡིང་རྙིང་པ”ནི་ཡུལ་མཐའ་འཁོབ་ཅིག་དུ་ཆགས་པའི་དགོན་སྡེ་ཞིག་ཡིན་ལ་རྗེས་སུ་ཞིག་རལ་དུ་གྱུར་བར་སྣང་། ཧྥུ་རན་ཁུ་ཡིས་“མཐོ་ལྡིང་རྙིང་པ”ནི་ལོ་ཆེན་རིན་བཟང་གིས་རབ་གནས་མཛད་པའི་དགོན་སྡེ་ཞིག་སྟེ། སྐབས་དེའི་དགོན་སྡེ་ཕལ་མོ་ཆེ་ནི་ཆུ་བོའི་འགྲམ་གྱི་ཐང་དཀྱིལ་དུ་ཆགས་པར་བཞེད་ཡོད། ངེད་རང་གོར་ཁའི་སྐུ་སྲུང་བ་དང་གནས་དེའི་གནས་མཇལ་བ་སྐོར་ཞིག་དང་ལྷན་དུ་རཱམ་སེན་(Ram singh)གྱིས་བསྟན་པའི་ཁུངས་སྣེ་དག་དེད་ནས་“མཐོ་ལྡིང་རྙིང་པ”འཚོལ་དུ་ཕྱིན་ཅིང་། དབྱིན་ལེ་ཕྱེད་ཙམ་སོང་པས་བྲག་གཡང་ཆེན་པོ་ཞིག་གི་རྩར་བསླེབས་ཤིང་། ས་དེའི་ཉེ་འདབས་སུ་ལོ་ལྔའི་གོང་དུ་སེ་ཝིན་ཧེ་ཏུན་(Sven Hedin)གནས་འདིར་སྡོད་དུས་སྦྲ་གུར་གྱི་མཐའ་རུ་ཆུ་རྐ་བརྐོས་པའི་རྗེས་ཤུལ་མཐོང་། གཡང་གཟར་དེར་བསྒྲོལ་དུས་བྲག་ཐེམ་དུ་སྦུབས་ལམ་རྙིང་པ་ཞིག་ལ་ཞིག་རལ་དུ་གྱུར་བའི་སྐས་ལམ་ཐུང་ངུ་ཞིག་ཀྱང་ཡོད། དེ་ནས་ཡར་དབྱིན་ཁྲི་ཉི་ཤུ་ཙམ་འཛེགས་ཚེ་བགྲོད་ལམ་ཅུང་བདེ་ས་ཞིག་ཏུ་ཐོན་ཞིང་། དེ་ནས་ཡར་རི་རྩེའི་བར་དུ་རྐང་ལམ་ཕྲ་མོ་ཞིག་གྱ་མ་གྱུའི་ངང་འཐེན་ཡོད། རིའི་རྩེ་རུ་སྡོད་དམངས་ཀྱི་ཁང་པ་དག་མཐོང་ཞིང་། དེ་ནས་མུ་མཐུད་དུ་སོང་ཚེ་དགོན་པའི་སར་བསླེབས་པ་རེད། དགོན་པའི་ཕྱིའི་བཀོད་པ་གྲུ་བཞི་ནར་གཟུགས་དབྱིབས་སུ་སྣང་ལ། ནང་དུ་འདུ་ཁང་གི་ཀ་བ་རྣམས་ཚོས་མདོག་དམར་པོས་བྱུགས་ཡོད། འདུ་ཁང་གི་དཀར་ཁུང་འོག་ཏུ་འཇིམ་བཟོའི་ལྷ་སྐུ་ཆེན་པོ་ཞིག་བཞུགས་ཤིང་དེའི་ཉེ་འཁོར་གྱི་ལྷ་སྐུ་དག་གི་ཁྲོད་གཅིག་ལ་དབུ་མེད་ཅིང་། ལྷ་སྐུ་དེ་དག་གི་རྒྱབ་ཏུ་ཚོས་མདོག་སྔོན་པོས་བྱུགས་པའི་ལྡེབས་རིས་སྣ་ཚོགས་མཐོང་ཐུབ། འདུ་ཁང་གི་གྲུ་ཟུར་དུ་རི་མོ་ཆུང་བ་སྣ་ཚོགས་བྲིས་ཡོད་ཅིང་། རི་མོ་སྐོར་ཞིག་ནི་སང་རས་ལྟ་བུའི་ཤོག་བུས་གཡོགས་ཡོད། འདུ་ཁང་ཁྲོད་མིག་སྔར་ལྷག་པའི་ལྷ་སྐུ་རྣམས་ནི་མདོག་དྭངས་པའི་ཚོས་སྣ་ཚོགས་སྤྱད་དེ་བྲིས་པས་ཧ་ཅང་གསལ་ཞིང་ཡིད་དུ་འོང་པ་ཞིག་རེད།

ལྷ་ཁང་འདིར་དུས་ཡུན་རིང་པོར་བདག་རྐྱེན་མ་བྱས་པས་ཞིག་རལ་དུ་གྱུར་ལ། ཡུལ་དེའི་ལུག་རྫིས་ལྷ་སྐུའི་རྒྱབ་ཡོལ་གྱི་འོད་ཀོར་གྱི་ཤིང་རྣམས་བུད་ཤིང་དུ་བྱས་ཏེ་མེ་ཁ་གསོས་པའི་ཤུལ་སོགས་མཐོང་ཐུབ། གཞན་ཡང་ཟངས་སེར་དང་ཟངས་དམར་ལས་བཟོས་པའི་སྔོན་གྱི་རྟེན་རྫས་ཀྱི་ཆག་ཀྲུམ་སོགས་གང་སར་མཐོང་ལ། ལྷ་ཁང་དེ་ཡི་རྒྱབ་ཕྱོགས་སུ་ལྷ་ཁང་གཞན་ཞིག་མཆིས་ཤིང་དེ་ཡི་ནང་དུ་འཇིམ་པ་ནག་པོས་བཟོས་པའི་ལྷ་དབང་ཕྱུག་ཆེན་མོའི་སྐུ་བརྙན་ཞིག་ཀྱང་བཞེངས་ཡོད། ལྷ་ཆེན་དེ་ཡི་མགུལ་དུ་ཐོད་སྐམ་གྱི་ཕྲེང་བ་བཏགས་ཤིང་གླང་ཞིག་ལ་བཅིབས་ཡོད། ལྷ་ཁང་དེའི་དཔེ་མཛོད་ཁང་དུ་ཤིང་ཏ་ལའི་ལོ་མར་བྲིས་པའི་གླེགས་བམ་མང་པོ་མཆིས་མོད། འོན་ཀྱང་གླེགས་བམ་དེ་དག་ལས་སྐོར་ཞིག་ནི་ལྡེབ་འཁྲུགས་ཡོད་པ་རེད། ལྷ་ཁང་དེ་དག་ཏུ་གཞན་ད་དུང་ཚོས་སྔོན་པོ་བྱུགས་པའི་གསེར་བྲིས་དང་དངུལ་བྲིས་ཀྱི་གླེགས་བམ་དུ་མའང་མཆིས། ངེད་ཀྱིས་ལྷ་ཁང་རྙིང་པ་དེ་གཉིས་ལས་ཟངས་སེར་སོགས་རྒྱུ་བྱས་ཏེ་བཞེངས་པའི་ལྷ་སྐུ་གཅིག་ཀྱང་མ་མཐོང་ཞིང་། ཕལ་ཆེར་དེ་གའི་ལྷ་སྐུ་རྣམས་ནི་དགོན་པ་འཇིག་དུས་སུ་མཐོ་ལྡིང་གཙུག་ལག་ཁང་དུ་སྤྱན་དྲངས་པར་སེམས། གཞན་ཡང་དགོན་རྙིང་དེ་གཉིས་ལས་འཇིམ་སྐུ་དང་ཤིང་བཟོའི་སྐུ་བརྙན། ཆོས་དཔེ་རེ་འགའ་དང་དཔེ་རྙིང་སྐོར་ཞིག་བཅས་ད་ལྟ་ལ་ཧོར་གྱི་རྟེན་མཛོད་ཁང་དུ་ཉར་ཡོད། ཡུལ་དེའི་དགེ་འདུན་པ་དག་གིས་རོ་ལིན་སོགས་ཁོང་ཅག་གི་མེས་པོའི་རིང་ནས་ཉམས་ཆག་ཏུ་བསྐྱུར་བའི་དགོན་པའི་རིག་དངོས་རྙིང་པ་དང་རྗེས་ཤུག་དག་ལ་སྤྲོ་བ་འཁོར་བ་གཏན་ནས་ཤེས་ཀྱིན་མེད། གལ་སྲིད་རོ་ལིན་སོགས་ཀྱིས་ཡལ་བར་དོར་བའི་རིག་དངོས་རྙིང་པ་སྐོར་ཞིག་ཕྱིར་ཡོ་རོབ་ཏུ་ཁྱེར་རྩིས་བྱས་ཚེ་ཁོང་ཅག་གིས་དེ་ལ་བཀག་འགོག་བྱེད་སྲིད། དེ་བཞིན་ངེད་རང་མཐོ་ལྡིང་དུ་ཡོད་དུས་སུ་མཐོ་ལྡིང་གི་ལྷ་སྐུ་ཆུང་ངུ་ཞིག་ལ་ཡོན་ཐོན་པོ་སྤྲད་ནས་བླུ་རྩིས་བྱས་མོད། འོན་ཀྱང་དགེ་འདུན་པ་དག་གིས་གཏན་ནས་ཁས་ལེན་མ་བྱས། ངེད་རང་དེ་ལ་ཤིན་ཏུ་ཡི་རང་པོ་བྱུང་།

བཅུ་པ། རྩོམ་པ་པོའི་རྩ་ཧྲེང་གི་འཚོལ་ཞིབ་དང་ཤེས་རྟོགས།

ངེད་རང་མཐོ་ལྡིང་རྙིང་པ་ནས་ཕྱིར་མཐོ་ལྡིང་དུ་ལོག་པའི་ཕྱི་ཉིན་རྩ་ཧྲེང་དུ་ཕྱིན་པ་ཡིན། དེ་ནི་མཐོ་ལྡིང་ནས་དབྱིན་ལི་དགུ་[41]ཙམ་ཕྱིན་པ་ན་གླིང་ཆེན་ཁ་འབབ་སྟོད་ཕྱོགས་ཀྱི་ཆུ་བོའི་གཡས་ལོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཐང་དཀྱིལ་ཞིག་ཏུ་མཆིས་ཤིང་། དེ་རུ་ཡེ་སཱུ་སེའུ་ཡི་ཆོས་ཁང་གི་རྗེས་ཤུལ་དང་རྒྱལ་པོའི་རྒྱལ་སྐུ་མཁར་སོགས་ཡོད། རྩ་ཧྲེང་ནི་མཚོ་ངོས་ཀྱི་རི་ཟུར་གཟར་མོ་ཞིག་གིས་ཡོངས་སུ་བསྐོར་ནས་ཆགས་ཤིང་རི་ཟུར་དེ་ཡི་མཐའ་ནི་གླིང་ཆེན་ཁ་འབབ་ཆུ་བོའི་ནང་དུ་སྲིང་ཡོད། གཡང་གཟར་དེ་ནས་དབྱིན་ལི་གཅིག་ཙམ་གྱི་སར་ཕྱིན་ཚེ་ཆུ་ཀླུང་ཆུང་ངུ་ཞིག་ཡོད་ཅིང་དེ་ཡི་འགྲམ་དུ་རྩ་ཧྲེང་གི་མཁར་ཤུལ་ཡོད། རྩ་ཧྲེང་གི་མཁར་ཤུལ་ནི་སྒོར་དབྱིབས་སུ་སྣང་ཞིང་མཁར་གྱང་ནི་ས་འདམ་གྱི་རྩིག་པས་བསྐོར་ཡོད། མཁར་ཤུལ་དེའི་མཐའ་བཞིའི་ས་ཞིང་རྣམས་དུས་ཡུན་རིང་པོར་རྨོ་འདེབས་མ་བྱས་པས་ཐང་རྒོད་དུ་གྱུར་ལ། རྩ་ཧྲེང་རྫོང་དཔོན་གྱི་གཞིས་ཀའི་ཤུལ་ཡང་དེ་རུ་ཡོད། གཞན་ཡང་དེ་རུ་དགོན་པ་དུ་མ་དང་དུད་ཚང་འགའི་སྡོད་ཁང་གི་རྗེས་ཤུལ་སོགས་མཐོང་ཐུབ། ས་དེའི་སྡོད་དམངས་ཤིག་གིས་ངེད་རང་ཁྲིད་ནས་དགོན་པ་དག་ལ་བལྟ་རུ་ཕྱིན་པ་དང་། དགོན་པ་དེ་དག་ནི་སྔོན་རྩ་ཧྲེང་རྫོང་དཔོན་གྱིས་དོ་དམ་བྱས་པ་ཡིན་པས་དགོན་པའི་འཛུགས་སྐྲུན་སོགས་ལ་གཏོར་བརླགས་ཆེན་པོ་ཐེབས་མེད་པ་རེད། དགོན་པ་དེ་དག་གི་བཟོ་སྐྲུན་གཞི་རྒྱ་ནི་མཐོ་ལྡིང་གཙུག་ལག་ཁང་ལས་ཆུང་མོད། འོན་ཀྱང་དེ་དག་གི་ནང་གི་རྒྱན་རིས་དང་མཛེས་བཟོའི་སྒྱུ་རྩལ་ནི་མཐོ་ལྡིང་ལས་མི་དམན་པ་ཞིག་རེད། དགོན་པ་དེ་དག་ལས་ཆེས་ཆེ་བའི་དགོན་པ་གཉིས་ནི་རི་སྐེད་དུ་ཆགས་ཤིང་སྤྱིའི་བཟོ་བཀོད་དང་རྟེན་བཞེངས་སོགས་ཡིད་དུ་འོང་པ་ཞིག་རེད། དགོན་པ་དེ་གཉིས་སུ་གཙོ་སྐུ་རུ་རྒྱུ་གསེར་ཟངས་ལས་བྱས་པའི་སངས་རྒྱས་ཤཀྱཱ་ཐུབ་པའི་སྐུ་བརྙན་བཞེངས་ཡོད། སྔོན་དུས་དགོན་པ་དེ་དག་ཏུ་གསེར་ཟངས་ཀྱི་སྐུ་བརྙན་ཆུང་ངུ་མང་དུ་བཞུགས་པར་བཤད་ཀྱང་ད་ལྟ་མི་སྣང་བར་གྱུར་ཡོད། འོན་ཀྱང་དགོན་པའི་སྐུ་བརྙན་ཆེ་བ་དག་གི་ཤིང་དང་ཟངས་སེར་གྱི་རྒྱབ་ཡོལ་དང་དར་ཟབ་ཀྱི་ཡོལ་བའི་སྟེང་དུ་བྲིས་པའི་འདབ་ཆགས་དང་རི་དྭགས་ཀྱི་སྣང་བརྙན་འཁོད་པའི་རི་མོ་དག་ལས་ལྷུན་ཆགས་ཀྱི་སྒྱུ་རྩལ་མཛེས་ཤིག་རང་ཤུགས་སུ་མངོན་ཡོད། རི་མོ་དེ་དག་ནི་ཆོས་ལུགས་ཀྱི་བསམ་བློ་ཁོ་ནའི་མཚོན་དོན་ཙམ་མིན་པར་རྩ་ཧྲེང་གི་མི་རྣམས་ཀྱི་དུས་རྒྱུན་འཚོ་བའི་སྣང་བརྙན་མཚོན་པ་རེད། སྐབས་དེའི་རྩ་ཧྲེང་གི་ཡུལ་དུ་བོད་ཀྱི་དམག་དཔོན་དང་། ཁ་ཆེ་དང་ལ་དྭགས་ཀྱི་ཚོང་པ། རྒྱ་གར་བྷ་ནེ་ཡ་སིའི་( banias)ཚོང་པ་སོགས་འཚོ་སྡོད་བྱས་ཡོད་པས། ནང་པའི་ལྷ་ཁང་དང་དགོན་སྡེ་ལས་གཞན་ད་དུང་ལྷ་དབང་ཕྱུག་གི་ལྷ་ཁང་རེ་འགའ་ཡང་མཆིས། ལྷ་དབང་ཕྱུག་གི་ལྷ་ཁང་དེའི་ནང་དབང་ཕྱུག་ཆེན་པོའི་ཞལ་ནི་གསེར་རྩིས་བྱུགས་ཤིང་ལྷ་ཁང་སྤྱིའི་བཟོ་རྩལ་ཤིན་ཏུ་ལེགས།  དགོན་པ་དེ་དག་གི་གནས་ནས་རྩ་ཧྲེང་གི་ཕོ་བྲང་བར་དུ་ལམ་ཕྲན་བསྒྲོལ་བདེ་བ་ཞིག་བཟོས་ཡོད་དེ། ལམ་དེའི་བར་བར་དུ་བསྒྲོལ་དཀའ་བའི་གནས་དག་ལ་རྡོ་གཅལ་གྱི་ཐེམ་སྐེས་བཟོས་ཡོད། དགོན་པའི་ཉེ་འགྲམ་གྱི་གཡང་གཟར་སྟེང་དུ་སྒྲུབ་ཕུག་མང་པོ་ཡོད་ཅིང་། ཕོ་བྲང་གི་གཤོལ་དུ་དབྱིན་ཚོན་བརྒྱ་ཙམ་གྱི་སར་རྡོ་ཁང་ཆུང་ངུ་ཞིག་ཡོད་ལ། རྡོ་ཁང་དེ་ནི་སྔོན་ལ་དྭགས་ཀྱི་དམག་གིས་གུ་གེ་བཟུང་རྗེས་སོ་སྲུང་གི་ཆེད་དུ་བཞེངས་པ་ཞིག་རེད།

རྩ་ཧྲེང་གི་རྒྱལ་པོའི་ཕོ་བྲང་གི་རྒྱབ་ཕྱོགས་སུ་འོབས་ཟབ་མོ་ཞིག་ཡོད་ཅིང་། འོབས་དེ་ནི་དགྲ་དམག་འགོག་སྲུང་གི་ཆེད་དུ་བཟོས་པར་བཤད། དེ་ཡི་ལོགས་སུ་གས་སྲུབས་ཤིག་ཀྱང་ཡོད་དེ། སྣེ་ཤན་པས་བཤད་པ་ལྟར་ན་གས་སྲུབས་དེ་ནི་ཕོ་བྲང་གི་སྐུ་སྲུང་བ་དག་གིས་མཚན་མོའི་དུས་སུ་ཆུ་ལེན་པར་འགྲོ་བའི་གནས་ཡིན་པར་བཤད། དེ་ནི་ལོ་རྒྱུས་དངོས་དང་མཐུན་པར་སྙམ་སྟེ། རྒྱུ་མཚན་ནི་སྐབས་དེར་ལ་དྭགས་ཀྱི་དམག་གིས་རྩ་ཧྲེང་ཡོངས་སུ་བསྐོར་རྗེས་ཕོ་བྲང་ནང་བཏུང་ཆུ་ཆད་པས་མཐར་འགོག་སྲུང་རང་ཤུགས་སུ་ཀློད་པ་རེད། རྩ་ཧྲེང་གི་རྒྱལ་པོའི་ཕོ་བྲང་དུ་ཀ་བ་མང་པོས་བཏེགས་པའི་ཁྱམས་ར་ཆེན་པོ་ཞིག་དང་མགྲོན་པོ་སྣེ་ལེན་ཁང་། ལྷ་ཁྱབ་འཇུག་གི་ལྷ་ཁང་དང་རྒྱལ་པོ་དང་བཙུན་མོའི་གཟིམས་ཁང་སོགས་ཡོད། རྒྱལ་པོའི་གཟིམས་ཁང་གི་ཀུན་དགའ་ར་བའི་ཁྲོད་ཡེ་སཱུ་སེའུ་ཆོས་ལུགས་ཀྱི་དད་པའི་རྟེན་སོགས་ཅི་ཡང་མ་མཆིས་མོད། འོན་ཀྱང་ཧ་ཅང་གསལ་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ནི། རྒྱལ་པོའི་ཆོས་ལུགས་དད་མོས་འགྱུར་རྗེས་གནམ་བདག་ཆོས་ལུགས་ཀྱི་ལྷ་རཱི་མེན་[42](Rimmon)ལ་སྐྱབས་སུ་སོང་བ་རེད།

རྩ་ཧྲེང་གི་ཕོ་བྲང་ལ་རྟོག་ཞིབ་བྱས་ཚར་རྗེས་དེ་གའི་མཁར་གྲོང་གི་ཁང་པ་འགའ་ལ་བལྟ་རུ་ཕྱིན་པ་ཡིན། དེ་རུ་ཡེ་སཱུ་སེའུ་ཆོས་ཁང་གི་རྗེས་ཤུལ་སོགས་ཅི་ཡང་མ་རྙེད་ཅིང་། དེ་གའི་ཁང་རྙིང་གི་ཁང་ཀླད་ཀྱི་ཤིང་ཆ་དག་མི་རྣམས་ཀྱིས་སྔ་མོ་ནས་བཤིགས་ཏེ་བུད་ཤིང་བྱས་ཟིན་མོད། དགོན་རྙིང་དག་ལ་གཏོར་བརླགས་ཅི་ཡང་ཐེབས་མེད། བོད་ཀྱི་བླ་མ་མཁས་པ་རྣམས་ཀྱིས་མཛད་པའི་ལོ་རྒྱུས་ཆོས་འབྱུང་རྣམས་སུ་གུ་གེ་རྒྱལ་པོ་མཐའ་མའི་ལོ་རྒྱུས་རིས་སུ་བོར་བ་ནང་བཞིན་ཡུལ་འདིའི་གནས་ཚུལ་ཡང་གཏན་ནས་འཁོད་མེད། ཨན་ཏོ་ཏེའུ་ཡིས་གསུངས་པ་ལྟར་ན་གནམ་བདག་ཆོས་ཁང་ནི་རྩ་ཧྲེང་རྫོང་དཔོན་གྱི་གཞིས་ཀའི་ཉེ་འགྲམ་དུ་ཡོད་མོད། འོན་ཀྱང་ས་དེའི་མི་རྣམས་ཀྱིས་རྩ་ཧྲེང་གི་རྒྱལ་པོས་དད་མོས་འགྱུར་བའི་ལོ་རྒྱུས་རྩ་བ་ནས་མི་བསྙད་ལ། རྩ་ཧྲེང་གི་རྫོང་དཔོན་ལ་ཡེ་སཱུ་སེའུ་ཆོས་ཚོགས་སྐོར་གྱི་ལོ་རྒྱུས་དྲིས་པའི་ཚེ་ནའང་དོན་འབྲས་ཅི་ཡང་མ་བྱུང་། དེར་བརྟེན་ཉིན་གཉིས་པར་ངེད་རང་ཕྱིར་རྒྱ་གར་དུ་ལོག་པའི་ལམ་ལ་ཞུགས་པ་ཡིན།

བཅུ་གཅིག གུ་གེ་དང་རྩ་ཧྲེང་གི་རང་བྱུང་ཐོན་ཁུངས།

མཐོ་ལྡིང་དང་རྩ་ཧྲེང་གི་རྗེས་ཤུལ་ཁྲོད་རིག་དངོས་ཕུན་སུམ་ཚོགས་པ་སྟེ། རྒྱུ་མཚན་མངའ་རིས་ཡུལ་དུ་གསེར་གྱི་གཏེར་ཁ་མོད་པའི་རྐྱེན་རེད། འཛམ་གླིང་ལོ་རྒྱུས་སྙན་རྩོམ་རིང་མོ་《མ་ཧཱ་བྷ་ར་ཏཱ》དང་། གྷི་རིག་གི་མཚན་ཉིད་རིག་པ་ཧེ་རོ་ཏོ་ཏི་[43](Herodotus)སོགས་ཀྱིས་སྔ་མོ་ནས་ཤར་ཕྱོགས་སུ་གསེར་གྱི་ཐོན་ཁུངས་མོད་པོའི་གནས་ཚུལ་བརྗོད་ཡོད།[44]གུ་གེའི་གཏམ་རྒྱུད་དང་ངག་རྒྱུན་ཁྲོན་ཀྱང་གསེར་གྱི་ཐོན་ཁུངས་མང་བའི་གནས་ཚུལ་བརྗོད་ཡོད། ལ་དྭགས་ཀྱི་ལོ་རྒྱུས་བསྟན་བཅོས་རྣམས་སུའང་གུ་གེ་རྒྱལ་པོས་གླེ་ཕོ་བྲང་ལ་གསེར་གྱི་འབུལ་རྟེན་འབོར་ཆེན་ཕུལ་བའི་གནས་ཚུལ་དང་། མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་གསེར་གྱི་ལི་སྐུ་མང་པོ་བཞུགས་པའི་ལོ་རྒྱུས་བཤད་རྒྱུན་ཡོད་པ་དེ་དག་ཚང་མ་བདེན་ཤེལ་ཆེ་བར་སྙམ། དེར་བརྟེན་གུ་གེ་དང་ལ་དྭགས་ཀྱི་ཡུལ་དུ་གསེར་འཚོལ་བ་ནི་ཡུལ་གཞན་ལས་སླ་བོ་ཡོད་པ་རེད།

དགོན་པ་དེ་དག་གི་ཁྲོད་དུ་ལི་སྐུ་དང་ཤིང་བརྐོས་རིག་དངོས་སྣ་ཚོགས་མཆིས་པར་མ་ཟད། གཞན་ད་དུང་དགོན་པའི་རྒྱ་ཕིབས་ཀྱང་ཟངས་སེར་ཀྱིས་བྱས་ཤིང་། འདུ་ཁང་གི་ཀུན་དགའ་ར་བའི་ཁྲོད་དུའང་གསེར་བྲིས་ཀྱི་གླེགས་བམ་མང་དུ་མཆིས། ལོ་རྒྱུས་ཡིག་ཚང་ལས་རྟོགས་ཐུབ་པ་ཞིག་ནི་བོད་དང་རྒྱ་གར། ཁ་ཆེ། ལ་དྭགས། ཀ་གནམ་གྱི་ཡུལ་སོགས་སུ་ལུག་བལ་དང་ཁུ་ལུའི་ཉོ་ཚོང་རྒྱུགས་ཆེ་བ་དེ་རེད། རྒྱ་གར་ལན་ཕུའུ་དྷ་ཏུའི་(Rampur chadars)ལུག་བལ་ནི་སྐད་གྲགས་ཆེ་བའི་ཚོང་རྟགས་ཤིག་ཡིན་ཞིང་། ཨ་མུའུ་ལ་(Almora)དང་གྷ་ཧོ་(Garhwal)ཞེས་པའི་ས་ཁུལ་དུའང་ལུག་བལ་ཧ་ཅང་བྲིན། ས་ཁུལ་དེ་རྣམས་ནི་ཧིན་རྡུའི་འཁལ་འཐག་ལས་རིགས་ཀྱི་ཡོངས་ཁུངས་གཙོ་བོའང་ཡིན། མངའ་རིས་ཡུལ་དུ་རྒྱ་གར་གྱི་མིང་ལ་“ཧིན་རྡུ”ཞེས་འབོད་ཅིང་ལུག་བལ་ཤིན་ཏུ་མོད་པའི་རྒྱལ་ཁབ་ཅིག་ཡིན། མངའ་རིས་ཡུལ་དུ་གསེར་དང་ལུག་བལ་མང་བར་མ་ཟད་གཞན་ད་དུང་རྟ་ནོར་གྱི་ལུས་སྟེང་གི་ཐོན་ཁུངས་ཀྱང་སྣ་མང་བ་རེད། པེ་ལོ་ཁུ་(Belloc)ཡིས་ཁོང་གི་ཟིན་བྲིས་ནང་མངའ་རིས་ཀྱི་རྟ་དང་ནོར་གནག་གི་ཐོན་ཁུངས་ཞིབ་ཏུ་གླེང་ཡོད། གཞན་ཡང་རི་བོ་ཧི་མ་ལ་ཡའི་རི་ཁུལ་དུ་ཟངས་དང་ལྕགས། ཁྲོ་སོགས་ལྕགས་རིགས་ཐོན་ཁུངས་མང་པོ་ཡོད་པར་མ་ཟད། སྔོན་གྱི་དུས་སུ་གུ་གེ་རྒྱལ་པོས་ཀྱང་མངའ་རིས་ཡུལ་དུ་ལྕགས་རིགས་ཀྱི་གཏེར་ཁ་བསྔོགས་འདོན་བྱས་མྱོང་། མཐོ་ལྡིང་གཙུག་ལག་ཁང་དུ་བཞུགས་པའི་སྐུ་རྟེན་གྱི་རྒྱུ་ཆ་རྣམས་ནི་ལི་ཁུ་(Luk)དང་ཧྲི་ཁེ།(Shipki) སྒར་ཐོག་སོགས་ནས་ནང་འདྲེན་བྱས་པ་ཡིན་ལ། འདུ་ཁང་སོགས་བཞེངས་བའི་ཤིང་གི་རྒྱུ་ཆ་རྣམས་ནི་ལམ་ཐག་རིང་བའི་རྒྱ་གར་ནས་ནང་འདྲེན་བྱས་པ་རེད། དེ་ལས་རྟོགས་ཐུབ་ཞིག་ནི་རྩ་ཧྲེང་གི་ལོ་རྒྱུས་ཆེས་རྩེ་སོན་གྱི་དུས་སུའང་དེ་རུ་ཤིང་ཆའི་ཐོན་ཁུངས་དཀོན་པ་དེ་རེད། གཞན་ཡང་མངའ་རིས་གུ་གེའི་དམག་རྣམས་པ་ཧྲ་(Baspa)རི་ཁུལ་དུ་ཐོན་པའི་ལོ་རྒྱུས་ཀྱིས་གུ་གེ་རྒྱལ་པོས་རྩ་ཧྲེང་གི་ཡུལ་ཁམས་འདི་ལ་དབང་བསྒྱུར་མྱོང་བའང་ར་སྤྲོད་བྱས་ཡོད། ཨན་ཏོ་ཏེའུ་ཡི་ཟིན་བྲིས་སུ་སྐབས་དེའི་གུ་གེའི་ཕོ་བྲང་དུ་ལོངས་སུ་སྤྱོད་བཞིན་པའི་རྒུན་འབྲུམ་ནི་གུ་གེའི་མངའ་འོག་གི་ཉིན་ལམ་གསུམ་ཙམ་གྱི་ཡུལ་དུ་སིལ་ཏོག་གི་རིགས་སྣ་མང་པོའི་འདེབས་འཛུགས་ཀྱི་ཆ་རྐྱེན་འཛོམས་པའི་ས་ཆ་ཞིག་ནས་ཁྱེར་འོང་པར་བརྗོད་ཅིང་། རྒུན་འབྲུམ་ནི་ཆི་ནའི་ཡུལ་(Chini)དུའང་ཐོན་པ་ཡིན། རྩ་ཧྲེང་གི་དགོན་སྡེ་དག་གི་ཁྲོད་ཀྱི་སྐུ་བརྙན་དང་རི་མོའི་སྒྱུ་རྩལ་རྣམ་པ་ནི་གཅིག་མཐུན་ཡིན་ཞིང་། དེ་དག་ནི་དུས་སྐབས་གཅིག་ཏུ་བཞེངས་པར་སྙམ། སྐུ་བརྙན་དེ་དང་མཐོ་ལྡིང་གཙུག་ལག་ཁང་དུ་བཞེངས་པའི་སྐུ་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་བར་ལ་ཁྱད་པར་ཆེ་ཙམ་འདུག

བཅུ་གཉིས། གུ་གེ་རྒྱལ་རབས་ཀྱི་འཇིག་རྐྱེན་དབྱེ་ཞིབ།

གུ་གེ་རྒྱལ་པོའི་རྒྱལ་སྲིད་ཤོར་རྗེས་སོག་པོ་དགའ་ལྡན་ཚེ་དབང་གིས་ལ་དྭགས་ཡུལ་དུ་དམག་སྣ་དྲངས་ཤིང་། ལ་དྭགས་དང་གུ་གེ་སོགས་མངའ་རིས་ཡུལ་གྱི་ས་ཆ་མང་པོ་སྐབས་དེའི་དགའ་ལྡན་ཕོ་བྲང་སྲིད་དབང་གི་འོག་ཏུ་འདུས། དེ་ལའང་ཆིང་གོང་མའི་སྲིད་གཞུང་གིས་དུས་ལྟར་ཕོ་ཉ་མངགས་ནས་ལས་དོན་གྲོས་མོལ་ངང་ས་གནས་སྲིད་གཞུང་གི་འཇའ་ས་དང་གོ་གནས་སོགས་སྤྲོད་ཀྱིན་ཡོད། སྐབས་དེའི་བོད་ཀྱི་ཡུལ་དབུས་ཀྱི་ས་ཞིང་འབོར་ཆེན་ནི་སྐུ་དྲག་དང་སྡེ་བ་གཞུང་གི་དཔོན་པོ་དག་གིས་བདག་གིར་བཟུང་བས། དབུལ་ཕྱུག་གི་ཁྱད་པར་ཤིན་ཏུ་ཆེ་ཞིང་དམངས་ཀྱི་འཚོ་བའི་ཆུ་ཚད་ཞན་པའི་ཁར། སྤྱི་ལོ་དུས་རབས་བཅུ་དགུའི་དུས་མགོར་འབྲུམ་ནད་བྱུང་བས་བོད་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་དཀའ་ངལ་ཆེན་པོ་བྱུང་། གཞན་ཡང་བོད་ཀྱི་སྐྱེས་པ་མང་པོ་རབ་ཏུ་བྱུང་ནས་ཆོས་ལ་སློབ་གཉེར་བྱེད་པ་ཡིན་པས་དེས་ཀྱང་མི་རིགས་འདིའི་ཐོན་སྐྱེད་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་འགྲོ་བར་ཤན་ཆེན་པོ་ཐེབས་ཡོད། སྐྱེས་པ་ཕོ་རྣམས་རབ་ཏུ་བྱུང་རྗེས་ཐོན་སྐྱེད་ངལ་རྩོལ་མི་དགོས་པར་འཚོ་བའི་དགོས་མཁོའི་དངོས་པ་ཚང་མ་དད་ལྡན་མང་ཚོགས་ལ་བརྟེན་པ་རེད། དེར་བརྟེན་དུས་སྐབས་དེར་དགེ་འདུན་པ་རྣམས་ལ་དམིགས་བསལ་གྱི་ཁྱད་དབང་དང་རྒྱུ་ནོར་ཡོང་འབབ་ཡོད་པས་གཞོན་སྐྱེས་མང་པོ་ཆུང་དུས་ནས་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་རྗེས་ཁྱིམ་ཐབ་བཟུང་མི་ཆོག་ལ་ཚེ་གང་པོར་རབ་བྱུང་གི་སྡོམ་པ་སྲུང་དགོས་པ་རེད། གུ་གེའི་རྒྱལ་བོ་མཐའ་མ་དེ་ལའང་སྲས་མ་འཁྲུངས་པས་རབ་ཏུ་བྱུང་བར་མ་འདོད་པར་མཐར་གནམ་བདག་ཆོས་ལུགས་སུ་ཞུགས། ཁོང་གིས་སྲིད་དབང་ཡུན་རིང་བཞེས་ཆེད། བློན་དང་འཁོར་རྣམས་ཀྱི་བློ་ཁའང་གནམ་བདག་ཆོས་ལུགས་སུ་བསྒྱུར་ཐབས་བྱས། དེ་ལྟར་བྱེད་དོན་ནི་རང་གི་རྒྱལ་ཁམས་ཀྱི་སྲིད་དབང་དང་རྒྱུ་ནོར་སོགས་མུ་མཐུད་བདག་གིས་བཟུང་ཆེད་རེད། འོན་ཀྱང་སྐབས་དེའི་གནས་ཚུལ་ལ་གཞིགས་ཚེ་སངས་རྒྱས་ཆོས་ལུགས་ནི་ཁོང་གི་རེ་འདོད་དོན་དུ་གཉེར་བའི་བཀག་རྡོ་ལྟ་བུར་གྱུར་བས། མཐར་ལྷ་བཙུན་པ་དང་མ་འཆམ་པར་ནང་འཁྲུག་བྱུང་རྐྱེན་སྲིད་དབང་གཞན་ལག་ཏུ་ཤོར་བ་རེད།

སྐབས་དེའི་གུ་གེའི་ཕོ་བྲང་གི་ལྷ་བཙུན་པ་རྣམས་ནི་སྤྱི་ཚོགས་ཀྱི་འགན་འཁྲི་ཆུང་ཞིང་། དུས་རྒྱུན་ཆོས་པའི་ལས་ལ་མི་འཇུག་པར་ཁྱིམ་པའི་བསྟུལ་ཞུག་དང་བཅས་ཆོས་མིན་གྱི་ལས་ལ་གཞོལ་ཆེ་བ་དང་། རྒྱལ་སྲིད་ཀྱི་དོན་དུའང་ལས་དོན་གཅིག་ཀྱང་མི་སྒྲུབ་པ་རེད། དེ་ལྟར་ལྷ་བཙུན་པའི་མི་གྲངས་རིམ་བཞིན་འཕེལ་བས་རྒྱལ་པོའང་འདུག་མ་བཟོད་པར་ཕོ་བྲང་ནང་མི་རྣམས་ཀྱི་བློ་ཁ་རང་ལ་ཕྱོགས་པའི་ཆེད་དུ་རང་གིས་སྣེ་ཁྲིད་དེ་ཆོས་ལུགས་ཀྱི་དད་མོས་བསྒྱུར་བ་རེད། སྐབས་དེའི་རྒྱལ་སྲིད་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ཚེ་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་དོན་དག་ཅིག་ནི་སྲོལ་རྒྱུན་གྱི་ལྷ་བཙུན་པའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་དེ་རེད། ངེད་ཅག་གིས་ལོ་རྒྱུས་ཀྱི་བསླབ་བྱ་དེའི་ཁྲོད་ཤེས་དགོས་པའི་དོན་དངོས་ཤིག་ནི། རྒྱལ་པོས་ལྷ་བཙུན་པ་དག་ལ་བརྡབ་གསིག་སྤྲད་ཅིང་ལྷག་ཏུ་སྐྱ་སར་འབབ་པའི་རེ་འདུན་བཏོན་པ་དེ་ཡེ་ནས་དང་ལེན་མ་ནུས་པས་མཐར་ཟིང་ལོང་གི་འགལ་བ་དེ་བྱུང་པ་རེད། ཟིང་འཁྲུག་དེ་བྱུང་པས་རྒྱལ་པོ་ཕམ་ཞིང་ལ་དྭགས་རྒྱལ་པོས་བཟང་བཙོན་དུ་བཅུག གལ་སྲིད་སྐབས་དེའི་མི་དམངས་ཀྱིས་རྒྱལ་པོའི་ཆབ་སྲིད་ཀྱི་དགོངས་པ་དེ་རྟོགས་ཡོད་ཚེ། གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་དེའང་རྣམ་པ་གཞན་ཞིག་ཏུ་གྱུར་ཡོད་སྲིད།

ངེད་ཀྱིས་འགྲུལ་བཞུད་ཟིན་ཐོ་འདི་རུ་མཐོ་ལྡིང་དང་རྩ་ཧྲེང་གི་སྐོར་གྱི་གནས་ཚུལ་ཧ་ཅང་ཞིབ་ཅིང་རྒྱས་པ་ཞིག་ནི་འགོད་མ་ནུས་ཀྱང་། མི་རྣམས་དེའི་སྐོར་ལ་སྤྲོ་བ་རབ་ཏུ་བསླངས་ཡོད། གལ་སྲིད་ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་ལོ་རྒྱུས་རིག་དངོས་དང་ཡིག་ཚང་སོགས་ལ་ཞིབ་འཇུག་བྱེད་ནུས་ཚེ། མི་རྣམས་ཀྱིས་སྤྱན་སྔར་སྔར་ལས་ལྷག་པའི་དཔྱད་འབྲས་གལ་ཆེན་གང་མང་བསྟར་ནུས་པ་རེད།[45]མཐོ་ལྡིང་གི་རྫོགས་ལྡན་གྱི་ལོ་རྒྱུས་དུས་རབས་དེ་ལ་ད་དུང་ཞིབ་འཇུག་བྱེད་འོས་པའི་ཆ་ཤིན་ཏུ་མང་སྟེ། དཔེར་ན་ཁ་ཆེའི་ཡུལ་ནས་འོང་པའི་ཨ་ཙ་རའི་(Assam)ལོ་རྒྱུས་དང་དེ་དག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའི་མདོ་སྔགས་ཀྱི་གླེགས་བམ་སོགས་ལས་ཀྱང་མཐོ་ལྡིང་གཙུག་ལག་ཁང་དང་འབྲེལ་བའི་གནས་དེའི་ལོ་རྒྱུས་སོགས་ལ་ཉམས་ཞིབ་བྱས་ཆོག སྤྱི་ལོ་དུས་རབས་བཅུ་གཅིག་པ་ནས་བཅུ་བདུན་པའི་དུས་ཀྱི་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ནི་མི་གསལ་ཞིང་། ངེད་ཅག་གིས་ཤེས་རྟོགས་བྱུང་བ་ནི་ལ་དྭགས་རྒྱལ་པོས་གློ་བུར་དུ་གུ་གེ་རུ་དཔུང་འཇུག་བྱས་པའི་ལོ་རྒྱུས་དེ་དང་། གཞན་ད་དུང་རྩ་ཧྲེང་རྒྱལ་རབས་ཀྱི་བྱུང་བ་དང་འཕེལ་རྒྱས། རྫོགས་ལྡན་དུས་རབས་ཀྱི་ལོ་རྒྱུས། མཐར་ཟློས་གར་གྱི་འཁྲབ་ཡོལ་རྒྱབ་པ་ལྟ་བུའི་གློ་བུར་གྱི་ཉམས་རྒུད་སོགས་རགས་ཙམ་ཡིན།

རྩ་ཧྲེང་གི་འགྲུལ་བཞུད་ཁྲོད་གསར་རྙེད་བྱུང་བའི་འབྲས་བུ་དག་ནི་ཕྱིས་སུ་འདིའི་ཐད་ཞིབ་འཇུག་བྱེད་མཁན་དག་ལ་མཚོན་ན་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་ངེས་ལ། དུས་ཡུན་ཐུང་ངུའི་ནང་གི་འགྲུལ་བཞུད་པ་ཞིག་ལ་མཚོན་ན་རྩ་ཧྲེང་གི་འགྲུལ་བཞུད་ཁྲོད་གསར་རྙེད་བྱུང་བའི་རིག་དངོས་དང་ལོ་རྒྱུས་ཀྱི་གསང་བ་སོགས་གསལ་བཀྲོལ་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་འོས་འགན་ཞིག་ཀྱང་ཡིན། རྩ་ཧྲེང་རྫོང་དཔོན་གྱི་གཞིས་ཀའི་ཉེ་འདབས་སུ་དཀར་རག་བྱུགས་པའི་མཆོད་རྟེན་རྙིང་པ་མང་པོ་ཡོད་ཅིང་། མཆོད་རྟེན་དེ་དག་གི་ཁྲོད་ཆེས་མཐོ་ཤོས་ཀྱི་མཆོད་རྟེན་དེའི་མཐོ་ལ་དབྱིན་ཚོན་བཞི་བཅུ་ལྷག་ཡོད་པ་དང་། དེའི་དབུ་རྩེ་རུ་ཤིང་གིས་བཟོས་པའི་རྒྱ་གྲམ་ཞིག་བསླངས་ཡོད། དེ་ནི་ཕལ་ཆེར་སྐབས་དེར་དགེ་འདུན་པ་དག་གིས་བཙན་གྱིས་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་གཏོར་བའི་དུས་སུ་མི་ཆེ་གེ་མོས་བསམ་བཞིན་དུ་གནམ་བདག་ཆོས་ལུགས་ཀྱི་དད་རྟེན་དེ་མཆོད་རྟེན་གྱི་རྩེ་རུ་བཙུགས་པར་སྙམ། དེར་བརྟེན་རྩ་ཧྲེང་གི་ཡུལ་དུ་ནི་སྔ་མོའི་དུས་ནས་བཙུགས་པའི་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་དང་། ཚོགས་པ་སོགས་རྩ་ཐོར་དུ་སོང་བས་དེ་དག་གི་རྗེས་ཤུལ་ཀྱང་རྙེད་པར་དཀའོ། །

* རྩོམ་པ་པོ་ངོ་སྤྲོད། G.M. YONGནི་དུས་རབས་20པའི་ནང་གི་དབྱིན་ཇིའི་ཉམས་ཞིབ་པ་ཞིག་ཡིན་ལ། ཁོང་ནི་དུས་རབས་20པའི་ནང་ནུབ་གླིང་གི་མཁས་པ་དང་ཉམས་ཞིབ་པ་དག་གི་ཁྲོད་མངའ་རིས་ས་ཆའི་རིག་དངོས་སྐོར་ལ་དོ་སྣང་དང་གནའ་དཔྱད་ཞིབ་འཇུག་བྱེད་མཁན་ཐོག་མའི་གྲས་ཡིན། རྩོམ་ཡིག་འདི་ནི་སྤྱི་ལོ་1919ལོའི་རྡོ་འཇོག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གཞུང་ལྷན་ཚོགས་དུས་དེབ་(ལ་ཧོར)འདོན་ཐེངས་བདུན་པའི་དེབ་ཕྲེང་གཉིས་པའི་ཤོག་ངོས་117-198ལས་འཁོད་དུ་བྱུང་བ་ཡིན། (Journal of the Panjab Historical Society (Lahore) Vol. VII.117-198.)

* སྒྱུར་པ་པོ་ངོ་སྤྲོད། པད་མ་དོན་གྲུབ། 2021ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མ་ཐོན། 2023ལོའི་སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སྡེ་ཁག་གི་འབུམ་རམས་པ། ཆེད་ལས་ཁ་ཕྱོགས། བོད་ཀྱི་གནའ་དཔྱད། ནང་བསྟན་སྒྱུ་རྩལ།

དཔྱད་ཡིག་དང་ཞབས་མཆན། 

[31] 《ལ་དྭགས་རྒྱལ་རབས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས་56-57པར་གསལ།“ཨིན་ཌ་བྷོ་དྷི་རྣམ་རྒྱལ་སྟག་སྣ་ཆོས་ཀྱི་རྗེ་སྨུག་འཛིན་དྲུང་དུ་རབ་ཏུ་བྱུང་། སྟག་རས་ཀྱི་སློབ་མའི་གཙོ་བོར་གྱུར། ཧེ་མི་དང་ཐེག་མཆོག་བཞེངས་དུས། བཀའ་བཀོད་ལ་བཞུགས། བསྟན་པ་གཅེས་པའི་བཙུན་པའི་མཆོག་ཏུ་གྱུར། སློབ་དཔོག་སྟག་ཚང་གི་བཀའ་གནང་བ་བཞིན། གུ་གེ་ལ་མངའ་མཛད།” ཅེས་བྲིས་ཡོད། (སྒྱུར་པ་པོས་མཆན་བཏབ།)

[32] དགའ་ལྡན་ཚེ་དབང་ནི་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་བུ་དྲུག་པ་རྡོ་རྗེ་ད་ལའི་ཧུང་ཐའི་ཇིའི་བུ་ཡིན་པ་དང༌་། བཀྲ་ཤིས་ལྷུན་པོར་སྒྲིགས་ཞུགས་མཛད་རྗེས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་ཏུ་བྱུང་། ལ་དྭགས་རྒྱལ་པོས་དགེ་ལུགས་ཀྱི་བསྟན་པ་ཁྱབ་གདལ་དུ་དར་བར་ལོག་པའི་བསམ་ངན་འཆང་བཞིན་ཚུར་རྒོལ་གྱི་བྱ་བ་ཅི་རིགས་བརྩམས་པས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ལ་དྭགས་ཀྱི་རྒྱལ་པོ་དེ་ཉིད་འདུལ་བའི་སྐབས་སུ་བབས་པ་དང༌་། བཀྲ་ཤིས་ལྷུན་པོའི་དགའ་ལྡན་ཚེ་དབང་དེ་ཉིད་ཀྱིས་འདུལ་བའི་དུས་སུ་བབས་པར་དགོངས་ནས་གཙང་ཕྱོགས་ནས་སྐོང་འགུག་གནང་སྟེ་ལས་དོན་སྒྲུབ་ཕྱོགས་གསང་བའི་བྱ་ཐབས་དུ་མ་མཛད། དགའ་ལྡན་ཚེ་དབང་གི་དམག་དཔུང་མངའ་རིས་སུ་འབྱོར་ནས་ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་ལ་ལན་མང་རྒོལ་བས་ལ་དྭགས་རྒྱལ་བློན་ཚོགས་ཀྱིས་བཀའ་བཞིན་སྒྲུབ་པར་ཁས་བླངས་ཏེ་མགོ་བོ་སྒུར། ཆོས་བརྒྱུད་བསྒྱུར་དུ་བཅུག ཡིན་ཡང་ཡུལ་ཁམས་དེ་ན་དྭགས་པོ་བཀའ་རྒྱུད་ཀྱི་སྲོལ་འཛིན་པ་དང་༌། གསང་སྔགས་རྙིང་མའི་བསྟན་པའི་སྲོལ་འཛིན་པ་སོགས་ཆོས་བརྒྱུད་མི་གཅིག་པ་མང་དུ་མཆིས། ཆོས་བརྒྱུད་མི་འདྲ་བ་ཐམས་ཅད་ཕྱོགས་རིས་མེད་པར་སྐྱོང་བར་མཛད། སྤྱི་ལི་1681ལོར་མངའ་རིས་སྐོར་གསུམ་དབང་དུ་བསྡུས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཚེ་དབང་མངའ་རིས་ཀྱི་སྲིད་འཛིན་སྤྱི་ཁྱབ་ཏུ་བསྐོས་པ་ལྟར་མངའ་རིས་སུ་ལོ་ཤས་བཞུགས་ཐོག་ཡུལ་དེར་སྐུ་གཤེགས། (སྒྱུར་པ་པོས་མཆན་བཏབ།)

[33] དེང་གི་སྦལ་ཏི་སི་ཐན་རྒྱལ་ཁབ་ཀྱི་བྱང་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཞིག

[34] རོ་ལིན་(Godfrey Rawling, 1870-1917)ནི་དབྱིན་ཇིའི་དམག་དཔོན་དང་འཚོལ་ཞིབ་པ། རྩོམ་པ་པོ་ཞིག་ཡིན། ཁོང་གིས་བོད་ལྗོངས་དང་ཧོ་ལན་རྒྱལ་ཁབ་དུ་ཡུལ་དངོས་བརྟག་དཔྱད་བྱས་པའི་དཔྱད་འབྲས་རྣམས་ལ་དབྱིན་ཇི་གོང་མའི་ཁྱིམ་རྒྱུད་ས་རྒྱུས་ཞིབ་འཇུག་ཚོགས་པའི་བསྟོད་བསྔགས་ཐོབ་པར་མ་ཟད། ཧོ་ལན་དང་རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་། ཁོང་གིས་སྔ་རྗེས་སུ་དཔེ་ཆ་གཉིས་པར་དུ་བསྐྲུན་ཞིང་། དཔེ་ཆ་དེ་དག་དུ་ཁོང་གི་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་མྱོང་པ་སོགས་བྲིས་ཡོད། འཛམ་གླིང་དམག་ཆེན་དང་པོའི་སྐབས་ཁོང་རང་སྔ་རྗེས་སུ་དམག་འཁྲུག་ལ་ཐེངས་གཉིས་ཞུགས་ཤིང་། ཐེངས་དང་པོ་ནི་རྒྱ་གར་བྱང་ཕྱོགས་ཀྱི་དབྱིན་ཇིའི་བཙན་འཛུལ་དམག་འཁྲུག་ཡིན་ལ། ཐེངས་གཉིས་པ་ནི་ཧྥ་རན་སིའི་དབྱིན་ཇིའི་དམག་འཁྲུག་ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཐེངས་གཉིས་པའི་དམག་འཁྲུག་ཁྲོད་ཁོང་རང་རང་ལོ་47ལོན་པ་དང་གྲོངས་པ་རེད།

[35] རྒྱ་གར་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཞིག་གི་མིང་།

[36] འཇལ་བྱེད་རིང་ཚད་ཅིག་སྟེ། དབྱིན་ཁྲུ་གཅིག་ལ་ལི་སྨི་30.48cmདངསྨི་0.3048m སྟོང་སྨི་0.0003048kmབཅས་ཡོད། དབྱིན་ཁྲུ་13000ལ་སྨི་3962.4ཡོད་པས་དུང་པོའི་ཡུལ་གྱི་མཚོ་ངོས་མཐོ་ཚད་ལ་སྨི་3962.4ཡོད།

[37] གླང་ཆེན་ཁ་འབབ་སྟོད་རྒྱུད་དང་སྤི་ཏི། སྒར་ཐོག་བཅས་ཀྱི་བར་མཚམས་སུ་མཁར་རྙིང་གཉིས་མཆིས་སྟེ། ས་གནས་ཀྱི་བཤད་རྒྱུན་ལྟར་ན་མཁར་དེ་དག་ནི་མོན་པའི་རིགས་ཀྱི་རྒྱལ་ཕྲན་གྱིས་བརྩིགས་པ་དང་། ཀྲུང་གོའི་ལོ་རྒྱུས་རིག་པ་བ་དག་གི་བརྟག་དཔྱད་ལྟར་ན་མཁར་དེ་དག་ནི་ནུ་(nu)ཞེས་པའི་ཧི་མ་ལའི་རྒྱལ་ཕྲན་ཞིག་གིས་བརྩིགས་པ་དང་། ཁོང་ཅག་ནི་ཀྲོ་དྷ་ནའི་རྒྱལ་ཕྲན་ཤེས་ཡོན་གྱི་ལོ་རྒྱུས་ཤིན་ཏུ་རིང་བའི་མི་རིགས་ཤིག་ཡིན་པར་བཤད། (Atkinson’s Gazetteer of the Himalayan Districts of the United Provinces, Vol. II, pp. 452, 457, 458). མི་རྣམས་ཀྱིས་མཁར་རྙིང་འདི་དག་ནི་ངག་རྒྱུན་ཁྲོད་ཀྱི་རྒྱལ་ཕྲན་དེ་དག་གི་མཁར་དང་འབྲེལ་བ་ཡོད་པར་བཤད་མོད། འོན་ཀྱང་དོན་དངོས་ནི་ཚོད་དཔག་དེ་དང་མི་མཐུན་པར་སྙམ།

[38] 《ཁོ་ཎཱ་བེར་གྱི་ཧི་མ་ལ་ཡིའི་ཟིན་ཐོ》(Account of Koonawur in the Himalaya)ཤོག་ངོས་35གསལ།

[39] གོར་པན་ནི་གོར་ཁའི་རལ་གྲི་ལྟག་གྱེད་ཀྱི་མིང་ཡིན། ཁུག་རི་གྲི་ཡང་ཟེར། (སྒྱུར་པ་པོས་མཆན་བཏབ།)

[40] མཐོ་ལྡིང་གཙུག་ལག་ཁང་གི་ཞིབ་འབྲིའི་ཐད་སྐུ་ཞབས་རོ་པོ་ཐུ་ཡིས་《མཐོ་ལྡིང་གཙུག་ལག་ཁང་གི་ཟིན་ཐོ》Vitali, Roberto: RECORDS OF THO.LINGཞེས་པའི་དེབ་ཅིག་བརྩམས་ཡོད་ཅིང་། དེ་རུ་གུ་གེ་དང་འབྲེལ་བའི་ཡིག་ཆ་དང་མཐོང་ཐོས་སོགས་འཚོལ་ཞིབ་བྱས་ཡོད།

[41] ཨན་ཏོ་ཏེའུ་ཡིས་དེ་ལ་“ཉིན་ཕྱེད་ཀྱི་འགྲུལ་བཞུད”ཅེས་ཟེར་ཞིང་། རྗེ་རོ་རྡི་(Gerard)ཡིས་དེ་ལ་“དབྱིན་ལི་ལྔ་ཙམ་གྱི་འགྲུལ་བཞུད”ཅེས་ཟེར། ལམ་ཐིག་དེ་དེད་ནས་དངོས་སུ་སོང་ཚེ་དེ་འདྲའི་ཐག་རིང་པོ་ཞིག་ནི་མ་ཡིན། ཧྥེ་ལེ་ཙི་(Fraser)ཡིས་ལམ་ཐག་དེ་ནི་མཐོ་ལྡིང་དང་སྒར་ཐོག་བར་གྱི་ལམ་ཐག་ཙམ་ཡིན་པར་བཤད་ལ། རྩ་ཧྲེང་གི་རྒྱལ་པོའི་མིང་ལ་“ཇོ་བདག་པོ”ཞེས་འབོད་པར་བཤད། རྗེ་རོ་རྡི་དང་ཧྥེ་ལེ་ཙི་གཉིས་ཀྱིས་ཡེ་སཱུ་སེའུ་ཆོས་ཚོགས་སྐོར་ནས་ཅི་ཡང་གླེང་མེད། ཨེ་ལག་ཟན་ཊར་རྗེ་རོ་རྡི་(Alexander Gerard)ཡིས་བརྩམས་པའི་《ཁུ་ན་ཨེར་གྱི་གཏམ་རྒྱུད》(Account of Koonawar)ཅེས་པའི་དེབ་ཀྱི་ཤོག་ངོས་146པར་གསལ། སྤྱི་ལོ་1814ལོར་པར་དུ་བསྐྲུན། ཧྥེ་ལེ་ཙི་ཡིས་བརྩམས་པའི་《ཧི་མ་ལའི་རི་ཁུལ》(Himala Mountain)ཞེས་པའི་དེབ་ཀྱི་ཤོག་ངོས་49པར་གསལ། ལོན་ཏོན་དུ་པར་དུ་བསྐྲུན། རོ་ཌི་ཝོ་(Rodwell)དང་མར་ཏིན་(Martin)གྱིས་བརྩམས་པའི་དེབ་ཀྱི་ཤོག་ངོས་291པར་གསལ། 1820ལོར་པར་དུ་བསྐྲུན།

[42] ཡ་ཧི་ད་བའི་སྐད་དེ་གནའ་བོའི་བ་པི་ལོན་རྒྱལ་ཁབ་ཀྱི་རྒྱལ་པོ་ཞིག་གི་མིང་ཡིན་ལ། ཕྱིས་སུ་གནམ་བདག་ཆོས་ལུགས་ཀྱི་སྐྱབས་གནས་སུ་བྱེད་པའི་ལྷ་ཞིག་ཏུ་གྱུར། (སྒྱུར་པ་པོས་མཆན་བཏབ།)

[43] ཧེ་རོ་ཏོ་ཏི་ནི་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་བ་གྲགས་ཆེན་ཞིག་སྟེ། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་པ་ནས་བཞི་པའི་བར་འཚོ་བཞུགས་གནང་། ཁོང་ནི་ལོ་རྒྱུས་རིག་པ་བ་ཞིག་ཀྱང་ཡིན་ཏེ་པར་ཟིག་བཙན་རྒྱལ་གྱི་ལོ་རྒྱུས་ཐེར་དེབ་བྲིས་པར་མ་ཟད། 《ལོ་རྒྱུས》ཞེས་པའི་བརྩམས་ཆོས་དེ་ཤིན་ཏུ་གྲགས་ཆེ་བ་ཞིག་ཡིན། ཁོང་ལ་ད་དུང་“ལོ་རྒྱུས་ཀྱི་མེས་པོ”ཞེས་ཀྱང་འབོད་སྲོལ་ཡོད། (སྒྱུར་པ་པོས་མཆན་བཏབ།)

[44] གནའ་རབས་ལོ་རྒྱུས་ཀྱི་བསྟན་བཅོས་རྣམས་སུ་གསེར་གྱི་ཐོན་ཁུངས་ཆེས་མང་བའི་ས་ཆ་ནི་ལ་དྭགས་གླེ་གྲོང་ཁྱེར་གྱི་ཉེ་འཁོར་དང་ཧིན་རྡུ་ཆུ་བོའི་འབབ་ཡུལ་ཡིན་པར་བཤད་ལ། ས་ཁུལ་དེ་དག་ཏུ་ཧིན་རྡུའི་ནུབ་བྱང་ཁུལ་གྱི་དྷ་ཏུའི་མི་རིགས་(Dards)འཚོ་སྡོད་བྱས་ཡོད། ལ་དྭགས་དང་ཧིན་རྡུ་གཉིས་ནི་ཆུ་བོ་གཅིག་གི་རྒྱུན་དུ་ཆགས་ཤིང་གསེར་གྱི་ཐོན་ཁུངས་མང་པོ་ཡོད། གཞན་ཡང་ཡུལ་དེ་རུ་“གྲོགས་མ་གསེར་ཁུར”གྱི་ལོ་རྒྱུས་(ཧེ་རོ་ཏོ་ཏི་ཡི་བརྩམས་ཆོས། དེབ་3པའི་ས་བཅད་102-105རུ་གསལ)ཡོད་པ་སོགས་བརྗོད་ཡོད། ཧྥུ་རན་ཁུ་ཡིས་རྒྱ་གར་ལྷོ་ནུབ་གྱི་ཁཱ་ན་ཐ་ཁུ་(Kalatse)ཞེས་པའི་མངའ་སྡེ་རུ་གྲོགས་མ་དེའི་རིགས་ཀྱི་ངག་རྒྱུན་དང་ཐ་ན་གྲོགས་མ་དེ་དངོས་སུ་མཐོང་མྱོང་པར་གསུངས། ཁོང་གིས་གྲོགས་མ་གསེར་ཁུར་ནི་ཧེ་རོ་ཏོ་ཏིས་གསུངས་པ་ནང་བཞིན་“ཁྱི་དང་ཝ་མོའི་ཆེ་ཆུང”ཙམ་ཡོད་པར་མི་བཞེད་ལ། གྲོགས་མ་དེ་ནི་སྤྱིར་བཏང་གི་གྲོགས་མའི་ཆེ་ཆུང་ལས་མེད་པར་གསུངས་ཡོད།  རོ་ལིན་སུན་(Rawlinson)གྱིས་《མ་ཧཱ་བྷ་ར་ཏཱ》ཡི་ནང་དུ་གྲོགས་མས་གསེར་བརྐོས་པའི་གཏམ་རྒྱུད་བརྗོད་ཡོད་པར་གསུངས་ཤིང་། ཁོང་གི་བསམ་པར་དེ་ནི་ས་དེའི་མི་རྣམས་ཙོག་པུར་བསྡད་ནས་གསེར་རྐོ་བའི་རྣམ་པ་བརྗོད་ཀྱིན་ཡོད་པ་བསྟན་ཡོད། ལྟ་བ་དེ་ལ་གཞུང་ལུགས་ཀྱི་འབྲེལ་བཤད་ཡོད་མེད་མི་ཤེས་མོད། འོན་ཀྱང་ཀུན་གྱིས་ཁས་ལེན་བྱེད་བདེ་བའི་ལྟ་བ་ཞིག་རེད། དོན་དངོས་སུ་མངའ་རིས་ཡུལ་དུ་སྔོན་གསེར་གྱི་གཏེར་ཁ་བསྔོགས་མྱོང་པའི་ཤུལ་རྣམས་སུ་བྱི་བའི་ཁུང་བུ་མང་པོ་ཡོད་པས། ཧེ་རོ་ཏོ་ཏིས་གསུངས་པའི་གྲོགས་མ་གསེར་ཁུར་གྱི་གཏམ་རྒྱུད་དེའང་བྱི་བ་ལ་གོ་བ་ཡིན་ནམ་སྙམ། སྲོག་ཆགས་བྱི་བའི་གཟུགས་དབྱིབས་ནི་ཧེ་རོ་ཏོ་ཏིས་ཞིབ་འབྲུ་བྱས་པའི་གྲོགས་མ་གསེར་ཁུར་གྱི་གཟུགས་གཞིའི་ཆགས་དབྱིབས་དང་ཤིན་ཏུ་མཚུངས་ལ། ཉིན་མོར་ཚ་བ་ཆེ་བའི་དུས་སུ་ཁུང་བའི་ནང་དུ་འཛུལ་བ་དང་། ཕྱི་རོལ་དུ་ཡོང་ནས་བཟའ་ཆས་འཚོལ་བའི་དུས་སུ་མིའི་སྐད་གདངས་སོགས་ཐོས་མ་ཐག་མྱུར་བར་བྲོས་འགྲོ་བ་ཞིག་རེད། ཧྥི་རན་ཁུ་ཡིས་བརྩམས་པའི་《བོད་ནུབ་རྒྱུད་ཀྱི་ལོ་རྒྱུས》(Francke ,History of Western Tibet) ཞེས་པའི་དེབ་ཀྱི་ཤོག་ངོས་12-14བར་གསལ།

[45] ལོ་ངོ་30ཡི་རྗེས་སུ་ཏུའུ་ཆིས་(Giuseppe Tucci)སྤྱི་ལོ་1933ལོར་མངའ་རིས་རྩ་ཧྲེང་ཡུལ་དུ་རྟོག་ཞིབ་དུ་སོང་ཞིང་། 《བོད་ཀྱི་ནུབ་ཕྱོགས་ཀྱི་དགོན་སྡེ་དང་དེའི་སྒྱུ་རྩལ་མཚོན་བྱེད》(Temples of Western Tibet and Their Artistic Symbolism)ཅེས་པའི་དེབ་དེ་བརྩམས་ནས་སྤྱི་ལོ་1935ལོར་རོམ་གྲོང་ཁྱེར་དུ་པར་དུ་བསྐྲུན།

– – – – –

Loading

2 མཆན།

  1. ཚན་པ་དང་པོ་དང་གཉིས་པ་ཆ་ཚང་བཀླགས་པའི་གོ་སྐབས་རག་སོང་། གུ་གེ་རྒྱལ་རབས་ཉམ་ཆགས་འབྱུང་རྐྱེན་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་། ཐོ་ལྡིང་དགོན་གྱི་ལོ་རྒྱུས་དང་དེ་བཞིན་གནའ་ཤུལ་ལ་རྟོགས་ཞིབ་ཀྱི་ཡིག་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡོད། ཕབ་བསྒྱུར་བ་སྐུ་ཞབས་པད་མ་དོན་གྲུབ་ལགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  2. གུ་གེ་རྒྱལ་རབས་ཉམས་ཆགས་སུ་གྱུར་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་། ཐོ་ལྡིང་དགོན་གྱི་ལོ་རྒྱུས། དེ་བཞིན་གནའ་ཤུལ་ལ་རྟོགས་ཞིབ་ལས་དོན་སྤེལ་བའི་ཡིག་ཆ་གལ་ཆེན་པོ་ཞིག་རེད་འདུག། ཚན་པ་སྔ་ཕྱི་གཉིས་ཆ་ཚང་བཀླགས་པའི་གོ་སྐབས་རག་སོང་། ཡིག་བསྒྱུར་བ་སྐུ་ཞབས་པད་མ་དོན་གྲུབ་ལགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།