བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཐོག་མ་དང་ཁོང་གི་འཕྲིན་་ཡིག་གི་སྐོར་གླེང་བ།

གླེང་གཞི།

ནུབ་ཕྱོགས་ཡུ་རོབ་པ་སྐོར་ཞིག་དུས་རབས་བར་མའི་སྐབས་སུ་ཨེ་ཤེ་ཡར་སླེབས་ཏེ་ཁོང་ཚོས་དངོས་ཡོད་དང་དངོས་ཡོད་མ་ཡིན་པ་ལྟ་བུའི་བོད་ཀྱི་གནས་ཚུལ་སྐོར་ཞིག་ཟིན་བྲིས་ཀྱི་ཚུལ་དུ་བྲིས་ཡོད། འོན་ཀྱང་། ཁོང་ཚོའི་ཁྲོད་ཀྱི་མི་སུ་དང་སུ་ཞིག་བོད་དུ་ཕྱིན་པའི་ཁུངས་བདེན་གྱི་ཡིག་ཆ་རྙེད་སོན་བྱུང་མེད། དཔེར་ན། མར་ཁོ པོ་ལོ (Marco Polo 1254 -1324) ནི་ཕལ་ཆེར་བོད་སོག་གཉིས་ཀྱི་ས་མཚམས་སམ་ཡང་ན་བོད་ཀྱི་ཡུལ་ལུང་ག་གེ་མོ་ཞིག་ཏུ་ཕྱིན་པའི་ཚོད་དཔག་བྱེད།

ང་ཚོས་ད་ཕན་དངོས་སུ་མཐོང་རྒྱུ་ཡོད་པའི་ཡིག་ཆ་ཁག་ལྟར་ན། བོད་དུ་སླེབས་པའི་ཡུ་རོབ་པ་སྔ་ཤོས་ནི་ཕོར་ཆི་གྷལ་གྱི་ཡེ་ཤུའི་ཆོས་སྤེལ་མཁན་ཨང་ཋོ་ནཱི དྷུ ཨང་དྷུ་ཝ་དྷུ(Antonio de Andrade 1580-1634) ཞུ་བ་ཡིན་ལ། ཁོང་དང་ཆོས་བརྒྱུད་གཅིག་པའི་གྲྭ་པ་སྐོར་ཞིག་དུས་རབས་བཅུ་བདུན་པའི་སྟོད་ཀྱི་ཆར་མངའ་རིས་གུ་གེའི་ཡུལ་དུ་སླེབས་རྗེས། གུ་གེ་རྒྱལ་པོས་ཡེ་ཤུའི་ཆོས་སྤེལ་མཁན་དེ་དག་ལ་སྣེ་ལེན་གང་ལེགས་གནང་། དེར་བརྟེན། ཁོང་ཚོས་ཡུལ་དེ་རུ་ཡེ་ཤུའི་ལྷ་ཁང་བཙུགས་པར་མ་ཟད། གནས་སྐབས་རིང་གུ་གེའི་ཡུལ་ནི་ཡེ་ཤུའི་ཆོས་སྤེལ་སའི་ཞིང་ཁམས་ཤིག་ཏུ་གྱུར་པའི་ལོ་རྒྱུས་ཡོད།

གུ་གེའི་ཡུལ་དུ་ཡེ་ཤུའི་ཆོས་ལུགས་དར་འཕེལ་བྱུང་བའི་རྐྱེན་གྱིས་གུ་གེ་རྒྱལ་པོ་དང་ཁོང་གི་ནུ་བོ་སོགས་ཀྱི་བར་ལ་རྣོ་ངར་ལྡན་པའི་འགལ་བ་བྱུང་སྟེ། རིམ་བཞིན་དེ་ལ་རྐྱེན་བྱས་ཏེ་མི་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་མངའ་བའི་གུ་གེ་རྒྱལ་རབས་འཇིག་པར་གྱུར། སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་རྟོགས་དགོས་ན་གུ་གེར་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཨང་ཋོ་ནཱི་དང་ཁོང་གི་ཕྱག་འཕྲིན་སོགས་ལ་སློབ་སྦྱོང་བྱེད་དགོས་པ་སྨོས་ཅི་དགོས།

བོད་ཀྱི་ལོ་རྒྱུས་ཁག་ཏུ་གུ་གེ་རྒྱལ་རབས་འཇིག་རྐྱེན་གྱི་ལོ་རྒྱུས་མི་གསལ་བར་མ་ཟད། ཨང་ཋོ་ནཱི་དང་ཁོང་གིས་བྲིས་པའི་གུ་གེའི་ཡུལ་གྱི་གནས་ཚུལ་དེ་དག་ཀྱང་གསལ་བཤད་བགྱིས་ཡོད་པ་མ་མཐོང་། དེ་བས་ཁོ་བོས་ལོ་ཤས་ཀྱི་སྔོན་ལ་གུ་གེ་རྒྱལ་རབས་འཇིག་རྐྱེན་གྱི་ཞིབ་འཇུག་རྩོམ་ཡིག་[1]ཅིག་འབྲི་སྐབས། ལོ་རྒྱུས་འདི་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་ཞིག་སྐབས་དེར་གསལ་པོར་ཞུས་ཡོད་པས་ཐུགས་མོས་ཅན་དག་གིས་རྩོམ་ཡིག་དེར་གཟིགས་འཚལ་ཞུ་རྒྱུ་ཡིན། ཐེངས་འདིར་ཡེ་ཤུའི་ཆོས་སྤེལ་མཁན་ཨང་ཋོ་ནཱིའི་རྣམ་ཐར་མདོར་བསྡུས་ཤིག་དང་། ཁོང་གི་འཕྲིན་ཡིག་ཁག་ངོ་སྤྲོད་དང་འབྲེལ་ཏེ་གནས་ཚུལ་སྐོར་ཞིག་གླེང་འདོད་བྱུང་།

གཅིག རྣམ་ཐར་མདོར་བསྡུས།

ཐོག་མར་ཨང་ཋོ་ནཱིའི་ལོ་རྒྱུས་མདོར་བསྡུས་ཤིག་གླེང་ཁུལ་བྱས་ན། ཁོང་ཕྱི་ལོ་ ༡༥༨༠ ལོར་ཕོར་ཆི་གྷལ་དུ་འཁྲུངས་ཤིང་། དགུང་ལོ་བཅུ་དྲུག་གི་སྟེང་ཡེ་ཤུའི་ཆོས་སྒོར་ཞུགས། དགུང་ལོ་ཉི་ཤུའི་སྟེང་རྒྱ་གར་གྱི་གྲོང་ཁྱེར་གྷོ་ཝ་[2]རུ་ཕེབས་ཏེ་ཡུལ་དེའི་ཡེ་ཤུའི་སློབ་གྲྭ་ཞིག་ཏུ་འཛུལ་ཞུགས་ཀྱིས་མཚན་ཉིད་རིག་པ་དང་། ལྷའམ་དཀོན་མཆོག་གི་གནས་ལུགས་སྐོར་སྦྱངས། སྐབས་དེར་ཡུལ་དེའི་ཡེ་ཤུའི་ཆོས་ལུགས་ཀྱི་དགོན་སྡེ་ཞིག་གི་སློབ་གཙོའི་འགན་ཡང་བཞེས། ཕྱི་ལོ་ ༡༦༢༡ ལོར་རྒྱ་གར་བྱང་རྒྱུད་གྲོང་ཁྱེར་ཨ་གྷ་རའི(Agra)མོང་གོལ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་ཚོགས་པའི་ཆོས་དཔོན་གྱི་འགན་བཞེས་པར་གྲགས།

ཁོང་ཨཀ་རར་བཞུགས་སྐབས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་སྡེ་ཞིག་ཡོད་པའི་བཤད་ཡམས་ཤིག་[3]ཡོད་པ་གོ་ཐོས་བྱུང་བར་བརྟེན། ཁོང་གིས་མི་སྡེ་དེ་ལྟ་བུ་ཞིག་ཡོད་མེད་བརྟག་ཆེད་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲོ་རྒྱུར་ཐག་བཅད་དེ། ཕྱི་ལོ་ ༡༦༢༤ ལོའི་ཟླ་ ༣ པའི་ཚེས་ ༣༠ ཉིན་ཁོང་དང་མཱ་ཉོལ་མར་ཁུ།(Manuel Marques) ད་དུང་ཡེ་ཤུའི་གྲྭ་པ་གཉིས་བཅས་ཁྱོན་བསྡོམས་མི་བཞི་ལམ་ལ་ཆས་ཏེ། རྒྱལ་ས་ལྡི་ལི་དང་།[4] ཤྲི་ན་གར། མུ་ན་སོགས་བརྒྱུད་མཐར། ཕྱི་ལོ་ ༡༦༢༤ ལོའི་ཟླ་བརྒྱད་པའི་ནང་ཨང་ཋོ་ནཱི་དང་མཱ་ཉོལ་མར་ཁུ་གཉིས་སྟོད་མངའ་རིས་གུ་གེའི་ཡུལ་དུ་སླེབས་ཐུབ་པར་གྱུར།[5]

གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པ་དང་བཙུན་མོ་གཉིས་ཀྱིས་ཡེ་ཤུའི་གྲྭ་པ་ཚོར་སྣེ་ལེན་གང་ལེགས་གནང་བར་མ་ཟད། ཡུལ་དེར་ཡེ་ཤུའི་ལྷ་ཁང་ཞིག་ཀྱང་བཞེངས་སྐྲུན་བྱ་ཆོག་པའི་བཀའ་ཁྲོལ་སྩལ། དེ་ལ་རྐྱེན་བྱས་ཏེ་ཡེ་ཤུའི་ཆོས་པ་གཉིས་གུ་གེར་སླེབས་ནས་ཉིན་གྲངས་ཉི་ཤུ་ལས་འགོར་མེད་ནའང་། ཨང་ཋོ་ནཱིས་རྒྱལ་པོར་ཆོག་མཆན་ཞུས་ཏེ་རྒྱ་གར་དུ་ཡོད་པའི་ཡེ་ཤུའི་ཆོས་པ་གཞན་དག་ཀྱང་གུ་གེར་ཕེབས་ཆོག་པའི་གཏམ་བཟང་ཞུ་རུ་ཕེབས་རྒྱུ་བྱས། དེ་བས། ཕྱི་ལོ་ ༡༦༢༤ ལོའི་ཟླ་བཅུ་གཅིག་པའི་ནང་ཨང་ཋོ་ནཱི་ཨ་གྷ་རར་ལོག་སྟེ། གྷོ་ཝ་རུ་ཡོད་པའི་ཡེ་ཤུའི་ཆོས་ཚོགས་དེར་འཕྲིན་ཡིག་ཅིག་བསྐུར་ཏེ་ཁོང་གིས་ནང་པའི་དགོན་སྡེ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཡེ་ཤུའི་ཆོས་ལ་དད་པའི་ཚོ་ཁག་ཅིག་རྙེད་རབས་ཞུས་ཏེ། ཆོས་ཚོགས་དེས་ཡེ་ཤུའི་ཆོས་གྲོགས་འགའ་ཡུལ་དེར་མངག་དགོས་ཚུལ་ཞུས།

ཕྱི་ལོ་ ༡༦༢༥ ལོར་ཁོང་དང་ཡེ་ཤུའི་ཆོས་གྲོགས་གཉིས་སླར་ཡང་གུ་གེར་སླེབས། རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་སྔར་ལྟར་སྣེ་ལེན་གང་ལེགས་གནང་བར་མ་ཟད། རྒྱལ་པོས་ཡོན་སྦྱར་ཏེ་གུ་གེ་ནས་ཡེ་ཤུའི་ལྷ་ཁང་ཞིག་དང་། ལོ་གཅིག་གི་རྗེས་སུ་རུ་ཐོག་ཏུའང་ཡེ་ཤུའི་ཆོས་ཚོགས་ཤིག་གསར་འཛུགས་གནང་། ཨང་ཋོ་ནཱིའི་འཕྲིན་ཡིག་ལྟར་ན། སྐབས་དེར་ཁོང་ལ་ལ་དྭགས་རྒྱལ་པོ་དང་གཙང་པ་རྒྱལ་པོ་རྣམ་གཉིས་ཀྱི་མགྲོན་ཤོག་འབྱོར་ཚུལ་བྲིས་ཡོད་[6]མོད་དངོས་སུ་ཕེབས་པའི་ལོ་རྒྱུས་མ་མཐོང་།

ཕྱི་ལོ་ ༡༦༢༩ ལོར་ཨང་ཋོ་ནཱི་གྷོ་ཝ་རུ་ཡོད་པའི་ཡེ་ཤུའི་ཆོས་ཚོགས་ཀྱི་ཚོགས་གཙོའི་འགན་གནང་། དེར་བརྟེན། ཁོང་རེ་ཞིག་རྒྱ་གར་དུ་ཕྱིར་ལོག་གནང་། ཕྱི་ལོ་ ༡༦༣༠ ལོར་གུ་གེ་རྒྱལ་པོའི་ནུ་བོ་ལྷ་བཙུན་བློ་བཟང་ཡེ་ཤེས་དང་ཁུ་བོ་ལྷ་བཙུན་སོགས་ཀྱིས་ལ་དྭགས་རྒྱལ་པོའི་རྒྱབ་དཔུང་ལ་བརྟེན་ནས་གུ་གེའི་རྒྱལ་མཁར་དུ་དམག་དྲངས་ཏེ་དཔུང་འཇུག་བྱས། གུ་གེའི་རྒྱལ་པོས་གཙོས་པའི་ཡེ་ཤུའི་ཆོས་སྤེལ་མཁན་དང་བོད་མི་ཡེ་ཤུ་པ་བཞི་བརྒྱ་ལྷག་ལ་དྭགས་སུ་བཙན་ཁྲིད་བགྱིས་ཏེ་བཙོན་དུ་བཅུག རྐྱེན་ངན་དེའི་དབང་གིས་གུ་གེ་རྒྱལ་རབས་གློ་བུར་དུ་འཇིག་པར་གྱུར། འོན་ཀྱང་། ལ་དྭགས་རྒྱལ་པོས་ཡུན་རིང་མ་འགོར་བར་ཡེ་ཤུའི་ཆོས་སྤེལ་མཁན་གྱི་ཕྱི་གླིང་པ་དེ་དག་ལ་གུ་གེར་ལོག་ཆོག་པའི་བཀའ་ཁྲོལ་སྩལ་ཡོད་མོད། གུ་གེ་རྒྱལ་རབས་འཇིག་པ་དང་མཉམ་དུ་ཡེ་ཤུའི་ལྷ་ཁང་དེ་ཡང་ཞིག་རལ་དུ་གྱུར་ཅིང་། མི་རིང་བར་རྩ་ཡལ་དུ་གྱུར།

ཕྱི་ལོ་ ༡༦༣༡ ལོར་ཨང་ཋོ་ནཱི་གྷོ་ཝ་རུ་བཞུགས་ཡོད་ཅིང་། ཁོང་གིས་གུ་གེའི་གནས་ཚུལ་དེ་དག་མཁྱེན་རྟོགས་བྱུང་རྗེས། ཧྥུ་ཝང་སི་སུ་ཁོ དྷུ ཨ་ཛེ་སེ་དྷོ(Francisco de Azevedo 1578-1660)ཞེས་འབོད་པའི་ཆོས་གྲོགས་དེ་གུ་གེའི་ཡུལ་གྱི་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་མངགས། ཁོང་གུ་གེའི་ཡུལ་དུ་ཕྱིན་ཏེ་ཡེ་ཤུའི་ཆོས་ལུགས་ཀྱི་དར་རྒུད་ལ་གཟིགས་རྗེས་ལ་དྭགས་སུ་ཕེབས་ཡོད་ཅིང་། རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་ཁོང་ལ་གུ་གེ་དང་། སླེ། རུ་ཐོག་ཏུ་དམ་པའི་གསུང་རབ་ཁྱབ་སྤེལ་གནང་ཆོག་པའི་བཀའ་གནང་། ཁོང་གིས་ཕྱི་ལོ་ ༡༦༣༢ ལོར་ལ་དྭགས་རྒྱལ་པོའི་གཏམ་བཟང་དེ་དག་བསྣམས་ཏེ་གྷོ་ཝ་རུ་ལོག་ཕེབས་གནང་།

ཕྱི་ལོ་ ༡༦༣༤ ལོར་གུ་གེའི་གནས་སྟངས་ཇེ་འཇམ་དུ་ཕྱིན་པ་དང་བསྟུན་ནས། ཨང་ཋོ་ནཱིས་ཡང་བསྐྱར་ཆོས་གྲོགས་དྲུག་བསྡུས་ཏེ་གུ་གེར་ཕེབས་རྩིས་གནང་ཡོད་ནའང་། འཇུའི་མི་རིགས་ཤིག་གིས་ངན་སྐུལ་བྱས་ཏེ་སྔོན་ཆད་ཁོང་ཡེ་ཤུའི་ཆོས་ལུགས་ཀྱི་དགོན་སྡེ་ཞིག་གི་སློབ་གཙོའི་འགན་གནང་མྱོང་སའི་ཡེ་ཤུའི་ཆོས་གྲོགས་ཤིག་གིས་དུག་སྤྲད་དེ་བཀྲོངས། འོན་ཀྱང་། ཕྱི་ལོ་ ༡༦༣༥ ལོར་ཡེ་ཤུའི་ཆོས་སྤེལ་མཁན་ནེའུ་ནོ ཁོ་རེ་སུ་མས(Nuño Coresma1600-1650)གོང་གི་ཆོས་གྲོགས་དྲུག་ཁྲིད་དེ་གུ་གེའི་ཡུལ་དུ་ཕྱིན། ཆོས་གྲོགས་དེ་དག་གིས་སྔར་བཞིན་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་ཐབས་བྱས་ནའང་རེ་བ་འབྲས་མེད་དུ་གྱུར་ཅིང་། ལོ་དེའི་ཕྱི་ཟླ་བཅུ་གཉིས་པའི་ནང་ཁོང་ཚོ་གུ་གེའི་ཡུལ་ནས་ཕྱིར་འབུད་བཏང་།

ཕྱི་ལོ་ ༡༦༤༠ ལོར་ཤྲི་ན་གར་དུ་བཞུགས་པའི་ཡེ་ཤུའི་ཆོས་སྤེལ་མཁན་སྐོར་ཞིག་གིས་ཡར་བསྐྱར་གུ་གེའི་ཡུལ་དུ་འགྲོ་བའི་འཆར་གཞི་བཏིང་རྗེས། མཱ་ཉོལ་མར་ཁུ་དང་ཁོང་གི་ཆོས་གྲོགས་གཞན་ཞིག་གུ་གེའི་ཡུལ་དུ་ཕྱིན། སྟབས་མ་ལེགས་པར་གུ་གེའི་དགེ་འདུན་པ་ཚོས་ཁོང་གཉིས་བཙོན་ཁང་དུ་བཅུག་པ་དང་། ཕྱིས་སུ་དོན་དག་ཅི་ཞིག་བྱུང་བའི་ལོ་རྒྱུས་གསལ་པོ་མེད། ཨོལ་གྷུ དྷེ་དྷུས(Hugues Didier)ཀྱིས་མཆན་ཡིག་ཅིག་ཏུ་མཱ་ཉོལ་མར་ཁུ་ནི་གུ་གེའི་བཙོན་ཁང་དུ་གྲོངས་པར་རེད་[7]ཅེས་བྲིས་པ་མཐོང་།

དུས་རབས་བཅོ་བརྒྱད་པའི་དུས་མགོར་སྒྲི་སེ་སྒྲི་རེ(Ippolito Desideri 1684-1733)གུ་གེའི་ཡུལ་གྱི་ཆོས་ཚོགས་དེ་སླར་གསོ་བྱེད་དུ་ཕེབས་པར་གྲགས་ཀྱང་འཆར་གཞི་ལེགས་འགྲུབ་བྱུང་བའི་ཡིག་ཆ་མཐོང་ཡུལ་དུ་མ་གྱུར།  དུས་རབས་ཉི་ཤུ་པའི་སྟོད་དུ་ཧེན་རིག་ཧ་རར(Heinrich Harrer 1912-2006)བོད་དུ་འཛུལ་ཏེ་ལྷ་སར་བསྐྱོད་སྐབས། ཁོང་གིས་བོད་དུ་བཞེངས་པའི་ཀེ་ཐོ་ལིག་ལྷ་ཁང་དེའི་རྗེས་ཤུལ་ཡོད་མེད་རྩད་ཞིབ་བྱས་ཡོད་ཀྱང་མཐོང་མེད་ལ།  ཁོང་གིས་རང་ཉིད་ཀྱིས་མྱངས་ཟིན་པའི་དཀའ་ངལ་རྣམས་ལ་བསམ་བློ་གཏོང་སྐབས་ཨང་ཋོ་ནཱིས་གུ་གེའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་བཞེངས་རྒྱུར་དཀའ་ངལ་ཅི་ཙམ་བྱུང་བ་དེ་ཚོ་ཚོད་དཔག་ཐུབ་པ་བྱུང་ཡོད་[8]ཅེས་གསུང་སྐད་ཤོར་ཡོད།

གང་ལྟར་ཡང་། ཨང་ཋོ་ནཱི་དང་མཱ་ཉོལ་མར་ཁུ་སོགས་བོད་དུ་དངོས་སུ་སླེབས་ཏེ་ཡེ་ཤུའི་ཆོས་སྤེལ་བ་ནས་བཟུང་། མི་རིང་བར་ཡེ་ཤུའི་ཆོས་སྤེལ་མཁན་དག་གིས་གཙོས་པའི་ནུབ་གླིང་གི་ལྗོངས་རྒྱུ་བ་དང་། རྟོག་ཞིབ་པ། སྲིད་དོན་པ། གསང་ལས་པ་སོགས་གཞིས་ཀ་རྩེ་དང་། ལྷ་ས། མདོ་སྟོད་སྨད་ཕྱོགས་སུ་སླེབས་ཏེ། ཁོང་ཚོས་དངོས་སུ་མཐོང་བ་དང་མ་མཐོང་བའི་བོད་ཀྱི་གནས་ཚུལ་སྣ་ཚོགས་རང་སྐད་དུ་བྲིས་ཏེ་སྤར་སྐྲུན་བྱས་པ་དེར་ནུབ་ཕྱོགས་ཀྱི་མི་མང་པོས་དོ་སྣང་དང་དགའ་སྣང་བྱས་ཡོད། དེ་བས། ཁོང་ཚོ་ནི་མདོ་དབུས་མཐོ་སྒང་གི་གནས་ཚུལ་ནུབ་ཕྱོགས་སུ་ཁྱེར་མཁན་གྱི་ཕོ་ཉ་རེད་ཅེས་ཞུ་འདོད།

གཉིས། ཨང་ཋོ་ནཱིའི་འཕྲིན་ཡིག

གུ་གེ་རྒྱལ་པོས་ཨང་ཋོ་ནཱི་ལ་གཟིགས་སྐྱོང་གང་ལེགས་གནང་བར་བརྟེན་ནས་ཁོང་དང་ཁོང་གི་ཆོས་གྲོགས་གཉིས་ཀྱི་བསམ་དོན་ལེགས་པར་གྲུབ་ཡོད་དེ། ཨང་ཋོ་ནཱིས་རྒྱལ་པོའི་བཀའ་ཁྲོལ་འོག་རྒྱ་གར་དུ་ཕྱིར་ལོག་གནང་སྟེ་ཡེ་ཤུའི་ཆོས་གྲོགས་གཞན་ཡང་གུ་གེར་གཏོང་ཐབས་བྱས། ཁོང་གིས་ཕྱི་ལོ་ ༡༦༢༤ ལོའི་ཟླ་ ༡༠ པའི་ཚེས་ ༨ ཉིན་བོད་དུ་ཕྱིན་པའི་གནས་ཚུལ་ཁག་ཅིག་ཕོར་ཆི་གྷལ་གྱི་སྐད་དུ་བྲིས་ཏེ་གྷོ་ཝའི་ཡེ་ཤུའི་ཆོས་ཚོགས་དེར་ཕུལ། ཆོས་ཚོགས་དེས་ཨི་ཊ་ལིའི་རོམ་གྱི་ཡེ་ཤུའི་ཆོས་ཚོགས (Jésuites) ལྟེ་བ་དེར་བསྐུར། འཕྲིན་ཡིག་གི་ཕྱི་མོའི་ཁ་བྱང་ལ་ Novo decobrimento do Gran Cathayo ou Reinos de Tibet ཞེས་གྲགས། བོད་སྐད་དུ“སླར་ཡང་གསར་རྙེད་བྱུང་བའི་ཁཱ་ཐིས་ཆེན་པོ་དང་བོད་ཀྱི་རྒྱལ་ཁམས”ཞེས་པ་ཡིན་ལ། ཕྱི་ལོ་ ༡༦༢༦ ལོར་ལེ་སི་བྷོན་གྱི་དཔེ་སྐྲུན་ཁང (Le Libraire Lisbonnin Mateus Pinheiro) གིས་འཕྲིན་ཡིག་དེ་དེབ་གཟུགས་སུ་སྤར་སྐྲུན་བྱས། དེ་ནས་ལོ་ལྔའི་རྗེས་སུ། ཡུ་རོབ་ཀྱི་ཡེ་ཤུའི་དགོན་སྡེ་ཆེ་ཁག་དག་གིས་འཕྲིན་ཡིག་དེ་སི་པན་དང་། ཨི་ཊ་ལི། ཧྥ་རན་སི། རྗར་མན། པོ་ལན་ཊིའི་སྐད་དུ་བསྒྱུར།

ཨང་ཋོ་ནཱིས་ཕྱི་ལོ་ ༡༦༢༦ ལོའི་ཟླ་ ༨ པའི་ཚེས་ ༡༥ ཉིན་གུ་གེ་ནས་འཕྲིན་ཡིག་གཞན་ཞིག་ཀྱང་བྲིས་ཏེ་རོམ་ལ་བསྐུར། ཕྱི་ལོ་ ༡༦༢༧ ལོར་འཕྲིན་ཡིག་དེ་ཡང་དེབ་གཟུགས་སུ་པར་སྐྲུན་བྱས། དེབ་དེ་ཧ་ཅང་བྲིན་པོ་བྱུང་བས་ལོ་དེའི་ནང་ལ་ཡང་བསྐྱར་སྤར་སྐྲུན་བྱས། ཕྱི་ལོ་ ༡༦༢༨ ལོར་འཕྲིན་ཡིག་གཉིས་པ་དེ་ཧྥ་རན་སིའི་སྐད་དུ་འགྱུར་གསར་པ་ཞིག་ཐོན་ཡོད་ཅིང་། འགྱུར་དེ་ནི་སྐད་ཡིག་གཞན་དག་གི་འགྱུར་དང་མི་འདྲ་བའི་ཆ་ཡོད་པ་དང་[9]། སྐད་རིགས་གཞན་གྱི་འགྱུར་དག་ཀྱང་ཕན་ཚུན་ཞིབ་བསྡུར་བྱས་ཚེ་ཆུ་ལ་ཆུ་བཞག་ཅིག་མིན་པར་གྲགས།

ཁོ་བོར་ཐོབ་པའི་ཨང་ཋོ་ནཱིས་ཀྱི་འཕྲིན་ཡིག་དང་པོ་དང་གཉིས་པ་གཉིས་དེབ་གཟུགས་སུ་བྱས་པའི་ཧྥ་འགྱུར་མའི་སྤར་གཞི་[10]ནི་ཕར་བལྟས་ཚོད་ལ་ཧ་ཅང་རྙིང་པ་ཞིག་རེད། སྤར་སྐྲུན་བྱས་པའི་ལོ་ཚིགས་མི་གསལ། འོན་ཀྱང་། ཕྱི་ལོ་ ༢༠༡༧ ལོར་ཁོ་བོས་སྐད་ཚོམས་ཤིག་ཏུ་ཨང་ཋོ་ནཱི་དང་ཁོང་གི་འཕྲིན་ཡིག་གི་སྐོར་ངོ་སྤྲོད་བྱེད་སྐབས་སྤར་གཞི་དེའི་ནང་གང་འཁོད་ཡོད་པ་གཞིར་བཟུང་སྟེ་ཞུས་པའི་ཁུལ་ཡིན། ཕྱིས་སུ་ཨང་ཋོ་ནཱིའི་འཕྲིན་ཡིག་དང་པོ་དང་གཉིས་པ་གཉིས་ལ་ཧྥ་འགྱུར་གསར་པ་ཞིག་ཡོད་པ་ཤེས་ཏེ་འགྱུར་དེབ་དེ་བླུས། དེབ་མིང་ལ«བོད་དུ་བསྐྱོད་པའི་ཕོར་ཆི་གྷལ་གྱི་མི»ཞེས་པ་དེ་རེད་ལ། དེབ་དེའི་ནང་གོང་དུ་གླེང་ཟིན་པའི་འཕྲིན་ཡིག་གཉིས་དང་། ད་དུང་འཕྲིན་ཡིག་གཞན་ཞིག་ཀྱང་སྤེལ་འདུག  ཨང་ཋོ་ནཱིས་འཕྲིན་ཡིག་དེ་ནི་ཕྱི་ལོ་ ༡༦༢༧ ལོའི་ཟླ་ ༨ པའི་ཚེས་ ༢ ཉིན་གུ་གེའི་ཡུལ་དུ་བྲིས་པ་ཞིག་དང་། བསྒྱུར་དེབ་སྒྲིག་མཁན་གྱིས་འཕྲིན་ཡིག་མཐའ་མ་ནི་དུས་རབས་ཉི་ཤུ་པའི་ཡར་སྔོན་དུ་རྒྱལ་ཁབ་སུ་གཅིག་གིས་ཀྱང་སྤར་སྐྲུན་བྱས་མེད་ཚུལ་[11][12]གླེང་།

ཁོ་བོས་བསྒྱུར་དེབ་གསར་རྙིང་གཉིས་སུ་འཁོད་པའི་འཕྲིན་ཡིག་དང་པོ་དང་གཉིས་པ་གཉིས་དཀྱུས་གཅིག་ཏུ་བཞག་སྟེ་ལྟ་ཀློག་བྱེད་སྐབས། འགྱུར་དེ་གཉིས་ལ་མི་འདྲ་བའི་གནད་དོན་མང་པོ་མཆིས་ཏེ། འགྱུར་གསར་པའི་ནང་དུ་འཁོད་པའི་གུ་གེའི་ཡུལ་གྱི་གནས་ཚུལ་མང་པོ་ཞིག་འགྱུར་རྙིང་པའི་ནང་དུ་མི་གསལ། དཔེ་མཚོན་ཁ་ཤས་ཤིག་ཞུས་ན། འགྱུར་རྙིང་པའི་ནང་ཨང་ཋོ་ནཱི་དང་མཱ་ཉོལ་མར་ཁུ་གཉིས་རྒྱ་གར་ནས་བོད་དུ་ཐོག་མར་འབྱོར་སྐབས་ཀྱི་ལམ་བར་གྱི་གནས་ཚུལ་ཁག་ཅིག་མི་གསལ་བ་དང་། ཁོང་གཉིས་གུ་གེར་སླེབས་རྗེས་རྒྱལ་པོས་ཉིན་ཤས་རིང་བཟང་བཙོན་ལྟ་བུ་བྱས་པའི་གནས་ཚུལ་དག་ཀྱང་བྲིས་མེད། དེ་ནས་རྒྱལ་པོ་དང་ལྷན་དུ་གླེང་མོལ་ཇི་ལྟར་བྱུང་ཚུལ་ནས་གུ་གེའི་དགོན་སྡེ་ཁག་གི་བླ་གྲྭ་དག་གི་གནས་ཚུལ་ཁག་ཅིག་ཀྱང་མི་གསལ། གཞན་ཡང་། ཨང་ཋོ་ནཱི་གུ་གེར་སླེབས་ནས་ཕྱིར་རྒྱ་གར་དུ་ལོག་སྐབས་ཁོང་གིས་རྒྱལ་པོར་ཡེ་ཤུའི་སྟོན་པའི་བརྐོས་རིས་ཤིག་དང་། རྒྱལ་སྲས་དང་བཙུན་མོ་སོགས་ལའང་ལེགས་སྐྱེས་ཕུལ་ཚུལ། ཁོང་རྒྱ་གར་དུ་ཕྱིར་ལོག་རྗེས་ཤྲི་ན་གར་གྱི་རྒྱལ་པོས་གུ་གེའི་མཐའ་མཚམས་སུ་དམག་འདྲེན་པའི་སྟ་གོན་བྱེད་ཀྱིན་ཡོད་པ་སོགས་བྲིས་མེད་པར་གཞིགས་ན། སྐད་ཡིག་གཞན་གྱི་འགྱུར་ཡིག་དེ་དག་ཀྱང་ཕན་ཚུན་མི་མཐུན་པའི་དཀའ་ངལ་ཞིག་ཡོད་པ་དེ་ཡང་བདེན་པ་ཡིན་པའི་ཚོར་སྣང་སྟེར།

དེར་བརྟེན། ཁོ་བོས་འགྱུར་གསར་རྙིང་གཉིས་ལས་གང་ཞིག་བདེན་མིན་གྱི་ཁྲུན་ཐག་གཅོད་མི་ནུས་མོད། འགྱུར་གསར་པའི་ནང་དུ་འགྱུར་རྙིང་པར་མི་གསལ་བའི་གནས་ཚུལ་དུ་མ་ཞིབ་འབྲི་བགྱིས་ཡོད་པས། གཤམ་དུ་འགྱུར་གསར་པར་གཞིར་བཅོལ་ཏེ་འཕྲིན་ཡིག་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ནང་དོན་གཙོ་བོ་ཁག་ཅིག་ཁོལ་དུ་ཕྱུང་སྟེ་འགྲེལ་བརྗོད་ཞུ་རྒྱུ་ཡིན།

གསུམ། ཨང་ཋོ་ནཱིའི་འཕྲིན་ཡིག་གསུམ་གྱི་ནང་དོན་མདོར་བསྡུས།
 འཕྲིན་ཡིག་དང་པོ།

འཕྲིན་ཡིག་དང་པོར་ལྕགས་སྤར་མའི་ཤོག་ངོས་དྲུག་ཅུ་ཙམ་མཆིས་ཏེ། ཤོག་གྲངས་དང་པོ་ནས་བཅུ་དགུ་བར་ཨང་ཋོ་ནཱི་དང་མཱ་ཉོལ་མར་ཁུ་རྣམ་གཉིས་ཨཀ་ར་ནས་ལམ་ལ་ཆས་ཏེ་ལྡི་ལི་དང་། ཤྲི་ན་གར། མུ་ན་ལེ་སོགས་བརྒྱུད་སྐབས། ཡུལ་ལུང་དེ་དག་གི་ཡུལ་སྲོལ་གོམས་གཤིས་དང་ལམ་བར་དུ་འཕྲད་པའི་དཀའ་སྡུག་སོགས་ཞིབ་མོར་བྲིས་ཏེ། ཁོང་གཉིས་ཀྱི་དྲག་ཏུ་འབར་བའི་ཆོད་སེམས་དེ་མདུན་དུ་ཉིལ་ཉིལ་དུ་འབབ་པའི་ཁ་བ་སྟུག་པོ་དང་ཀྲོང་ངེར་འགྱིང་བའི་རྡོ་རྗེ་བྲག་གི་མུ་ཁྱུད་ཀྱིས་ཀྱང་འགོག་མ་ཐུབ་པ་བསྟན་འདུག

ཨང་ཋོ་ནཱི་དང་མཱ་ཉོལ་མར་ཁུ་གཉིས་གུ་གེར་ཕེབས་འབྱོར་མ་བྱུང་བའི་ཉིན་གསུམ་གྱི་ཡར་སྔོན་ལ། གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པས་ཁོང་གཉིས་ཚོང་པ་ཡིན་ཤག་གིས་མགྲོན་པོ་བསུ་མཁན་ཞིག་དང་མཉམ་དུ་བཞོན་རྟ་གསུམ་མངགས་ཏེ་བདག་སྐྱོང་གནང་དགོས་པ་དང་། གུ་གེའི་ཕྱོགས་ནས་དགོས་མཁོ་ཅི་ཞིག་ཡོད་ཀྱང་དུས་ལྟར་བསྒྲུབ་རྒྱུ་ཡིན་ཚུལ་གསུངས་ཡོད། ཁོང་གཉིས་གུ་གེར་སླེབས་མ་ཐག་ཏུ་རྒྱལ་པོས་ཁོང་གཉིས་ཀྱི་ལག་ཏུ་རིན་ཐང་ཆེ་བའི་དངོས་པོ་ཅི་ཡང་མེད་པ་མཁྱེན་ཚོར་བྱུང་བས། རྒྱལ་པོར་ཐུགས་ཕམ་བྱུང་བས་མཇལ་འཕྲད་གནང་མེད་ནའང་། ཨང་ཋོ་ནཱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱལ་པོའི་མདུན་སར་མི་ཞིག་མངགས་ཏེ་ལན་གཅིག་མཇལ་ཆོག་པའི་རེ་བ་བཏོན་པ་དང་། གུ་གེར་སླེབས་དོན་ཞུ་འདོད་ཡོད་སྐོར་བརྗོད་ཡོད།

ཉིན་ཤས་ཀྱི་རྗེས་སུ། ཨང་ཋོ་ནཱིས་རྒྱལ་པོར་ཁོང་གཉིས་ས་ཐག་རིང་པོ་ནས་གུ་གེར་ཡོང་དོན་ལས་འཕྲོས་ཏེ་ཡེ་ཤུའི་ཆོས་ལུགས་ཀྱི་དགེ་མཚན་དང་། ཆོས་ལུགས་དེའི་ཟབ་དོན་སོགས་ངོ་སྤྲོད་མདོར་བསྡུས་སུ་ཞུ་སྐབས། ཀསྨིར་གྱི་མི་དེས་སྐད་ཡག་པོ་བསྒྱུར་མེད་ནའང་སྐད་སྒྱུར་གཞན་པ་ཞིག་བཙལ་བ་དེས་ཇི་བཞིན་དུ་བསྒྱུར་པས། རྒྱལ་པོས་ཡེ་ཤུའི་ཆོས་ལུགས་ཐད་ལ་བཟང་ཕྱོགས་ནས་དོ་སྣང་མཛད་པ་དང་། བཙུན་མོས་ཀྱང་ལམ་སེང་ཡེ་ཤུའི་ཆོས་ལུགས་ལ་དང་དོད་ཡོད་པའི་རྣམ་འགྱུར་བསྟན། དེ་ནས་བཟུང་སྟེ་ཨང་ཋོ་ནཱིས་ཐབས་ཤེས་སྣ་ཚོགས་སྤྱད་དེ་རྒྱལ་པོ་དང་བཙུན་མི་གཉིས་ལ་ཡེ་ཤུའི་ཆོས་ལུགས་ངོ་སྤྲོད་གནང་བར་བརྟེན་ནས། རྒྱལ་པོས་ཡེ་ཤུའི་གྲྭ་པ་གཉིས་ལ་གཟིགས་སྐྱོང་གནང་མགོ་བརྩམས་པར་མ་ཟད། གྲྭ་པ་འདི་གཉིས་རྒྱལ་པོའི་ཕོ་བྲང་དུ་རང་འགུལ་ངང་ཡོང་ཆོག་པའི་བཀའ་འཁྲོལ་སྩལ།

ཨང་ཋོ་ནཱིས་གུ་གེ་རྒྱལ་པོའི་གཟིགས་སྐྱོང་ཡག་པོ་དེའི་གོ་སྐབས་དང་བསྟུན་ནས་ཕྱིར་རྒྱ་གར་དུ་ལོག་སྟེ་ཡེ་ཤུའི་ཆོས་གྲོགས་གཞན་པ་བོད་དུ་གཏོང་བར་འཆར་གཞི་སྒྲིག་མགོ་བརྩམས་ཏེ། རྒྱལ་པོར་རེ་འདུན་ལྔ་བཏོན་ཡོད་པ་འདི་ལྟར། གཅིག གུ་གེའི་ཡུལ་དུ་ཡེ་ཤུའི་གསུང་རབ་བམ་འཕྲིན་བཟང་གི་ཆོས་སྤེལ་ཆོག་པའི་དབང་ཆ་ཆ་ཚང་བ་ཞིག་སྤྲོད་དགོས་པ་དང་། དེར་སུས་ཀྱང་འགོག་རྐྱེན་བཟོ་མི་ཆོག གཉིས། གུ་གེའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་གམ་ཡང་ན་མཆོད་ཁང་ཞིག་འཛུགས་སའི་ས་ཆ་སྤྲོད་རྒྱུ། གསུམ། འབྱུང་འགྱུར་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་གུ་གེར་ཚོང་ཟོག་ཅི་ཡང་འཁྱེར་མ་ཡོང་ན་ཆོག་པའི་ཁས་ལེན་གནང་རྒྱུ།  བཞི། འབྱུང་འགྱུར་ཕོར་ཆི་གྷལ་གྱི་ཚོང་པ་རྣམས་ཡུལ་འདི་གར་ཚོང་བྱེད་དུ་སླེབ་ཚེ། ཡེ་ཤུའི་ཆོས་སྤེལ་མཁན་དག་གི་ངོས་ནས་ཚོང་པ་དག་ལ་རོགས་རམ་མ་གནང་ནའང་དེ་ལ་ལེ་བདའ་གནང་མི་ཆོག ལྔ། རྒྱལ་པོས་ཀསྨིར་གྱི་ཁ་ཆེ་བ་ཚོས་ཡེ་ཤུའི་ཆོས་ལུགས་ལ་གང་བྱུང་དུ་ཟུར་ཟ་བྱེད་པ་དེར་མི་གསན་རྒྱུ། བཅས་རེད།

རྒྱལ་པོས་རེ་འདུན་ཁག་ལྔ་ཁས་ལེན་གནང་བ་དང་། བཙུན་མོས་ཀྱང་ཁ་ཆེའི་ཆོས་ལུགས་ལ་ངོ་རྒོལ་ཡོད་པའི་རྣམ་པ་ཤུགས་ཆེན་བསྟན། དེ་དང་ཆབས་ཅིག རྒྱལ་པོས་གཞུང་དམངས་གཉིས་ལ་བཀའ་ཤོག་ཅིག་བཀྲམ་སྟེ་ཡེ་ཤུའི་ཆོས་སྤེལ་མཁན་གཉིས་ལ་གཟིགས་སྐྱོང་གནང་དགོས་པ་དང་། བཀའ་ཤོག་གཞན་ཞིག་པར་ཟིག་གི་སྐད་དུའང་བསྒྱུར་བཅུག་སྟེ་བཀྲམ་ཡོད། བཀའ་ཤོག་དེའི་ནང་དུ་ཀསྨིར་དང་ཡུལ་ཕྱོགས་གཞན་གྱི་མིས་ཁོང་གཉིས་ལ་ལམ་བར་ནས་དཀའ་ཁག་འཕྲད་ཚེ་རོགས་རམ་གནང་དགོས་པའི་སྐོར་འཁོད་ཡོད་པར་བཤད།

གཞན་ཡང་། རྒྱལ་པོས་ཡེ་ཤུའི་སྟོན་པའི་ཡུམ་དང་ཡེ་ཤུའི་སྟོན་པའི་འདྲ་སྐུ། ཡེ་ཤུའི་ཆོས་པ་དག་གི་ཕྱག་མཚན་བེ་ཅོན་སོགས་ལ་གཟིགས་རྗེས། རྒྱལ་པོས་ཡ་མཚན་དང་བཅས་ཏེ་དངོས་པོ་དེ་དག་ཁོང་དང་། རྒྱལ་སྲས། བཙུན་མོ་སོགས་ལ་སྤྲོད་དགོས་པའི་དགོངས་ཚུལ་བཏོན་པས། ཨང་ཋོ་ནཱིས་ལེགས་སྐྱེས་དེ་དག་རྟེན་སྐལ་གྱི་ཚུལ་དུ་རྒྱལ་པོ་དང་བཙུན་མོ་སོགས་ལ་ཕུལ་ཏེ་འདོགས་སུ་བཅུག་ཅིང་། ཁོང་ཚོས་ཀྱང་ལེགས་སྐྱེས་དེ་དག་ལ་དགའ་སྣང་ཆེན་པོ་གནང་བར་མ་ཟད། རྒྱལ་པོས་དཀོན་མཆོག་གི་ཐུགས་རྗེ་དང་ཡེ་ཤུའི་རྒྱ་གྲམ་གྱི་ནུས་མཐུ་ལ་གསན་རྗེས་ཐུགས་ཡིད་རབ་ཏུ་ཕྲོགས་པར་གྱུར། དེ་བས། རེ་ཞིག་ཡེ་ཤུའི་རྒྱ་གྲམ་ལྟ་བུའི་དངོས་པོ་རྩ་ཆེན་ཞིག་གང་དུའང་མེད་པའི་ངོས་འཛིན་གནང་།

ཨང་ཋོ་ནཱི་རྒྱ་གར་དུ་ཕྱིར་ལོག་སྐབས། རྒྱལ་པོས་འབྲལ་མི་ཕོད་པའི་རྣམ་འགྱུར་དང་བཅས་ཏེ་ཁོང་མྱུར་དུ་གུ་གེར་ལོག་ཕེབས་གནང་དགོས་པ་དང་། ལམ་ཐག་རིང་པོའི་སར་ཕེབས་སྐྱེལ་མི་སྣ་མངགས་ཏེ་ཡེ་ཤུའི་ཆོས་སྤེལ་མཁན་འདི་ལ་ལུག་ཤ་དང་། འབྲས། གྲོ་ཕྱེ། ནས་ཆང་། རྒུན་འབྲུམ་སྐམ་པོ་སོགས་ཀྱིས་གཙོས་པའི་བཟའ་བཏུང་གི་རིགས་ཀྱང་ཕངས་མེད་དུ་བསྐུར། རྒྱལ་པོའི་བཀའ་དྲིན་ལ་བརྟེན་ནས་ཁོང་ཤྲི་ན་གར་དུ་སླེབས་སྐབས། ཡུལ་དེའི་རྒྱལ་པོས་བོད་ལ་དམག་དཔུང་འདྲེན་པའི་གྲབས་བྱེད་ཀྱིན་ཡོད་ནའང་། བོད་དམག་ནི་སྙིང་སྟོབས་ལྡན་ཞིང་། ཤྲི་ན་གར་གྱི་དམག་དཔུང་ནི་གཡུལ་ལ་མི་མཁས་པའི་སྐོར་ཡང་ཐོར་རེ་བ་ཙམ་བྲིས་པ་མཐོང་།

གུ་གེའི་ཡུལ་མི་ཚོའི་གཞུང་རྒྱུད་དྲང་ཞིང་གཤིས་ཀ་འཇམ་པ་དང་། དགེ་བའི་སེམས་དང་ལྡན་པ་ཡིན་མོད། ཁོང་ཚོས་ཁ་ཆེའི་ཆོས་ལུགས་ལ་དགའ་བོ་མི་བྱེད་ཅིང་། ཆོས་ལུགས་དེའི་སྐོར་གླེང་ན་གསན་འདོད་ཀྱང་མི་བྱེད། གུ་གེའི་སྐྱེས་པ་ཚོའི་ལས་ཀ་གཙོ་བོ་ནི་དམག་ལ་ཞུགས་རྒྱུ་དེ་ཡིན་ཅིང་། དམག་ཏུ་ཕྱིན་ཏེ་ཕྱིར་ལོག་མཚམས་མདའ་རྩེད་ལ་རོལ། ཁོང་ཚོ་མདའ་རྩེད་ལ་མཁས་པ་ཡོད་སྟབས། དཔེར་ན། སྐབས་ཤིག་ཤྲི་ན་གར་གྱི་དམག་གིས་གུ་གེའི་མཐའ་མཚམས་ཀྱི་དཔོན་པོ་གསུམ་འཛིན་བཟུང་བྱས་པར་རྐྱེན་བྱས་ཏེ་ཕན་ཚུན་དམག་འཁྲུག་ལ་རོལ་སྐབས། གུ་གེའི་དམག་གིས་ཤྲི་ན་གར་གྱི་ཕྱོགས་ལ་དམག་དྲངས་པས་མཚན་ཞག་གཅིག་ལ་མི་སུམ་བརྒྱ་བསད་ཚུལ་བཤད་ཡོད། ཡུལ་འདི་ནས་མི་ཤི་ཚེ་བེམ་པོ་ལ་ལ་ཞིག་བྱ་རྒོད་ལ་སྟེར་བ་དང་། བེམ་པོ་ལ་ལ་ཞིག་མེར་སྲེག་གཏོང་སྲོལ་ཡོད། རི་བོ་མཐོན་པོའི་རྩེ་ནས་དར་ལྕོག་འཛུགས་པའི་སྲོལ་རྒྱུན་ཡོད་པར་མ་ཟད། དྲག་པོའི་ལྷ་འདྲེ་རྣམས་གསོལ་བའི་ཆོ་ག་སྟེ་གླུད་འགོང་གི་སྐོར་ཡང་ཅུང་ཞིབ་མོར་བྲིས་ཡོད།

འཕྲིན་ཡིག་གི་མཇུག་ཏུ། བོད་ཁམས་ནི་ཤིན་ཏུ་རྒྱ་ཆེན་པོ་ཡིན་ལ། གུ་གེའི་རྒྱལ་ཕྲན་ནི་རྒྱལ་ཕྲན་གལ་ཆེན་ཞིག་ཡིན་པ་དང་། གུ་གེའི་ཆབ་འབངས་དག་གིས་རྟ་དང་། ལུག ར་མ་སོགས་བདག་ཏུ་འཛིན་ཞིང་། ཀསྨིར་གྱི་ཚོང་པ་རྣམས་ལ་བརྟེན་ནས་འབྲས་དང་ནས་སོགས་རག་གི་ཡོད་པ་དང་། སྤྱིར་བཏང་བོད་རིགས་ནི་ཆོས་དད་ཆེ་ཞིང་། བླ་བཙུན་དག་ལ་གུས་བརྩི་ཆེ། བླ་བཙུན་དག་གིས་སངས་རྒྱས་ཀྱི་གསུང་རབ་ལྗགས་ཀློག་གནང་གི་ཡོད་ཚུལ་སོགས་བྲིས་ཡོད་མོད། འཕྲིན་ཡིག་གཉིས་པའི་ནང་དུའང་གུ་གེའི་བླ་གྲྭ་དང་ཡུལ་དེའི་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར་བསྐྱར་ཟློས་བྱས་ཡོད་པས་རྒྱས་པ་གཤམ་དུ་ཞུ་རྒྱུ་ཡིན།

གཞན་ཡང་། བོད་ཁམས་ལ་བོད་སྐད་སྨྲ་བའི་རྒྱལ་ཕྲན་མང་ཞིང་། གུ་གེའི་ཡུལ་དུ་ལོ་རེར་རྒྱ་ནག་ནས་བསླེབས་པའི་ཚོང་པའང་ཡོད་པས། ཚོང་པ་དེ་དག་གི་དྲིན་ལས་དཀར་ཡོལ་དང་། ཇ་དང་། དར་གོས་སོགས་ཐོབ་ཀྱི་ཡོད་ཚུལ་སོགས་འཁོད་འདུག

འཕྲིན་ཡིག་གཉིས་པ།

འཕྲིན་ཡིག་གཉིས་པ་ནི་དོན་ཚན་ཁ་ཤས་སུ་བཀར་ཡོད་པ་འདི་ལྟར། དོན་ཚན་དང་པོའི་ཁ་བྱང་ལ‘‘ངེད་གཉིས་རྒྱལ་ཁབ་འདིར་སླེབས་པའི་གནས་ཚུལ’’ཏེ། ཨང་ཋོ་ནཱི་གྷོ་ཝ་རུ་ཡོད་སྐབས། ཁོང་གིས་བོད་དུ་ཡེ་ཤུའི་ཆོས་ལུགས་པ་མང་པོ་ཡོད་སྐོར་གོ་ཐོས་བྱུང་སྟེ། ཁོང་གིས་མཱ་ཉོལ་མར་ཁུ་ལྷན་དུ་ཁྲིད་དེ་ལམ་དུ་ཆས་མགོ་བརྩམས་པ་ནས་བཟུང་སྟེ་བོད་དུ་མ་སླེབས་པའི་བར་དུ་དཀའ་སྡུག་ཇི་འདྲ་ཞིག་འཕྲད་ནའང་།  དཀོན་མཆོག་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་གུ་གེར་བདེ་བླག་ངང་སླེབས་པ་དང་།  གུ་གེ་རྒྱལ་པོས་ཁོང་གཉིས་ནི་ཚོང་ཟོག་རྩ་ཆེན་ཁྱེར་མཁན་གྱི་ཚོང་པ་མིན་པ་མཁྱེན་རྟོགས་བྱུང་རྗེས། ཡེ་ཤུའི་ཆོས་པ་གཉིས་ལ་ཐུག་འཕྲད་གནང་མེད། དེར་མ་ཟད། རྒྱལ་པོས་མི་མངགས་ཏེ་ཁོང་གཉིས་བཟང་བཙོན་ལྟ་བུ་བྱས་ཡོད། དེ་ལྟ་ནའང་། ཨང་ཋོ་ནཱིས་ཐབས་ཤེས་རྩལ་སྤྲུགས་ཀྱིས་རྒྱལ་པོར་མཇལ་ཐབས་བྱས་ཏེ་ཡེ་ཤུའི་ཆོས་ལུགས་ཀྱི་ཟབ་དོན་ཞུས་པ་ན། རྒྱལ་པོས་ཡེ་ཤུའི་ཆོས་ལུགས་ལ་དོ་སྣང་འཕེལ་བར་མ་ཟད། རྒྱལ་པོས་ཁོང་ལ་གུ་གེ་ནས་ཡེ་ཤུའི་ལྷ་ཁང་བཞེངས་ཆོག་པའི་རྒྱབ་སྐྱོར་གནང་སྟབས། ཁོང་ཕྱིར་རྒྱ་གར་དུ་ལོག་པ་དང་། རྒྱ་གར་ནས་ཡང་བསྐྱར་ཆོས་གྲོགས་གཉིས་ཁྲིད་དེ་བོད་དུ་འབྱོར་བའི་གནས་ཚུལ་སོགས་ཏེ།  འཕྲིན་ཡིག་དང་པོའི་ནང་དུ་འཁོད་པའི་གནས་ཚུལ་སྐོར་ཞིག་ཇི་བཞིན་དུ་གླེང་ཡོད།

དོན་ཚན་གཉིས་པའི་ཁ་བྱང་ལ‘‘བོད་དུ་ཡོད་པའི་རྒྱལ་ཕྲན་ཁག་གི་ཁྱད་ཆོས’’ཞེས་པ་འདི་ཡིན་ཏེ། དོན་ཚན་འདིའི་ནང་དུ་བོད་གུ་གེ་དང་ལ་དྭགས། མང་ཡུལ། དབུས་གཙང་ལྟ་བུའི་རྒྱལ་ཕྲན་ཁ་ཤས་མཆིས། ཤར་ཕྱོགས་སུའང་བོད་ལ་རྒྱལ་ཕྲན་གཉིས་ཡོད་པ་དང་། རྒྱལ་ཕྲན་འདི་དག་ཚང་མ་ཕྱོགས་གཅིག་ནས་རྒྱ་ནག་གི་མཐའ་མཚམས་སུ་གནས་པའི་སོག་པོའི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་བྱས་ཡོད་ལ། ཕྱོགས་གཅིག་ནས་མོ་སི་ཁོ་ཧྥུའི(Moscovie)རྒྱལ་ཁབ་དང་མཉམ་འབྲེལ་བྱས་ཏེ་ཆེན་པོ་ཏིག་ཏ(Tartarie)གྲུབ་པ་དང་། སོག་པོ་རྒྱལ་ཁབ་ཀྱི་རྒྱ་ཁྱོན་ཤིན་ཏུ་ཆེ་ཞིང་། དེ་ནི་རྒྱལ་ཕྲན་མང་པོས་གྲུབ་ཅིང་། སོག་པོ་ཚོས་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་ཀྱི་ཡོད་སྐོར་ཡང་ཐོར་རེ་བ་ཙམ་གསལ།

གུ་གེའི་ཡུལ་དུ་ཆོས་ལུགས་ཀྱི་དགོན་སྡེ་མང་ཞིང་། དགོན་པ་རེ་རེའི་འབག་སྐུ་ཡོད་ཚད་གསེར་མཚོན་གྱིས་བྱུགས་ཡོད་ཚུལ་ལས་འཕྲོས་ཏེ། དགོན་སྡེ་རེ་རེ་ན་བླ་མ་རེ་བཞུགས་པ་དང་། བླ་མ་དེ་དག་གི་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་ཡིན་པར་མ་ཟད། བླ་མ་ཁ་ཤས་གཉེན་སྒྲིག་བྱེད་ཆོག་ཅིང་། བླ་གྲྭ་དེ་དག་གི་ཕྱག་ལས་གཙོ་བོ་ནི་བཀའ་བསྟན་གཉིས་ལ་མཇལ་རྒྱུ་དང་དེ་ལ་བརྟེན་ནས་སེམས་ལ་བདེ་བ་འཐོབ་རྒྱུ་དེ་ཡིན་ཅིང་། ཁོང་ཚོས་ཁ་ཏོན་འདོན་རྒྱུ་དེ་ནི་ཆོས་ཕྱོགས་ཀྱི་ཕྱག་ལས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད། གུ་གེའི་བླ་གྲྭ་དག་གི་ཆོས་གོས་ཀྱི་རྒྱུ་ཆ་ནི་སྣམ་བུ་ཡིན་པ་དང་། སྟོད་འགག་ལ་ཕུ་ཐུང་མེད་སྟབས་དཔུང་རྗེན་ཡིན་ནའང་། གཟན་ཤམ་ནི་ཧ་ཅང་རིང་པོ་ཞིག་ཡིན་པ་དང་། རྩེ་ཞྭ་ལ་རིགས་གཉིས་ཡོད་ཚུལ་བྲིས་ཡོད།  ཡང་གཅིག་བཤད་ན། གུ་གེའི་ཡུལ་དུ་ཕྱག་མཆོད་བྱེད་སྲོལ་ཞིག་ཡོད་པ་དེ་ནི་ཡེ་ཤུའི་ཆོས་གཞུང་དུ་གསལ་བའི་ངོ་བོ་གསུམ་འདུས་སུ་ངོས་འཛིན་གནང་བར་མ་ཟད། གུ་གེའི་གྲྭ་བཙུན་རྣམས་ཀྱི་གཟན་ཤམ་དང་རྩེ་ཞྭ་གཉིས་ནི་ཡེ་ཤུའི་བླ་མ་དག་གི་ཆས་གོས་དང་མཚུངས་ཤིང་། ཡེ་ཤུའི་ཁྲུས་དབང་དང་། གསོ་སྦྱོང་། ཚོགས་ཞུགས་བཅས་ཀྱི་ཤན་ཞུགས་དེ་ཡང་བོད་དུ་དགོན་སྡེ་ཁག་ལ་ཐེབས་པའི་སྐོར་འཁོད་ཡོད།

དོན་ཚན་གསུམ་པའི་ཁ་བྱང་ལ‘‘བླ་སྤྲུལ་དག་གི་ཡུལ་སྲོལ་གོམས་གཤིས’’ཞེས་བཏགས་ཡོད་ཅིང་། ཡུལ་དེའི་བླ་མ་དང་གྲྭ་པ་ཚོར་ཆོས་ལུགས་དང་འབྲེལ་བའི་སྨྱུང་གནས་ཞེས་པ་ཞིག་ཡོད་པ་དེ་ནི། ལོ་གཅིག་གི་ནང་དུ་ཐེངས་གཅིག་མ་གཏོགས་མེད་པ་འདྲ་ཡང་། སྨྱུང་གནས་སྲུང་སྐབས་ཟ་མ་ཟ་རྒྱུ་ཕར་ཞོག ཐ་ན་ཆུ་ཐིགས་པ་ཙམ་ཡང་བཏུང་སྲོལ་མེད་པ་དང་། ལྷག་པར་དུ་ཁོང་ཚོས་སྨྱུང་གནས་སྲུང་སྐབས་གསུང་འབྱོན་མི་ཆོག་ལ། མི་གཞན་ལ་སྐད་ཆ་དང་དོན་དག་ཅིག་ངེས་པར་དུ་གླེང་དགོས་ཚེ། དབུ་བརྡ་དང་ཕྱག་རྒྱས་བརྡ་སྤྲོད་ཐབས་བྱེད་དགོས། ཡང་། སྨྱུང་གནས་སྲུང་ཚུལ་གཞན་ཞིག་ཡོད་པ་དེ་ནི་སྨྱུང་གནས་བྱེད་ཚུལ་སྔ་མ་དང་མི་འདྲ་བར་བཟའ་བཏུང་ལ་རོལ་ཆོག

ད་དུང་། གུ་གེའི་དགེ་སློང་སྐོར་ཞིག་གིས་སྲོལ་རྒྱུན་གྱི་རོལ་ཆས་རྔ་སྦུག་བརྡུངས་ཏེ། དགེ་སློང་ཁ་ཤས་ཀྱིས་ཞལ་འབག་སྣ་ཚོགས་གྱོན་ནས་གར་འཆམ་འཁྲབ་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་གཞན་ཞིག་གི་སྐབས་སུ། བླ་གྲྭ་དག་གིས་ཆོས་ཀྱི་ཚིགས་སུ་བཅད་པ་ཁག་རོལ་མོའི་དབྱངས་རྟ་ཞིག་དང་བསྡེབས་ནས་དབྱངས་སུ་གྱེར་མོད། རོལ་ཆས་ཕལ་མོ་ཆེ་ནི་ཟངས་ཀྱིས་བཟོས་ཤིང་། ད་དུང་མི་ཡི་ལག་ངར་དང་བརླ་རྐང་སོགས་ཀྱིས་བཟོས་པའང་ཡོད།

བོད་ཀྱི་བླ་མ་རྣམས་ཀྱི་གསོལ་ཕོར་ཁ་ཤས་ཀྱི་རྒྱུ་ཆ་ནི་གྲོངས་ཟིན་པའི་མི་ཡི་ཀླད་རུས་དང་། ཕྱག་ཕྲེང་དང་རོལ་ཆ་ཁ་ཤས་མི་ཡི་རུས་པ་ལས་གྲུབ་པ་ཡིན། དེའི་རྒྱུ་མཚན་ནི་བོད་ཀྱི་དགེ་སློང་དག་གིས་མི་ཡི་རུས་པ་ལས་གྲུབ་པའི་རོལ་ཆས་སྤྱོད་པ་དང་། གྲོངས་ཟིན་པའི་མི་ཡི་ཀླད་རུས་ནང་དུ་ཇ་སོགས་འཐུང་གིན་ཡོད་པ་ནི་སྔོན་ཆད་འདས་གྲོངས་སུ་ཕྱིན་པའི་མི་དག་དྲན་པའི་ཆེད་དམ། ཡང་ན་མི་རྟག་པ་དྲན་པའི་ཆེད་དུ་ཡིན་ཚུལ། མདོར་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས་རེད་ཅེས་བརྗོད་ཡོད།

དེ་བཞིན་དུ། བོད་ཀྱི་བླ་མ་དང་དགེ་སློང་ཁ་ཤས་ཀྱིས་གདོན་ནམ་རྣམ་ཤེས་ངན་པའི་རིགས་ཕྱི་ལོགས་སུ་མཐར་སྐྲོད་གཏོང་ཆེད་རྔ་སྦུག་རྡུང་། ལག་ཏུ་མཚོན་ཆ་བཟུང་སྟེ་ཡར་རྒྱུག་མར་རྒྱུག་བྱས་ཏེ། རྒྱལ་པོའི་ཕོ་བྲང་དང་ཁྱིམ་ཚང་རེ་རེར་ཕེབས་ནས་གསོལ་འདེབས་ཤིག་སྐྱོར་བཞིན་ཁང་པའི་ཕྱོགས་སྣ་སྒོ་མོར་ནས་འབྲུ་དང་མཆོད་ཆུ་གཏོར་ནས་མི་གཙང་བའི་རིགས་ཐམས་ཅད་འདག་པར་བྱེད་ཐབས་ཀྱི་དམངས་སྲོལ་ཞིག་ཡོད་ཚུལ་བྲིས་ཏེ། ཨང་ཋོ་ནཱི་དམངས་སྲོལ་དེར་ཡིད་ཆེས་མེད་པའི་སྒྲུང་ཞིག་དྲངས་ཡོད་པ་དང་། དེའི་ནང་དོན་བསྡུས་ན་འདི་ལྟར། ཁོང་གི་བཞུགས་ཤག་དེ་གྲང་ངར་ཆེ་སྟབས། ཁོང་གིས་རྒྱལ་པོར་སྙན་གསེང་ཞུས་པ་ལྟར། ཁོང་ལ་བཞུགས་ཤག་གཞན་ཞིག་བཀོད་སྒྲིག་བྱེད་སྐབས། རྒྱལ་སྲས་ཀྱིས་བཞུགས་ཤག་གསར་པ་དེའི་ནང་ཞག་སྡོད་གནང་མི་འོས་ཤིང་། ཁང་པ་དེའི་ནང་གདོན་འདྲེ་ཡོད་ཚུལ་གསུངས། འོན་ཀྱང་། ཁོང་གིས་དེ་ལ་ཐུགས་དོགས་མ་གནང་བར་བཞུགས་ཤག་དེར་གཙང་སྤྲ་བྱས་ཏེ་ཁ་ཏོན་བཏོན་ནས་ཉལ་ནའང་། འདྲེ་ཞེས་པ་མ་མཐོང་ལ། འདྲེ་སྐད་ཀྱང་མ་ཐོས་ཚུལ་གསུངས་ཡོད་ལ། ད་དུང་ཉིན་ཞིག་ཁོང་གིས་གུ་གེའི་ཡུལ་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་ཚོགས་ལ་མཆོད་རྫས་མང་པོ་ཞིག་འབུལ་སྲོལ་ཡོད་པ་མཐོང་རྗེས། རྒྱལ་པོར་ལྷ་དང་དཀོན་མཆོག་གིས་མཆོད་རྫས་དེ་དག་བཞེས་མི་ཐུབ་ཚུལ་བརྗོད་ཡོད།

ཡུལ་དེ་ནས་མི་དང་དུད་འགྲོ་གང་རུང་ཞིག་ལ་ན་ཚ་བྱུང་བའི་ཚེ་ནའང་། བླ་མ་ཞིག་གིས་ཞོགས་པ་སྔ་མོ་ནས་བཟུང་སྟེ་དགུང་དྲོའི་བར་དུ་སྔགས་ཟློ་བཞིན་སེམས་ཅན་དུད་འགྲོ་དང་མིའི་ན་ཚ་སེལ་ཐབས་བྱེད་ཅིང་། བོད་ཀྱི་སྨན་པ་ཕལ་མོ་ཆེ་ནི་བླ་མ་དང་དགེ་སློང་ཡིན་ནོ། ། ད་དུང་བླ་སྤྲུལ་ཞིག་གཤེགས་ཚེ་བླ་སྤྲུལ་ཆེ་གེ་མོ་དེ་ཐུགས་དམ་ལ་བཞུགས་སྲོལ་ཡོད་དེ་། ཐུགས་དམ་གྲོལ་རྗེས་སྐུ་ཕུང་སྦྱིན་སྲེག་བྱེད་ཚུལ་ཡང་ཡོད་པར་བརྗོད་མོད། བོད་མི་རྣམས་ཀྱིས་ལྷ་ལ་སྐྱབས་སུ་རེ་བ་དང་། གདོན་ལ་ཡིད་ཆེས་བྱེད་པ། གདོན་བགེགས་ཀྱི་བར་ཆད་ཞི་བར་རིམ་གྲོ་སྒྲུབ་སྲོལ་ཡོད་པ་སོགས་ལ་རང་ལྟ་མཆོག་འཛིན་གྱིས་ཟུར་ཟ་དང་སྐྱོན་བརྗོད་བྱས་འདུག

དོན་ཚན་བཞི་པ་ནི། ‘‘བླ་སྤྲུལ་ཚོ་དང་ལྷན་དུ་བགྲོ་གླེང་ཐེངས་འགའ་བྱུང་བ’’ཞེས་པ་འདི་ཡིན་ལ། དོན་ཚན་འདི་ནི་གུ་གེ་རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་ཨང་ཋོ་ནཱི་ལ་ཧ་ཅང་མངོན་ལྐོག་མེད་པར་བླ་མའི་འདུ་ཤེས་ཡོད་པ་དང་། ནང་བསྟན་ཆོས་ལུགས་ལས་ཡེ་ཤུའི་ཆོས་ལུགས་ལ་དད་པ་གནང་འདོད་ཀྱི་རྣམ་འགྱུར་ཡོད་པས། རྒྱལ་པོ་དང་་བཙུན་མོ་གཉིས་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་བཞུགས་ཤག་ཏུ་ཡང་ཡང་ཕེབས་ནས་ཡེ་ཤུའི་ཆོས་ལུགས་སྐོར་ལ་དྲི་བ་དྲིས་ཏེ། རྒྱལ་པོས་རང་ཉིད་ཡེ་ཤུའི་ཆོས་ལ་ཞུགས་རྒྱུའི་འདུན་པ་ཡོད་སྐོར་བརྗོད། ཨང་ཋོ་ནཱིས་གོ་སྐབས་དེ་དང་བསྟུན་ནས་ཁོང་གཉིས་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ཟབ་དོན་བཤད་པས། ཁོང་གཉིས་ཀྱིས་དགའ་ཚོར་ཆེན་པོས་གསན་བཞེས་གནང་བའི་ཐོག ཡེ་ཤུའི་ཆོས་གཞུང་དུ་གསལ་བའི་ལྷ་ཡུལ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་སུན་པ་མི་འདུག་ཅེས་གསུངས་ཡོད།

འོན་ཀྱང་། རྒྱལ་པོའི་ནུ་བོ་ལྷ་བཙུན་དང་ཁུ་བོ་ལྷ་བཙུན་ཞིག་ཡོད་པ་གཉིས་ཀྱིས་གུ་གེ་རྒྱལ་པོའི་ཕྱག་ལས་གནང་སྟངས་མཁྱེན་ཚོར་བྱུང་སྟེ། ཁོང་མཐོ་ལྡིང་དགོན་པར་གདན་འདྲེན་ཞུས་ཏེ། རྒྱལ་པོས་ཡེ་ཤུའི་ཆོས་ལ་རྒྱབ་སྐྱོར་གནང་ན་མི་ལེགས་པ་དང་། རྒྱལ་ཕྲན་གསུམ་གྱིས་མཐའ་མཚམས་སུ་གུ་གེར་གྱེན་ལོག་བྱེད་བཞིན་ཡོད་པ། གུ་གེའི་ཕྱོགས་ཀྱི་ནང་པའི་བླ་གྲྭ་མང་པོ་རྒྱལ་པོར་བློ་ལོག་ངེས་ཡིན་ཚུལ། ལྷག་པར་དུ་གུ་གེའི་སྲིད་གཞུང་ལ་སྟངས་འཛིན་གནང་མི་ཐུབ་པའི་གནས་སྟངས་སོགས་ཞུས་ཡོད་པར་མ་ཟད། བོད་ཀྱི་བླ་མ་གྲགས་ཅན་ཁ་ཤས་གདན་དྲངས་ཏེ་རྒྱལ་པོར་ནང་ཆོས་ཀྱི་དགེ་མཚན་གླེང་ཡོད་ནའང་། དེ་དག་གིས་ཕན་རླབས་ཆེན་པོ་ཐོགས་མེད་ཚུལ་བྲིས་ཡོད།

སྐབས་དེར། ཨང་ཋོ་ནཱིས་རྒྱལ་པོར་ནང་བསྟན་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་ལས་འཕྲོས་ཏེ་རྩོད་པ་བྱེད་དགོས་པའི་རེ་འདུན་བཏོན་པར་བརྟེན་ནས། རྒྱལ་པོས་ཀྱང་ཁོང་གི་རེ་འདུན་ལ་རྒྱབ་སྐྱོར་གནང་སྟེ་རྩོད་པ་བྱེད་དུ་བཅུག ཁོང་ཚོའི་རྩོད་གཞི་དང་པོ་ནི་དཀོན་མཆོག་གི་ངོ་བོ་དང་། གཉིས་པ་ནི་སྐྱེ་བ་སྔ་ཕྱིའམ་འཁོར་བ་འཁོར་ཚུལ། གསུམ་པ་ནི་མ་ཎི་ཡིག་དྲུག་གི་ནང་དོན་བཅས་རེད། སྐབས་དེར་ཁོང་གིས་ནང་པའི་དགེ་སློང་ཚོར་གྲག་འགུལ་མེད་པ་བཟོས་པ་དང་། ནང་པའི་དགེ་སློང་ཚོས་དཀོན་མཆོག་གི་ངོ་བོ་མི་ཤེས་པ་དང་། ཁོང་ཚོས་བཤད་པའི་འཁོར་བ་འཁོར་ཚུལ་གྱི་གཏམ་ལ་གཏན་ཚིགས་མེད་པ། མ་ཎི་ཡིག་དྲུག་གི་ནང་དོན་འགྲེལ་བཤད་བྱེད་མི་ཤེས་ཚུལ་བརྗོད་པར་མ་ཟད། རྩོད་པ་དེའི་འབྲས་རྟགས་ལ་རྐྱེན་བྱས་ཏེ་རྒྱལ་པོའི་ཉེ་འཁོར་མི་སྣ་དང་བླ་གྲྭ་དག་གིས་ཀྱང་རིམ་བཞིན་ཡེ་ཤུའི་ཆོས་ལུགས་ལ་རྣམ་འགྱུར་ཡག་པོ་བཟུང་ཚུལ་སོགས་བྲིས་འདུག

དེ་ནས་གུ་གེ་རྒྱལ་པོ་དང་ཨང་ཋོ་ནཱིའི་འབྲེལ་བ་ཇེ་བརྟན་དང་ཇེ་ལེགས་སུ་གྱུར་པ་དཔེར་ན། གུ་གེའི་དུས་ཆེན་ཞིག་གི་སྐབས་སུ། རྒྱལ་པོས་ཁོང་གི་སྲས་ཕྱག་གཡས་པ་དང་། ཡེ་ཤུའི་ཆོས་པ་ཁོང་ཕྱག་གཡོན་པར་བཞུགས་དགོས་ཚུལ་གསུངས་སྐབས། ཨང་ཋོ་ནཱིས་རྒྱལ་པོས་བཀའ་དེ་ལྟར་གནང་ན་མི་འོས་ཚུལ་ཞུས་འདུག་མོད། རྒྱལ་པོས་ཁྱེད་ནི་བདག་ཅག་གི་ཡེ་ཤུའི་ཆོས་པ་ཡིན་ཞིང་། བླ་མའང་ཡིན་ཞེས་གསུངས།

དེ་བཞིན་དུ། བཙུན་མོ་དེ་ཡང་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་ཐུགས་འདྲིས་སུ་གྱུར་ཏེ། ཡེ་ཤུའི་ཆོས་ལ་དད་པ་དག་སྣང་ཡོད་ཚུལ་གསུངས་ཡོད། དཔེ་མཚོན་ཞིག་དྲངས་ན་འདི་ལྟར། ཉིན་ཞིག་བཙུན་མོས་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་ལ་ན་ཚ་ལྗིད་མོ་ཞིག་ཕོག་པ་མཁྱེན་རྟོགས་བྱུང་འཕྲལ། བཙུན་མོ་ཁོང་ཚོའི་བཞུགས་ཤག་ཏུ་ཕེབས་ཏེ་སྐྱོ་གདུང་དྲག་པོས་སྤྱན་ཆབ་བསིལ་བ་དང་། ཡེ་ཤུའི་ཆོས་པ་ཁོང་ནི་མོའི་ཡབ་ཆེན་ལྟ་བུ་ཡིན་ཚུལ་གསུངས། རྒྱུ་རྐྱེན་དེ་ལ་བརྟེན་ནས་རྒྱལ་པོའི་ཁུ་བོ་ལྷ་བཙུན་དེས་རྒྱལ་པོར་བཙུན་མོ་གཞན་ཞིག་བསུ་དགོས་པའི་རྒྱུ་མཚན་ཞུས་ནའང་། ཨང་ཋོ་ནཱིས་རྒྱལ་པོར་ཡེ་ཤུའི་ཆོས་ལུགས་པ་རྣལ་མ་ཞིག་ཡིན་ཕྱིན་ཆུང་མ་གཅིག་ལས་བླངས་མི་ཆོག་ཚུལ་བརྗོད་དེ་བཙུན་མོ་གཞན་ཞིག་བསུ་བར་བཀག་འགོག་བྱས་པ་དང་། རྒྱལ་པོས་ཀྱང་ཁུ་བོ་ལྷ་བཙུན་གྱི་གསུང་ལ་མ་གསན་པར་ཨང་ཋོ་ནཱིས་ཅི་གསུང་དང་དུ་བླངས།

གང་ལྟར་ཡང་། མཐར་གུ་གེ་རྒྱལ་པོའི་གཟིགས་སྐྱོང་དང་མཐུན་རྐྱེན་འོག་ཏུ། གུ་གེའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་གསར་དུ་བཙུགས་པ་དང་། དེའི་མཛད་སྒོའི་ཉིན་མོར་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་རྒྱལ་པོ་ལྷ་ཁང་གསར་པའི་ནང་དུ་གདན་ཞུས་ཀྱིས་མཆོད་འབུལ་རྒྱ་ཆེན་ཞིག་བྱས་པར་བརྟེན། ཨང་ཋོ་ནཱིས་གུ་གེའི་ཡུལ་དུ་ཡེ་ཤུའི་ཆོས་ལུགས་ཀྱི་རྨང་རྡོ་བཏིང་ཞིང་། ཡེ་ཤུའི་ཆོས་ལུགས་དངོས་སུ་དར་སྤེལ་བྱས་པའི་གནས་ཚུལ་ལས་འཕྲོས་ཏེ། བཙུན་མོ་དང་རྒྱལ་སྲས་སོགས་ཀྱིས་ཡེ་ཤུའི་ཆོས་རྟགས་རྒྱ་གྲམ་དང་ཡེ་ཤུའི་སྟོན་པའི་མ་ཡུམ་གྱི་རྡོ་སྐུ་དེ་སྲུང་འཁོར་གྱི་ཚུལ་དུ་མགུལ་དུ་དཔྱངས་ཏེ་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་རྣལ་མ་ཞིག་ཏུ་གྱུར་ཚུལ་བྲིས་ཡོད།

གུ་གེ་རྒྱལ་པོའང་ཡེ་ཤུའི་ཆོས་ལུགས་སུ་ཞུགས་སྟབས། སྐབས་རེར་རྒྱལ་པོས་ཨང་ཋོ་ནཱི་ལ་གུ་གེའི་སྲིད་གཞུང་གི་འཛིན་སྐྱོང་དང་། ཡེ་ཤུའི་ཆོས་ལུགས། གུ་གེའི་མི་མང་གི་གནས་སྟངས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུ་སྐབས། ཁོང་གིས་རྒྱལ་པོར་སློབ་སྟོན་གནང་བ་དང་། དེ་དང་མཉམ་དུ་གུ་གེའི་དམངས་སྲོལ་གྱི་སྐོར་ལ་ཟུར་ཟ་བྱས་པའི་སྐོར་ཡང་བརྗོད་ཡོད་དོ། །

འཕྲིན་ཡིག་གསུམ་པ། 

འཕྲིན་ཡིག་གསུམ་པའི་མགོ་སྟོད་དུ། ཕྱི་ལོ་ ༡༦༢༧ ལོར་ཨང་ཋོ་ནཱི་དང་ཁོང་གི་ཡེ་ཤུའི་ཆོས་གྲོགས་གཉིས་ཀྱིས་གུ་གེ་ནས་བོད་ཡིག་སྦྱང་བརྩོན་བྱས་ཏེ་ཟླ་ཤས་འགོར་རྗེས་བོད་ཀྱི་ལོ་གསར་སླེབས་པ་དང་། གུ་གེ་ནས་ལོ་གསར་ཉིན་བརྒྱད་རིང་གཏོང་སྲོལ་ཡོད་སྐོར་ལས་འཕྲོས་ཏེ། ལོ་གསར་གྱི་ཉིན་གཉིས་པར། རྒྱལ་པོ་དང་རྒྱལ་སྲས་སོགས་རྟ་ལ་བཅིབས་ཏེ་གྲོང་གསེབ་ཞིག་ཏུ་ཕེབས། ཁོང་ཚོས་མེ་ལོང་ཞིག་གི་དཀྱིལ་དུ་མདའ་འཕེན་ཅིང་། མདའ་ཡིས་མེ་ལོང་དེ་ཅི་ཙམ་གྱིས་གཅོག་ཡུན་ཐུང་ན་དེ་ནི་བཀྲ་ཤིས་པའི་སྔ་ལྟས་ཤིག་ཏུ་བརྩི་བ་དང་། མེ་ལོང་དེ་གཅོག་ཡུན་རིང་ཚེ་བཀྲ་ཤིས་སྣ་ནག་མ་ཞིག་ཏུ་ངོས་འཛིན་བྱེད། ཉིན་དེར། གུ་གེའི་རྒྱལ་སྲས་ཀྱིས་ཕོར་ཆི་གྷལ་གྱི་གྱོན་གོས་བཞེས་པས། ཡུལ་མི་ཚོས་དེ་ལ་དགའ་སྣང་བྱེད་ནའང་། རྒྱལ་པོའི་ནུ་བོས་དེ་ལ་མི་འདོད་པའི་རྣམ་འགྱུར་དང་བཅས་ཏེ་ངོ་རྒོལ་ཤུགས་ཆེར་བྱས་སྐོར་འཁོད་ཡོད།

རྒྱལ་པོ་དང་། རྒྱལ་སྲས། བཙུན་མོ་སོགས་ལོ་གསར་གྱི་ཉིན་གང་རུང་ཞིག་ལ་ཡུལ་ལུང་ཞིག་ཏུ་འཛོམས་ཏེ་དུས་སྟོན་ཞིག་ལ་རོལ་བ་དང་། དུས་སྟོན་དེའི་སྟེང་དུ་ཡུལ་ཕྱོགས་གཞན་ནས་ཕེབས་པའི་རྒྱལ་པོ་དང་རྒྱལ་སྲས་སོགས་ཀྱང་མཉམ་ཞུགས་གནང་སྲོལ་ཡོད་པར་མ་ཟད། སྐུ་དྲག་གི་སྲས་དང་སྲས་མོ་རྣམས་རོལ་དབྱངས་སྣ་ཚོགས་དང་བསྡོངས་ནས་ཞབས་བྲོ་འཁྲབ་བཞིན་ཤ་ཆང་ལ་རོལ། ཤ་ཆང་ལ་མ་རོལ་བའི་སྔོན་ལ་ཇ་མཆོད་འདོན་སྲོལ་ཡོད་པ་དང་། རྒྱལ་པོས་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་ལོ་གསར་གྱི་དགའ་སྟོན་གྱི་ཉིན་དེ་དག་གི་རིང་སྣེ་ལེན་ཟབ་རྒྱས་གནང་བར་མ་ཟད། ཉིན་ཞིག་རྒྱལ་པོས་ཁོང་ཚོ་དགོན་པ་ཞིག་ཏུ་ཁྲིད་ཅིང་། དེའི་ནང་དུ་འབག་སྐུ་དང་དཔེ་རྙིང་མང་པོ་བཞུགས་པ་མཐོང་བ་དང་། དགོན་པ་དེའི་བླ་གྲྭ་དག་གིས་ལྷ་འདྲེ་ཡོད་པར་ཡིད་ཆེས་བགྱིས་ཏེ་གཏོར་མ་འཕེན་སྲོལ་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཡེ་ཤུའི་སྟོན་པའི་མ་ཡུམ་གྱི་འཁྲུངས་སྐར་གྱི་ཉིན་མོར་རྒྱལ་པོ་དང་། རྒྱལ་སྲས། བཙུན་མོ་སོགས་ཡེ་ཤུའི་ལྷ་ཁང་དུ་ཕེབས་ཏེ་མཆོད་འབུལ་གནང་ཡོད་པ་དང་། རྒྱལ་པོས་ཡེ་ཤུའི་སྟོན་པའི་མ་ཡུམ་གྱི་འདྲ་སྐུའི་མདུན་དུ་ཡར་བཞེངས་ཏེ་ཕྱག་གཉིས་ཐལ་སྦྱོར་གྱིས་དད་པ་རྩེ་གཅིག་ཏུ་གནང་ཞིང་། བཙུན་མོས་ཀྱང་སྤྱན་ཆབ་བསིལ་བཞིན་གསོལ་བ་སྨོན་ལམ་བཏབ་ཡོད་པར་མ་ཟད། ནང་པའི་དགེ་སློང་ཁག་ཅིག་ཀྱང་གྲལ་རིང་པོར་བསྒྲིགས་ཏེ་ཡེ་ཤུའི་ལྷ་ཁང་དུ་ལྟད་མོ་བལྟ་རུ་ཕེབས་རྩིས་གནང་ཡོད་ནའང་། ཡེ་ཤུའི་ཆོས་སྤེལ་མཁན་དག་གིས་དེ་དག་བཀག་འགོག་བྱས། དེའི་རྒྱུ་མཚན་ནི་གུ་གེའི་བླ་གྲྭ་སྐོར་ཞིག་གིས་རྒྱལ་པོ་ཡེ་ཤུའི་ཆོས་སུ་ཞུགས་པ་དེར་མ་དགའ་བའི་རྣམ་འགྱུར་བསྟན་པས་ཡིན་ཟེར། དེ་བཞིན་དུ་རྒྱལ་པོའི་ནུ་བོས་ཀྱང་རྒྱལ་པོས་ཡེ་ཤུའི་ཆོས་ལུགས་ལ་བཟུང་བའི་རྣམ་འགྱུར་དེར་ཐུགས་མོས་མ་བྱུང་བས་ཁོང་གཉིས་ཀྱི་བར་ལ་འགལ་བ་བྱུང་བའི་གནས་ཚུལ་ཁག་ཅིག་ཀྱང་སྟར་ཆགས་སུ་བྲིས་པ་མཐོང་།

གང་ལྟར་ཡང་། རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་མགུལ་ལ་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱ་གྲམ་བཞེས་ཏེ་ཡེ་ཤུའི་ལྷ་ཁང་དུ་ཡང་ཡང་ཕེབས་ནས་གསོལ་བ་སྨོན་ལམ་བཏབ་པ་དང་། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་ལ་གསན་བཞེས་གནང་། ཡུལ་མི་མང་པོས་ཀྱང་ཡེ་ཤུའི་རྒྱ་གྲམ་དེ་རིན་ཐང་ཤིན་ཏུ་ཆེ་བའི་དངོས་པོ་ཞིག་ཏུ་ངོས་འཛིན་བྱས་པར་མ་ཟད། རྒྱ་གྲམ་དེས་ཡུལ་མི་དག་གི་གདོན་བགེགས་བར་ཆད་བསལ་ཡོད་ཚུལ་བྲིས་ཡོད།

འཕྲིན་ཡིག་གི་མཇུག་ཏུ། གུ་གེ་རྒྱལ་པོ་གཙོས་པའི་གཙང་པ་སྡེ་སྲིད་དང་། ལ་དྭགས་རྒྱལ་པོ། ཤྲི་ན་གར་གྱི་རྒྱལ་པོ་སོགས་ཀྱིས་ཡེ་ཤུའི་ཆོས་སྤེལ་མཁན་དག་ལ་རྣམ་འགྱུར་ཡག་པོ་བཟུང་ཡོད་པས། ཁོང་ཚོ་ས་ཆ་གང་དུ་ཕྱིན་ནའང་ལམ་ཁྲལ་སོགས་སྟེར་མི་དགོས་ཚུལ་དང་། མདོར་ན། ཁོང་ཚོ་གུ་གེར་སླེབས་ནས་ཡེ་ཤུའི་ལྷ་ཁང་བཙུགས་པ་དང་། རྒྱལ་པོ་དང་བཙུན་མོ་སོགས་ཀྱང་ཡེ་ཤུའི་ཆོས་ལ་ཞུགས་པས། ཁོང་ཚོ་ལམ་ཐག་རིང་པོ་བརྒྱུད་དེ་གུ་གེར་འབྱོར་བའི་ཡོང་དོན་ལེགས་པར་གྲུབ་ཚུལ་སོགས་བྲིས་ཡོད་པ་རེད།

བཞི། ཨང་ཋོ་ནཱི་དང་ཁོང་གི་འཕྲིན་ཡིག་ལས་འཕྲོས་པའི་དོགས་སློང་།

 ཁོ་བོས་ཨང་ཋོ་ནཱིའི་འཕྲིན་ཡིག་གསུམ་ཕར་སློག་ཚུར་སློག་བྱས་ཏེ་སློབ་སྦྱོང་བྱས་པ་ལྟར་ན། འཕྲིན་ཡིག་འདི་དག་གི་ནང་དུ། དུས་རབས་བཅུ་བདུན་པའི་མགོ་སྟོད་དུ་ཨང་ཋོ་ནཱིས་ཆོས་གྲོགས་ཤིག་[13]ཁྲིད་དེ་སྟོད་མངའ་རིས་གུ་གེའི་ཡུལ་དུ་སླེབས་ཏེ། གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པ་དང་། རྒྱལ་སྲས། བཙུན་མོ། གཞན་ཡང་ཡུལ་མི་བཞི་བརྒྱ་ལྷག་ཡེ་ཤུའི་ཆོས་འོག་ཏུ་བཀུག་སྟེ་ཡེ་ཤུའི་ཆོས་ལུགས་དར་བར་བྱས་པ་དང་། ཡེ་ཤུའི་ལྷ་ཁང་བཙུགས་པ། གུ་གེའི་ཡུལ་གྱི་སེར་མོ་བའི་རིག་གནས་དང་། སྐྱ་བོ་རིག་གནས་སོགས་ངོ་སྤྲོད་བྱས་ཏེ་རི་མོ་ཁྲ་ཁྲ་ཞིག་བཏབ་འདུག  རི་མོ་ཡོད་ཚད་དངོས་བྲིས་ཡིན་པའི་ངེས་པ་ག་ལ་ཡོད་མོད། སྐབས་དེའི་གུ་གེའི་ལོ་རྒྱུས་དང་སྤྱི་ཚོགས་གསལ་བར་བྱེད་པའི་མེ་ལོང་ལྟ་བུ་ཡིན་པ་སྨོས་མ་དགོས།

ལར་ནས་གུ་གེ་རྒྱལ་པོས་ཡེ་ཤུའི་ཆོས་ལུགས་བསྟེན་མེད་[14]སྐོར་གླེང་མོད། གོང་གི་འཕྲིན་ཡིག་ཁག་ལ་ཞིབ་ཏུ་བལྟས་ན། ཨང་ཋོ་ནཱིས་ནང་པའི་སྐྱབས་འགྲོ་ལ་འཇུག་པའི་སྒོ་ལྟ་བུ་སྟེ་ཡེ་ཤུའི་ཆོས་ལུགས་ཀྱི་ཁྲུས་དབང་དེ་ཐོག་མར་བཙུན་མོ་དང་། དེ་ནས་རྒྱལ་པོ་དང་རྒྱལ་སྲས་སོགས་ལ་རེ་རེ་བཞིན་བསྐུར་ཚུལ་བྲིས་འདུག་པས། ཕལ་ཆེར་གུ་གེ་རྒྱལ་པོ་དང་བཙུན་མོ་སོགས་ཀྱིས་ཡེ་ཤུའི་ཆོས་ལུགས་ལ་སྐྱབས་སུ་སོང་ཡོད་པ་དོགས་པ་རྣམ་རྟོག་ཆེར་བྱེད་མི་དགོས་པར་སྣང་། འོན་ཀྱང་། ཨང་ཋོ་ནཱི་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཆེ་བ་ཁོ་ན་རྗོད་མཁན་ཞིག་རེད་སྙམ་པ་མ་གཏོགས། སྒྲི་སེ་སྒྲི་རེ་ལྟ་བུའི་ཆོས་ལུགས་ཀྱི་ཞེན་ཁོག་གི་སྒྲོག་ལས་ཐར་བའི་གྲྭ་པ་ཞིག་མིན་ཤས་ཆེ། གང་ཡིན་ཞེ་ན། ཁོང་གིས་གུ་གེའི་དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་དང་ཡུལ་མིའི་དད་མོས་སོགས་ལ་ཟུར་ཟ་དང་དམའ་འབེབས་བྱས་ཏེ། ཡེ་ཤུའི་ཆོས་ལུགས་ནི་རྨ་མེད་པ་དང་དེ་ལས་འཕྲོས་པའི་ཆོ་ག་ཕྱག་ལེན་ནི་ཡང་དག་པ་ཡིན་ཚུལ་སྒྲུབ་པར་མ་ཟད། རྒྱལ་པོ་དང་བཙུན་མོ་སོགས་ཀྱིས་ཀྱང་ཁོང་གི་ལྟ་ཚུལ་ལ་རྒྱབ་སྐྱོར་གནང་ཡོད་ཚུལ་གླེང་ཡོད། ཁོ་བོས་བསམ་བློ་བཏང་ན། ཨང་ཋོ་ནཱིས་ཁོང་ལ་ཡུ་རོབ་དང་རྒྱ་གར་གྱི་ཡེ་ཤུའི་ཆོས་ཚོགས་ཁག་ནས་རྒྱབ་སྐྱོར་ཐོབ་ཆེད་སྐབས་རེར་རྒྱལ་པོ་དང་བཙུན་མོ། གུ་གེའི་ཡུལ་མི་རྣམས་ཀྱིས་ཡེ་ཤུའི་ཆོས་སྤེལ་མཁན་དག་ལ་དད་པ་དག་སྣང་ཡོད་ཚུལ་བྲིས་པ་ཞིག་མིན་ནམ་སྙམ།

སྐབས་དེའི་གུ་གེར་མཚོན་ན་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་དགེ་ལུགས་པ་དང་བཀའ་བརྒྱུད་པའི་གྲུབ་མཐའ་ལ་དད་པ་བྱེད་ཀྱིན་ཡོད་ལ། གུ་གེ་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གུ་གེའི་ཡུལ་དུ་གདན་འདྲེན་མཛད་ནས་དགེ་ལུགས་པའི་གྲུབ་མཐའ་སྤེལ་བཞིན་པའི་དུས་སྐབས་ཤིག་ཡིན་པར་བརྟེན། རྒྱལ་པོས་གློ་བུར་དུ་ཡེ་ཤུའི་ཆོས་པ་ཚོར་གཟིགས་སྐྱོང་གང་ལེགས་གནང་སྟེ་ཡེ་ཤུའི་ཆོས་ལུགས་ལ་རྒྱབ་སྐྱོར་གནང་བ་ནི་ཡ་མཚན་པའི་གནས་ཤིག་ཡིན།

འོན་ཀྱང་། ཨང་ཋོ་ནཱིས་བྲིས་པའི་འཕྲིན་ཡིག་ཁག་ཏུ་གསལ་བའི་གནས་ཚུལ་དེ་དག་བདེན་པ་ཡིན་པའི་དབང་དུ་བཏང་ན། གུ་གེ་རྒྱལ་པོའི་གཟིགས་སྐྱོང་དང་རྒྱབ་སྐྱོར་འོག་ཏུ། ཨང་ཋོ་ནཱི་དང་ཁོང་གི་ཆོས་གྲོགས་རྣམས་ཀྱིས་ཕྱི་ལོ་ ༡༦༢༦ ལོའི་ཟླ་ ༨ པའི་ཚེས་ ༡༡ ཉིན་གུ་གེའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་གསར་དུ་བཙུགས་པ་དང་། དེའི་མཛད་སྒོའི་ཉིན་མོར་ཡེ་ཤུའི་ཆོས་སྤེལ་མཁན་དག་གིས་རྒྱལ་པོ་ལྷ་ཁང་གསར་པའི་ནང་གདན་ཞུས་ཀྱིས་མཆོད་འབུལ་རྒྱ་ཆེན་ཞིག་བྱས་པར་བརྟེན། གུ་གེའི་ཡུལ་དུ་ཡེ་ཤུའི་ཆོས་ལུགས་ཀྱི་རྐང་བཙུགས་ཤིང་། ཡེ་ཤུའི་ཆོས་ལུགས་དེ་དངོས་སུ་དར་སྤེལ་བྱས་པ་རེད། དེ་ལ་བརྟག་ན། ཨང་ཋོ་ནཱི་ཞེས་འབོད་པའི་ཆོས་པ་འདི་ལྷ་འདྲེ་གཉིས་ལས་གང་ཡིན་བཤད་དཀའ་མོད། ཆོ་འཕྲུལ་ཅན་ཞིག་ཡིན་ཚོད་འདུག

གུ་གེའི་ཡུལ་དུ་ཡེ་ཤུའི་ཆོས་ལུགས་དར་བར་རྐྱེན་བྱས་ཏེ། རྒྱལ་པོས་བོད་མི་ཁྱིམ་པ་བ་རྣམས་རབ་བྱུང་སྒྲུབ་ཏུ་མ་བཅུག་པར་གྲྭ་བཙུན་རྣམས་ཕྱིར་སྐྱ་སེར་ཕབ་སྟེ་ནང་བསྟན་བསྣུབས་པའི་སྤྱོད་ངན་ལག་ཏུ་བསྟར་བ་དང་། སྔར་གྱི་གྲྭ་པའི་གྲངས་འབོར་ལྔ་སྟོང་ཙམ་ནས་བརྒྱ་ལ་མི་ལོངས་ཙམ་དུ་བཟོས་ཤིང་། དེ་དག་ལ་རྒོལ་རྡུང་དང་། མནར་གཅོད་བཏང་། དེར་བརྟེན། མཐོ་ལྡིང་དགོན་པའི་གྲྭ་བཙུན་དང་ཡུལ་མི་དག་གིས་ལ་དྭགས་རྒྱལ་པོ་གུ་གེར་གདན་འདྲེན་བགྱིས་ཏེ། ཁོང་གི་དམག་དཔུང་གིས་གུ་གེ་རྒྱལ་པོ་དང་། ཡེ་ཤུ་ཆོས་སྤེལ་མཁན། དེའི་རྗེས་འཇུག་པ་དག་བཟང་བཙོན་གྱིས་ལ་དྭགས་སུ་ཁྲིད་ཡོད། དེ་ནས་ཡུན་རིང་མ་འགོར་བར། བོད་ཀྱི་ཆོས་རིག་གི་དབུ་འཕང་དགུང་དུ་བཏེགས་མྱོང་བའི་རྒྱལ་ཕྲན་ཆེན་པོ་དེ་ཉམས་རྒུད་དུ་གྱུར་པར་བརྟེན་ནས། ཡེ་ཤུའི་ཆོས་སྤེལ་མཁན་དང་། ཡེ་ཤུའི་ལྷ་ཁང་སོགས་ཀྱང་གར་སོང་ཆ་མེད་དུ་གྱུར་ཡོད།

དཔྱད་ཡིག་དང་ཟུར་མཆན། 

[1] https://bodrigpa.org/archives/171

[2] ཕོར་ཆི་གྷལ་གྱིས་ཕྱི་ལོ་༡༥༡༠ནས་༡༩༦༡བར་གྷོ་ཝ་དབང་སྒྱུར་བྱས་འདུག

[3] LE TIBET de Marco polo à Alexandra David-Neel. Michel Taylor. 1985 Office du livre. P, 35

[4] ཁོང་ཚོ་ཐོག་མར་མི་བཞི་གྷོ་ཝ་ནས་ལམ་ལ་ཆས་ཡོད་མོད། མི་གཞན་པ་གཉིས་ལམ་བར་གྱི་དཀའ་ཁག་ལ་བརྟེན་ནས་མུ་མཐུད་དུ་བསྐྱོད་ཐུབ་མི་འདུག

[5] https://greencanticle.com/2020/05/10/dazzling-whiteness-antonio-de-andrades-first-look-at-tibet/

[6] Les Portugais au Tibet. Traduites et présentées par Hugues Didier Editions Chandeigne P. 19

[7] Les Portugais au Tibet. Traduites et présentées par Hugues Didier Editions Chandeigne P. 334

[8] བོད་ནང་ལོ་བདུན། ཧེན་རིག་ཧ་རར། དབྱིན་སྐད་ནས་བོད་སྐད་དུ་ཕབ་སྒྱུར་བྱེད་པོ། ཚེ་དབང་རྟ་མགྲིན། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་གིས་སྤར། ༡༩༩༥ ཤོག་གྲངས་༤༨ན་གསལ།

[9] Les Portugais au Tibet. Traduites et présentées par Hugues Didier Editions Chandeigne P. 19

[10] Voyages au Tibet, faits en 1625 et 1626, par le Père, et 1774, 1784 et 1785, par Bogle, Tourner et Pourunguir.

[11] Les Portugais au Tibet. Traduites et présentées par Hugues Didier Editions Chandeigne P. 15

[12] ཕྱི་ལོ་ ༢༠༡༧ ལོརMichael J. Sweetཡིས་ཨིན་སྒྱུར་བྱས་ ཤིང་། LeonardZwilling གིས་ཞུ་དག་བྱས་པའི་དེབ (Andrade, António de, Michael J. Sweet, and Leonard Zwilling. 2017. “More than the promised land”: letters and relations from Tibet by the Jesuit missionary António de Andrade (1580-1634)ཞིག་པར་དུ་བསྐྲུན་པ་དེའི་ནང་དུའང་ དེ་སྔ་སྤར་སྐྲུན་བྱས་མེད་པའི་འཕྲིན་ཡིག་རེ་འགའ་ཡང་ཡོད་ཚུལ་བརྗོད་འདུག

[13]  དུས་རབས་བཅུ་བདུན་པའི་ནང་དུ་གུ་གེར་ཡེ་ཤུའི་ཆོས་སྤེལ་མཁན་ཁྱོན་བསྡོམས་མི་བཅུ་གཉིས་བསླེབས་འདུག ཁོང་ཚོ་ནི་1. Antonio Andrade (Portugal) 2. Manuel Marques (Portugal) 3. Gonzalez Sousa (Portugal) 4. Joâo d’Oliveira (Portugal) 5. François Godinho (Portugal) 6. Alano dos Anjos (France) 7. Antonio Pereira (Portugal) 8. Antonio Fondeca(Portugal) 9. Francisco Azevedo (Portugal) 10. Nuno Coresma(Espagne) 11. Ambrosia Correia (Portugal) 12. Stanislao Malphici (Naples)  བཅས་རེད།

[14] གུ་གེ་ཚེ་རིང་རྒྱལ་པོའི་ཆེད་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ ཤོག་གྲངས ༦༤

– – – – –

Loading

4 མཆན།

  1. བཀའ་དྲིན་ཆེ། ངེས་པར་དུ་དུས་ཚོད་ཁོམ་སྐབས་དང་བསྟུན་ནས་བཀླག་འདོད་ཡོད། ད་རུང་ཁ་ཕྱེ་མེད། གུ་གེའི་རྒྱལ་རབས་འཇིག་དོན་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆབ་སྲིད་ཀྱི་སྒྲོམ་གཞི་གཏན་འབེབས་བྱས་པ་ནང་བཞིན་འགྲོ་མ་ཐུབ་པ་ནི་རྒྱུ་རྐྱེན་གཙོ་བོ་དང་ཆོས་སྤེལ་བ་དེ་དེའི་མཐུན་རྐྱེན་ལྟ་བུར་སོང་ཡོད་པའི་ངོས་འཛིན་ཞིག་སྔར་ནས་ཡོད་མོད། ག་ངལྟར་སྐུ་ཉིད་ཀྱི་རྩོམ་ཡིག་འདི་རིན་ཐང་ལྡན་པ་ཞིག་ཡིན་པར་ཡིད་ཆེས་ཡོད། བཀའ་དྲིན་ཆེ།

  2. མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་ཚར། ཧ་ཅང་ཡག་པོ་ཞིག་བྲིས་འདུག ཁྱེད་ལ་བཀའ་དྲིན་ཆེ་ཞུ། དེ་ལས་བྱུང་བའི་ངའི་བློ་སྐྱེད་ནི། ལར་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན། ཆོས་ལུགས་འདྲ་མི་འདྲ་མང་པོ་དར་ནས་དེ་ཚོ་ཕན་ཚུན་ཁ་གཏད་ཆགས་ན། སྡེ་གཟར་དང་འཁོན་འཁྲུག་གི་རྩ་བ་ཡིན་པར་ར་འཕྲོད་སོང་།

  3. གུ་གེའི་སྐོར་རྒྱས་ཙམ་གོ་བ་ད་རེས་ཐེང་དང་པོ་ཡིན། ཐུགས་རྗེ་ཆེ་ཞུ།

  4. བོད་རང་སྐྱོང་ལྗོངས་ཆབ་མདོའི་མངའ་ཁོངས་སྨར་ཁམས་ཚྭ་ཁ་ལྷོ་རུ་ད་ལྟར་ཡང་ཡེ་ཤུ་ཁེ་ཐོག་ལིའི་ཆོས་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་དེའི་བྱུང་རབས་མདོར་བསྡུས་ཤིག་དགོད་ཐུབ་ན་ཡག་པོ་འདུག

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།