ཨ་མྱེས་ཁུ་རྒྱལ་གྭ་པའི་ཉེ་འཁོར་ཞལ་བཟང་གནས་མདོ་དགོན་པའི་ཆགས་ཤུལ་སྐོར་རགས་ཙམ་གླེང་བ།

གནད་བསྡུས།  འདིར་ནེའུ་ཆགས་སྔོན་མོའི་འགྲམ་རྒྱུད་དུ་འཚོ་བའི་ཁམས་འབྲི་སྟོད་ཀྱི་མངའ་རིས་སུ་དུས་རབས་བཅོ་བརྒྱད་པའི་ནང་དུ་གནས་མདོ་བཀའ་བརྒྱུད་ཀྱི་སྐྱེས་བུ་ཆེན་པོ་ཞིག་འཁྲུངས་ཤིང་།  ཁོང་གིས་ཕ་ཡུལ་ཤུལ་གཉན་ཆེན་སྡེ་བཞི་ལས་ཨ་མྱེས་ཁུ་རྒྱལ་གྭ་བའི་ཉེ་ཞོལ། ཞལ་བཟང་ས་ཡི་ཐིག་ལེ་རུ་གནས་མདོ་དགོན་པ་ཕྱག་བཏབ་པ་དང་།  དེ་ནས་དུས་ཀྱི་འགྱུར་བ་སྣ་ཚོགས་ཀྱི་དབང་གིས་ཡུན་རིང་པོར་དགོན་ཤུལ་ཙམ་དུ་ལུས་ཡོད། དེའི་ལོ་རྒྱུས་ནི་ད་སྐབས་ངག་སྒྲོས་ཙམ་ལས་མེད། འོན་ཀྱང་ད་རེས་ཞལ་བཟང་གནས་མདོ་དགོན་པ་ཕྱག་འདེབས་མཁན་གནས་མདོ་བདེ་ཆེན་སྙིང་བོའི་རྣམ་ཐར་བྲིས་མ་ཞིག་ལག་སོན་བྱུང་ཞིང་། དེར་ཁོང་གི་འཁྲུངས་གཞིས་དང་ཞལ་བཟང་དགོན་པ་ཕྱག་བཏབ་ཚུལ་སོགས་ལོ་ཚིགས་དང་བཅས་གསལ་ཁ་ཆེན་པོ་འདུག་པས། ས་གནས་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་གི་ཚུལ་དུ་ངོ་སྤྲོད་རོབ་ཙམ་བྱས་ཡོད། །

གནད་ཚིག  ཨ་མྱེས་ཁུ་རྒྱལ་གྭ་བ།  བདེ་ཆེན་སྙིང་བོའི་རྣམ་ཐར།  ཞལ་བཟང་གནས་མདོ་དགོན།

གླེང་སློང་བ།

སྒང་དྲུག་རི་ཡི་བྱང་ཆེན་འབྲི་ཀླུང་འདིར།།
སྲིད་པའི་སྒ་ཆགས་ཞེས་བྱ་གླིང་ལ་གྲགས།།
དེ་ཉིད་ནུབ་ཆར་ནོར་ལྷ་གཡང་གི་རྒྱལ།།
ཁུ་རྒྱལ་གྭ་པའི་གསེར་རྫོང་ལྟ་ན་སྡུག །

དེ་ཡི་འཁོར་གྱི་སྡེ་བརྒྱད་འོད་དཀར་ཕྲེང་།།
ཕྱོགས་ཀྱི་ཡོངས་སུ་འཁྱུད་པའི་ར་རའི་དབུས།།
ཞལ་བཟང་གནས་ཀྱི་རྩེ་འདི་ཁང་བཟང་ཆེ།།
གནས་མདོ་དགོན་ཞེས་གྲགས་པའི་ས་གསུམ་གཡོ།།

གནས་མཐིལ་དེ་ཉིད་ཕྱག་གིས་བསྐྲུན་མཛད་པའི།།
ཁམས་ཀྱི་བླ་སྔོན་གྲགས་པའི་སྡེ་དེ་ཡང་།།
གྭ་བའི་ལྷུང་ཆེན་བཅོ་བརྒྱད་ནང་གསེས་སུ།།
གཡུ་ཡི་མཚོ་ཁྲི་ཁ་རུ་ལེགས་པར་བལྟམས།།

དེ་སོགས་སྔ་མའི་བྱོན་པ་མཁས་མང་གིས།།
ཞལ་བཟང་དགོན་པ་སྤེལ་ཤིང་རྒྱས་མཛད་མོད།།
དུས་ཀྱི་བསྐལ་བ་ཁུགས་སོའི་གྲིབ་མ་ཡིས།།
ལེགས་བྱང་ཡོན་ཏན་ཕལ་ཆེར་བོར་བ་བཞིན།།

དེར་བརྟེན་ད་ཡོད་གང་ལྡན་ཉེར་འཛོམས་ཀུན།།
བརྟན་གཡོ་ཆུ་རིས་རླབས་རྒྱུ་མ་ཕྱོགས་ཙམ།།
རྗེ་ཡི་རྣམ་ཐར་གསེར་གྱི་རི་བོ་ལས།།
ཡིད་ཀྱི་ཟླ་བ་གསེར་དུ་ཚེས་པ་སྤྲོ། །

ཞེས་ཚིག་གི་ཕྲེང་བ་གང་འོས་སོར་གྱི་རྩེ་རུ་གང་དགར་སྦྱར་རྗེས་དངོས་བབ་གླེང་སྐལ་ལ་འཇུ་བར་བྱ། འདིར་འབྲེལ་དབང་གིས་ཁུ་གྭ་པའི་ངག་རྒྱུན་གྱི་གཏམ་སྒོ་ཕྱེ་ནས་རིམ་པས་བཞིན་བརྗོད་བྱའི་གཞུང་ལ་འབབ་ཅི་ཐུབ་བྱས་ཡོད་མོད་བརྗོད་པ་མི་གསལ་བ་ཚིག་ཚོགས་མང་བ་དང་གོ་འཛོལ་ཐེབས་ནས་འཁྱུག་པོར་བྱས་པའང་ཡོད་སྲིད་པས་སྒེར་གྱི་ཟིན་བྲིས་ཙམ་དུ་གཟིགས་པར་ཞུ།

༡ ཨ་མྱེས་ཁུ་རྒྱལ་གྭ་པའི་ངག་རྒྱུན་ནེའུ་ཆགས་རླབས་ཀྱི་ཟེགས་མ། 

ཨ་མྱེས་ཁུ་རྒྱལ་གྭ་པའི་མིང་ཐོགས་ལུགས་སྐོར་དམངས་ཁྲོད་ཀྱི་བཤད་རྒྱུན་ཅི་ཡོད་ཡིག་ཐོག་ཏུ་ཕབ་ན། ནོར་ལྷ་གཡང་སྐྱབས་ཁྲོད་ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ། ཞེས་པ་དེ་ལས་ཁུ་ཡེ་ཡོངས་ཀྱི་རྒྱལ་པོ་ཡིན་པས་ན། ཁུ་རྒྱལ་དུ་ཐོགས། ཁུ་ཡེ་ཞེས་པ་ནི་གཡང་ལ་གོ ནོར་ལྷ་དང་ཕྱུག་བདག་ཆེན་པོའམ་གཡང་གི་རྒྱལ་པོ་ཞེས་ཀྱང་ཆོག་པ་འདྲ། གཞན་སྒ་རྭ་ཉག་དགོན་པའི་བླ་མ་འཕགས་པ་བློ་བཟང་མཐུ་སྟོབས་མཆོག་གི་ཁུ་ཡེ་གཡང་འགུགས་ཞེས་པའི་བསང་དུ་ཁུ་ཡེ་ལྷ་རྣམས་མཆོད་པ་འབུལ་ཞེས་པའང་ཡོད་ལ། དྲུང་རྨ་སེ་སྟོབས་ལྡན་གྱི་བསང་བྱང་དུ་ཁུ་ཡེ་ཞེས་པའང་ཡོད་དོ། །  གྭ་པ་ཞེས་པ་ནི་གཞི་བདག་དེ་ཡི་རང་གཟུགས་དེ་ཉིད་སྐྱེས་གཟུགས་ཡག་ཅིང་ཞལ་ངོ་དཀར་བའི་རྒྱུ་མཚན་གྱིས་གྭ་པ་ཞེས་འབོད། འགའ་རེས་མིང་གི་སྔོན་ལ་ཨ་མྱེས་ཞེས་སྦྱར་བ་ནི་ན་བཟའ་དཀར་པོ་ཆས་སུ་བཀླུབས་ཡོད་པས་དེ་ལྟར་གྲགས་སྐད། མ་གཞི་ཁོང་ནི་སྟོད་ཀྱི་གངས་དཀར་ཏི་སེ་ཡི་སྐུ་ཚ་ཡིན་པ་དང་། ཡབ་ནི་གནོད་སྦྱིན་བསམ་གཏན་གངས་བཟང་ཡིན། རང་རེ་ཕ་ཡུལ་ཤུལ་བ་དག་ཚེ་སྔ་ལྷ་སར་འགྲོ་སྐབས་བསམ་གཏན་ནཱ་ཕྲ་མོ་ཞེས་པ་དེར་ཡར་འགྲོ་དུས་ཚུགས་བརྒྱབ་ནས་ཇ་སྐོལ་བ་དང་གསེར་སྐྱེམས་མཆོད་པའི་སྲོལ་ཡོད་པས་གསར་བའི་ཁ་ཇ་སྐོལ་ས་ཞེས་དང་། ཕྱིར་རང་ཡུལ་དུ་ལོག་སྐབས་དེར་བྲོ་ཚུགས་བཅས་ནས་སྡོད་སྲོལ་ཡོད་པས་རྙིང་པའི་བྲོ་ཚུགས་བཅའ་ས་ཞེས་གྲགས།

རང་ཡུལ་དབུས་པ་དག་བསམ་གཏན་གངས་བཟང་མཇལ་ས་ཐོན་སྐབས་སྨུག་པ་འཁྲིགས་ཤིང་ཁངས་ཟིམ་མེར་འབབ་པ་ནི་ཁོང་གི་བུ་ཁུ་རྒྱལ་གྭ་བ་ཡར་མ་ཡོང་བ་དྲན་ནས་མིག་ཆུ་བཞུར་བ་རེད་ཅེས་བཤད་སྲོལ་འདུག བསམ་གཏན་གངས་བཟང་དེ། ཡབ་གངས་ཏི་སེ་ཡིས་རྒྱ་དར་རྩེ་མདོ་སོགས་སུ་ཚོང་ལེན་མངགས་པས། ཕྱིས་སུ་ཚོང་པ་ཆེན་པོ་གྱུར་ཏེ་བསང་གཞུང་ར་བར་གནས་བཅས་ནས་བསྡད། ཁོང་གི་བུ་ཁུ་རྒྱལ་གྭ་པ་རྒྱ་འགྲོ་དབུས་སྐོར་བྱེད་ཅིང་། ཚོང་ལམ་གཙོ་བོའང་ཁམས་སྟོད་འདིར་འཁེལ་ཡོད་སྟབས་ར་མ་སྨན་དེའུ་འགྲམ་དུ་ས་ཚུགས་བརྒྱབ་ནས་ཡུན་རིང་འགོར་རྗེས་ར་མ་སྨན་དེའུ་ཁྱིམ་ཐབ་བསུས་ཤིང་མིང་ཡང་ཇ་མ་ར་མ་སྨན་དེའུ་ཞེས་ཐོགས། ཇ་མ་ལ་ཚང་དགོས་པའི་སྒྱེད་པུ་དང་ཐལ་བུང་སོགས་གློ་རུ་ཡོད་པས་ས་མིང་ཡང་སྒྱེད་པུ་ཡར་སྒྱེད་མར་སྒྱེད་དང་ཐལ་བུང་སྔོ་ཡེ་ཟེར་བ་དེར་ཡོད། ཁུ་གྭ་པའི་གངས་ཀྱིས་བཟུང་པ་ནི་གངས་ཏེ་སི་ཡིས་གངས་སྐལ་དུ་གནང་བ་དང་། ཁུ་གྭ་བའི་འགྲམ་དུ་མཚོ་ནག་ཆེས་ཁ་ཟེར་བའི་མཚོ་ཞིག་ཡོད་ལ། དེ་ནི་མཚོ་མ་ཕམ་གྱིས་མཚོ་སྐལ་གནང་བ་ཡིན་ཟེར། དེ་ཡང་ཨ་གྲགས་སྤྲུལ་སྐུ་གྲགས་རྒྱམ་དང་། གནས་མདོ་བདེ་ཆེན་སྙིང་བོ། འཛི་སྒར་རྡོ་རྗེ་དྲག་པོ་སོགས་སྐྱེས་ཆེན་དུ་མས་བསང་ཡིག་མཛད་ཡོད་ཅིང་། ས་བརྒྱད་པ་ཐོབ་ཡོད་ཅེས་གྲགས། དེ་བས་རི་མཚོ་ཁ་སྤྲོད་དེ་ལ་སྐོར་ར་བྱས་ན་མི་ཟོག་ན་ནད་གཅོད་པའི་ལོ་རྒྱུས་ནི་གྲངས་ལས་འདས་པ་དང་། ས་གནས་འདི་ཡི་མང་ཚོགས་དག་གིས་ནམ་རྒྱུན་སྐོར་བ་འགྲོ་བཞིན་ཡོད།

ཁུ་གྭ་པ་ནི་གཞི་བདག་གི་རྒྱལ་ཁབ་ལྟ་བུ་བཤད་དུ་ཡོད། རྒྱལ་པོ་ནི་ཁུ་རྒྱལ་གྭ་པ་དང་། དེའི་བཙུན་མོ་ར་མ་སྨན་དེའུ། བློན་པོ་ར་རའི་སྟག་སྙིང་། སྲས་པོ་འབྲུག་མཁར་མཆོད་བརྒྱད། སྲིང་མོ་རྡོ་མཆོག་གཡུ་འཕྲུ། ཨ་མཆོད་ར་རའི་ཞལ་བཟང་། མོ་མ་མོ་རྒན་ཁྲ་ཡེ། ཕྱག་མཛོད་གོ་ཚང་གྭ་ར། ད་དུང་ཞི་ལུ་ཁམ་པ་རམ་གཟན་དང་ཁམ་པ་གཡག་སྙིང་གཉིས། གཞན་ཁུ་གྭ་བའི་རྟ་དང་རྟ་སྒ ལུག་རྫི་དང་ནོར་རྫི། གུར་རུ་བཅས་རི་བོ་རེ་རེ་ངོས་བཟུང་ནས་བཤད་རྒྱུ་ཡོད་པ་བཅས་ཆོས་ལྡན་རྒྱལ་ཁབ་ཅིག་ལ་ཅི་ཚང་དེ་འཛོམས་ཡོད་པའི་ཁྱད་འཕགས་ཀྱི་རི་བོ་ཞིག་ཡིན་པར་ས་གནས་ཀྱི་རི་ཆུའི་ལོ་རྒྱུས་སུ་གསལ་བས་འདིར་བསྐྱར་ཟློས་བྱེད་པའི་དགོས་པ་མེད་པས། ད་སྔ་ཡིག་ཐོག་ཏུ་མེད་པའི་ངག་རྒྱུན་ཐུང་ཐུང་ཞིག་བཀོད་ན། འདི་ལྟར་དེ་ཡང་ཡུལ་བ(ཡེ་བ)འི་ཞིང་སྡེ་ཕྱོགས་སུ་སེ་ར་དྲག་པོས་ལོ་རྡུང་ནས་འཚོ་བ་ཇེ་ཞན་དུ་སོང་། སེ་དྲག་དེ་དག་ནི་ཁུ་གྭ་པའི་ནས་ལེན་ཡིན་པས། ཡུལ་བ་བློ་རིག་བཀྲ་བ་ཞིག་གིས་ཁུ་གྭ་པའི་མདུན་དུ་ཡོང་ནས་མཇལ་དར་གསོལ་ཞིང་ཇ་འདྲེན་ནས་མནའ་བསྒྲིགས། ལོ་རེར་ཇ་བསྐྱལ་ནས་ཞིང་ཁ་སེར་བ་མི་རྒྱུག་པའི་ཞུ་བ་བྱས། ཉིན་ཞིག་ལ་ཁུ་རྒྱལ་གྭ་པའི་རང་གཟུགས་བསྟན་ཏེ་ཁྱོད་ཀྱིས་ལོ་རེར་ཇ་འདྲེན་གསོལ་བསྟོད་བྱེད་པ་ཤིན་ཏུ་ལེགས། ཁྱོད་ལ་རེ་འདོད་ཅི་ཡོད་བསྐོང་བར་ཞལ་གྱིས་བཞེས། ཡུལ་བ་དེ་ཡིས་ཁོང་གི་བདག་མོ་དེ་དངོས་སུ་མཐོང་དགོས་ཚུལ་ཞུས། གནང་ལན་དུའང་ནུབ་མོར་ཡོང་བ་ཁ་དན་བྱས། ནུབ་མོ་དེར་གཟིམ་ནས་ངང་སྒུག་གི་སྐབས་སུ་སེ་ཁྲབ་ཉི་ལེ་ཅི་ཞིག་ཐོན་བཞིན་པ་ཚོར་ནས་བལྟ་དུས། དྲེད་མོང་ཞིག་ཁྱིམ་དུ་འཛུལ་ཡོད་པས་འཇིགས་ཏེ་ཀི་སྒྲ་བྱས་པས་དྲེད་མོང་རི་བུད། དེའི་ཕྱི་ཉིན་ཁུ་གྭ་པ་ལ་སྐད་གསང་མཐོན་པོས་མདང་གི་གནས་ཚུལ་ཇི་བཞིན་ཞུས་པས། ཁུ་གྭ་པ་སླར་མངོན་ནས། གཞི་བདག་གི་རྣམ་པ་མ་གཏོགས་མིའི་གཟུགས་སུ་འབྱུང་དཀའ་བ་ལས་དྲེད་མོང་དེ་ཁོང་གི་བདག་མོ་ཡིན་ཚུལ་བཤད། འོན་ཀྱང་། དེའི་ནུབ་དྲེད་མོང་དེ་སྟོན་ཡོང་བས་ཁྱོད་ཀྱིས་མ་འཇིགས་མ་བྲེལ་བ་གྱིས་དང་མིའི་རྣམ་པ་སྤྲུལ་ཐུབ་ཅེས་བཤད། ཡང་དེའི་ནུབ་སྔར་བཞིན་དྲེད་མོང་དེ་ཡོང་བས་ཞལ་ཏ་ལྟར་བྱས་པས་མི་མོ་བཞིན་ལེགས། ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་འགྱུར། དེའི་ཕྱི་ལོར་ཁུ་གྭ་པས་བུ་ཞིག་ཡོད་པས་ལེན་དུ་ཡོང་དགོས་ཚུལ་བཤད། ཁོ་རང་ཇ་དར་ཁུར་ཏེ་རི་མཚོ་གཉིས་ལ་གཡས་སྐོར་ཞིག་བྱས་ནས་མཚོ་ཁར་མལ་གསོ་བཞིན་པའི་སྐབས། བྱང་འབྲི་མ་ཞིག་ལ་བེའུ་དཀར་པོ་ཞིག་རྩེབས་མ་ཐག་ཡིན་པ་མཐོང་ནས་དེར་བཅར། འབྲི་མོ་དེ་མཚམས་རེར་བེའུ་ལ་ལྡག་རྩིས་བྱེད་པ་དང་། མཚམས་རེར་མི་དེར་བལྟ་བཞིན་མཆོང་རྒྱུག་བྱེད་པའི་རྣམ་པ་དེ་རིག་ནས་མདའ་གཞི་ལས་མདའ་ཞིག་བླངས་ནས་རྒྱབ་པས་འབྲི་ལ་མ་ཕོག་བེའུ་ལ་ཕོག་ནས་བསད། དེའི་ཚེ་འབྲི་མོ་དེ་ཁུ་གྭ་པའི་བདག་མོའི་གཟུགས་སུ་སྟོན་ནས་ཁྱོད་ཀྱི་བུ་རོ་ཞེས་བེའུ་རོ་དེ་སྔོན་ལ་འཕངས་ནས་སྨུག་པ་བཞིན་དུ་ཡལ། དེ་ནི་ཅུང་རྟེན་འབྲེལ་མ་འགྲིག་པའི་རྐྱེན་གྱིས་ཡིན་པ་ལས་འཛམ་བུ་གླིང་འདིར་འཁོར་བསྒྱུར་གྱི་རྗེ་བོ་ཞིག་འབྱུང་པར་བཤད་དོ།།

གླིང་གེ་འབྲུག་གི་དུས་སུ་གནས་འདི་ནི་ཆོས་ལི་བུ་ཡི་དར་འཕེན་གྱི་ས་ཆ་ཡིན་པ་དང་། ལྷ་སའི་ཧོར་གླིང་གཡུལ་འགྱེད་དུ་ཆོས་ལི་བུ་ཡི་དར་འཕེལ་ལ།། གྭ་པའི་གསེར་རྫོང་ཟེར་བ་གདའ།། ཞེས་པས་མཚོན་ཐུབ། ད་དུང་གླེང་དགོས་པ་ཞིག་ནི།  གངས་ཏི་སེ་ཚང་གི་ཕ་རིང་བུ་རིང་ཡུན་ལ་འགྲོ་བསྡད་འགྲོ་ཚར་རྗེས་ཁྱིམ་ལ་མི་འཁོར་བ་གཞིས་ལུས་ཀྱི་སྲི་ཡོད་པར་བཤད། དང་པོ། ཁོང་གི་བུ་བསམ་བརྟན་གངས་བཟང་ཡར་མ་ཡོང་བ་གསང་གཞུང་ལ་བསྡད། གཉིས་པ། ཁོང་གི་སྐུ་ཚ་ཁུ་རྒྱལ་གྭ་པ་ཡང་ཡར་མ་བྱོན་པ་ར་རར་བསྡད། གསུམ་པ། ཁོང་གི་ཡང་ཚ་ཁོམ་པ་རམ་གཟན་དང་ཁོམ་པ་གཡག་སྙིང་གཉིས་ཀ་ཡབ་ཁུ་གྭ་པའི་དྲུང་དུ་མ་སོང་བས་ཐག་རིང་བས་མཐར་བསྡད་པ་ལྟ་བུའོ། ། དེ་ལྟར་ཨ་མྱེས་ཁུ་རྒྱལ་གྭ་པ་ནི་རི་རབ་ཀུན་གྱི་གཙོ་བོ་གངས་ཏི་སེ་ནས་མར་མཆེད་ཡོང་བར་བཤད་པ་ནི་བོད་ཁམས་མིའི་འགྲོ་བ་གྲོལ་ཚུལ་ཞིག་བཤད་ཀྱིན་ཡོད་པ་སྣང་ལ། ཁམས་ཕྱོགས་ཀྱི་གཞི་བདག་རིག་གནས་ཀྱི་ཁུངས་ཤིག་མངོན་བཞིན་ཡོད་པའང་སྨྲོས་ཅི་དགོས།

༢  ཁུ་གྭ་པའི་ལྷུང་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་མཚོ་ཁྲི་ཁ་རུ་གནས་མདོ་བདེ་ཆེན་སྙིང་པོ་སྐུ་འཁྲུངས་ཚུལ། 

དེ་ཡང་མདོ་ཁམས་ལུང་པ་འདིར་མི་ཐམས་ཅད་ཚིག་ལ་མཁས་ཤིང་། ས་ཡོད་རྒུ་ས་མིང་སྙན། སྨྲ་ལྕེས་ཕྱུག་པའི་མི་ལ་གཏམ་མཁས་དང་། ཁ་བདེ་ཞེས་གྲགས་པ་ས་གསུམ་དུ་ཁྱབ་པའང་ཡུལ་གཤིས་སུ་མངའ་བས། ས་མིང་དང་ཡུལ་མིང་། ཐ་ན་རི་དྭགས་དང་སྒོ་ཕྱུགས་ཀྱི་མིང་ཡང་སྙན་པའི་ཚིག་གིས་རབ་ཏུ་ཤན་ལ།  ཚིག་ཙམ་ཡང་མ་ཡིན་པ་ཕུན་སུམ་ཚོགས་པའི་ཐ་སྙད་ཀྱི་འགྲོས་ལུགས་ཤིག་གིས་བརྒྱན་པར་བྱས་ཡོད། ཕ་ཡུལ་ཤུལ་དུ་འབོད་པའི་གནའ་བོའི་འབྲོག་ལྗོངས་དེ་ཙམ་དུ་བསམ་ནའང་། གོང་གི་དགེ་མཚན་གྱི་རོལ་མོ་སྙན་པའི་གཏམ་དུ་སྐྱ་ལོ་རུ་བ་དགུ་བརྒྱ། སྐྱ་ལོ་ཤོག་ལྔ་ལིང་དྲུག སྒ་བ་རུ་ཆེན་ཕྱུག་དྲུག ཡུལ་ཤུལ་ལིང་ཚེ་བཅུ་གཉིས། ཡག་ར་ཕ་ཤོག་བཅོ་བརྒྱད། ཡག་རའི་མེ་དུད་ལྔ་བརྒྱ།  ཡུལ་ཤུལ་ཤོག་ཁ་བཞི་བསྒྲིགས། ལྗོངས་སྲིབ་བེ་ཧུ་ཕྱོགས་གཉིས།  གཙང་རྒྱུད་སྟོད་སྨད་བར་གསུམ་བཅས་ནི་ཡུལ་གྱི་སྒོ་ནས་བཏགས་པའི་མིང་དང་།  ཁ་དཀར་རྐྱང་། གུག་པོ་གཙོད། བྲེ་སེ་འབྲོང་། ཕོ་ཆེན་ཤྭ་དང་། གཡང་དཀར་ལུག འདོ་རིགས་རྟ། གནག་ཆུང་ནོར། ཚེ་ཚེ་ར་སོགས་རི་དྭགས་དང་གཡུང་དྭགས་ཀྱི་མིང་དུ་འབོད།  ཡང་ཁུ་གྭ་བའི་ལྷུང་ཆེན་བཅོ་བརྒྱད། ཡག་བྲམ་དཀར་རྫོང་ཆེན་བཅོ་བརྒྱད། སྨུག་གི་སྣ་ཆེན་བཅོ་བརྒྱད། འདམ་གྱི་རྗེས་ཆེན་བཅོ་བརྒྱད་སོགས་གྲངས་རུས་བཅོ་བརྒྱད་དུ་སྨོས་པ་ཤིན་ཏུ་མང་ལ། དེ་དག་ལས་ཁུ་གྭ་བའི་ལྷུང་ཆེན་བཅོ་བརྒྱད་དག་ནི་ཁུ་གྭ་བའི་ཡར་ལྷུང་མར་ལྷུང་། རྒེའུ་དམར་ཡར་ལྷུང་མར་ལྷུང་། མཚོ་ཁྲི་ཡར་ལྷུང་མར་ལྷུང་། མང་རའི་ཡར་ལྷུང་མར་ལྷུང་། གསེར་ཤུལ་ཡར་ལྷུང་མར་ལྷུང་། རྔ་འདྲའི་ཡར་ལྷུང་མར་ལྷུང་། སྒྱེ་གསུམ་ཡར་ལྷུང་མར་ལྷུང་། ཤེའུ་ཆགས་ཡར་ལྷུང་མར་ལྷུང་། སེར་ཡུ་ཡར་ལྷུང་མར་ལྷུང་བཅས་དགུ་གཉིས་བཅོ་བརྒྱད་བཅས་སོ། །

སྨྲས་མ་ཐག་པའི་ཁུ་གྭ་བའི་ལྷུང་ཆེན་བཅོ་བརྒྱད་ཀྱི་ནང་གསེས་མཚོ་ཁྲི་གོང་འོག་གཉིས་བཤད་པ་དེ། ངག་རྒྱུན་དུ་མཚོ་གཅིག་གིས་གཅིག་འཁྲིད་པ་ལྟར་བསྣོལ་ནས་ཡོད་པས་མཚོ་ཁྲིད་ཅེས་སྒྲ་བཤད་དུ་ཡོད་མོད། དུས་རབས་བཅོ་བརྒྱད་པའི་སྐབས་ཙམ་ལ། མཚོ་ཁྲི་ཁ་ཞེས་འབོད་ཅིང་།  ས་ཆ་དེར་བཀའ་བརྒྱུད་པའི་གྲུབ་མཐའི་ཡན་ལག་གནས་མདོ་བཀའ་བརྒྱུད་ཀྱི་ཤིང་རྟ་ཆགས་མེད་སྤྲུལ་བའི་སྐུ་ཡི་ཐུགས་སྤྲུལ། ཁམས་སྟོད་ཡུལ་ཤུལ་དུ་གནས་མདོ་གྲུབ་མཐའ་འདྲེན་པའི་བླ་སྔོན་མ། གནས་མདོ་བདེ་ཆེན་སྙིང་བོ་ཞེས་པ་སྐུའི་འཁྲུངས་གཞིས་སུ་ལགས། ས་ཆ་དེ་ནི་དེང་སང་འབྲི་སྟོད་རྫོང་སྟོད་ཚེ་ཞང་ར་རའི་ཡུལ་ཚོ་ན་ཡོད་དོ། །

དེ་ཡང་རྗེའི་རྣམ་ཐར་དངོས་ལས།  རྗེ་དེ་ཉིད་ཀྱི་སྐུ་འཁྲུངས་བའི་ཡུལ་དངོས་ནི། ་་་ ་་་ ཡུལ་ལྷ་ཁུ་རྒྱལ་གྭ་བའི་གངས་བཟང་། ཀེ་ལ་ཤ་ཡི་ལྷུན་པོ་རྩེ་མོ་སུམ་བཙན་གྱི་གྲོང་ལ་ལྟ་ཕྱིར་ཉེ་བར་བསྙེགས་པ་ལྟ་བུ་ཡི་ཞོལ། རྡོ་རྗེ་ཕུར་པའི་བཀྲུང་། བསེ་ཡི་སྐྱེས་བུ་ཆེན་པོ། བཙན་རྒོད་ཇག་པ་མེ་ལེན་དེ་ཉིད་ཀྱིས་སྤྲུལ་འགུགས་བྱེད་བཙན་གྱིས་ཤན་པ་ར་དའི་སྟག་སྙིང་དུ་འབོད་པ། ཝ་ཉོ་རྒྱལ་བ་འབྲོང་དཀར་མཆེད་བརྒྱད། གནས་མཆོག་ཞལ་བཟང་ལྷ་བཙན་སོགས་སངས་རྒྱས་བསྟན་པ་སྲུངས་བའི་ལས་ཀྱི་མཐུ་དང་ལྡན་པའི་འབྱུང་པོ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གནས། རིག་འཛིན་ཆེན་པོ་རྡོ་རྗེ་དྲག་པོ་སྐུ་འཁྲུངས་བའི་གནས་དང་ཆེར་མི་རིང་བ། ཡུལ་མིའི་རྣམས་ཀྱི་སྔར་ནས་མཚོ་ཁྲི་ཞེས་འབོད་པའི་གནས་དེ་ཉིད་དུ། ་་་ ་་་ དབང་ཐང་དང་མཐུན་པའི་ལྕགས་མོ་བྱ་ཡི་ལོར། ཕུན་སུམ་འཚོགས་པའི་དགེ་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་པར་གྱུར་ཏོ།  ། ཞེས་བདེ་ཆེན་སྙི་པོ་མཆོག་སྤྱི་ལོ་ ༡༧༥༡ ལོར་ཨ་མྱེས་ཁུ་རྒྱལ་གྭ་པའི་ཉེ་ཞོལ་འབྲི་སྟོད་རྫོང་སྟོད་ཚེ་ར་རའི་ས་ཆ་མཚོ་ཁྲི་ཁར་འཁྲུངས་པ་བསྟན་ཡོད། ཁོང་གི་མེས་པོ་ནི་གླིང་ཁྲི་གོང་འོག་བར་གསུམ་ལས། གླིང་ཁྲི་བར་མ་སྟེ། ཚ་སྒང་ངོམ་ཡུལ་ས་ཐམ་ཁ་ཞེས་པར་གདུང་རུས་གླིང་ཚང་དང་། མིང་ལ་འབུམ་ལུ་བྱ་ཞིང་། ཆབ་མདོའི་བློན་ཆེན་ཞིག་ཡིན་གཤིས།  དེ་ལ་བུ་མང་པོ་བྱུང་བས་ཕལ་ཆེར་རིས་ནེ་དགོན་དུ་གྲྭ་ས་བསྐྱལ། ཡབ་གཤེགས་རྗེས་བུ་ཆེ་བ་གཉིས་ནང་མ་འཆམ་པས། གླིང་ཚང་ལོ་ཡག་ཅེས་པ་ཡར་འཁྱུག་ནས་དངུལ་ཁྱིམ་ཁོག་ཏུ་གཞིས་འཛིན། ཁོང་གི་ཁུ་བོ་གནས་མདོ་བླ་མ་པདྨ་དོན་གྲུབ་ཞུ་བ་ཞིག་གི་ས་སྔགས་ཤིག་དགེ་རྒྱལ་དཔོན་ཚང་གི་བཙུན་མོའི་བསྙུང་གཞི་དྲག་སངས་བྱུང་བའི་རྒྱུ་འབྲེལ་གྱིས་གནས་མདོ་གྲུབ་མཐའ་ཁམས་སྟོད་ཕྱོགས་སུ་མཆེད་པའི་རྟེན་འབྲེལ་འགྲིག་པ་དང་། བུ་ཆུང་བཞི་ཡང་རིམ་གྱིས་ཆབ་མདོའི་དཔོན་འོག་ཏུ་འདུག་མ་བཟོད་པས་ཡར་བྱོལ་ནས་དགེ་རྒྱལ་མངའ་འོག་ཏུ་གཏན་བཞུགས་མཛད།  ཁོང་གི་ཡབ་ལྷ་འབུམ་ལ་ཆུན་མའི་ཚུལ་དུ་གྲོ་ཤུལ་ཀླུ་ཕྱུག་གི་སྲས་མོ་བོ་བྱེད་ཅེས་པ་བཞེས་པ་ནི་ཁོང་གི་སྐྱེས་མ་ལགས་སོ། །

མདོར་ན་གནས་མདོ་བདེ་ཆེན་སྙིང་བོའི་སྐུ་ཕྲེང་དང་པོ་ཁམས་བླ་སྔོན་མ་ཞེས་གྲགས་པའི་སྐྱེས་ཆེན་དེ་ཉིད་ཡུལ་ལྟོ་ཚེ་ལ་འཁྲུངས་པ་དང་། གླིང་ཚང་ཁྱིམ་རྒྱུད་ཀྱི་སྒར་པ་འདི་ཆབ་མདོ་ནས་ཡར་སྟོད་ལ་འཁྱུག་པའི་གནས་ཚུལ་སོགས་རྣམ་ཐར་དུ་ཞིབ་རྒྱས་ཡོད་པ་ལྟར་རོ། །

དམ་པ་དེ་ཉིད་ཀྱིས་ཁུ་ག་པའི་ཉེ་འཁོར་ཞལ་བཟང་དུ་གནས་མདོ་དགོན་པ་ཆགས་བཏབ་ཚུལ།

དེ་ཡང་གནས་མདོ་སྐུ་ཕྲེང་དང་པོ་གནས་མདོ་བདེ་ཆེན་སྙིང་བོ་ཁོང་དགུང་ལོ་བརྒྱད་ཀྱི་སྟེང་ཡབ་སྡེ་དགེའི་འགྲོན་པོས་བཀྲོངས་ཤིང་དཔལ་སྤུངས་སུ་བསྔོ་རྟེན་ཞུ་བ་དང་སྦྲགས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་མདུན་ནས་དགེ་བསྙེན་ཀྱི་སྡོམ་པ་མནོས།

སྤྱི་ལོ་ ༡༧༥༤ ལོར།  དགུང་ལོ་བཅུ་གསུམ་ཡས་མས་སུ་དབུས་གྱུར་ལྷ་སར་ཞལ་བསྒྱུར་ཏེ་ཀརྨ་བདུད་འདུལ་རྡོ་རྗེའི་སྐུ་མདུན་ནས་དགེ་སློང་བསྒྲུབས། ཀརྨ་བདེ་ཆེན་སྙིང་པོ་ཞེས་མཚན་གསོལ། སྤྱི་ལོ་ ༡༧༥༧ ལོར། མེ་གླང་ལོར་ཡང་བསྐྱར་དབུས་ཕེབས་མཛད་ཅིང་། རྗེ་ཞྭ་དམར་བ་མཇལ་ཞིང་། ཟླ་གཅིག་ལྷག་བཞུགས།  རྣམ་ཐར་དངོས་ལས “དགེ་རྒྱལ་དུ་ཁྱེད་རང་བཞུགས་པའི་ས་ཕྱོགས་འདིར་བཀའ་བརྒྱུད་ཀྱི་དགོན་སྡེ་ནི་ཆེར་མི་འདུག་བཞིན་ཏེ༑ དགོན་སྡེ་གྲྭ་པ་བདུན་ཡོད་པ་ཙམ་ཅིག་བྱུང་ན་ཁྱེད་རང་ཚེ་དང་བསྒྲུབ་པ་མཉམ་པ་ལས་དེ་ཉིད་ཕན་ཡོན་ཆེ་བཞིན། དེ་འདྲ་ཐོན་ཐབས་ཅིག་ཨི་ཡོད་སོགས་བཀའ་གནང” ཅེས་འཁོད་པ་ལྟར། ཞྭ་དམར་བཅུ་བ་ཆོས་གྲུབ་རྒྱ་མཚོ་མཆོག་གིས་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་ཕྱོགས་གང་དུ་བཏབ་དགོས་པའི་ལུང་བསྟན་པ་དང་།  སྤྱི་ལོ་ ༡༧༦༣ ལོའི་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་གི་ལོར་ཞལ་བཟང་གི་གནས་སུ་ཕེབས་འབྱོར་ཏེ་སྐབས་དེའི་དཔོན་གུ་རུ་རྒྱལ་མཚན་མཆོག་ལ“བདག་ལ་འོད་དཔག་མེད་དངོས་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་ཡི་བཀའ་བཞིན། རི་ཁྲོད་གཅིག་འདེབས་པའི་དགོངས་བབ་ཡོད་བཞིནཡ། དེ་དག་མཐུན་རྐྱེན་དུ་འོས་པའི་དགེ་འདུན་གྱི་སྡེ། ཡུལ་སྡེ་མི་སེར་ནས་ཀྱང་མཐུན་རྐྱེན་ཅུང་རེ་བྱེད་པའི་བཀའ་དང་གསུང་ཞིག་བཀའ་རྒྱབ་དོན་གཉེར་ཅི་ནས་ཀྱང་མཛད་རྒྱུ་ཨི་ཡོད། དེ་ལྟར་ཡོད་ན་ཡུལ་འདིར་ཀར་རྙིང་ཆུ་བོ་གཅིག་འདྲེས་ཀྱི་དགོན་པ་གཅིག་འདེབས་སྙམས་པ་ལགས༑ ”ཞེས་གསུངས་པས། ཆོས་རྒྱལ་དེ་ཡིས་ཀྱང་སྔར་ནས་བསང་སྔགས་པའི་ཆོས་དང་ཀརྨ་པ་ཡབ་སྲས་ལ་མི་ཕྱེད་པའི་དད་པ་ཡོད་པས་རྗེའི་ཐུགས་ཀྱི་དགོངས་བཞེད་ལྟར་ཞབས་ཕྱི་བསྒྲུབ་ལ་ཐུགས་སེམས་མཉམ་པའི་ཞལ་བཞེས་བཀའ་འཁྲོལ་བྱུང་།

ཡང་རྣམ་ཐར་དུ“མེ་མོ་སྤྲེའུ་ལོ་གསར་དུ་ཚེས་པའི་ཧོར་ཟླ་བཞི་པ། ས་ག་ཟླ་བའི་ཚེས་གཅིག་ནས་ཞལ་བཟང་གྱི་གནས་ནང་དུ་ཕེབ་ནས། དགོན་སྡེ་འདེབས་པའི་ལྟ་གོན་རིག་འཛིན་ཆེན་པོ་རཊ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཕུར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ས་འདུལ་སོགས་མཛད” ཅེས་གསུངས་པ་ལྟར།  སྤྱི་ལོ༡༧༧༦ལོར་འཁེལ་ཡོད་པ་སྙམ། འོན་ཀྱང་རྣམ་ཐར་དུ་ལོ་ཚིགས་མང་ཙམ་འཁྲུག་འདུག་པས་དཔྱོད་པར་རིགས།   དེ་ཡང་མདོ་ཁམས་དགེ་འབྲོང་ལོ་རྒྱུས་ཞེས་པ་ལས་བསྙོ་ལོ་གནས་མདོ་དགོན་པ་དེ་རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོར་གནས་མདོ་བདེ་ཆེན་སྙིང་བོས་ཕྱག་བཏབ་ཅེས་འཁོད་པ་འདི་རྣམ་ཐར་དངོས་ལ་གཏུགས་པ་ཡིན་ན། བསྙོ་ལོ་གནས་མདོ་དགོན་ནི་ཞལ་བཟང་དགོན་པ་ཕྱིས་སུ་ས་སྤོས་མཛད་པ་ཡིན་ཕྱིར། ལོ་ཚིགས་མཉམ་མཐུན་དུ་ཡོང་ཐབས་མེད་པས། ཞལ་བཟང་དགོན་ཕྱག་བཏབ་པའི་དུས་ཚོད་ནི་ཤིང་སྤྲེལ་ལོ་ཡིན་ནམ་སྙམ།  དེ་ལྟར་གནས་མདོ་བདེ་ཆེན་སྙིང་པོ་མཆོག་གིས་ཞྭ་དམར་བཅུ་བའི་བཀའ་བགོས་ལྟར་ཁུ་གྭ་པའི་འགྲམ་དུ་གནས་མདོ་བཀའ་བརྒྱུད་དར་ཞིང་རྒྱས་པར་མཛད་དེ་ཞལ་བཟང་གནས་མདོ་དགོན་ཞེས་གྲགས་ཚུལ་མདོ་ཙམ་བརྗོད་པའོ། །

  རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཞལ་བཟང་གནས་མདོ་དགོན་པ་ཉམས་རྒུད་དུ་ཕྱིན་པ།

ཞལ་བཟང་དུ་གནས་མདོ་དགོན་པ་ཕྱག་འདེབས་སྐབས། ཐོག་མར་མཚམས་ཁང་ཕུག་པ་གནས་སྒོ་ཕྱེས་པས། ཨ་གོ་བན་ཆུང་བྱ་བ་དང་། རྣ་བ་བླ་མ་ཟབ་དབྱངས། དགེ་སློང་ཀརྨ་ཚུལ་ཁྲིམས་སོགས་ལས་གྲྭ་མཚམས་པ་ཆེར་མ་བྱུང་བ་དང་།  ཡུལ་དེར་གསར་བཞག་དཔོན་གྱིས་ཀྱང་མོས་མཐུན་རོགས་འདེབས་མེད་པ་བཅས་ཐུགས་སྐྱོ་མཛད་དེ།  ཞྭ་དམར་བའི་སྐུ་མདུན་དུ་དགོན་ས་མི་ཚུགས་པའི་ལོ་རྒྱུས་ཞིབ་ཕྲ་ཞུས་ཀྱང་ད་ནས་བརྩོན་འགྲུས་ཀྱི་དཔའ་བསྐྱེད་ལ་དགོན་པ་དེ་མ་སྐྱུར་ཞེས་ཡང་ཡང་གསུངས་པ་དང་།  ཁྱད་པར་དགེ་རྒྱལ་ཡུལ་དུ་བསྟན་པ་རྒྱས་པའི་དགོངས་གཏད་མཛད་དེ་བཀའ་ཤོག་ཡང་བསྐུར། དེ་ནས་ཞལ་བཟང་དུ་སྤྱི་ལོ་ ༡༧༨༤ ལོའམ་ཤིང་འབྲུག་ལོར་གནས་མདོ་གཅོད་བླ་ཀརྨ་འཕྲིན་ལས་མཆོག་ཁྲིར་འདོན་མཛད།  ཁ་རྟག་བུ་ཆུང་གཅིག་ཆོས་སྒོར་ཞུགས།

སྤྱི་ལོ་ ༡༧༨༥ལོའམ“ཤིང་སྤྲེལ་ལོར་གྲྭ་པ་ཡང་གསུམ་བཞི་ཡང་བྱུང” ཅེས་དང་། རྣམ་ཐར་ལས “ས་ག་ཟླ་བའི་ཚེས་པ་བཅུ་ལ་དུས་མཆོད་སོགས་མཛད། བནྡེ་རེ་གཉིས་སྐྲ་ཕུད་བླངས།”ཞེས་དང་།  ས་ཕོ་སྦྲུལ་ལོར“ཞལ་བཟང་གྱིས་བསྒྲུབ་ཕུག་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད།་་་སྒྲུབ་ཕུག་དེར་ཟླ་བ་གཉིས་རིང་ཟབ་མོ་ལྷ་སྔགས་ཡེ་ཤེས་རོལ་བའི་འཇམ་དུ་ཀླས་པའི་ཏིང་ངེ་འཛིན་གྱིས་ངང་དུ་བཞུགས། ” ཞེས་དང་།  “བཀའ་ཐང་བཀོད་པའི་ཞལ་ཐང་ཉི་ཤུ་རྩ་ལྔ་ཡོད་པའི་གོང་ཤམ་ཕྱི་ནང་གཉིས་དང་། མ་ཎི་ཡི་ཞལ་ཁེབ་སོགས་མཛེས་པར་སྤུད་ཅིང་། རྗེ་འདི་ཉིད་ཀྱི་རབ་གནས་མཛད་ནས། མ་འོངས་འདུ་ཁང་དུ་ལོག་བྲིས་ཀྱིས་རྟེན་བཞག་དུ་བཀའ་ཕེབས།དེར་ཁང་པའི་ཐོག་མ་མཚམས་ཁང་།བསྒྲུབ་ཁང་སྒོར་ཁང་པ་ཀ་བ་བཞི་ཡོད་པ་དང་། ཇ་ཁང་བཅས་བརྩེགས་ནས་མ་འོངས་བསྒྲུབས་སྡེ་དར་བའི་རྟེན་འབྲེལ་ཡིན་གསུངས། ” པ་བཅས་ནི་རྣམ་ཐར་དུ་ཐེབས་པའི་ཞལ་བཟང་དགོན་གྱི་གྲྭ་གྲངས་དང་དགོན་པའི་འཕོ་འགྱུར་མཚོན་པའི་མེ་ལོང་ཡིན་པས།  ངག་རྒྱུན་དུ་དེ་དང་འདི་ཞེས་སྤྲོས་མི་དགོས་པ་འདི་ནི་ཞལ་བཟང་དགོན་པའི་ཆགས་རབས་ཀྱི་ལོ་རྒྱུས་དཔྱད་གཞི་གཙོ་བོ་ཡིན་ཕྱིར་འདྲ་བཤུས་ཐ་ཐོར་བྱས་པའོ། །

རྣམ་ཐར་དངོས་ལས་སྐབས་དེར་སོག་དམག་བཏོས་ཆེན་ཡོང་བཞིན་པ་དང་། མཐའ་ཡི་ཇག་རྐུན་མང་བ། གྲྭ་རྒྱུན་འབོར་ཆེན་མེད་པ། བླ་དཔོན་ནང་མཐུན་ཡང་དེ་ཙམ་དབེན་པ་སོགས་ཀྱིས་འདིར་ཆགས་མ་ནུས་པ་རིམ་བཞིན་དེང་སང་དགེ་རྒྱལ་གྱི་ས་ཁོངས་བསྙོ་ལོ་ཞེས་པའི་གནས་སུ་སྤོས་པར་དགེ་རྒྱལ་སྡེ་དགོན་ལོ་རྒྱུས་སུ་གསལ།

ཞིང་འདིར་གྲུབ་རྙེད་སྐྱེས་ཕྲེང་གསེར་རིའི་འོད། །
ལོ་ཆེན་སྟོང་ལ་འཕགས་ཀྱང་རྗེས་ཤུལ་དཀར། །
བདེ་ཆེན་སྙིང་བོ་ལ་སོགས་མགོན་མང་གི །
ཞལ་བཟང་གནས་འབྱེད་བྱིན་རླབས་རྟག་ཏུ་འཁྱིལ།། ཞེས་ངལ་གསོ་ཚིག་བཅད་དུ་སྦྱར་བ་དགེའོ། །

. ད་ལྟའི་དགོན་ཤུལ་གང་ཉིད་རིག་དངོས་སྲུང་སྐྱོང་ཁུངས་སུ་ཚུད་དགོས་པའི་སྐོར་གྱི་བསམ་ཚུལ། 

དེ་ཡང་ས་གནས་རང་གི་དབང་དུ་བྱས་ན། སྟོད་པ་ཡ་བཞིའམ། ཡུལ་ཤུལ་ཤོག་ཁ་བཞི་བསྒྲིགས་འདིར། སྔོན་དགོན་ཁག་གསུམ་ཡོད་པ་ལས་ཆེར་མ་གྲགས་མོད། དོན་དུ་རྒས་པའི་ངག་སྒྲོས་སུ་ས་སྐྱ་ས་ལ་བཞུགས་ཚད། གནས་མདོ་ཨུད་མདོ་གཏུགས་ཚད། གཟུ་རུ་གུར་རུ་ཕུབ་ཚད་ཅེས་ཡོངས་སུ་གྲགས། དེ་ནི་ཁ་རྒྱུན་ལས་གཏམ་དཔེར་འཕོ་འགྱུར་ཕྱིན་ཏེ་རི་འགེལ་བསྐྱས་བཤར་སྐབས་སུ་རིང་པོར་མི་རྟག་ཚུལ་དུ་གོང་གི་ཚིག་དེ་ལབ་སྲོལ་ཡོད་པ་དང་གཞན་ཡང་འགྲེལ་བཤད་བྱེད་སྟབས་གཞན་ཡང་འདུག་མོད། ཕ་ཡུལ་ཤུལ་གྱི་ས་ཆ་འདིར་དགོན་པ་ཆགས་མལ་འགའ་རེ་མཐོང་ཐོས་ཡོད་པ་ལྟར་གོང་གི་ཁ་བཤད་ལྟ་བུའི་ཚིག་བཅད་འདི་ནི་གནའ་ཤུལ་འཚོལ་སྙེག་གི་རིན་ཐང་ཕྱུག་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་ཅིག་ཏུ་སྣང་ཡང་འགལ་བ་ཆེར་ཅི་ཡོད།

གོང་དུ་ལུང་དྲངས་པའི་རྣམ་ཐར་ལས། སྤྱི་ལོ་ ༡༧༤༡ ལོར་ར་རའི་མཚོ་ཁྲི་ཁ་རུ་གནས་མདོ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་གནས་མདོ་བདེ་ཆེན་སྙིང་བོ་སྐུ་བལྟམས་པ་དང་། སྤྱི་ལོ་ ༡༧༦༧ ལོར་ཞལ་བཟང་དུ་གནས་མདོ་དགོན་པ་དངོས་སུ་དབུ་ཚུགས་པར་གསལ་བས། དགོན་དང་དགོན་པ་ཕྱག་འདེབས་པ་པོ་ཚང་མའི་ལོ་རྒྱུས་གསལ་ཁ་ཆེ་བ་འདི་ནི་དེ་བས་ཀྱང་རིན་ཐང་ལྡན་པ་ཞིག་རེད་སྙམ། རང་སའི་ཡུལ་ལུང་ཀུན་དུ་མེས་པོ་གོང་མའི་རྗེས་ཤུལ་ཇི་སྙེད་ཡོད་པ་ནི་ལོ་རྒྱུས་ཀྱི་སྔ་ཕྱི་གོ་རིམ་དང་ཆོས་ཉིད་ཡིན་པ་ལྟར། ལོ་རྒྱུས་དཔྱད་ཐབས་མི་འདྲ་བ་དུ་མའི་སྒོ་ནས་དེ་དག་སྔོག་འདོན་དང་ཁ་ཇེ་གསལ་དུ་འགྲོ་ངེས་པའང་ལོ་རྒྱུས་ཀྱི་དགོས་མཁོ་ཞིག་ཡིན། དེའི་མཚུངས་རིག་གནས་ལོ་རྒྱུས་ཀུན་པོ་བདག་སྐྱོང་གི་ཕྱིར་དུ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་དུ་སྤྱི་སྒེར་གཉིས་ཆས་འབད་འབུངས་དགོས་པ་ནི་དུས་རབས་ཀྱི་གཟི་བརྗིད་ལྡན་པའི་ལས་སྐལ་ཞིག་ཅི་ལ་མིན། དེ་བཞིན་འོ་སྐོལ་ས་གནས་རང་གི་ཁྱད་ཆོས་ཕྱུག་པ་དང་། གནའ་རབས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་གང་ཉིད་ཅིས་ཀྱང་ཉམས་གསོ་གཅེས་སྐྱོང་བྱ་རིགས་སོ། །

གནས་མདོ་དགོན་ཤུལ་འདི་ཡང་རིག་དངོས་ཀྱི་ཁྱད་ཆོས་ཡོངས་སུ་ལྡན་པས། རིག་དངོས་སྲུང་སྐྱོང་གི་ཐབས་ལམ་སྤྱད་དེ་སྲུང་སྐྱོང་དགོས་པ་ནི་གནའ་བོའི་ཕ་མེས་ཀྱི་ཚེ་སྲོག་གི་བླ་མཁར་ཞིག་གསོན་ཉམས་དོད་པ་བཞེངས་པ་དང་དབྱེ་བ་མེད་ལ། རིག་གནས་ཀྱི་སྲོག་བླུ་ནི་མི་རབས་རྫོགས་མེད་ལ་ཕན་པའི་དོན་རླབས་པོ་ཆེ་ཞིག་ཏུ་སེམས་སོ།།

དེ་བས་དགོན་ཤུལ་འདི་ཉིད་ང་རང་དོན་ཐོག་དངོས་སུ་མཇལ་བའི་སེམས་ཚོར་དང་སྦྲགས་ཐུན་མིན་གྱི་ཁྱད་ཆོས་འགའ་བརྗོད་པར་བྱ། ཟླ་འདིའི་ནང་ཡུན་རིང་ཡིད་ལ་བརྣགས་པའི་འདོད་དོན་ལྟར་ཞལ་བཟང་ཕྱོགས་སུ་འགྲུལ་སྐྱོད་བྱས་པས། སྔར་རྣ་བར་ཐོས་པ་དང་། འདྲ་བརྙན་མཐོང་བ་དེ་དག་ཕྱི་ཤུན་ལྟར་ད་ནི་ནང་གི་གཟུངས་བཞུགས་ལྟ་བུའི་དངོས་པོ་ལ་མཇལ་ཁ་རག་པས་སེམས་ཚོར་ཡང་དམིགས་བསལ་ཞིག་རེད། ཞལ་བཟང་ཟེར་བ་ནི་ཁུ་རྒྱལ་གྭ་པའི་ཉེ་ཞོལ་དང་། ཤན་པ་ར་རའི་སྟག་སྙིང་དང་འབྲོག་སྙིང་། ཤེའུ་སྙིང་སོགས་རི་བོ་མིང་གྲགས་ཅན་དུ་མས་ཡོངས་སུ་བསྐོར་བའི་སྤང་རི་མཐོ་པོ་ཞིག་གི་མིང་ཡིན་འདུག མདུན་ངོས་ཆིབས་གཡག་རི་རྒྱུད་ཀྱི་བསྟར་ཕྲེང་མཛེས་བ། རྒྱབ་ལ་ལྟག་ལུང་དང་ལྷ་རྗེ་ལུང་པའི་ཡོལ་བ་འཐེན་པ། དྲུང་དུ་ཉེ་ཆགས་ཕུ་དྲུག་གི་ཡན་ལག་ཆུ་བོ་ར་རའི་གངས་ཆུ་ཡི་བཞུར་སྒྲ་བསིལ་བ་སོགས་གནས་ཀྱི་བཀོད་ལེགས། ས་ཡི་ཁོད་ཆགས་པའི་གཞིས་སུ་དགོན་ཤུལ་གྱི་རྡོ་སྤུང་མང་པོ་མཐོང་ཐུབ་པ་དེ་ནི་ཞལ་བཟང་གནས་མདོ་དགོན་གྱི་ཆགས་ཤུལ་དངོས་རེད་འདུག ཁ་རྒྱུན་དུ་དགོན་པའི་ལྷ་ཁང་དང་འདུ་ཁང་། གྲྭ་ཤག བླ་རོང་བཅས་ཕྱོགས་ཕྱོགས་ཤིག་བཤད་དུ་ཡོད་ཀྱང་། ད་ལྟ་ལྷ་ཁང་དང་འདུ་ཁང་གཉིས་ཙམ་ས་འབུར་ཆེན་པོ་དོད་པ་ལས་གཞན་རྣམས་ཧ་ཅང་ཤེས་དཀའ་མོད། རྣམ་ཐར་དུ་དགོན་འདིར་མཚམས་ཁང་དང་སྒྲུབ་ཁང་། ཇ་ཁང་བཅས་ཡོད་པ་མ་ཟད།  བརྟེན་དང་རྟེན་པ་བཞེངས་འཆར་གྱི་ཐུགས་དགོངས་མང་དུ་བཞེས་ཡོད་པ་དང་། ད་ལྟའི་མཐོང་ཆོས་སུ་ཡོད་པའི་ཁང་ཤུལ་བཅུ་ཕྲག་གསུམ་ལྷག་ཡོད་པ་བཅས་ལ་གཞིག་ན། གནས་མདོ་བདེ་ཆེན་སྙིང་བོ་སྐུ་ཕྲེང་གཉིས་པ་ཙམ་དུ་ད་གཟོད་དགུན་འདི་གནས་སྤོར་མཛད་པ་དང་། གཅོད་བླ་སྐུ་ཕྲེང་གསུམ་པ་ཁྲི་འདོན་ཡང་ཞལ་བཟང་དུ་མཛད་ཅིང་ཁོང་ཡང་ཞལ་བཟང་འདིར་སྒྲུབ་པ་ཚེ་དང་མཉམ་པ་མཛད་ཡོད་པ་འདྲ་བས་ཁོང་གི་སྐུ་དུས་ཀྱང་འཕོ་འགྱུར་དེ་ཙམ་བྱུང་མེད་པའང་དཔགས་ཐུབ།

དེ་བས་གཞི་རྒྱ་ཆེ་བའི་དགོན་ཤུལ་འདི་འདྲ་ཞིག་ལོ་དང་རྐྱེན་གྱི་སོ་ཁ་ནས་ཁྱུར་མིད་མ་སོང་བ་མངོན་པ་འདི་ལགས། དགོན་པའི་གཡས་དང་གཡོན་འདེབས་སུ་པད་མེ་བརྐོས་མ་ཁྲི་ཕྲག་ཡོད་ཅིང་། གཡོན་ངོས་ན་དུར་ཁྲོད་ཀྱང་མཆིས། ཕྱིས་སུ་འབོད་སྟངས་ཡིན་མིན་ཆ་མ་འཚལ་མོད། མཚམས་ཁང་གོང་འོག་གཉིས་ཡོད་ཅིང་། གོང་དེར་བཤད་སྲོལ་མང་ཡང་ཕལ་ཆེར་གཅོད་བླའི་མཚམས་ཁང་དང་། འོག་དེར་རྡོ་སྐུ་འབོར་ཆེན་བཤམ་འདུག་པས་དེ་ནི་དགོན་པའི་ལྷ་ཁང་ཡར་སྤོས་པ་ཡིན་སྐད། མཚམས་ཁང་གཉིས་བར་བྲག་བརྐོས་བརྩིས་མི་ཟིན་པ་འདུག་ཀྱང་སྤྱིའི་ཆ་ནས་མ་ཎི་ཡིག་དྲུག་རེད།  གཞན་བཛྲ་གུ་རུའི་བསྙེན་པའང་འདུག སྔར་དགོན་པ་མ་ཆགས་པའི་སྐབས་སུ་འདིར་གསས་མཁར་ཞིག་ཡོད་པ་གྲགས་ཤིང་། ད་དུང་ས་རྒོད་སློག་པའི་སྐབས་སུ་རུས་ཆ་མང་པོ་དོན་པ་སོགས་རྣམ་ཐར་དང་ངག་རྒྱུན་གཅིག་མཐུན་དུ་འདུག དེར་བལྟས་ན་གནས་འདིར་སྔ་མོ་ནས་ཆོས་ལུགས་ཀྱི་བྱེད་སྒོ་རུང་བའི་གནས་ཤིག་མིན་ནམ་སྙམ་ཡང་མ་བརྟག་བློ་ཡི་དཔྱད་ཚོད་མ་ཟིན། འདི་དག་ལ་མ་ལག་རང་བཞིན་གྱི་འཚོལ་བསྡུ་བྱས་ཏེ་འབྲེལ་ཡོད་རིགས་དངོས་དོ་དམ་གྱིས་ཐུགས་ཁུར་བླ་ལྷག་མཛད་ན་ནི་མི་འགྲུབ་པ་མི་སྲིད་ཕྱིར། ད་རེས་རང་ཡུལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་གསུང་འབུམ་ལའང་པོད་བརྒྱད་ཀྱི་བདག་ཉིད་ཅན་གནས་མདོ་བདེ་ཆེན་སྙིང་བོ་གང་དེའི་རྣམ་ཐར་དང་སྦྲགས་ཏེ་ས་བོན་ཙམ་གླེང་སློང་བྱས་པ་འདིས་ཀྱང་། རང་སྡེའི་རིག་དངོས་ལས་དོན་གོང་ནས་གོང་དུ་འཕེལ་བའི་རྒྱུ་རུ་སྨོན། །

ཞོར་འཕྲོས།

གནས་མདོ་བདེ་ཆེན་སྙིང་བོའི་རྣམ་ཐར་སྐལ་བཟང་དད་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་གྲུབ་བརྙེས་རེ་བསྐང་ནོར་བུའི་བང་མཛོད་ཅེས་པ་འདིའི་མཛད་པ་པོ་ནི་ཁོང་གི་ཁུ་བོ་པདྨ་དོན་གྲུབ་ཀྱི་སྐྱེ་མཐར་གཅུན་ཀརྨ་བསམ་གཏན་གྱི་ཡང་སྲིད་ཀརྨ་པ་བྱང་ཆུབ་རྡོ་རྗེས་བརྩད་བཅད་དེ་མཚན་ལ་ཀརྨ་བསམ་གཏན་ཞེས་གསོལ། ཡོངས་གྲགས་ལ་གྲུབ་དབང་གཅོད་བླ་ཞེས་པ་དེའོ། །  ཁོང་གིས་མཛད་པའི་བསང་རྣམ་བཞི་ལས་འགྲུབ་ནང་དུ་མདོ་ཁམས་ས་ཡི་དེའུ་བདུན་དང་སྨུག་གི་གར་བ་ལྷ་རྩེ། དཔག་བསམ་གཡུ་འཕྲུ་མ། ནམ་མཁའི་ལྷ་སྒང་། འབུམ་ཀླུ་དེའུ་མཚོ། དངུལ་ཁྱིམ་གསེར་འཕྲུ་བཅུ་གསུམ། ཁ་འོད་མཚོ་ནག་སྤུན་གསུམ། ཨ་མྱེ་ཁུ་རྒྱལ་གྭ་པ།ར་རའི་སྟག་སྙིང་། གནས་པོ་ཞལ་བཟང་མཆེད་གསུམ་བཅས་རང་ཡུལ་ཟོ་དོར་ཆེན་པོ་དུ་མའི་མཚན་སྙན་གསོལ་མཛད་ཅིང་། ངག་རྒྱུན་དུ་ཡག་གཙང་དང་མཆོད་ཡོན་གྱི་འབྲེལ་བ་ཟབ་གསལ་ཡོད་པའི་བླ་མ་ཞིག་གོ །

སྨྲས་པ།

མིག་གི་བདུད་རྩི་ཡིད་ཀྱི་མུན་སེལ་བའི།།
ཕྱི་རབས་མཆོད་སྦྱིན་འདི་ལ་གུས་བཏུད་དེ།།
སྐལ་བཟང་ཚོགས་ཀྱི་བུམ་པ་གང་ཐོབ་དགེ །
གྲུབ་དབང་ཤིང་རྟ་རྒྱལ་ཁྱེད་བདག་ལ་སྩོལ།།

གནམ་མཐོངས་ཀྱི་ཕུག་པའི་ཟམ་སྟེང་དུ། །
བརྐོས་བྲིས་ཀྱི་ཡིག་དྲུག་བྱོན་མ་སྟེ། །
ཞལ་མཇལ་གྱི་ཚོར་དབྱངས་གནའ་གླུ་ཡིས། །
དྲན་འཛིན་གྱི་མདུད་པ་ལྷོད་ཀྱིས་གྲོལ། །

ཞལ་བཟང་ནི་གནས་པོ་ཀུན་གྱི་རྩེར། །
སྟག་སྙིང་དང་འབྲོང་སྙིང་རི་ཡིས་བསྐོར། །
གནས་མདོ་ཡི་ཤིང་རྟའི་བདེ་ཆེན་མཆོག །
རྡོ་མཁར་གྱི་ཕོ་བྲང་ཐང་མ་བརྡལ། །

ལྷ་རྗེ་ཡིས་རྒྱབ་ཀྱི་ཡོལ་བ་མཛད།།
ཆིབས་གཡག་གི་གོ་ཆ་རྣོན་པོས་བསྲུང་། །
ལྟག་ལུང་དང་དམར་འབེལ་འཁར་བ་བཞིན། །
ཕྱོགས་བཞི་ཡི་གདན་ནི་ལྷེན་མེར་བ། །   

འདིར་འབད་དགེ་བ་ཆུ་ཐིགས་ཙམ།།
བསྔོས་པའི་སྣོད་དུ་བརྟན་གྱུར་ན།།
ཆུ་ནི་ཆར་བའི་གྲོགས་སུ་ནི།།
ས་ཆེན་འདི་ཡང་སྣོད་གྱུར་ཅིག །

ཟུར་བལྟའི་ཡིག་ཆ།

[1] གཅོད་བླ་ཀརྨ་འཕྲིན་ལས། གནས་མདོ་བདེ་ཆེན་སྙིང་པོའི་རྣམ་ཐར་སྐལ་བཟང་དད་པའི་སྒོ་བརྒྱ་འབྱེད་པའི་སྡེ་མིག་གྲུབ་བརྙེས་རེ་བསྐང་ནོར་བུའི་བང་མཛོད། བྲིས་མ།

[2] དབང་གྲགས། རི་ཆུའི་རིག་གནས།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨

[3] ཧོར་གླིང་གཡུལ་འགྱེད།[M] ལྷ་སའི་དཔར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

[4] ལྷོ་བསྟན་འཛིན་ཉི་མ། མདོ་ཁམས་དགེ་འབྲོང་ལོ་རྒྱུས་དེབ་ཐེར་ལྕི་ཟླའི་ཟེགས་མ།[M]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢

– – – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།