སྔོན་གླེང་།
ཏུན་ཧོང་ཡིག་རྙིང་གི་དགོངས་གཞི་རྒྱ་ཆེ་ལ་སྣང་ཚུལ་ཁྱད་མཚར་པ་ཞིག་ཡིན།འདིས་བོད་གནའ་བོའི་སྤྱི་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར། དམག་དོན། ཆབ་སྲིད། ཐོན་སྐྱེད། ལོ་རྒྱུས། རྩོམ་རིག་སོགས་མང་པོ་ཞིག་མཚོན་བཞིན་ཡོད་པ་མ་ཟད། བོད་ཀྱི་ཆོས་ལུགས་དང་རིག་གནས་སྤྱིའི་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་གལ་ཆེན་ཞིག་ཐོན་པས། བོད་ཀྱི་ཤེས་རིག་གོང་འཕེལ་དང་ཞིབ་འཇུག་ལ་དགེ་མཚན་ཆེན་པོ་ཞིག་ལྡན་པ་ཡིན།
སྤྱིར་རིག་གནས་ཀྱི་སྣང་ཚུལ་གང་འདྲ་ཞིག་ཡིན་རུང་དེས་ལོ་རྒྱུས་ཀྱི་དུས་བབས་མི་འདྲ་བའི་ནང་སྤྱི་ཚོགས་དེའི་མི་རྣམས་ཀྱི་དངོས་པོ་དང་བསམ་པའི་འདོད་བློ་གང་རུང་ཞིག་སྐོང་བཞིན་ཡོད་པ་རེད།
ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ལ་མཚོན་ན་བོད་བཙན་པོའི་དུས་ཀྱི་འབངས་མིའི་ཆབ་སྲིད་བསམ་བློ་དང༌། སྤྱི་ཚོགས་དཔལ་འབྱོར། རིག་གནས་ཤེས་བྱ། འཇིག་རྟེན་ལྟ་ཚུལ་དང་མི་ཚེ་རིན་ཐང་བཅས་ཕྱོགས་མང་པོ་ཞིག་མཚོན་ཐུབ་པས། བཙན་པོའི་དུས་ཀྱི་ཤེས་རིག་གི་གོ་གནས་མི་དམན་པ་ཞིག་བཟུང་ཡོད་ལ། རིག་གནས་འདིས་བཙན་པོའི་ཤེས་རིག་ལ་དགེ་མཚན་བླ་མེད་གནང་།
ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་དུས་ཀྱི་ཡིག་རྙིང་ལ་ཞིབ་འཇུག་བྱས་པ་ཡིན་ན། གཅིག་ན་ས་གནས་སོ་སོའི་ལོ་རྒྱུས་སྐོང་ཐུབ་པ་དང་བོད་སྤྱིའི་ལོ་རྒྱུས་ཆ་ཚང་ཡོང་ངེས་པ་དང་། གཉིས་སུ་མ་འོངས་འབྱུང་འགྱུར་གྱི་ལེགས་ཉེས་གཏོགས་པའི་དགོངས་པ་ཟབ་མོར་རྒྱུས་ལོན་དང་། གསུམ་ན་བོད་ཀྱི་ཆོས་ལུགས་རིག་གནས་ལ་གོ་བ་ཇེ་ཟབ་གཏོང་རྒྱུ་དང་། བོད་ཀྱི་རིག་གནས་སྤྱིའི་སྔར་སྲོལ་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ལ་ཕན་ཐོགས་ལྡན། བཞི་ནས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་རྣམས་དང་། ཆོས་ལུགས་དང་དམངས་སྲོལ།མིའི་རིགས་རིག་པ་ཞིབ་འཇུག་གནང་མཁན། ལྷག་པར་དུ་བོད་རིག་པའི་ཞིབ་འཇུག་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བའི་མཁས་པའི་ཚོགས་ལ་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱ་རྒྱུར་ཕན་ཐོགས་ངེས་ཅན་ལྡན་ཞིང་། ལྔ་ནས་འདས་མ་འོངས་ད་ལྟ་གསུམ་མིའི་རིགས་ཀྱི་བསམ་བློའི་རིག་གནས་དང་དངོས་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་པར་ཕན་ནུས་ཆེན་པོ་ལྡན་པ་ཡིན།
ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་རྣམས་ནི་བོད་བཙན་པོའི་དུས་སྐབས་ཀྱི་གནའ་བོའི་ཡིག་རྙིང་འབོར་ཆེན་དག་ལ་བྱ་ཞིང་། དེ་ནི1900ལོར་ཏུན་ཧོང་བྲག་ཕུག་གི་སྒོ་ཕྱེ་བ་ཡིས་པོད་ཁྲི་ལྷག་གི་གནའ་ཡིག་གསར་དུ་རྙེད་སོན་བྱུང་པས། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་རྣམས་ཀྱིས་བོད་བཙན་པོའི་དུས་ཀྱི་རིག་གནས་ཀྱི་གནས་བབ་གལ་ཆེན་ཞིག་བཟུང་ཡོད། ཡིག་རྙིང་འདིའི་ཤོག་དྲིལ་རྣམས་ནི་དུས་རབས་བདུན་པ་ནས་བཅུ་བའི་བར་བྲིས་པ་ཤ་སྟག་ཉིད་ཡིན་པས། པུར་རྒྱལ་བཙན་པོའི་རིག་གནས་ཀྱི་མ་ལག་ཆ་ཚང་བར་བཏང་ཡོད། 1900ལོར་འཛམ་གླིང་ལ་གྲགས་ཆེ་པའི་གསང་བའི་སྒྲུབ་ཕུག་དེའི་སྒོ་ཕྱེས་རྗེས། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་གྱི་ནང་དོན་འདིས་བོད་བཙན་པོའི་ཆབ་སྲིད། དཔལ་འབྱོར། ཤེས་རིག་སོགས་བོད་ཀྱི་རིག་གནས་སྤྱི་ལ་མཛད་རྗེས་བླ་མེད་བཞག་ཡོད་པས། ཏུན་ཧོང་ཡིག་རྙིང་ལ་རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན།
གཅིག ཏུན་ཧོང་ཡིག་རྙིང་བྱུང་པའི་དུས་ཚོད།
ཏུན་ཧོང་ཡིག་རྙིང་རྣམས་ནི་བོད་བཙན་པོས་ཏུན་ཧོང་གི་ཡུལ་རྣམས་བདག་སྐྱོང་གནང་བའི་དུས་སྐབས་སུ་བྱུང་བ་ཡིན། ཏུན་ཧོང་ནི་རང་རྒྱལ་གྱི་ནུབ་བྱང་གི་འཕྲེད་ཐིག་བྱང་མ40°དང་། ཤར་གྱི་གཞུང་ཐིག94°སྟེང་ན་ཡོད་ལ། དེང་གི་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་གནས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ168.000ཡོད་ལ། ས་གཞི་བཅུད་ཀྱིས་ཕྱུག་ཅིང་རྩྭ་ཆུ་འཛོམས་པའི་ཞིང་འབྲོག་གི་གནས་ཡིད་དུ་འོང་བ་ཞིག་ཡིན།
གནས་འདིར་གནའ་སྔ་མོའི་དུས་སུ་མིའི་རིགས་བྱུང་པ་ཧ་ཅང་སྔ་སྟེ། གནའ་རྫས་བརྟག་དཔྱོད་རིག་པས1976ལོར་རྙེད་པའི་ཞིང་ལས་ཡོ་ཆས་ལ་བརྟག་དཔྱད་བྱས་པ་ལས། སྤྱི་ལོ་སྔོན་གྱི1600ལོའི་ཡར་སྔོན་གྱི་ཡོ་ཆས་ངོས་འཛིན་བྱས་པ་མང་པས། གནས་འདིར་བོད་དང་རྒྱ། ཡུ་གུར། མི་ཉག་སོགས་མི་རིགས་མང་པོས་དབང་བསྒྱུར་མཛད་མྱོང་པ་མ་ཟད། ཞི་བདེ་མཉམ་གནས་ཀྱི་ངང་ནས་སྤྱི་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད།
གནས་འདིར་དུས་རབས་ལྔ་བ་ནས་བཅུ་བའི་བར་ལ་བྲིས་པའི་རྒྱ་ཡིག་དང་། དུས་རབས་བདུན་པ་ནས་བཅུ་པའི་བར་བྲིས་པའི་བོད་ཀྱི་གནའ་ཡིག་རྣལ་མ་དག་འདུས་པ་མ་ཟད། གྲུ་གུའི་ཡི་གེ་དང་ལི་ཡུལ་གྱི་ཡི་གེ། སཾསྐྲྀ་ཏའི་ཡི་གེ། མི་ཉག་གི་ཡི་གེ་སོགས་ཡིག་སྣ་མང་པོ་འདུས་མ་ཟད། རྒྱལ་རབས་བྱང་མ་ནས་སུང་རྒྱལ་རབས་བར་གྱི་ཆབ་སྲིད་དང་། ཁྲིམས་ལུགས། དཔལ་འབྱོར། ཆོས་ལུགས། རྩོམ་རིག གསོ་རིག།སྒྱུ་རྩལ་དང་།རྒྱ་དཀར་ནག་ནས་བསྒྱུར་པའི་བསྟན་བཅོས་སོགས་མང་པོ་འདུས། འདི་ལས་ཁྱད་དུ་འཕགས་པའི་གནའ་བོའི་རིག་གནས་ཀྱིས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་ངོ་མ་མཚོན་པ་ལས་གཞན། ནང་དོན་རྒྱ་ཆེ་ལ་རྣམ་པ་ཕུན་སུམ་ཚོགས་པའི་ཤེས་བྱའི་གནས་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ཏུན་ཧོང་ཁྱད་འཕགས་ཀྱི་རིག་གནས་གཏོས་ཆེན་པོ་ཞིག་ཏུ་གྲུབ་པས། གནའ་དེང་གི་མཁས་པ་མང་པོས་ཞིབ་འཇུག་གི་རིན་ཐང་རྩ་ཆེན་ཞིག་ལ་འཛིན་པ་དང་གདེང་འཇོག་བླ་མེད་གནང་བཞིན་ཡོད་པ་རེད།
གནས་འདིར་སངས་རྒྱས་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་སོགས་ཆོས་ལུགས་མང་པོའི་ཕན་ཚུན་བར་ལའང་ཞི་གནས་ཀྱི་ངང་ནས་མི་རིགས་སོ་སོའི་ཆོས་དང་རིག་གནས་མང་པོ་བརྗེ་རེས་བྱས་ཏེ། ཏུན་ཧོང་ཡིག་རྙིང་གི་རིག་གནས་རྩ་འོད་སྟོང་འབར་བ་འདི་ཉིད་བསྐྲུན་ཏེ། བོད་བཙན་པོའི་ཤེས་རིག་གི་བང་མཛོད་ཁྲོད་མཆོག་ཏུ་གྱུར་པའི་རིག་གནས་ཀྱི་མ་ལག་ཞིག་ཏུ་གྱུར་འདུག་པ་ལགས།
“སྤྱི་ལོ་དུས་རབས་བརྒྱད་པའི་དུས་མཇུག་ཏུ། གནའ་ནས་མཚོ་བོད་མཐོ་སྒང་དུ་གནས་པའི་ཐུ་བྷོད་མི་རིགས་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་ཏེ། ཐང་རྒྱལ་རབས་ཀྱི་མངའ་ཁོངས་ལ་འཁྲུག་རྩོད་བསྟུད་མར་ལོ་བཅུ་ཕྲག་ཁ་ཤས་བྱས་པ་ལས། སྔ་གཞུག་ཏུ་ཐང་གི་ལྷོ་ནུབ་དང་ནུབ་བྱང་གི་ས་ཆ་མང་པོ་བདག་གིར་བཟུང་ཞིང་། ཕྱིར་ལ་ལོག་སྐབས་ཀྱང་སྤྲིན་པ་རླུང་གིས་དེད་པ་ནང་བཞིན་ནུབ་ལ་བསྐྱོད་དེ། ཐང་གི་ཁྲང་ཨན་ནུབ་རྒྱུད་ཀྱི་ལུང་དབྲག་ཁུལ་གྱི་ཀྲོའུ་རྣམས་རིམ་པར་བཟུང་སྟེ། སྤྱི་ལོ767ལོ་ལ་སླེབས་དུས། ཏུན་ཧོང་གི་ཤར་གྱི་ཡུལ་ཁམས་ཡོངས་རྫོགས་བོད་ཀྱི་ལག་ཏུ་ཤོར།”[1]བ་དང་། དེ་ལྟར་རིམ་གྱིས་ཐང་གི་དམག་ཤུགས་ཉམས་རྒུད་དུ་སོང་པས“ཧི་ཞིའི་ཅེ་ཏུའུ་ཧྲི་ཡི་ཐབས་ཡོད་པ་དབྱང་ཀྲི་ལེ་བྱ་བས་བྷོད་ཀྱི་དམག་མ་ཚུགས་པར(སྤྱི་ལོ764ཙམ་གྱི་དུས)ཀན་ཀྲིག་ཏུ་ཕྱིར་བསྣུར་བྱས་པས། ལེང་ཀྲིག་ས་ཆ་བྷོད་ལ་ཤོར།”[2]དེ་ལྟར་སྔ་རྗེས་སུ་ཐང་གི་ཡུལ་ཁམས་ཀྱི་ཀྲོའུ་ང་གཅིག་ཙམ་བོད་ལ་ཤོར་པས། སྤྱི་ལོ770ལོར་ཏུན་ཧོང་གི་ཡུལ་ཁམས་ཐམས་ཅད་བདག་གིར་བཟུང་བ་དང་། དེ་ནས་ཀྲང་དབྱི་ཁྲའོ་ཡིས་ཡར་ལངས་ཀྱི་སྤྱི་ལོ850ལོའི་བར་དུ། བོད་མིས་ལོ་ངོ་བརྒྱད་བཅུ་ཙམ་ལ་བཟུང་པ་ཡིན།
བོད་ཀྱི་ཏུན་ཧོང་བདག་སྐྱོང་བྱེད་པའི་རིང་ལ་སྤྱི་ཚོགས་སྒྲིག་གཞི་དང་། འབངས་ཀྱི་འཚོ་བའི་དཔལ་འབྱོར་ལ་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད། དེ་ཡང་ཏུན་ཧོང་ཡིག་རྙིང་གི་ཞལ་ལྕེའི་སྐོར་ལས་གཙུག་ལག་ཁང་གི་ལྷ་འབངས་དང་སྤྱི་ནོར་གྱི་གནས་ཚུལ་གསལ་ལ། ཉོ་ཚོང་བྱེད་ཚུལ་གྱི་གན་རྒྱ། གཏུགས་ཞུ་ཡི་གེ་སོགས་མང་པོ་འདུས་ཡོད་པའང་གསལ། བོད་ཀྱིས་ཤ་ཅུ་བདེ་བར་བཟུང་བའི་ཆེད་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ། མི་འབངས་ཀྱི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་ལ་ནུས་པ་གལ་ཆེན་བཏོན་པ་མཐོང་ལ། ང་ཚོའི་ཡིག་རྙིང་རྣམས་ལས་བོད་བཙན་པོའི་དུས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ངོ་མ་དག་མཐོང་ཐུབ་པས། སྐབས་དེའི་རྒྱ་ཤ་ཅུའི་དང་ཡུ་གུར་སོགས་མི་རིགས་མང་པོའི་བར་བདེ་བའི་ངང་འཚོ་བ་རོལ་བ་གསལ། དེ་བས་མི་རིགས་ཁག་བར་གྱི་རིག་གནས་བརྗེ་རེས་དང་ཕན་ཚུན་མཉམ་གནས་ཀྱི་ངང་། སྤྱི་ལོ་དུས་རབས་བདུན་པ་ནས་བཅུ་པའི་བར་དུ་མི་རིགས་སོ་སོའི་རང་ཉིད་ཀྱིས་བློ་གྲོས་ལ་བརྟེན་ནས། དེང་གི་རིན་ཐང་བྲལ་བའི་ཏུན་ཧོང་གི་རིག་གནས་རྩ་ཆེན་འདི་ཉིད་བསྐྲུན་པ་རེད།
གཉིས། ཏུན་ཧོང་ཡིག་རྙིང་རྙེད་ཚུལ།
ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་རྣམས་ནི་ཏུན་ཧོང་གི་གསང་པའི་བྲག་ཕུག་ནས་བཏོན་པ་ཏག་ཏག་རེད། ཏུན་ཧོང་གི་བྲག་ཕུག་རྣམས་ཐོག་མར་རྣལ་འབྱོར་བ་ཧྥ་ལང་ཞེས་བྱ་བས་སྒོམ་ཁང་གི་ཚུལ་གྱི་བྲག་ཕུག་ཅིག་བརྐོས་པ་ནས་བཟུང་། ལོ་ངོ400ལྷག་གི་རིང་ལ་བྲག་ཕུག་ཆིག་སྟོང་ལྷག་བརྐོས་ཡོད། བྲག་ཕུག་དེ་དག་ལས་འཛམ་གླིང་ལ་གྲགས་ཆེ་པའི་གསང་པའི་སྒྲུབ་ཕུག་དེ་ནི། “1900ལོའི་ལུགས་རྙིང་གི་ཟླ5པའི་ཚེས26(ལུགས་གསར་གྱི་ཟླ6པའི་ཚེས22ཉིན)ཉིན་མའོ་ཀའོ་ཁུའུ་བྲག་ཕུག་སྟེ། ཕྱིས་སུ་ཨང16པའི་བྲག་ཕུག་ཆེན་པོ་དེའི་བར་ཁྱམས་ཀྱི་བྱང་ངོས་བྲག་ལྡེབས་སུ། ཁ་སུབ་བརྒྱབ་པའི་བྲག་ཕུག་ཆུང་བ་ཞིག་བྱུང་པ་དང་། བྲག་ཕུག་དེ་ནི་དེང་སྐབས་ཀྱི་ཨང17པར་བསྒྲིགས་པའི་གསང་པའི་སྒྲུབ་ཕུག་དེ་རེད”།[3]སྒྲུབ་ཕུག་དེའི་ཞིང་ཚད་ལ་སྨི2.5དང་། དཀྱུས་སུ་སྨི2.7ཡོད། མཐོ་ཚད་ལ་སྨི3བཅས་ཡོད་ལ། དེའི་ནང་སྤྱི་ལོ་དུས་རབས་ལྔ་བ་ནས་བཅུ་བའི་བར་གྱི་རྒྱ་དང་བོད། ཡུ་གུར། ལི། མི་ཉག་བཅས་གནའ་བོའི་མི་རིགས་ཀྱི་ཡིག་རྙིང་གི་ཤོག་དྲིལ་40000ཉེ་བ་ཡོད་པ་དང་། དེ་མིན་དར་ཚེམ་དྲུབ་མ་དང་གོས་ཆེན་འཐག་དྲུབ་མ། ཐང་གའི་ཤོག་བྲིས་རི་མོ་སོགས་རིག་དངོས་རྩ་ཆེན20000ལྷག་རྙེད་སོན་བྱུང་། ཡིག་རྙིང་རྩ་ཆེན་འདི་དག་མི་ལོ་སྟོང་ལ་ཉེ་བའི་རིང་། རྡོ་དང་བྱེ་མའི་བྲག་གསེབ་ཀྱི་སྦུབས་སུ་ཡིབ་ནས་བསྡད་པ་ཡིན།
སྤྱི་ལོ1907ལོའི་ཟླ5པར་དབྱིན་ཇིའི་མྱུལ་དཔྱད་པ་སི་ཐེ་དབྱིན(A·STEin 1863-1943)ཏུན་ཧོང་ལ་འབྱོར་ཏེ། བཙུན་པ་ཝང་ཡོན་ལུའུ་བརྒྱུད་ནས་སྔ་ཕྱིར་ཐེངས་གཉིས་ལ་དངུལ་སྒོར་ལྔ་བརྒྱ་ཙམ་བྱིན་ཏེ་གཏེར་ཤོག་ཡིག་རྙིང་མང་པོ་དབྱིན་ཇིར་ཁྱེར་བ་དང་། ཧྥ་རན་སིའི་མྱུལ་དཔྱད་པ་པོ་ཞི་ཧི(1878-1945)1908ལོའི་ཟླ2པར་གནས་འདིར་འབྱོར་ནས་ཟླ3པའི་ཚེས3ནས26བར། རང་ཉིད་ཤོང་སའི་སྨི2.5ཡི་གནས་ཆུང་ངུ་ཞིག་ནས། ཅོག་ཙེ་ཆུང་བ་ཞིག་གི་འཁྲིས་སུ་སྐུམ་ཙོག་བྱས་ཏེ། ཡིག་རྙིང་ལག་བྲིས་མ་ལྗིད་ཚད་ལ་སྤྱི་རྒྱ500ཡོད་པའི་ཤོག་དྲིལ་ཁྱེར་བ་དང་། དེ་དག་ལས་བོད་ཀྱི་ཤོག་དྲིལ4000ལྷག་ཡོད།
1907ལོ་ནས1908ལོའི་བར་དུ་མྱུལ་དཔྱད་པ་གཉིས་ཀྱིས་བསྡོམས་པའི་བོད་ཀྱི་ཡིག་རྙིང་གཏེར་ཤོག་གྲངས་འབོར་ཁྲི་ལ་ཉེ་བ་ཞིག་དབྱིན་ཇི་དང་ཧྥ་རན་སིར་ཁྱེར་པས། ད་ལྟ་ཡིག་རྙིང་དེ་དག་དབྱིན་ཇིའི་ལོན་ཏུང་དཔེ་མཛོད་ཁང་དང་། རྒྱ་གར་ལས་དོན་པུའུའི་དཔེ་མཛོད་ཁང་། ཧྥ་རན་སིའི་དཔེ་མཛོད་ཁང་བཅས་སུ་བཞུགས་པ་ཡིན།
གསུམ། ཏུན་ཧོང་ཡིག་རྙིང་གི་པར་སྐྲུན་དང་ཞིབ་འཇུག
ཏུན་ཧོང་བོད་ཀྱི་མོ་ཡིག་ནི་ཏུན་ཧོང་བྲག་ཕུག་གི་ཡིག་རྙིང་ཁྲོད་ཀྱི་ཆེས་དཔྱད་གཞིའི་རིན་ཐང་ལྡན་པའི་ཡིག་རིགས་རྩ་ཆེན་རྣམས་ཀྱི་གྲས་ཡིན། མྱུལ་དཔྱད་པ་སི་ཐན་དབྱིན་གྱིས“ཡིག་རྙིང་དེ་དག་གིས་ཐེངས་དང་པོར་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་དང་། བོད་བཙན་པོ་དུས་ཀྱི་སྒྲིག་སྲོལ་དང་བསམ་བློ་གསལ་པོར་མཚོན་པ་ཡིན།”ཞེས་གསུངས་པ་བཞིན་བོད་ཀྱི་རིག་གནས་ཐད་ནུས་པ་གལ་ཆེན་འདོན་པ་ཡིན། ཧྥ་རན་སིའི་མྱུལ་དཔྱད་པ་པོ་ཞི་ཧིས་ཀྱང་ཏུན་ཧོང་ཡིག་རྙིང་རྣམས་དཀར་ཆག་བསྒྲིགས་དུས། ཐོག་མར་བོད་ཀྱི་ཡིག་རྙིང་རྣམས་ལPeL·tibཡི་ཨང་རྟགས0001ནས2000བར་ལ་བོད་ཀྱི་ཡིག་རྙིང་གི་ས་བསྐྱུར་བ་དང་། ཨང་རྟགས2001ནས་རྒྱ་ནག་ཡིག་ཚགས་རྣམས་བསྒྲིགས་པས། པོ་ཞི་ཧིས་བོད་ཀྱི་ཡིག་རྙིང་ལ་མཐོང་ཆེན་བྱས་པ་མཚོན་ཐུབ། རྗེས་སོར་བོད་ཀྱི་ཡིག་རྙིང་རྣམས་ཁོང་གི་བསམ་ཚོད་ཀྱི་བམ་གྲངས2000ལས་ལྡབ་གཅིག་གིས་བརྒལ་པས། ཡང་བསྐྱར་ཨང་རྟགས་གཞན་ཞིག་བཀོད་པ་ང་ཚོས་མཐོང་སྣང་ལྟར་རོ། །
ཏུན་ཧོང་ཡིག་རྙིང་འདི་ཉིད་ཕྱིའི་རྒྱལ་ཁབ་ཀྱི་མཁས་པ་མང་པོས་ལྷག་པར་མཐོང་ཆེན་དང་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ཞིབ་འཇུག་གི་འབྲས་བུའང་གཡུར་དུ་ཟ་བ་ཞིག་བླངས་ཡོད། ཧྥ་རན་སིའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ལཱ་ཀླུ(1890-1967)ཡིས་རང་གི་སྐུ་ཚེ་ཧྲིལ་བོ་ཏུན་ཧོང་བོད་ཀྱི་ཡིག་རྙིང་གི་ཞིབ་འཇུག་དང་དཀར་ཆག་ལེགས་བསྒྲིགས་ཀྱི་ལས་ལ་ཕུལ་ཏེ།《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཀྱི་ཞིབ་འགྲེལ》ཞེས་པའི་དེབ་གསུམ་བསྒྲིགས། དེབ་དང་པོར་ཨང་རྟགས0001ནས0849བར་འདུས་པ་དང་། 1939ལོར་པར་བསྐྲུན་བྱས། དེབ་གཉིས་པར་ཨང་རྟགས0850ནས1282བར་འདུས་ལ། 1950ལོར་པར་སྐྲུན་བྱས། དེབ་གསུམ་པར1283ནས2216བར་འདུས་ཤིང་། 1961ལོར་པར་བསྐྲུན་བྱས་པ1962ལོར་པེ་ལུ་ཧྲིའི་ཝེ་ལེ་པུའུ་སིན(ValleePoussin)གྱིས《རྒྱ་གར་ལས་དོན་པུའུ་དཔེ་མཛོད་ཁང་དུ་བཞུགས་པའི་ཏུན་ཧོང་གནའ་བོའི་ཡིག་རྙིང་བྲིས་མའི་དཀར་ཆག》སོགས་པར་སྐྲུན་བྱས་པ་ཡིན། ལྷག་པར་དུ1978དང1980ལོའི་བར་ལ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་ཚན་རིག་གླིང་གི་བོད་རིག་པ་དཀྱིལ་སྙིང་དང་དབྱིན་ཇིའི་པཱ་ལེ་དཔེ་མཛོད་ཁང་གི་ཤར་ཕྱོགས་ལག་བྲིས་པུའུ་གཉིས་ཀྱིས་མཉམ་བསྒྲིགས་བྱས་པའི《ཏུན་ཧོང་ནས་ཐོན་པའི་བོད་གནའ་རབས་ཀྱི་ཡིག་ཆ་གཅེས་བསྡུས》དེབ་དང་པོ་དང་གཉིས་པ་པཱ་ལེ་རུ་པར་བསྐྲུན་བྱས་པ་དེས། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གནང་མཁན་དག་ལ་བྱས་རྗེས་ཆེན་པོ་བཞག་པར་བརྟེན། ཏུན་ཧོང་ཡིག་རྙིང་ཞིབ་འཇུག་ལ་སྟབས་ཇེ་བདེ་རུ་གནང་པར་བྱས་ཡོད།
རྒྱལ་ནང་དུ་བོད་ཀྱི་ཏུན་ཧོང་ཡིག་རྙིང་གི་པར་སྐྲུན་དང་ཞིབ་འཇུག་བྱས་པ་རྒྱལ་ཁབ་ཕྱི་ལས་འཕྱི་བ་ཡིན་པས། དུས་ཚོད་ཐུང་ངུ་ཞིག་ལས་ཞིབ་འཇུག་གི་འབྲས་བུ་མི་དམན་པ་ཞིག་བླངས་ཡོད། ལོ་རབས་བརྒྱད་ཅུ་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཝང་ཡའོ་དང་ཁྲིན་ཅན་གཉིས་ཀྱིས1985ལོར《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》ཞེས་པ་པར་དུ་བསྐྲུན་རྗེས། བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་ཕན་ཐོགས་ཆེན་པོ་ཐོབ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》སོགས་སུ་རྩོམ་རིག་གི་ཁྱད་ཆོས་ལྡན་པའི་ཡིག་རྙིང་ལ་དཔྱད་བརྗོད་མང་པོ་གནང་ཡོད་ལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས1995ལོར་རྩོམ་སྒྲིག་བྱས་པའི《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》དང་། དགེ་རྒན་ཆེན་མོ་གོང་བ་ཀླུ་འབུམ་རྒྱལ་གྱིས་2006ལོར་རྩོམ་སྒྲིག་གནང་བའི《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ》སོགས་པར་བསྐྲུན་བྱས་པ་མ་ཟད།མཆན་དང་ཟུར་བཀོད་གནང་ཏེ་ཞིབ་འཇུག་གི་སྟབས་ཇེ་བདེར་བཏང་ཡོད། 2006ལོར་ཅིན་ཡཱ་ཧྲིན་དང་ཁོ་ཨིན(ཧྥ་རན་སི)རྣམ་གཉིས་ཀྱིས་གཙོ་སྒྲིག་བྱས་ཤིང་ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱིས་སྒྲིག་སྦྱོར་བྱས་པའི《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》དེབ་དང་པོ་ནས་ད་ལྟའི་བར་དེབ་ལྔ་བསྒྲིགས་ཡོད་ལ། 2012ལོར་སློབ་དཔོན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》མིག་གི་མཐོང་སྣང་དུ་འབུལ་པས། ང་ཚོར་ཞིབ་འཇུག་གི་བློ་སྒོ་གསར་བ་འབྱེད་པའི་སྐལ་བ་ཐོབ་ཡོད། བོད་ཀྱི་ཏུན་ཧོང་ཡིག་རྙིང་རྣམས་རྒྱལ་ནང་དུ་པར་སྐྲུན་གྱི་ཚད་ད་དུང་ཆ་ཚང་བ་ཞིག་མེད་རྐྱེན། ང་ཚོར་ཞིབ་འཇུག་དང་དཔྱད་བརྗོད་བྱེད་པར་དཀའ་ངལ་སྣ་ཚོགས་ཤིག་ལ་ཐུག་ཡོད། དེ་བས་ང་ཚོས་ཏུན་ཧོང་ཡིག་རྙིང་བསྡུ་བསྒྲིགས་དང་པར་བསྐྲུན། སློབ་སྦྱོང་། ཞིབ་འཇུག་སོགས་བྱས་ཏེ་སྔོན་གྱི་མེས་པོ་དག་གི་བཞག་པའི་རིག་གནས་སུ་ཞིག་གིས་ཀྱང་སོར་མོས་མ་རེག་པར་ཁ་གཙང་གྲུ་གཙང་འདི་ཉིད་སྔར་ལས་ཕུན་སུམ་ཚོགས་པ་དང་གྲ་འགྲིག་པོ་ཞིག་འོངས་བར་ང་རང་ཚོའི་ལས་འགན་ཡིན། དེའི་ཕྱིར་རང་གིས་སྐུལ་སློང་དང་བཅས་འདི་འདྲ་ཞིག་འབྲི་ཁུལ་བྱས་པ་ལགས་སོ།།
དཔྱད་ཡིག་དང་ཞབས་མཆན།
[1] 马德《敦煌莫高窟史研究》[ M ] 甘肃教育出版社 1996年12月第一版 1997年8月第二次印刷 P91
[2] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། <<ཐང་ཡིག་གསར་མ>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1983ལོའི་ཟླ6པའི་པར་གཞི་དང་པོ ། P59
[3] 紫剑虹《敦煌学与敦煌文化》[ M ] 上海古籍出版社 2007年4月第一版 P22
– – – – –
རྒན་དབང་ཆེན་རྡོ་རྗེ་ལགས་ཀྱི་ཏུན་ཧོང་གི་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་འདི་རྒྱུས་ལོན་དབེན་པའི་དམན་པ་བདག་ལྟ་བུར་མཚོན་ན་དཔེ་ཡག་པོ་ཆགས་སོང་། དེ་བཞིན་ཉིད་ནས་རྩོམ་སྒྲིག་བྱས་པའི་ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས་དཔེ་ཚོགས་ཅེས་པ་དེབ་ཕྲེང་དྲུག་ཅན་ཞིག་ཡོད་པ་དེའང་ཉེ་ཆར་ལག་སོན་བྱུང་བས་དེ་ལུགས་ཞིབ་ཀློག་བྱེད་མུས་ཡིན། བཀའ་དྲིན་ཆེ། དེ་ལུགས་བོད་རིག་པའི་དྲྭ་ཚིགས་འདི་འདྲར་ལུས་སེམས་གཉིས་ཀྱི་ཆ་ནས་དཀའ་ཚེགས་མྱོང་བཞིན་པའི་རྒན་སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ལ་བཀའ་དྲིན་ཞུ།