སྐུ་ཞབས་རྒྱ་ཡེ་བཀྲ་བྷོ་དང་ལྷན་དུ་ཤེས་རབ་ལྡོང་བུ་བཀླག་པ།
དེ་ལ་བསྟན་བཅོས་ཤེས་རབ་སྡོང་བུ་ནི་བརྗོད་བྱ་རང་ངོས་ནས་གཞིགས་ཀྱང་ནང་པའི་བསྟན་བཅོས་ཡིན་པའི་ངེས་ཤེས་རྙེད་ནུས་ལ། རྩོམ་པ་པོ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པའི་དཔུང་རྟགས་ཕྱོགས་གང་ས་ནས་མཐོང་ཐུབ། འདི་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེའི་རྣམ་ཐར་དང་འབྲེལ་ཏེ་ཀྱག་ཀྱོག་གི་བཤུལ་ལམ་ལ་ཕྱིར་རྟོག་ཀྱང་གང་འཚམ་བྱེད་ཐུབ་པར་སྙམ།
གུས་པས་ཉེ་ཆར་སྐུ་ཞབས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ལྗགས་རྩོམ་གནང་བའི་རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འགྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་ཞེས་པའི་གླེགས་བམ་འདི་ཉིད་ཅུང་ཟད་བཀླགས་ཁུལ་བྱས་པ་ཡིན། འདི་ནི་བོད་ཀྱི་རིག་གཞུང་གི་ངོས་ནས་བཤད་པ་ཡིན་ན་མ་བལྟས་ཐབས་མེད་ཀྱི་དཔེ་དེབ་ཅིག་ཡིན་པའི་ཚོར་སྣང་ཡང་སྐྱེས་སོང་ལ། འདི་ནི་དམ་པ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་རིག་གནས་ཀྱི་ཚན་པ་ཞིག་སྟེ། རིག་རྩལ་གྱི་མཁྱེན་རྒྱ་དང་རྣམ་དཔྱོད་ཀྱི་མཛེས་པ་མང་པོ་ཞིག་གླེགས་བམ་འདི་རུ་གནས་སྟབས། ཁོང་ཉིད་དགེ་རྒན་དུ་བསྟེན་པའི་གོ་སྐབས་མེད་ཅིང་བགྲོ་གླེང་གི་ཁོར་ཡུག་དངོས་སུ་མ་རག་ཀྱང་། གླེགས་བམ་འདི་ཡིས་ཡིད་ཕོངས་པའི་སྟོང་ཆ་དེ་དག་གི་ཁ་སྐོང་གང་འཚམས་གནང་ཐུབ་པའི་ཡིད་རྟོན་ཡང་སླེབས་ཀྱི་འདུག།
དེ་ལ་ཆེད་དུ་གླེང་འདོད་པ་ཞིག་ནི། ལེའུ་དགུའི་བདག་ཉིད་ཅན་གྱི་གླེགས་བམ་འདི་ཡི་ནང་ནས་ལེའུ་བདུན་པའི་ནང་ཚན། རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་བོད་སྐད་དུ་འགྱུར་བ་ཞེས་པའི་ནང་གི་དོགས་འདྲིའི་ཚན་པ་ཞིག་ཡིན། དེ་ཡང་གནའ་རྩོམ་གྱི་ལུགས་ལ་ལྟོས་ཏེ་དཔེ་དེབ་འདི་ལྟ་ཀློག་ཅུང་ཟད་ཚད་མཐོའི་སྒོ་ནས་བྱས་པའི་རྣམ་པ་དང་། དཔེ་དེབ་འདིའི་ཚིག་རེ་རེ་ལའང་མཐོང་ཆེན་གནང་དགོས་པའི་དྲན་སྐུལ་ཞིག་གི་སླད་དམ། དཔེ་དེབ་འདི་རང་གི་བསམ་གཞིག་གི་འཕར་ལྡིང་ལ་གལ་ཆེན་རང་བཞིན་གྱི་དངོས་པོ་ཞིག་ཡིན་པའི་ངོས་ནས་དོགས་འདྲི་འདི་སྔ་རྒོལ་དུ་འགོད་རྒྱུ་ཡིན། དེ་ཡང་དོན་གྱི་གུས་པ་ཙམ་དུ་མ་ཟད་ཚིག་གི་ཆ་ནས་ཀྱང་གུས་པས་སྔ་རྒོལ་དུ་དྲང་བར་བྱ་བའོ། །
སྔ་རྒོལ་གྱི་དགོངས་པ་གུས་པས་དྲང་བ།
དེ་ཡང་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་དུ། ཤེས་རབ་སྡོང་བུ་ལས། ཉེས་པའི་སྐྱོན་རྣམས་བྲེག་པར་གྱིས། །མགོ་བོ་བྲེག་པས་ཅི་ཞིག་བྱ། །གང་ཞིག་ཡིད་ཀྱི་གོས་མེད་ན། །རས་ཀྱི་ཆོས་གོས་ཅི་ལ་ཕན། །ཞེས་འབྱུང་བ་ནི་མུ་སྟེགས་གཅེར་བུ་པ་ཚོས་ནང་པ་སངས་རྒྱས་པ་རྣམས་ལ་གཟས་ནས་ཟུར་ཟ་བྱས་པ་ཨི་ཡིན་ན་སྙམ་པ་ཞིག་འདུག་མོད། འདིའི་རྩོམ་མཁན་སློབ་དཔོན་ཀླུ་སྒྲུབ་ཡིན་ཟེར་བ་རྒྱུན་འབྱམས་ཡིན་པས། འདི་འདྲ་ཐུག་དུས་འོན་ལོང་གི་བརྟུལ་ཞུགས་བཟུང་ན་ལེགས་ཏེ། ནན་ཏན་ཆེ་རུ་བྱས་ཚེ། ཡང་ན་ནི་སླད་ཞུགས་པ་ཡིན་ཟེར་དགོས། ཡང་ན་ནི་འོས་མཐུན་གྱི་འགྲེལ་བཤད་ཅིག་བྱ་དགོས། དེ་མིན་ན་འདིའི་རྩོམ་མཁན་ཀླུ་སྒྲུབ་གཞན་ཞིག་ཡིན་པ་ཁས་ལེན་དགོས་ཀྱང་། དེ་ནི་དཀའ་བར་སྣང་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་སྔ་ནས། རང་རེའི་ཁྲོད་ན་ཀླུ་སྒྲུབ་ཀྱི་མིང་ཐོགས་ཚད་རྩ་ཤེའི་རྩོམ་པ་པོ་དང་དོན་གཅིག་པས་ཁྱབ་པ་ཞིག་རྟག་བརྟན་ཐེར་ཟུག་ཏུ་འདུག་པས་དེ་གར་ཟད། ཅེས་གསུངས་པ་ལྟར་རོ། །
ཞེས་གསུངས་པ་འདི་ནི་ཁོང་དངོས་སུ་ཐེ་ཚོམ་ཟ་ནས་དོགས་འདྲི་གནང་མིན་ཆ་མ་འཚལ་ཡང་། གཙོ་བོ་ནི་ང་ཚོ་ལ་བདོག་པའི་རླབས་ཆེ་བའི་ལུགས་ཀྱི་བསྟན་བཅོས་རྣམས་གལ་འགངས་ཆུང་དུ་བཟུང་ནས་ཁུང་ཙིའི་གསུང་སྒྲོས་དང་སློབ་མའི་བསླབ་བྱ་དག་གཙིགས་སུ་བཟུང་སྟེ། རང་རེའི་ལུགས་ཀྱི་བསྟན་བཅོས་རྣམས་ལྟ་ཀློག་བགྱིད་མི་དང་རིན་ཐང་མཁྱེན་མཁན་ཧ་ལམ་མེད་སྟབས། ཁོང་ཉིད་ཡིད་ཕངས་ཤིང་འུ་ཐུག་པའི་ལམ་ནས་སྒྱུ་རྩལ་གྱི་ཐབས་ལམ་འདི་ཉིད་བེད་སྤྱད་དེ། ལུགས་ཀྱི་བསྟན་བཅོས་ལ་ལྟ་ཀློག་གི་སྐུལ་མ་བགྱིད་པར་མཛད་པ་ཡིན་ཏེ། རང་རེ་ལ་དེ་ལས་ཀྱང་ངོ་མཚར་བའི་གཞུང་ལུགས་དང་ལྟ་བ་མང་དུ་ཡོད་པ་རིག་གནས་ཀྱི་ཁྱིམ་ར་འདིའི་ཕྱི་རོལ་ཏུ་ཡོད་པ་ཚོས་རྟོགས་དཀའ། དེ་ཡང་དེ་དག་ཤེས་རབ་མེད་ནས་མ་ཡིན་ཏེ། ང་རྒྱལ་གྱི་མགོ་འཕང་མཐོ་ཆེས་པ་དང་། ཕྱོགས་འཛིན་གྱི་ལིང་ཏོག་མཐུག་དྲགས་པས་ལན། ཞེས་བཤད་པས་ཀྱང་མཚོན་པར་ནུས་སོ། །
ཁོང་གི་དོགས་སློང་འདི་ལ་ཁ་ཅུང་ཟད་གསབ་པ་ཡིན་ན། སྤྱིར་ཐུན་མོང་ལ་རང་ཤུགས་ཀྱིས་འབྱུང་བའི་དོགས་གཞི་ནི། སྔ་ཕྱི་འབྲེལ་ཆགས་ཤིང་མཚམས་སྦྱོར་བའི་འདྲེན་ཤུགས་ཀྱི་མཛེས་པ་དེ་ཙམ་མི་མངའ་ཞིང་། དོན་གཅིག་པ་ཅན་གྱི་བསྐྱར་ཟློས་ཀྱང་གང་འཚམ་ཡོད་པ་ཙམ་དུ་མ་ཟད། ཚིགས་བཅད་འགའ་ཤས་ལན་གཉིས་སུ་བསྐྱར་བ་ཡང་ཡོད་ལ། རིགས་རུས་དབྱེ་འབྱེད་དང་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ལྡན་པའི་ཚིགས་སུ་བཅད་པའི་ཤོ་ལོ་ཀ་དུ་མ་ཞིག་མཆིས་པ་ལ་བརྟེན་ནས། བསྟན་བཅོས་འདི་ཉིད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ཞེས་བཤད་དུས། འགྲེལ་བཤད་གང་འདྲ་ཞིག་གནང་དགོས་པ་ཡིན་ནམ་སྙམ་པའི་དོགས་པ་འཆར་བའི་གཞི་དག་དང་། བྱེ་བྲག་ཏུ་བཤད་ན། གཅིག བུ་སྟོན་ཆོས་འབྱུང་ནང་གི་ཀླུ་སྒྲུབ་ཀྱི་རྣམ་ཐར་སྐབས་སུ་ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ་ཞེས་ལུགས་ཀྱི་བསྟན་བཅོས་ནང་དུ་ཤེས་རབ་སྡོང་བུའི་མཚན་བགྲང་མེད་པ་དང་། གཉིས། ས་པཎ་གྱིས། སྙིང་ལ་ཁོན་དུ་དམ་བཟུང་ནས། །ཁ་ལ་ཚིག་བཟང་སྨྲའོ་ཞེས། །དྲང་སྲོང་གདུག་པའི་གདམས་ངག་སྟེ། །དམ་པའི་ཚུལ་དང་འགལ་བ་ཡིན། །ཞེས་གསུངས་པའི་དྲང་སྲོང་གདུག་པའི་གདམས་ངག་ཀྱང་བྱུང་སྟེ། གང་ཞིག་ཡིད་ལ་གནོད་བྱེད་འདོད། །དེ་ལ་རྟག་ཏུ་སྙན་ཚིག་བརྗོད། །རྔོན་པ་རི་དྭགས་གསོད་མཐོང་ཚེ། །ཡིད་འོང་གླུ་སྙན་ལེན་པ་བཞིན། །ཞེས་དང་། སྙིང་ལ་ཁོན་དུ་གཟུང་བྱ་ཡི། །དེ་ལ་ཚིག་གིས་མི་བསྐུལ་བར། །དགྲ་བོའི་རྐང་པ་ནས་གཟུང་ཞིང་། །ཚིག་གི་མཚོན་ཆས་བསྣུན་པར་བྱ། །ཞེས་ཀྱང་བཤད་འདུག། གསུམ། རིན་ཐང་གི་ལྟ་བའི་སྐོར་ནས་བལྟས་པ་ཡིན་ན། ང་ཚོ་ནང་པའི་གཙོ་རྒྱུག་གི་རིན་ཐང་ལྟ་ཚུལ་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། ཐོས་སོགས་ལས་བྱུང་བའི་གསུང་རབ་ཀྱི་དགོངས་དོན་ངེས་ཤིང་འགྲེལ་བའི་བློ་གྲོས་རྣམས་ཡིན་ཡང་། བསྟན་བཅོས་འདི་རུ་དེ་ལས་ལྡོག་སྟེ་འགྲོའི་མིའི་གཙུག་རྒྱན་དུ་བཀུར་བར་འོས་ཤིང་མཆོག་ཏུ་གྱུར་པ་ནི་མཛངས་པའམ་གསར་གཏོད་པ་ཡིན་པར་བཤད་དེ། དང་པོའི་རྩོམ་པ་གང་ཡིན་པ། །འདི་ལྟར་ངོ་མཚར་ཆེ་བ་ཡིན། །ཟོ་ཆུན་བཟོ་སྦྱར་གྱུར་པ་ནི། །བུད་མེད་ཀྱི་ཡང་དབང་དུ་འགྱུར། ། བརྒྱ་ཡི་ནང་ནས་དཔའ་བོ་སྐྱེ། །སྟོང་གི་ནང་ནས་མཁས་པ་འབྱུང་། །བརྒྱ་སྟོང་ལས་ནི་མཛངས་པ་སྟེ། །སྟོང་པ་སྐྱེའམ་མི་སྐྱེའང་སྲིད། ཅེས་དང་དེ་བཞན་དུ། ཐོས་སོགས་ལས་བྱུང་བའི་གསུང་རབ་ཀྱི་དགོངས་དོན་ངེས་ཤིང་རྟོགས་པ་ལས་དགྲ་སྡེའི་གཡུལ་ལས་རྒྱལ་བའི་ཐབས་ཇུས་དང་དཔའ་ཞིང་བརྟུལ་ཕོད་པའི་བློ་ཁོག་མཆོག་ཏུ་སྟོན་པའི་ཚིག་ཀྱང་བྱུང་སྟེ། བསྟན་བཅོས་དོན་ནི་ཤེས་པའི་མི། །འདི་ན་ཞ་བོ་རྣམས་ལའང་མང་། །རལ་གྲིའི་རྩེ་མོ་རྣོན་པོ་ཡིས། །དགྲ་ལས་རྒྱལ་བྱེད་དེ་རྙེད་དཀའ། །ཞེས་གསུངས་པའི་ཤོ་ལོ་ཀ་འདི་ནི། སྤྱོད་འཇུག་ཏུ། སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པའོ། །ཞེས་བྱུང་བའི་ལེགས་བཤད་ཀྱི་ལྡོག་ཟླར་གྲུབ་བསྡད་ཡོད།
གཞན་ཡང་དེང་གི་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་གསུང་ཆོས་ཀྱི་ཞིབ་འཇུག་པ་དག་གིས་བསྟན་བཅོས་ཤེས་རབ་སྡོང་བུ་ཀླུ་སྒྲུབ་ཀྱི་གསུང་རྩོམ་རྩོད་མེད་ནང་དུ་བགྲང་སྲོལ་མེད་པ་དག་གིས་ཁ་གསབ་ཅུང་ཟད་བགྱིས་ཏེ། སྔ་རྒོལ་གྱི་དགོངས་པ་གུས་པས་དྲངས་པ་ཉིད་ཀྱིས་གླེང་བསླང་བར་བྱས་པ་ཡིན་ནོ། །
རང་ལུགས་ཀྱི་འདོད་པ་ཞལ་བྱང་ལས་གྱེས་པ།
སྐོར་ཚོ་དང་པོ། ལུགས་ཀྱི་བསྟན་བཅོས།
དེ་ཡང་སྐོར་ཚོ་གཉིས་སུ་བགོས་ཏེ་བཤད་པ་ཡིན་ན།སྐོར་ཚོ་དང་པོ། ལུགས་ཀྱི་བསྟན་བཅོས། སྤྱིར་ལུགས་ཀྱི་བསྟན་བཅོས་དག་གི་བརྗོད་བྱ་ནི། མིའི་འགྲོ་བ་སྤྱི་ལ་འཕྲོད་པའི་འཚོ་ཐབས་དང་སྲིད་ལུགས་ཡིན་པ་ལ་ཁྱད་པར་ཆེན་པོ་མེད་ཀྱང་། འཇིག་རྟེན་མི་ཆོས་ཀྱི་ལེགས་ཉེས་བླང་དོར་འབྱེད་པའི་བསམ་བློ་ལ་འཇིག་རྟེན་ཡང་དག་གི་ལྟས་བས་ཟིན་དང་མ་ཟིན། དགེ་སྡིག་གམ་བཟང་ངན་གྱི་རྒྱུ་འབྲས་གཏན་ཚིགས་ལ་ལས་འབྲས་ཀྱིས་རིམ་པ་ཡོད་མེད་ཀྱི་དབང་གིས། ཆོས་ལུགས་དང་མ་འབྲེལ་བའི་ལུགས་ཀྱི་བསྟན་བཅོས་དང་། ཆོས་ལུགས་དང་འབྲེལ་བའི་ལུགས་ཀྱི་བསྟན་གཉིས་སུ་བྱུང་ཡོད། དང་པོ་ནི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་སོགས་དང་། གཉིས་པ་ནི་ས་སྐྱ་ལེགས་བཤད་ལྟ་བུ་རྣམས་ཡིན།
དམ་པའི་ཆོས་ཀྱི་ཉམས་ལེན་རྒྱ་ཆེ་བ་མི་ལྕོགས་པའི་ཁྱིམ་པ་མཐོ་རིས་དང་ཐར་པ་ལ་དད་འདུན་ལྡན་པའི་ནང་པའི་རྗེས་འཇུག་རྣམས་ཀྱི་བཟང་སྤྱོད་དགེ་བར་སྒྱུར་བའི་ཐབས་ལམ་སྟེ། བཤེས་སྤྲིངས་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །དེ་དག་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པ་ལྟར་རང་གི་ཡ་རབས་བཟང་སྤྱོད་ལ་བསམ་པ་བཟང་པོ་དང་འཇིག་རྟེན་ཡང་དག་གི་ལྟ་བའི་རྩིས་ཟིན་པར་བྱས་པ་ཡིན་ན། དགེ་བ་རྒྱུན་ཆགས་སུ་འབྱུང་བ་ཙམ་དུ་མ་ཟད། ཡ་རབས་བཟང་སྤྱོད་ལ་དགའ་བ་དང་དེ་ཉིད་རང་རྒྱུད་ལ་གནས་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ནི། འཕགས་ཡུལ་གྱི་གནའ་དེང་གི་མཁས་དབང་མང་པོའི་དགོངས་པ་ཡང་ཡིན་ཏེ། སྟོན་པས། ཆོས་གཅིག་འདའ་བར་བྱས་པ་ཡི། །རྫུན་ཚིག་སྨྲ་བའི་སྐྱེ་བོ་ནི། །འཇིག་རྟེན་ཕ་རོལ་བརྙས་རྣམས་ཀྱིས། །མི་ཟ་བ་ཡི་སྡིག་པ་མེད། ། ཅེས་དང་། དབུ་མ་རིན་ཆེན་ཕྲེང་བ་ལས། དོན་མིན་རིག་པ་ངན་འགྲོའི་ལམ། །གཞན་བསླུ་ལྷུར་ལེན་མི་བཟད་པ། །ཤེས་རབ་འཆལ་བ་རྣམས་ཀྱིས་ནི། །ཇི་ལྟར་དོན་འགྱུར་རིག་པ་བྱས། །ཞེས་འཇིག་རྟེན་ཕ་རོལ་བརྙས་ཤིང་ལས་འབྲས་རྫུན་དུ་འདོགས་པའི་སྐྱེ་བོ་དག་གིས་འཇིག་རྟེན་བཟང་སྤྱོད་ཀྱི་རབ་དབྱེ་ཙམ་ལས་སྲུང་བའི་ཐབས་ལམ་གྱི་ཆ་ལག་རྫོགས་པའི་དོན་ལྡན་བསྟན་བཅོས་ཤིག་བརྩམ་པར་མི་ནུས་པའི་ཚུལ་གསུངས་པ་དང་། བདག་ཉིད་ཆེན་པོ་གན་དྷིའི་ཞལ་ནས་ཀྱང་། དེང་སང་འཛམ་གླིང་ན་ཚང་མས་བསླབ་སྡོམ་གང་ཡང་མི་སྲུང་བར་ཤེས་རྒྱུད་རྣམ་དག་ལྡན་པར་འདོད་པའི་དབང་གིས་རྨོངས་འཐོམས་སུ་གྱུར་པའི་འཇིག་རྟེན་ལ་རྫུན་གྱི་རང་བཞིན་མང་པོ་ཞིག་ཡོང་བཞིན་འདུག། ཅེས་བཞེད་པ་ལྟར་ཚེ་འདིའི་སྣང་ཚུལ་ཁོ་ན་ལ་གཞི་བཅོལ་ཏེ་གན་བྱས་ན་གཞན་གྱི་ཡིད་རྟོན་འཇོམས་རབས་དང། འདི་བསྒྲུབས་ན་ཕ་རོལ་པོས་ཐ་ཤལ་དུ་བརྩི་ཡོང་བ། ངན་སྤྱོད་ཀྱི་རྣམ་པ་འདི་སྤྱད་པ་ཡིན་ན་ཁྲིམས་དང་གཞན་གྱི་འཇིགས་པ་ཡོང་གི་རེད་ཅེས་འཇིག་རྟེན་མི་ཆོས་ཀྱི་རྒྱུས་འབྲས་གཏན་ཚིགས་ཙམ་ཞིག་ལ་ཁེན་པ་ཡིན་ན། ཡ་རབས་བཟང་སྤྱོད་ཀྱི་བསྲུང་བྱ་ལ་ངོས་ལྐོག་གི་རྣམ་པ་མི་འབྱུང་བའི་རྒྱུ་མཚན་མེད་དེ། གཏན་ཚིགས་ཀྱི་ཁྱབ་ཁོང་དེ་ལས་བརྒལ་བའི་གོ་སྐབས་མང་པོ་ཞིག་རང་ཉིད་ལ་འཕྲད་ངེས་ཡིན། དེ་དག་ལ་སྟངས་འཛིན་བྱེད་པའི་ཐབས་ལམ་གྱི་བརྟན་བརླིང་བཟང་ཤོས་ཤིག་གི་ནི། སྐྱེ་བ་ཕྱི་མའི་ལྟ་ཚུལ་དང་ལས་འབྲས་ཀྱི་བསམ་བློའི་རིམ་པ་དེ་ཡིན།
ལྟ་ཚུལ་འདི་ནི་ང་ཚོའི་ཚེ་སྟོད་སྨད་ཀྱི་ལྟ་ཚུལ་དང་དཔེ་འདྲ་བ་ཡིན་ཏེ། ཚེ་སྨད་ཀྱི་བདེ་སྐྱིད་དང་དཀའ་ངལ་མང་པོ་ཞིག་སེལ་བའི་སླད་དུ་ཚེ་སྟོད་ལ་འབད་བརྩོན་གནང་ཞིང་། དཀའ་ངལ་གང་མང་ཞིག་ལ་གདོང་ལེན་ཐུབ་པའི་བཟོད་པ་ལྡན་པ་ནང་བཞིན། སྐྱེ་བ་ཕྱི་མའི་ང་རང་གི་ཆེད་དུ་འཇིག་རྟེན་སྤྱི་དང་གང་ཟག་སྒེར་ལ་གནོད་པའི་ངན་སྤྱོད་མང་པོ་ཞིག་ལ་ངོས་ལྐོག་མེད་པར་སྟངས་འཛིན་གནང་ཞིང་དཔང་པོ་རང་ཉིད་བཞག་གི་ཡོད་གཤིས། ལས་འབྲས་དང་དྲང་སྙོམ་གྱི་ལྟ་ཚུལ་གཞི་གཅིག་ལ་འབྲེལ་གྱི་ཡོད། རྒྱུ་འབྲས་ཀྱི་བློ་མིག་འདི་ཉིད་ལ་གཞི་བཅོལ་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་བསླབ་བྱས་བོད་འབངས་ཀྱི་བཟང་སྤྱོད་ལེགས་སུ་གཏང་བ་ལ་རྒྱུ་འབྲས་ཀྱི་གཏན་ཚིགས་གལ་ཆེན་ཡོད་པ་ཡིན།
མདོར་ན་ཡ་རབས་ཀྱི་བཟང་སྤྱོད་སྤྱད་པའི་དགེ་མཚན་དང་མ་རབས་ཀྱི་ངན་སྤྱོད་བསྟེན་པའི་སྐྱོན་ཆའི་བཟང་ངན་ནམ་དགེ་སྡིག་གི་ལྟ་ཚུལ་ལ། སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ལས་འབྲས་ཀྱི་ལྟ་བ་རིམ་པའི་རྒྱུ་འབྲས་ཀྱི་གཏན་ཚིགས་ཡོད་པ་སྟེ། སྟོན་པས། ཚེ་འདིར་གདུང་ཞིང་ཕྱི་མར་གདུང་བར་འགྱུར། །སྡིག་པ་བྱེད་པ་གཉིས་ཀར་གདུང་བར་འགྱུར། །བདག་གིས་སྡིག་པ་བྱས་ཞེས་གདུང་བར་འགྱུར། །ངན་འགྲོར་སོང་ནས་ལྷག་པར་གདུང་བར་འགྱུར། །ཚེ་འདིར་དགའ་ཞིང་ཕྱི་མར་དགའ་བར་འགྱུར། །དགེ་བ་བྱེད་པ་གཉིས་ཀར་དགའ་བར་འགྱུར། །བདག་གིས་དགེ་བ་བྱས་ཞེས་དགའ་བར་འགྱུར། །བདེ་འགྲོར་སོང་ནས་ལྷག་པར་དགའ་བར་འགྱུར། ། ཞེས་གསུངས་པ་དང་། དེ་བཞིན་དུ་དཔལ་མགོན་འཕགས་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བ་ལས། ཆོས་ནི་ལུགས་ཀྱི་དམ་པ་སྟེ། །ཆོས་ཀྱི་འཇིག་རྟེན་མངོན་དགར་འགྱུར། །འཇིག་རྟེན་དགའ་བར་གྱུར་པས་ཀྱང་། །འདི་དང་གཞན་དུ་བསླུས་མི་འགྱུར། །ཆོས་མིན་པས་ནི་ལུགས་འདོད་གང་། །དེ་ཡིས་འཇིག་རྟེན་མི་དགའ་འགྱུར། །འཇིག་རྟེན་མི་དགའ་ཉིད་ཀྱི་ཕྱིར། །འདི་དང་གཞན་དུ་དགར་མི་འགྱུར། ། ཞེས་འདི་ཕྱི་གཉིས་ལ་ལྟོས་པའི་རང་གཞན་གཉི་ག་དགའ་ཞིང་སྨན་པའི་ལས་གང་ཡིན་པ་དེ་ནི་དགེ་བ་ཡིན་པ་དང་། རང་གཞན་གཉི་ག་མི་དགའ་བར་འགྱུར་བའི་གནོད་པའི་ལས་གང་ཡིན་པ་དེ་ནི་སྡིག་པ་ཡིན་ཞེས། ནང་བསྟན་མི་ཆོས་རིག་པའི་དགེ་སྡིག་བཟང་ངན་གྱི་ལྟ་ཚུལ་དྲིལ་བའི་སྤྱི་སྡོམ་ཆེན་པོ་ཞིག་གསུངས་བཞག་ཡོད་པ་ཡིན།
དེ་ལྟར་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་འདི་ཉིད་ཆོས་ལུགས་དང་འབྲེལ་བའི་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་པ་ནི་བཀླག་པ་ཙམ་གྱིས་ངེས་པར་ནུས་ཤིང་། སྤྱིར་བསྟན་བཅོས་འདིའི་ལུས་ཡོངས་རྫོགས་བོད་སྐད་དུ་མ་འགྱུར་ཞིང་མི་ཆོས་རིག་པའི་ཆ་ལག་རྫོགས་མིན་གང་ལྟར་ཡང་། ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་གལ་ཆེན་ཞིག་ཡིན་པ་ནི་སྨོས་སུ་མེད་དེ། ས་སྐྱ་ལེགས་བཤད་ལས། ཐོས་པ་རྒྱ་མཚོའི་གླིང་ལས་ལེགས་འཁྲུངས་ཤིང༌། །བློ་གྲོས་ཀླུ་ཡི་དབང་པོས་ལེགས་བཟུང་བའི། །དཔལ་ལྡན་ལེགས་པར་བཤད་པའི་རིན་ཆེན་གཏེར། །བློ་གསལ་བློ་ཡི་བང་མཛོད་དགང་བ་དང༌།། མཁས་པ་རྣམས་ཀྱི་འདོད་དགུ་བསྒྲུབ་པའི་ཕྱིར། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་དགེ་བའི་ཡིད་ཀྱིས་ལེགས་བརྟགས་ནས། །ཕྱོགས་རྣམས་གསལ་བར་བྱ་ཕྱིར་འདི་ཕྱེའོ། །ཞེས་ལོ་ཆེན་གཞོན་ནུའི་སྲོག་གིས་བཞེད་པ་ལྟར་དུ་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་ཐོས་པ་རྒྱ་མཚོ་ལྟ་བུར་བགྱིས་པའི་ཤེས་རབ་ཀྱི་གླིང་ལས། འཇིག་རྟེན་བདེ་ཐབས་རིག་པའི་བློ་གྲོས་ཀླུ་ཡི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞགས་ཀྱིས་ལེགས་པར་བཟུང་ཞིང་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུར་སོགས་སུ་བསྐྱིལ་བར་མཛད་པའི་ལུགས་གཉིས་ཀྱི་དཔལ་དང་ལྡན་པའི་བསྟན་བཅོས་དེ་རྣམས་ཁུངས་སུ་བྱས་ཏེ། བློ་གསལ་བློ་ཡི་བང་མཛོད་ཀྱི་ལོངས་སྤྱོད་དགང་ཞིང་མཁས་པ་རྣམས་ཀྱིས་རང་གཞན་གྱི་དོན་གཉིས་བསྒྲུབ་པར་བྱ་བའི་ཆེད་དུ། ཤཱཀྱའི་དགེ་སྦྱོང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་རང་ཉིད་ཀྱིས་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ། སྔོན་ཡང་འདི་བཞིན་སྤྱད་རྣམས་འཕེལ། །ད་ལྟ་ན་ཡང་དེ་ལྟར་མཐོང༌། །གཏན་ཚིགས་བཟང་པོ་འདི་ཡིས་ནི། །མ་འོངས་རྣམས་ཀྱང་ཕུན་ཚོགས་འཐོབ། །ཅེས་སྔོན་གྱི་ལོ་རྒྱུས་གཟིགས་པའི་བསམ་གཞིག། ད་ལྟའི་གནས་བབ་མཐོང་བའི་དོན་དངོས། མ་འོངས་སྔོན་དཔག་གི་རིགས་ལམ་བེད་སྤྱད་དེ་བརྟག་ཅིང་དཔྱད་པའི་ཞིབ་འཇུག་གི་ལམ་ནས། ཡ་རབས་བཟང་སྤྱོད་ཀྱི་བླང་དོར་འཇུག་ལྡོག་མ་ནོར་བ་ཚུལ་བཞིན་སྟོན་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་འདི་མཛད་པ་ཡིན་ནོ་ཞེས་གསུངས་པ་འདི་ཁོ་ནས་ཀྱང་བསྟན་བཅོས་འདིའི་རིན་ཐང་གང་འཚམ་མཇལ་ཐུབ་པ་ཡིན།
དེ་ལ་ཀླུ་སྒྲུབ་ཀྱི་གསུང་ཆོས་སྐོར་ཚོ་ཆེན་པོ་གསུམ་དུ་དབྱེ་ཡི་ཡོད་དེ། ལྟ་བ། སྤྱོད་པ། ཟུང་འཇུག་གཙོ་བོར་སྟོན་པའི་བསྟན་བཅོས་གསུམ་དུ་ཕྱེ་ཡི་ཡོད། དེ་ལས་ལུགས་ཀྱི་བསྟན་བཅོས་རྣམས་ནི་སྤྱོད་པ་གཙོ་བོར་སྟོན་པའི་བསྟན་བཅོས་སུ་འཇོག་པར་མཛད་པ་ནི། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་འདིས་ཀྱང་འགྲུབ་ལ། ཕྱིས་སུ་ལང་ཀར་གཤེགས་པ་ལས་ཐེག་པ་ལྔ་རུ་བཤད་པའི་འཇིག་རྟེན་ལྷ་མིའི་ཐེག་པའི་མགོ་ཁུངས་དང་འཇིག་རྟེན་ལྷ་མིའི་ཐེག་པའི་བསྟན་བཅོས་ཀྱི་ཐོག་མ་དང་གཙོ་བོ་ནི་སློབ་དཔོན་འདིའི་ལུགས་ཀྱི་བསྟན་བཅོས་རྣམས་མིན་འགྲོ་སྙམ་པ་ཞིག་རེད། འོ་ན་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་སྐོར་ཚོ་གསུམ་གྱི་སྤྱོད་པ་གཙོ་བོར་སྟོན་པའི་ཁོངས་གཏོགས་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་འཕྲོ་སའི་བཀའ་གང་ཡིན་ཞེ་ན། པང་ལ་དཔལ་གནས་པའི་འཇིག་རྟེན་ཁྱིམ་པ་རྣམས་ལ་གཙོ་བོ་ལྟོས་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱི་དགོངས་པའི་ཡིན་ཞེས་བཤད་ཀྱང་ཆོག་ལ། དེང་གི་བྱུང་རབས་སྨྲ་བ་དང་ཐེག་པ་ཆེ་ཆུང་ཐུན་མོང་གཅིག་གྱུར་གྱིས་ཁས་ལེན་གནང་བའི་སྟོན་པའི་ཚབ་མཚོན་གྱི་གསུང་རབ། ཆོས་ཀྱི་ཚིགས་སུ་བཅད་པ་ལས། ལ་ལ་རྙེད་པའི་ལམ་ཡིན་ཏེ། །ལ་ལ་མྱ་ངན་འདས་པའི་ལམ། །འདི་གཉིས་མངོན་པར་ཤེས་བྱས་ནས། །དགེ་སློང་སངས་རྒྱས་ཉན་ཐོས་རྣམས། །བཀུར་བསྟི་དག་ལ་མི་དགའ་ཞིང་། །དབེན་པའི་བསྔགས་པ་བརྗོད་པར་བྱོས། །
ཞེས་རབ་ཏུ་བྱུང་བའི་ཁ་ཕྱོགས་གསལ་པོར་བསྟན་ཞིང་ཁོང་གི་རྗེས་འཇུག་རྙེད་བཀུར་གྱི་ལམ་ལ་གནས་པའི་ཁྱིམ་པ་ཐུན་མོང་གི་ལྟ་སྤྱོད་ཇི་ལྟར་བགྱི་བའི་གསལ་ཁ་དེ་འདྲ་མ་གསུངས་ཀྱང་། ཐོར་བུ་ཅི་རིགས་པའི་ཚུལ་དུ་གསུངས་པ་རྣམས་ལ་གཞི་བྱས་ཏེ་བསྟན་བཅོས་འདི་ཉིད་བརྩམས་པར་ངེས་ཏེ། འདི་ལས། སྐྱེ་བོ་བློ་དཔངས་མཐོ་བ་ལ། །འདི་ན་བདེ་སྐྱིད་གཉིས་ཡོད་དེ། །འདུ་འཛི་ཐམས་ཅད་སྤངས་པའམ། །འབྱོར་པ་ཤིན་ཏུ་རྒྱ་ཆེ་བའོ། །དཔལ་ནི་རྒྱབ་ཀྱིས་ཕྱོགས་གྱུར་ཅིང་། །རྩོལ་བ་དོན་མེད་ཉིད་གྱུར་པའི། །དམ་པ་དབུལ་པོར་གྱུར་པ་ལས། །ནགས་ལས་གཞན་དུ་བདེ་བ་མེད། །དམ་པའི་འགྲོ་བ་གཉིས་ཡིན་ཏེ། །མེ་ཏོག་དག་གི་མགོ་ལྕོགས་བཞིན། །འཇིག་རྟེན་ཀུན་གྱིས་སྤྱིར་བཀུར་བའམ། །ནགས་ཉིད་དུ་ནི་དེངས་པར་བྱ། །ངང་གིས་སྐད་ཅིག་འཇིག་པ་ཡི། །ཚེ་ཡི་སྙིང་པོ་འདི་ཡིན་ཏེ། །མཛའ་དང་མཁས་དང་ཤེད་མ་བྱེད། །ལྷན་ཅིག་བག་ཡངས་གནས་པའོ། ། ཞེས་ཆོས་ཀྱི་ཚིགས་སུ་བཅད་པའི་དགོངས་དོན་ནང་བཞིན་མྱང་འདས་དོན་དུ་གཉེར་བའི་རབ་ཏུ་བྱུང་བའི་ཁ་ཕྱོགས་དང་། སྤྱོད་པ་རྣམ་དག་འདི་དང་འབྲེལ་བའི་གཤམ་དུ་འཆད་འགྱུར་གྱི་ལྟ་བ་ཤེས་རབ་ཀྱི་སྐོར་འགའ་ཞིག་མ་གཏོགས། རྙེད་བཀུར་འཇིག་རྟེན་པའི་མི་ཆོས་དོན་དུ་གཉེར་བའི་ནང་པའི་རྗེས་འཇུག་ཁྱིམ་པ་རྣམས་ཀྱི་འཇིག་རྟེན་བདེ་ཐབས་ཀྱི་འཚོ་ཚིས་ལ་དོ་ཕོག་ཅི་ཡང་མ་བཏང་ཞིང་། འཇིག་རྟེན་མི་ཆོས་ཀྱི་ཡ་རབས་བཟང་སྤྱོད་ཀྱི་བླང་དོར་ཇི་ལྟར་བགྱི་བའི་རབ་དབྱེ་ཚུལ་བཞིན་དུ་བསྟན་པར་མཛད་པ་ཡིན། འདི་དང་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་ལུགས་ཀྱི་བསྟན་བཅོས་ཀྱི་བར་ལག་ནི། ཁེ་ཕན་ཡོད་ན་དེ་ཉིད་བདེན་དོན་ཡིན་པ་དང་། དམིགས་ཡུལ་གྱི་ཆེད་དུ་བྱ་ཐབས་ཅི་ཡང་བཀོལ་རུང་བའི་བླང་བྱ་འདི་རུ་མ་བསྟན་ཞིང་། མི་ཆོས་བཟང་སྤྱོད་ཀྱི་ལེགས་སྤྱད་ནི་མཆོག་གསུམ་ལ་དད་འདུན་གྱི་མཆོད་པ་དང་། འཇིག་རྟེན་ཡང་དག་གི་ལྟ་བའི་བླང་བྱ་གལ་ཆེན་དུ་བསྟན་པ་འདི་ཡི་ཐོག་ནས་འབྱེད་དགོས་པ་འདྲ་སྟེ། བསྟན་བཅོས་འདི་ཉིད་ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་སུ་གྲུབ་པའི་རྩ་བའི་སྒྲོམ་གཞིའི་མ་ལག་གལ་ཆེན་ཞིག་ནི་རྩ་དོན་དེ་འདྲ་ཞིག་ལ་གཞི་བཅོལ་ཡོད་པ་མིན་འགྲོ་སྙམ་པ་ཞིག་རེད།
དེ་ལ་འགའ་ཞིག་གིས་བསྟན་བཅོས་འདི་ལས་ཆོག་ཤེས་དང་། ནོར་གྱི་སྐྱོན། སྦྱིན་པའི་སློབ་གསོ་མང་དུ་གནང་གཤིས་ཁྱིམ་པའི་འཚོ་ཐབས་ཀྱི་བསམ་བློ་ལ་དོ་ཕོག་གཏང་མེད་པའི་སྐད་ཆ་ག་ལ་བཤད་སྤོབས་སོ་སྙམ་ན། ཆོག་ཤེས་མེད་པའི་དོན་མེད་འཕྲོ་བརླག་གི་རྒྱས་སྤྲོས། རིན་ཐང་འཁྲུག་པའི་རྒྱུ་ནོར་བྲན་གཡོག་གི་སྐྱོན་ཆ། དོན་གཉིས་འགྲུབ་པའི་དཔལ་འབྱོར་ལེགས་སྤྱོད་ཀྱི་ལས་རིགས་སོགས་ནི་ཆོས་ལུགས་གཏན་ནས་ཁས་མི་ལེན་པའི་གང་ཟག་དག་གིས་ཀྱང་འཇིག་རྟེན་བཟང་སྤྱོད་དུ་བརྩི་སྟབས། ཆོས་ལུགས་དང་འབྲེལ་བའི་ཁྱིམ་པའི་འཚོ་ཚིས་ལ་སྒྱིད་ལུག་གི་བསམ་བློ་སྐྱེད་པའི་སློབ་གསོར་བསྒྲུབ་པ་ནི་རང་གི་དེ་ཉིད་ཕྱི་རུ་ངོམ་པའི་ཀུན་སྤྱོད་ཀྱི་འདུ་བྱེད་ཅིག་ལས་གཞན་ཅི།
འཇིག་རྟེན་གྱི་བདེ་སྐྱིད་དོན་དུ་གཉེར་བ་ནི་བློ་དཔངས་མཐོ་བའི་སྐྱེ་བོའི་ལམ་རིམ་གཉིས་པ་ཡིན་པར་བསྟན་ཞིང་། འགྲོ་མིའི་བདེ་སྐྱིད་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེན་འབྱོར་བ་དོན་དུ་གཉེར་དུས། བསགས་ན་གྲོགས་འཁར་འཕེལ་འགྱུར་ལ། །སྤྱད་ན་མིག་སྨན་ཟད་འགྱུར་ལྟར། །དུས་ལས་འགོད་པ་ཆུང་འགྱུར་བ། །དེ་ཉིད་ཁོ་ན་མཁས་པ་ཡིན། །གྲོགས་འཁར་དང་ནི་སྦྲང་རྩི་དང་། །ཟླ་བ་ཚེས་པ་ཡར་གྱི་ངོ་། །རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །ཞེས་དཔལ་འབྱོར་གསོག་སྒྲུབ་ཀྱི་སྤང་བླང་གི་རྒྱུན་ཤེས་ཆུང་ས་ནས་བརྗོད་ཡོད་ལ། འབྱོར་བ་ལྡན་དུས་རང་བདེ་གཞན་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཅིང་མི་ཚེ་དཔལ་འབྱོར་གྱི་བྲན་གཡོག་ཏུ་རྫོགས་ཏེ་གསོན་པ་ནི་རྒྱུ་ནོར་གྱི་ཆེད་དུ་ཡིན་པའི་ངང་ཚུལ་ལོག་པའི་ཐབས་ལམ། ཡབ་གཅིག་འདི་ནི་ལས་ཀྱི་ས། །འདི་ནས་ཕ་རོལ་འབྲས་བུའི་ས། །འདི་ནི་གང་ཞིག་བྱས་གྱུར་པ། །དེ་ཉིད་གཞན་དུ་ངེས་པར་སྤྱོད། །གཞན་འབྱོར་རིགས་དང་གཟུགས་དང་ནད་མེད་ཉིད། །མཐོང་ནས་འདིར་ནི་ཅི་ཕྱིར་གདུང་བར་བྱེད། །གལ་ཏེ་འདི་ཀུན་ཁྱོད་འདོད་བསོད་ནམས་ཀྱི། །ས་བོན་ལས་ནི་འབྲས་འབྱུང་མ་ཐོས་སམ། །འབྱོར་པ་ཡོད་ཀྱང་གཏོང་མེད་ན། །ཉེ་བར་འཚོ་བས་ཅི་བྱར་ཡོད། །ཀིམ་པ་ཀ་ཡི་འབྲས་བུ་ནི། །ཆག་ཀྱང་ལྟོགས་ལ་ཅི་བྱར་ཡོད། །གང་ཞིག་གཞན་ལ་གནོད་པ་མེད་པར་སྦྱིན་གཏོང་བ། །འདི་ཡི་ལོངས་སྤྱོད་སྣ་ཚོགས་ཆུ་ཡིས་མི་འཁྱེར་ཞིང་། ། མེ་ཡིས་མི་ཚུགས་རྐུན་པོ་རྣམས་ཀྱིས་འཕྲོག་མི་ནུས། །དེ་ཡི་འབྱོར་པ་ནམ་ཡང་རབ་ཉམས་མི་འགྱུར་རོ། ། ཞེས་རང་གཞན་ལ་དགེ་བའི་འཕྲལ་ཕུགས་གཉིས་སམ་ཕུགས་ལ་སྨན་པ་རྩ་བར་གཟུང་བའི་སྦྱིན་པའི་ལས་རིགས་གཙོ་བོར་གྱུར་པའི་བླང་བྱ་གལ་ཆེན་བསྟན་ཡོད། དེ་འདྲའི་ཐོག་མཐའ་གཉི་གར་ཆོག་ཤེས་ཀྱི་སློབ་གསོ་ནི་མེད་དུ་མི་རུང་བའི་བསླབ་བྱ་ཞིག་སྟེ། ཐོག་མར་དཔལ་འབྱོར་གསོག་དུས་ཀྱང་ཆོག་ཤེས་སེམས་ཁམས་ཀྱི་བར་སྟོང་མེད་པ་ཡིན་ན། རྐུ་འཕྲོག་བསླུ་གསུམ་དང་ལྐོག་ཟ་རུལ་སུངས་སོགས་ཀྱིས་འབགས་ཏེ། མི་སྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །ཞེས་གསུངས་པའི་དགྲ་འདུལ་གཉེན་སྐྱོང་གི་མི་ཆོས་བསམ་བློའི་ཀུན་སྤྱོད་ཀྱི་མ་མཐའི་རྩ་དོན་ཡང་བོར་བའི་གནས་སྟངས་མང་པོ་ཞིག་འབྱུང་གི་ཡོད་པ་ཡིན། ཐ་མ་དཔལ་གྱི་འབྱོར་བ་ལྡན་དུས་ཆོག་ཤེས་ཀྱི་བསམ་བློ་མེད་པ་ཡིན་ན། གསོན་པ་ནི་དཔལ་འབྱོར་གྱི་བྲན་གཡོག་ཆེད་དུ་རྫོགས་ཏེ་རླབས་ཆེ་བའི་སྦྱིན་པའི་ལས་རིགས་གཉེར་བའི་མཐུན་རྐྱེན་གྱི་སྔོན་འགྲོ་མེད་པ་ཡིན་ནོ། །
ཆོག་ཤེས་མེད་པའི་འདོད་རྔམས་ཀྱི་ཉེས་དམིགས་དཔེ་མཚོན་ཤོ་ལོ་ཀ་གཅིག་གིས་དྲིལ་བ་ཡིན་ན། ས་བདག་འདོད་ལ་ཆགས་པས་ཕན་དང་གནོད་པ་ཤེས་མི་འགྱུར། །ཇི་ལྟར་རང་དགར་རང་སྤྱོད་མྱོས་པའི་གླང་ཆེན་བཞིན་དུ་སྤྱོད། །དེ་འོག་འགྱོད་པས་རབ་གདུངས་ཉམ་ངའི་མྱ་ངན་གཡང་སར་ལྷུང་། །དེ་ཡིས་འཁོར་ལ་ཉེས་པ་བགོད་བྱེད་རང་གི་སྐྱོན་མ་རིག །ཅེས་གསུངས་པ་ནང་བཞིན། འདོད་པ་ཆུང་ཞིང་ཆོག་ཤེས་མེད་པའི་སྟབས་ཀྱིས། བཟང་ངན་སྤང་བླང་གི་མིག་ལྡོངས། དྲང་སྙོམ་གྱི་སྤྱོད་པའི་གཞུང་ཤིང་ཆག། མཚན་སྙན་གྱི་དུང་དཀར་གྲུམས་ཤིང་ཚེ་སྨད་བཙོན་དུ་རྫོགས་དགོས་པའི་ལྐོག་ཟ་རུལ་སུངས་པ་རྣམས་ཀྱིས་རང་ཉིད་མ་ཟད། རང་ལ་ལྟོས་པའི་འཁོར་དང་སྤྱི་ཚོགས་བཟང་སྤྱོད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་ཚང་མ་བརླག་གི་ཡོད་པའི་དོན་དངོས་ནི། བལྟ་བ་ལས་བཤད་མི་དགོས་པའི་ཤེས་བྱ་ཞིག་ཏུ་ཆགས་བསྡད་ཡོད་པ་ནི་ཀུན་ལ་གསལ་བ་དེ་ག་རང་དུ་ལགས་སོ། །
གལ་གནད་ཆེ་བ་གཞན་ཡང་། འཕགས་བོད་ཐུན་མོང་བའི་མི་ཆོས་ཀུན་སྤྱོད་ཀྱི་རྩ་དོན་ཞིག་གམ་འཚོ་བའི་དོན་སྙིང་གི་ལྟ་ཚུལ་གལ་ཆེན་ཞིག་ནི། རྒྱ་ནག་སོགས་དང་ཐུན་མོང་མ་ཡིན་པའི་མི་ཆོས་བསམ་བློའི་རྩ་དོན་བསྟན་ཡོད་དེ། ཁུང་ཙིའི་གསུང་སྒྲོས་ལས། ཙི་ཀུང་ན་རེ། གཞན་གྱིས་བདག་ལ་བཙན་པོ་གཉའ་འཇོག་བྱེད་དུ་འཇུག་མི་འདོད་ལ། བདག་གིས་གཞན་ལའང་བཙན་པོ་གཉའ་འཇོག་བྱེད་མི་འདོད་དོ། །ཁུང་ཙི་ན་རེ། ཀྱེ་ཙི་ཀུང་། འདི་ནི་ཁྱོད་ཀྱིས་བསྒྲུབ་ནུས་པ་ཞིག་མ་ཡིན་ནོ། ། ཞེས་བྲན་གཤིས་རྩ་བར་གཟུང་བའི་དབང་སྒྱུར་གྲལ་རིམ་གྱི་གུས་ལུགས་ནི་རང་བྱུང་གི་སྤྱི་ཁྲིམས་ལྟ་བུར་བཤད་དེ། རང་གིས་གཞན་ལ་བརྙས་བཅོས་བྱ་བའི་ཐོབ་ཐང་མེད་པ་ནང་བཞིན། གཞན་གྱིས་ཀྱང་རང་ལ་བཙན་པོ་དབང་ཤེད་ཀྱིས་ཐུབ་ཚོད་གཏང་བ་ལ་གྱེན་རྒོལ་གྱི་སྙིང་སྟོབས་དང་འབྲེལ་བའི་ལྟ་ཚུལ་ཏེ། ཕན་ཚུན་འདྲ་མཉམ་གྱི་བསམ་བློ་ནི་གནས་ལུགས་སམ་གནམ་གྱི་དགོངས་པ་དང་འགལ་བས་བསྒྲུབ་བྱ་མ་ཡིན་པར་བཤད་པ་ཡིན་ཞིང་། བསྟན་བཅོས་འདི་རུ་དེ་ལས་ལྡོག་པའི་འདྲ་མཉམ་རྩ་བར་གཟུང་བའི་དྲང་སྙོམ་གྱི་མི་ཆོས་བསམ་བློའི་རྩ་དོན་བསྟན་པ་ཡིན་ཏེ། འདི་ལས། གཞན་གྱི་ཁུ་ཚུར་འཚོ་བ་བླ། །ནགས་ན་ཤིང་ཤུན་གྱོན་པ་བླ། །མི་རྣམས་ཤི་བར་གྱུར་ཀྱང་བླ། །ཉིན་རེ་བཞིན་དུ་བརྙས་ཐབས་མིན། །མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་གིས་ཅི་ཞིག་བྱ། །ཞེས་གསུངས་ཡོད་པ་ཡིན།
སྐོར་ཚོ་གཉིས་པ། ཤེས་རབ་སྡོང་བུ།
དེ་ཡང་། མཐོང་དང་མ་མཐོང་ཡོན་ཏན་གྱི། །འབྱུང་གནས་ཆེན་པོ་རིགས་པ་ཡིན། །དེས་ན་དེ་བས་དོན་གཉེར་བས། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །ཞེས་མཐོང་བ་ཚེ་འདིའི་ཡོན་ཏན་ནམ་དཔལ་ཡོན་དང་། མི་མཐོང་བ་མིན་ཡང་མ་མཐོང་བ་ཚེ་ཕྱི་མའི་ངེས་ལེགས་ཀྱི་ཕུན་ཚོགས་གང་ཞིག་ཡིན་ཡང་། རྩོད་མེད་ཡོངས་སུ་གྲགས་པའི་འབྱུང་གནས་ཆེན་པོ་ནི། རིགས་དང་མི་རིགས་འབྱེད་པའི་བློས་གྲོས་ཀྱི་དཔལ་མངའ་བའི་ཤེས་རབ་ཉིད་ཡིན་ཞིང་། རྒྱུ་མཚན་དེ་ཡི་དབང་གིས་འདི་ཕྱིའི་ལེགས་ཚོགས་གང་ཞིག་དོན་དུ་གཉེར་བའི་སྐྱེ་བོ་ཀུན་གྱིས་ཡོངས་སུ་གཟུང་ཞིང་བསྐྱེད་པར་བྱ་བ་ནི་ཤེས་རབ་ཉིད་ཡིན་ནོ་ཞེས། ལུགས་གཉིས་པོ་གང་ཡིན་ཡང་རང་རང་གི་ལེགས་ཚོགས་འབྱུང་བའི་རྩ་བའི་གཞུང་རྟ་ཆེན་མོ་ནི་ཤེས་རབ་ཡིན་པར་བཞེད་དོ། །
དེ་བཞིན་དུ། རིགས་དང་མི་རིགས་དཔྱོད་པའི་བློ་མེད་ཅིང་། །ཐོས་དང་སྡོམ་པ་མང་པོ་རྣམ་སྤངས་ནས། །ལྟོ་བ་འགེངས་པ་ཙམ་ཞིག་འབའ་ཞིག་འདོད། །སྐྱེས་བུ་ཕྱུགས་དང་ཕྱུགས་ལ་ཁྱད་ཅི་ཡོད། །ཞེས་རང་ཉིད་མི་གྲལ་དུ་འཇོག་པའི་ཚད་ཤིང་ནི། འཇིག་རྟེན་མི་ཆོས་ཀྱི་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་རྒྱུད་ལ་ལྡན་ཞིང་། མི་ཚེའི་བརྩོན་པ་བཟའ་བཏུང་རྩོལ་སྒྲུབ་ལས་འགོངས་ཏེ་རྣམ་དཔྱོད་ཀྱི་ཤེས་རབ་སྐྱེད་པའི་བདག་རྐྱེན་ཐོས་སོགས་དོན་དུ་གཉེར་བ་དང་། ངན་སྤྱོད་སྟངས་འཛིན་གྱི་སྡོམ་པའམ་དམ་བཅའི་གཏན་ཚིགས་ཡོད་དགོས་པ་སོགས་ཀྱིས་མཚོན་ཏེ། མདོར་ན་བསྟན་བཅོས་འདི་ཡི་བརྗོད་དོན་གཙོ་བོ་ནི། མིའི་འགྲོ་བ་སྤྱི་ལ་འཕྲོད་པའི་བླང་དོར་རྣམ་འབྱེད་ཀྱི་ཤེས་རབ་རྩ་བར་གཟུང་ཡོད་ལ། ཤེས་རབ་དེ་དག་ལེགས་བཤད་རེ་རེར་སྦྲུམ་ནས་གནས་པའི་སྟབས་ཀྱིས། ཤེས་རབ་ཀྱི་འོད་སྣང་འབྱུང་བའི་སྡོང་བུ་དང་། ཕུན་སུམ་ཚོགས་པའི་ཡལ་ག་དང་འབྲས་བུ་སྐྱེ་བའི་སྡོང་པོ། འཇིག་རྟེན་གྱི་རྒུད་པའི་གཞི་མ་རྨོངས་པའི་རྩ་བ་གཅོད་པའི་ཤེས་རབ་ཀྱི་བེ་ཅོན་ཏེ། ལེགས་བཤད་རེ་རེ་ནི་བླང་དོར་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་འོད་སྣང་འབྱུང་བའི་སྡོང་བུ་རེ་རེ་ཡིན་གཤིས། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་འདི་ནི། འཇིག་རྟེན་ཡང་དག་གི་ལྟ་བས་ཟིན་པའི་འཇིག་རྟེན་མི་ཆོས་ཀྱི་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་བརྒྱ་ཕྲག་གཉིས་དང་ཕྱེད་ལྷག་གིས་གྲུབ་པ་ཡིན་ཞེས་བཤད་ནའང་འགལ་བ་མེད་དེ། དཔེར་ན་ཤེས་རབ་བརྒྱ་པའི་མཚན་དོན་བཞིན་ནོ། །
སྐབས་བབ་ཀྱི་འཕྲོས་བཤད་འཕྲུལ་གྱི་མེ་ལོང་།
དེ་ལྟར་རྒྱ་ཆེ་བའི་བརྗོད་བྱ་ཤེས་རབ་ཀྱི་རྣམ་པ་རེ་རེ་བཞིན་དུ་བཤད་པ་ཡིན་ན། སྐབས་བབ་ཀྱི་བརྗོད་དོན་སྒྲིབ་པའི་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་སྟབས། དེ་དག་རེ་ཞིག་བཞག་ལ་སྐབས་སུ་བབ་པའི་གླེང་གཞི་ནི། བསྟན་བཅས་ཤེས་རབ་སྡོང་བུ་རྩོམ་མཁན་དེ་ཉིད། ཕྱི་ནང་གི་གྲུབ་མཐའ་གང་ཞིག་ལ་གནས་པའི་གང་ཟག་ཡི་མིན་གཙོ་བོར་གཟུང་སྟེ། ཤོ་ལོ་ཀ་འགའ་ཞིག་དམིགས་སུ་བསལ་ཏེ་ཞུས་པ་ཡིན་ན།
དང་པོ། ཕྱི་ནང་གི་ཁྱད་པར་དང་ཀུན་སྤྱོད་ཀྱི་ཞེན་རྟེན་སྐྱབས་འགྲོ།
ཕྱི་ནང་གི་ཁྱད་པར་དང་ནང་ཆོས་ལ་ཞུགས་མིན་གྱི་བརྟག་ཐབས། རྒྱ་བོད་གཉིས་ལ་ཡོངས་སུ་གྲགས་པ་ནི་སྐྱབས་འགྲོའི་སྐོར་ཡིན་ཞིང་། ས་སྐྱ་ལེགས་བཤད་ཀྱི་རབ་བྱེད་དགུ་པ་ཆོས་བརྟག་པའི་ནང་མཚན། ཐོག་མའི་ཤོ་ལོ་ཀ་ནི། འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། །སྟོན་པ་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་བརྐོ་བ་ཡིན། །ཞེས་པ་འདི་ཉིད་ཡིན་ཞིང་། འདི་ལས་རྩོམ་པ་པོ་མཆོག་གསུམ་ལ་རྟོན་པའི་ཡིད་ཆེས། བསྟན་པ་གང་ལ་ཞུགས་པའི་རིན་ཐང་གི་ལྟ་ཚུལ། ནང་པ་ཡིན་མིན་གྱི་ཚད་ཤིང་སྐྱབས་འགྲོ་ལ་ཐུགས་པ་སོགས་ཀྱི་དོན་རྣམས་བསྟན་ཡོད། དེ་བཞིན་དུ། གུང་ཐང་བསྟན་པའི་སྒྲོན་མེའི་ཆུ་ཡི་བསྟན་བཅོས་ལས། འདི་འདྲའི་བསྟན་དང་མཇལ་བཞིན་དུ། །ལྟར་སྣང་ལམ་ལ་སུ་ཞིག་འཇུག །ལྷ་ཡི་ཆུ་བོ་གང་གཱའི་རྩར། །བ་ཚྭའི་ཁྲོན་པ་སུ་ཞིག་བརྐོ། །ཞེས་དཔང་གྱུར་གྱི་སྐྱེས་བུ་དམ་པ་འདི་དག་གི་ལེགས་བཤད་ནང་དུ། ཚིག་གི་སྦྱོར་བ་ཅུང་ཟད་ཙམ་ལས་རྩ་བའི་དཔེ་དོན་གྱི་སྒྲོམ་གཞི་གཅིག་ཏུ་བབ་པའི་ཤོ་ལོ་ཀ་འདིའི་དགོངས་པ། རང་བཟོ་ལྟ་བུའི་གསར་དུ་བརྩམ་པ་མ་ཡིན་ཞིང་། སྤྱིར་རྒྱ་བོད་ཀྱི་མཁས་གྲུབ་མང་པོའི་དགོངས་པ་ཡིན་པར་མ་ཟད། བྱེ་བྲག་གི་ཁུངས་དངོས་ནི་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་འདི་ཉིད་ཡིན་ཏེ། སངས་རྒྱས་མགོན་པོ་ཡོངས་སྤངས་ཏེ། །ལྷ་གཞན་ལ་ནི་ཕྱག་བྱེད་པ། །བློ་ངན་གང་གཱའི་མགྲན་དུ་ནི། །སྐོམ་ནས་ཁྲོན་པ་བྱེད་དང་མཚུངས། །ཞེས་གསུངས་པ་འདི་ཉིད་ཡིན་པ་སྨོས་སུ་མེད་ཅིང་། བསྟན་བཅོས་འདི་ལས་བཏུས་ཏེ་གཤམ་དུ་འགོད་འགྱུར་གྱི་ཆོས་བརྟག་པའི་ལན་ཚན་ལ་གཟིགས་རྟོག་གནང་དང་། ས་སྐྱ་ལེགས་བཤད་ཀྱི་རབ་བྱེད་དགུ་པ་ཆོས་བརྟག་པ་ཞེས་པའི་སྡེ་ཚན་དེ་ཉིད་གང་ལས་འབྱུང་བའི་ཁུངས་དང་། ཇི་ལྟར་འབྲེལ་བའི་ཚུལ་རྣམས་གང་འཚམ་ངེས་ཐུབ་པ་མ་ཟད། འཇམ་མགོན་ས་པཎ་གཙོ་བོར་གྱུར་པའི་བོད་ཀྱི་ལེགས་བཤད་རྩོམ་པ་དག་གིས་བསྟན་བཅོས་འདི་ཉིད་ནང་བསྟན་དང་འབྲེལ་བའི་ལུགས་ཀྱི་བསྟན་བཅོས་སུ་ཞལ་གྱིས་བཞེས་ཡོད་པ་གསལ་པོར་མཐོང་ཐུབ་པ་ཡིན།
ནང་བསྟན་མི་ཆོས་རིག་པའི་ངོས་ནས་བཤད་པ་ཡིན་ན། སྐྱབས་འགྲོ་ནི། རང་རྒྱུད་ལ་མི་ཆོས་བཟང་སྤྱོད་གནས་པའི་མ་ལག་གི་སྒྲོམ་གཞི་གལ་ཆེན་ཞིག་ཡིན་ཏེ། སངས་རྒྱས་ལ་སྐྱབས་སུ་སོང་བ་ནས་བཟུང་སྟེ་འདི་ཕྱིའི་ལམ་སྟོན་གྱི་སློབ་དཔོན་གང་འདྲ་ཞིག་བསྟེན་པའི་ཁ་ཕྱོགས་གཏན་ཁེལ་བྱས་བཞག་ཡོད་པ་ཡིན། སློབ་དཔོན་དེ་ནི་ཆོས་ཉིད་ཀྱི་གཤིས་བབ་དང་མཐུན་པའི་བླང་དོར་ལམ་སྟོན་གནང་བའི་མཁྱེན་པ་དང་ལྡན་དགོས་པར་མ་ཟད། སེམས་ཅན་སྤྱི་དང་ལྷག་པར་དུ་རང་ལ་ཡིད་རྟོན་པའི་སློབ་མ་རྣམས་ལ་ཀུན་སྙོམས་ཀྱི་བརྩེ་བ་ལྡན་ཞིང་། རང་དོན་གྱི་འཁྲི་བ་ཆོད་པའི་ཐུགས་བརྩེས་ནམ་ཡང་བསླུ་བ་མི་སྲིད་པའི་བྱམས་བརྩེ་མངའ་བ། ཐུགས་རྒྱུད་ཀྱི་ཡོན་ཏན་དེ་རྣམས་སྒོ་གསུམ་གྱི་སྤྱོད་པར་མངོན་སྟབས། འབྲེལ་ཡོད་ཀྱི་མི་དག་རང་བཞིན་གྱིས་ལེགས་ལམ་དུ་དཀྲི་བའི་ནུས་པ་ལྡན་ཞིང་། བཟང་སྤྱོད་ལེགས་སྤེལ་གྱི་ཐབས་ཚུལ་རང་དཔེ་གཞན་སྟོན་ལ་དབང་འབྱོར་བའི་སྐྱེས་བུ་དམ་པ་ཞིག་ཡིན་དགོས་ཤིང་། དེ་དག་གི་ཡོན་ཏན་མི་ལྡན་པ་ཙམ་དུ་མ་ཟད་དེ་ལས་ལྡོག་པའི་དག་ནི་ལུགས་གཉིས་ཀྱི་ལམ་སྟོན་པའི་སློབ་དཔོན་དུ་མི་བསྟེན་པའི་དམ་བཅའ་དང་འབྲེལ་བ་ཡོད་པ་ཡིན།
ཆོས་ལ་སྐྱབས་སུ་སོང་བ་ནས་བཟུང་སྟེ། མ་མཐའ་ཡང་རང་གཞན་ལ་གནོད་འཚེ་མི་བྱེད་པའི་སྤོང་སེམས་ཡོད་དགོས་པར་མ་ཟད། རང་གི་འཇོན་འཁུས་ལ་བསྟུན་ཏེ་བདག་གཞན་ལ་སྨན་པའི་བྱ་བ་གང་ཞིག་ཡིན་ཡང་གུས་སྦྱོར་གྱི་བརྩོན་པས་ཅི་ལྕོགས་བགྱི་བའི་དམ་བཅའ་གནང་དགོས་པ་ཡིན། དགེ་འདུན་ལ་སྐྱབས་སུ་སོང་བ་ནས་བཟུང་སྟེ། ཡ་རབས་བཟང་སྤྱོད་ཀྱི་ཡོན་ཏན་ཉམ་དམས་པའམ་མ་རབས་ངན་སྤྱོད་འགོ་བའི་མི་ལ་ཕན་ཚུལ་ཚོང་འབྲེལ་དང་བརྩི་བཀུར་མཚོན་པའི་གྲོགས་སུ་འགྲོགས་པར་འོས་ཀྱང་། ནམ་ཡང་ལྟ་སྤྱོད་མཐུན་པའི་སྒོ་ནས་མི་འགྲོགས་ཤིང་གྲོགས་པོར་མི་བསྟེན་པའི་དམ་བཅའ་དང་འབྲེལ་བའི་གུ་ཡངས་ལ་དམ་བཅའ་དོག་པའི་ཀུན་སྤྱོད་བསྟེན་པ་ཡིན།
དོན་འདི་ལ་དགོངས་ཏེ་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་སྐུ་ཞབས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས།བདག་ཉིད་གང་ལ་མི་དགའ་བ། །གཞན་ལ་ཀུན་ཏུ་མི་སྤྱོད་དོ། །ཞེས་འབྱུང་བ་དེ་ནི་ཚིག་དོན་གཉི་ག་རྒྱའི་ཀོང་ཙེའི་གསུང་སྒྲོས་ཀྱི་ལེའུ་ལྔ་པ་ལས། “己所不欲,无施于人”ཞེས་ཀོང་ཙེས་རང་གི་སློབ་མ་ཙི་ཀུང་བྱ་བ་ལ་གདམས་པའི་ཚིག་ཅིག་བྱུང་བ་དེ་དང་གའུ་ཁ་སྦྱོར་དུ་འདུག་པ་ཤིན་ཏུ་ངོ་མཚར་ཞིང་། ཀོང་ཙེའི་གསུང་འདི་རྒྱའི་མཁས་པ་མང་པོས་གཞན་ལ་ངོམ་འཕྱར་བྱེད་ཅིང་། ད་ལྟ་འཛམ་གླིང་གིས་ཀྱང་ལེགས་བཤད་ཡ་མཚན་དུ་བརྩི། དོན་དུ་ཚིག་དེ་བྲམ་ཟེ་ཙ་ན་ཀས་ཀྱང་ཆེས་ཤིན་ཏུ་སྔ་མོ་ནས་བཤད་འདུག་ལ། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་ནས་རང་རེ་རྣམས་ཀྱི་སྐད་དུའང་བསྒྱུར་འདུག་མོད། ལོ་ངོ་ཆིག་སྟོང་སྔོན་གྱི་ངེད་ཅག་གི་བསྟན་བཅོས་ཀྱི་ཁྲོད་ན་ཚིག་དེ་ཡོད་ཅེས་སྨྲས་ཚེ་དང་པོ་གཞན་དག་གིས་སྣ་གཉེར་བྱེད་པའང་སྲིད་དེ། ནོར་དང་མི་ལྡན་སྐྱེ་བོ་ཡིས། བདེན་པ་སྨྲས་ཀྱང་སྤོང་བར་བྱེད། ཅེས་མ་སུ་རཀྵས་གསུངས་པ་ལྟར་རྣམ་པ་ཀུན་ཏུ་བརྙས་ཆེས་པའི་ཕྱིར་རོ། ། འོན་ཀྱང་ཡོད་པ་དངོས་ཡིན་ན་བསྙོན་དུ་ནི་ཅི་ཡོད། དེ་ཡང་ཚིག་གི་བརྗོད་པ་ངོ་མཚར་བ་ཙམ་མ་གཏོགས་དོན་ནི་རང་རེས་རྟག་པར་ལག་ལེན་དུ་ཅི་འཁྱོལ་བྱེད་པའི་ཆེས་རྩ་བར་གྱུར་པའི་སྤང་བླང་གི་རྣམ་གཞག་སྟེ། རང་གིས་སྡུག་བསྔལ་མི་འདོད་པ་བཞིན་དུ་གཞན་གྱིས་ཀྱང་སྡུག་བསྔལ་མི་འདོད་ན། གཞན་ལ་གནོད་པའམ་འཚེ་བར་མ་བྱེད་ཅེས་པ་དེའོ། །མཐར་གཏུགས་ན་རང་རེ་རྣམས་ཀྱིས་སྐྱབས་འགྲོའི་ཚིག་རྗེས་སུ་ཟློ་བའང་དེའི་ཆེད་དུ་དམ་བཅའ་བ་ཡིན། དེ་ནི་ཤིན་ཏུ་ངོ་མཚར་ཆེ་མོད། རང་རེ་ལ་དེ་ལས་ཀྱང་ངོ་མཚར་བའི་གཞུང་ལུགས་དང་ལྟ་བ་མང་དུ་ཡོད་པ་རིག་གནས་ཀྱི་ཁྱིམ་ར་འདིའི་ཕྱི་རོལ་ཏུ་ཡོད་པ་ཚོས་རྟོགས་དཀའ། དེ་ཡང་དེ་དག་ཤེས་རབ་མེད་པས་མ་ཡིན་ཏེ། ང་རྒྱལ་གྱི་མ་གོ་འཕང་མཐོ་ཆེས་པ་དང་། ཕྱོགས་འཛིན་གྱི་ལིང་ཏོག་མཐུག་དྲགས་པས་ལན། ཞེས་སྐྱབས་འགྲོ་ནི་མཆོག་གསུམ་དཔང་དུ་བཞག་ནས་བཟང་སྤྱོད་ཀྱི་ལམ་དུ་ཞུགས་པའི་དམ་བཅའ་གནང་བའི་དོན་དུ་བཀྲལ་བ་ནི་སྟོན་པའི་དགོངས་པ་རྨ་མེད་པ་ཡིན་ནོ། །
གཉིས། བརྗོད་བྱའི་ཕྱག་རྒྱ་བཞི་ཡི་རགས་བཤད།
རྣམ་པ་གཞན་ཡང་རྩོམ་པ་པོ་ནང་པ་ཡིན་པའི་རྒྱུ་མཚན་བསྟན་བཅོས་འདི་ལས་བཤད་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དག་རགས་བཤད་བྱས་པ་ཡིན་ན་འདི་ལྟ་སྟེ།
འབྱོར་པ་གཡོ་ཞིང་ལང་ཚོ་ཡུད་ཀྱིས་འཇིག །སྲོག་ནི་གཤིན་རྗེའི་སོ་གཅིག་གནས་དང་མཚུངས། །འོན་ཀྱང་འཇིག་རྟེན་ཕ་རོལ་སྒྲུབ་ལ་ལྷོད། །ཀྱེ་མ་མི་ཡི་སྤྱོད་པ་ངོ་མཚར་ཆེ། །ཞེས་ནང་པའི་མི་རྟག་པའི་ཉམས་ལེན་གྱི་རིམ་པ་སྤྱི་དང་མཐུན་པར་ཚུལ་དུ་གསུངས་པར་མ་ཟད། ངང་གིས་སྐད་ཅིག་འཇིག་པ་ཡི། །ཚེ་ཡི་སྙིང་པོ་འདི་ཡིན་ཏེ། །མཛའ་དང་མཁས་དང་ཤེད་མ་བྱེད། །ལྷན་ཅིག་བག་ཡངས་གནས་པའོ། །ཞེས་མི་རྟག་པའི་དོན་དེ་ཡང་རང་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་མ་ལྟོས་པར། རང་གྲུབ་དུས་སྐད་ཅིག་གཉིས་པ་ལས་འཇིག་པ་རང་ཆས་སུ་གྲུབ་པའི་ཕྲ་བའི་མི་རྟག་པའི་ཐོག་ནས། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་བསྟན་ཡོད།
དེ་བཞིན་དུ། བསོད་ནམས་ཆེན་པོའི་རིན་གྱིས་ནི། །ཁྱོད་ཀྱིས་ལུས་ཀྱི་གྲུ་ཉོས་པ། །ཇི་སྲིད་ཆག་པར་མ་གྱུར་པར། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོང་། །ཞེས་སྔོན་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་དལ་འབྱོར་མི་ལུས་ཀྱི་གྲུ་ལ་བརྟེན་ནས་སྲིད་པ་ཁམས་གསུམ་གྱིས་བསྡུས་པའི་ཟག་བཅས་སྡུག་བསྔལ་གྱི་རྒྱ་མཚོའི་ཕ་རོལ་ཐར་པའི་གོ་འཕང་དུ་སོང་ཞིག་ཅེས་གདམས་པའི་དོན་གྱིས། ཟག་བཅས་ཐམས་ཅད་སྡུག་བསྔལ་བའི་དོན་ཡང་གྲུབ་བོ། །
འདོད་པས་ལོང་བས་སྡིག་མི་མཐོང་། །དམུས་ལོང་གིས་ནི་གཟུགས་མི་མཐོང་། །དྲེགས་པ་ཡིས་ནི་སྐྱོན་མི་མཐོང་། །བདག་ལྟས་དེ་ཉིད་མི་མཐོང་ངོ་། ། ཞེས་དམུས་ལོང་གིས་གཟུགས་མི་མཐོང་བ་བཞིན་དུ་བདག་ཏུ་ལྟ་བ་རྒྱུད་ལ་ཡོད་པའི་གང་ཟག་རྣམས་ཀྱིས་བདག་མེད་ཀྱི་གནས་ལུགས་མི་མཐོང་བའི་དོན་བསྟན་ཞིང་། ཤེས་རབ་དང་མཉམ་མིག་མེད་དེ། །རྨོངས་པ་དང་མཉམ་མུན་པ་མེད། །ནད་དང་འདྲ་བའི་དགྲ་མེད་དེ། །འཆི་བ་དང་མཉམ་འཇིགས་པ་མེད། །ཅེས་དེ་ཁོ་ན་ཉིད་ལ་རྨོངས་པ་མ་རིག་པ་དང་འདྲ་བའི་མུན་པ་མེད་ཅིང་། དེའི་ཞེན་ཡུལ་གྱི་གནས་སྟངས་ཇི་བཞིན་གཟིགས་པའི་བདག་མེད་ཀྱི་དོན་རྟོགས་པའི་ཤེས་རབ་དང་འདྲ་བའི་མིག་མེད་དོ་ཞེས་ནང་པས་ངང་གིས་སྐད་ཅིག་མའི་འཇིག་པ་དང་བདག་མེད་ཀྱི་དོན་ཞལ་གྱིས་བཞེས་པ་ལ། ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་པ་རྣམས་བདག་མེད་ན། །མཐོ་རིས་ཐར་པ་ལ་དགོངས་པའི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་ཕྱི་རོལ་མུ་སྟེགས་པ་ཐུན་མོང་གིས་འཕངས་པའི་རིགས་པ་འདི་ཉིད་ཀྱི་ལྡོག་ཟླར་གྲུབ་ཡོད་པ་ཡིན།
ཡུལ་ནི་ཤིན་ཏུ་ཡུན་རིང་གནས་ཀྱང་ངེས་པ་ཁོ་ནར་འགྲོ་བར་འགྱུར། །འབྲལ་ལ་ཁྱད་པར་ཅི་ཞིག་ཡོད་ལ་འགྲོ་བ་རང་ཉིད་སྤོང་མི་བྱེད། །དབང་མེད་འབྲལ་བས་ཡིད་ལ་ཡོངས་སུ་གདུང་བ་མཐའ་ཡས་སྐྱེད་པར་བྱེད། །འདི་དག་རང་གིས་སྤོང་ན་ཞི་བའི་བདེ་བ་མཐའ་ཡས་འཐོབ་པར་འགྱུར། །ཞེས་འདུས་ཤིང་གནས་པའི་ཐ་མ་འབྲལ་བར་ངེས་པ་དང་། ཆགས་ཞེན་གྱི་འཁྲི་བ་མ་བཅད་ཀྱང་ཐ་མ་འབྲལ་བའི་ངང་ཚུལ་གཅིག་ཏུ་འབབ་ཅིང་། འདུས་མཐའ་དབང་མེད་དུ་འབྲལ་བའི་མི་རྟག་པའི་རང་མཚང་ཐོག་ཏུ་མངོན་དུས་ཞེན་ཆགས་ནི་བཟོད་ཐབས་བྲལ་བའི་སྡུག་བསྔལ་གྱིས་རང་རྒྱུད་མནར་བའི་རྒྱུ་རུ་ངེས་པར་བྱས་ཏེ། འཁོར་བའི་རང་མཚང་དང་མི་རྟག་པའི་ཆོས་ཉིད་ལ་བསམ་ནས་འཇིག་རྟེན་གྱི་བྱ་བ་བློས་གཏང་ཞིང་། འཁྲུལ་བས་བསླད་པའི་སྡུག་བསྔལ་གྱི་དྲྭ་རྒྱ་དེ་ལས་ཐར་པའི་ཐབས་ལ་འབད་པ་ཡིན་ན། ཆགས་ཞེན་གྱི་འཁྲི་བས་བསྐྱོམ་པར་མི་ནུས་པའི་ཚེ་འདིའི་ཞི་བའི་བདེ་བ་དང་། ཞི་བའི་བདེ་བ་མཐའ་ཡས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ཞི་བ་ཡང་འཐོབ་པར་འགྱུར་བ་ཡིན་ཞེས་གསུངས་པ་ཡིན་ནོ། །
གསུམ། སྲིད་རྩེའི་གཉེན་པོ་ནང་པོའི་ཁྱད་ཆོས།
སྲིད་རྩེའི་གཉེན་པོ་ནང་པོའི་ཁྱད་ཆོས་སུ་བསྟན་ཡོད་དེ། བཟོ་སློབ་པ་ཡི་ཡོན་ཏན་ཀུན། །ཡོན་ཏན་འཚོ་བའི་རྒྱུ་ཙམ་ཡིན། །འཁོར་བ་གཅོད་པའི་བློ་གྲོས་གང་། །ཅི་ཡི་ཕྱིར་ན་དེ་མི་བྱིན། །ཞེས་སྦྱིན་པའི་ནང་ནས་འཁོར་རྩ་མ་རིག་པ་གཅོད་པའི་བློ་གྲོས་རྩ་བར་གཟུང་བའི་དམ་པའི་ཆོས་ཀྱི་སྤང་བླང་གི་གནད་མ་ནོར་བ་ཚུལ་བཞིན་དུ་གདམས་པའི་ཆོས་ཀྱི་སྦྱིན་པ་ནི་མཆོག་ཡིན་ནོ་ཞེས་གསུངས་ཤིང་། དེ་ཡང་། སྡིག་པ་ཟད་འདོད་བདེ་བར་གཤེགས་ལ་དད། །སྐལ་བ་ཟད་འདོད་སྐྱེ་བོ་ངན་དང་བསྟེན། །རིགས་རྒྱུད་ཟད་འདོད་གླན་ཞིང་ལྐུགས་པ་སྐྱེ། །འབྲུ་རྣམས་ཟད་འདོད་ཕོ་བའི་མེ་དྲོད་སྐྱེ། །ཞེས་གསུངས་ པ་ལྟར་དུ། སྡིག་སྒྲིབ་ཟད་ཅིང་འདག་པར་འདོད་པ་དག་གིས། ཐོག་མར་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ནི། སྟོན་པ་བདེ་བར་གཤེགས་པ་ལ་དད་ཅིང་ཡིད་ཆེས་པའི་སྒོ་ནས་བསྟན་པ་ལ་ཞུགས་ཤིང་། དེ་ནས་སྟོན་པ་བདེ་བར་གཤེགས་པས་བསྟན་པའི་ལམ་རིམ་བཞིན་དུ་བསླབ་པ་ལ་གུས་ཤིང་སྦྱོར་བ་ནི་མ་ནོར་བ་ཡིན་ཞེས་གདམས་ལ། རྒྱུ་མཚན་ནི། ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཁྱེན། །ས་གཞི་ཡི་ནི་ལྕི་བའི་ཚད། །མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིན། །ཞེས་སྡིག་སྒྲིབ་ཟད་པའི་བྲལ་བ་ཁྱད་པར་ཅན་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས། སྤང་བླང་གི་གནད་མ་ནོར་བ་རང་སྟོབས་ཀྱིས་མཁྱེན་པ་ནི་སྟོན་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་དུ་ལགས་གཤིས། སྟོན་པ་ཉིད་ལ་དད་ཅིང་དེ་ཡི་བསྟན་པ་ལ་ཚུལ་བཞིན་དུ་གཞུག་དགོས་པར་གདམས་པ་ཡིན་ནོ།
ལེགས་བཤད་ཀྱི་ཆོས་མརྟག་པའི་རབ་བྱེད་ལས། རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། ། ཞེས་པའི་ཤོ་ལོ་ཀ་དང་གོང་གི་ཚིགས་བཅད་གཉིས་ཀྱི་མགོ་ཁུངས་གལ་ཆེ་ཤོས་ནི།རྨ་བྱའི་མདོངས་ནི་གཅིག་པུ་ཡི། །རྒྱུ་ཡི་རྣམ་པ་ཐ་དད་པ། །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་པ་ནི་ཀུན་མཁྱེན་སྟོབས། །ཞེས་པའི་གཞུང་འདི་ཡིན་པར་ངེས་ཀྱང་། འགའ་ཞིག་གིས་ལུང་འདི་སློབ་དཔོན་དབྱིག་གཉེན་གྱི་གསུང་དུ་འདོད་དོ། །དེ་ནི་གཞུང་འགྲེལ་མང་པོར་ལུང་འདི་འདྲེན་དུས། མཛོད་འགྲེལ་དུ་ཞེས་སྨོས་པ་ལ་དབུ་འཁོར་བར་ངེས་ཏེ། གནས་སྐབས་གང་ནས་དྲང་པའི་ལུང་ཁུངས་དང་ལུང་ཁུངས་དངོས་ཀྱི་ཁྱད་པར་འབྱེད་མ་ཤེས་པའི་སྐྱོན་དུ་ཟད་དེ། མཛོད་རང་འགྲེལ་དུ་ལུང་འདི་རྒྱབ་རྟེན་དུ་དྲངས་ཡོད་པ་ལས་ཁོང་གི་གསུང་མིན་པ་བལྟས་ཆོག་ཏུ་ངེས་པས་སོ། །འོ་ན་ལུང་འདི་གསུང་མཁན་གང་ཡིན་ཞེ་ན། ཐར་རྒྱན་དུ་མདོ་ལུང་ཡིན་པར་བཞེད་པ་བཞིན་དུ་འཐད་དོ།
བཞི། སྤྱོད་པ་མཐའ་གཉིས་སྤངས་པའི་དབུ་མའི་ལམ།
མེ་ལ་ཤིང་གིས་ངོམས་པ་མེད། །བྱིས་པ་འདོད་པས་ངོམས་པ་མེད། །ཚུལ་ཁྲིམས་དག་དང་དུལ་བ་དང་། །སེམས་ནི་དུལ་བར་གྱུར་པ་དང་། །གང་ཞིག་དྲང་པོར་ཞུགས་པ་དག ། དེ་ལ་གནས་ན་ཅི་ཞིག་དགོས། །ཆོག་ཤེས་དབང་ཕྱུག་ལ་གནས་ན། །སྐྱེ་བོ་ངན་པའི་ས་དང་རིང་། །ལོངས་སྤྱོད་འདོད་པའི་སྲེད་པས་བཅིང་། །གོམ་རེ་བརྙས་པ་ཐོབ་པར་འགྱུར། །ལུས་ཞེས་བྱ་བ་སྐྱོན་ལྡན་འདི། །ཡོན་ཏན་ཆེན་པོ་གཅིག་ཡིན་ཏེ། །གནས་སྐབས་གང་དང་གང་ཕྲད་པ། ། དེ་དང་དེར་འགྲོ་གོ་ར་བ། །ཞེས་འདོད་ཡོན་དང་བདེ་བ་ལ་ཞེན་པའི་མཐར་མ་ལྷུང་བའི་ཆོག་ཤེས་དང་ལྡན་པའི་ཚུལ་ཁྲིམས་དང་། དེ་ཡང་སྤྱོད་པ་ངལ་ཞིང་དུབ་པའི་མཐའ་སྤངས་ཏེ་དལ་འབྱོར་གྱི་རིན་ཐང་ཤེས་པའི་སྒོ་ནས་རང་ལུས་ལ་གཅེས་སྤྲས་དང་སྙིང་པོ་ལེན་དགོས་པར་གདམས་པ་འདི་ནི། རིམ་བཞིན་རྒྱང་འཕེན་པ་དང་གཅེར་བུ་པ་ལ་གཙོ་བོར་ཡོད་པའི་སྤྱོད་པ་མཐའ་གཉིས་སྤངས་པའི་དབུ་མའི་ལམ་འདི། སྟོན་པ་བདེ་བར་གཤེགས་པས་འཁོར་ལྔ་སྡེ་བཟང་པོ་ལ་ཐོག་མར་གདམས་པའི་ཆོས་འཁོར་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ་ལས། དགེ་སློང་དག་རབ་ཏུ་བྱུང་བ་མཐའ་གཉིས་པོ་འདི་ལ་གནས་པར་མི་བྱའོ། །གང་སུ་དག་འདིར་འདོད་པ་རྣམས་དང་བདེ་བ་ལ་ཞེན་པ་ནི་མི་རིགས་པ་དང་དམན་པར་འགྱུར་རོ། །སོ་སོའི་སྐྱེ་བོ་རྣམས་ནི་དོན་མེད་པ་དང་ལྡན་པའི་ཕྱིར་གང་སུ་དག་ལུས་དུབ་པ་དང་འབྲལ་བའི་སྡུག་བསྔལ་བསྔགས་པར་བྱ་བ་མ་ཡིན་པ་རྣམས་ཀྱི་དོན་མེད་པ་དང་ལྡན་ནོ། །དགེ་སློང་དག་འདི་རྣམས་ནི་མཐའ་གཉིས་ཀྱི་མཐའ་སྟེ་དེ་ལ་འཇུག་པར་མི་བྱའོ། །ཞེས་གསུངས་ཤིང་། མདོར་ན་བསྟན་བཅོས་འདི་ལས། བཟང་པོའམ་ནི་ངན་པ་ཡི། །སྦྱོར་བ་གང་ཡང་རུང་བ་ཡིས། ། ལུས་ནི་ཤིན་ཏུ་བསྲུང་བྱ་ཡི། །ནོར་ལ་ཆགས་པས་ཅི་ཞིག་བྱ། །བསོད་ནམས་ཆེན་པོའི་རིན་གྱིས་ནི། །ཁྱོད་ཀྱིས་ལུས་ཀྱི་གྲུ་ཉོས་པ། །ཇི་སྲིད་ཆག་པར་མ་གྱུར་པར། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོང་། །ཞེས་གསུངས་པའི་རབ་ཏུ་བྱུང་བའི་ཀུན་སྤྱོད་ཀྱི་དབུ་མའི་ལམ་གྱི་སྤྱི་བསྡོམས་འདི་དག་ལས། བསྟན་བཅོས་འདི་ཉིད་གཅེར་བུ་པའི་གཞུང་ལུགས་སུ་འཇོག་མི་ཐུབ་པ་ནི་གསལ་པོར་མཐོང་ཐུབ་པ་ཡིན།
ལྔ། འབྲས་བུ་ཐར་པ་སྤང་བྱ་ཟད་པའི་བྲལ་བ་ཁྱད་པར་ཅན་འགོག་བདེན་དུ་འདོད་པ།
འབྲས་བུ་ཐར་པ་སྤང་བྱ་ཟད་པའི་བྲལ་བ་ཁྱད་པར་ཅན་འགོག་བདེན་དུ་འདོད་པ་ལ་ཚན་པ་ཁ་ཤས་ཀྱིས་གསལ་བཤད་ཞུས་པ་ཡིན་ན།
༡ རྟགས་ཙམ་འཛིན་པ་བསྟན་པའི་ཆག་སྒོ།
ཉེས་པའི་སྐྱོན་ནི་བྲེག་པར་གྱིས། །མགོ་བོ་བྲེགས་པས་ཅི་ཞིག་བྱ། །གང་ཞིག་ཡིད་ཀྱི་གོས་མེད་ན། །རས་ཀྱི་ཆོས་གོས་ཅི་ལ་ཕན། །ཞེས་རབ་ཏུ་བྱུང་བས་ཉེས་པ་ཉོན་མོངས་པའི་སྐྱོན་རྣམས་བྲེག་པར་གྱིས་ཤིག་ཅེས་བསྐུལ་ནས། གཞན་དུ་མགོ་བོ་བྲེགས་པ་ཙམ་གྱིས་ཅི་ཞིག་བྱ་སྟེ། མགོ་བོ་ཟླུམ་པ་ཙམ་གྱིས་དགེ་སྦྱོང་གི་གྲལ་དུ་མི་ཆུད་པ་ཙམ་དུ་མ་ཟད། ཆོག་ཤེས་བག་ཡོད་དང་ལྡན་པའི་ངོ་ཚ་ཁྲེལ་ཡོད་ཡིད་ཀྱི་གོས་མེད་པ་ཡིན་ན། རས་ཀྱི་ཆོས་གོས་ལུས་ལ་གྱོན་པ་ཙམ་གྱིས་ཅི་ཞིག་ཕན་ཏེ། སྟོན་པས། གང་ཞིག་བསླབ་ལ་མི་གནས་ཤིང་། །བདེར་གཤེགས་རྒྱལ་མཚན་འཛིན་པ་བས། །བསླབ་པ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང་། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་བཟང་ངོ་ཞེས་གདམས་པར་མཛད་དོ། །
དེ་ལྟར་བསླབ་པ་ལ་མི་གནས་ཤིང་དགེ་སྦྱོང་དུ་རྫུ་བའི་གང་ཟག་རྣམས་ལ། ཚུལ་ཁྲིམས་བསྲུང་བའི་ཐབས་སུ་གྱུར་པའི་རབ་བྱུང་གི་ཆ་བྱད་མ་གནང་པ་ནི་ཆོས་ཀྱི་ཚིགས་སུ་བཅད་པ་ལས་ཀྱང་བྱུང་སྟེ། བརྟུལ་ཞུགས་མེད་དང་རྫུན་སྨྲ་བ། །མགོ་བོ་ཟླུམ་པས་དགེ་སྦྱོང་མིན། །འདོད་དང་རྙེད་ལ་ཞུགས་གྱུར་པ། །དགེ་སྦྱོང་དུ་ནི་ཇི་ལྟར་འགྱུར། ། གང་ཞིག་འབག་པ་མ་བསལ་བར། །གོས་ཀྱིས་ཡོངས་སུ་དཀྲིས་གྱུར་ཀྱང་། །བདེན་དང་དུལ་བ་མི་ལྡན་པ། །དེ་ལ་ངུར་སྨྲིག་འོས་མ་ཡིན། །ཞེས་དང་། མདོ་ལས། གང་ཞིག་ངུར་སྨྲིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །ལག་ཏུ་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་བྱུང་། །དགེ་སྦྱོང་དེ་ནི་དགེ་སྦྱོང་མ་ཡིན་ཁྱིམ་པའང་མིན། །དེ་ནི་ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་གསུངས་ཡོད་ལ། མདོར་ན་བསྟན་པ་དང་མི་མཐུན་པའི་རྟགས་ཙམ་འཛིན་པ་ནི། རང་ལ་ཉེས་པ་སྣ་ཚོགས་འབྱུང་བའི་གཞི་ཡིན་པ་ཙམ་དུ་མ་ཟད་བསྟན་པའི་ཆག་སྒོ་ཡང་ཡིན་གཤིས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ཐོག་མ། བསྟན་པའི་གཞི་མ་འདུལ་བའི་བསྟན་པ་ཉམས་པ་གསོས་ཏེ་འདུལ་བའི་ཆོས་རྒྱ་ཆེར་བསྒྲགས་པའི་གཏམ་དང་འབྲེལ་བ་ཆེན་པོ་ཡོད་པ་ཡིན།
༢ གྲོལ་བའི་ལམ་མཆོག་ཚོགས་གཉིས་ཟུང་འཇུག
སེམས་ཅན་རྣམས་ལ་གང་གི་ཚེམས། ། སྙིང་རྗེས་བརླན་པར་གྱུར་པ་དག །ཐར་དང་ཡེ་ཤེས་དེ་ཡིན་གྱི། །ཐལ་བ་རལ་པ་ཆོས་གོས་མིན། །ཞེས་སེམས་ཅན་རྣམས་ལ་ཐུགས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་བདེར་བར་གཤེགས་པ་གང་གི་ཞལ་གྱི་ཚེམས་པ་ལས་བྱུང་བའི་སྙིང་རྗེས་བརླན་ཞིང་དྲངས་པའི་བྱང་ཆུབ་ཀྱི་སེམས་དང་། མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་ཟུང་དུ་འཇུག་པའི་གདམས་པ་སྟེ། བརྩེ་སྟོང་ཟུང་དུ་འཇུག་པའི་ལམ་གྱིས་གྲོལ་བའི་ཐར་པ་ནི་མཚན་ཉིད་དང་ལྡལ་པའི་ཐར་པ་ཡིན་ཞིང་། གྲོལ་བའི་ལམ་མཆོག་ཀྱང་བརྩེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་དེ་ཉིད་ཡིན་པ་ལས། ཐོབ་བྱའི་ཐར་པ་རྒྱང་རིང་གི་དངོས་པོར་ཞེན་ཞིང་ཐོབ་བྱེད་ཐབས་ཀྱང་ལུས་ལ་ཐལ་བ་བྱུག་པའམ། ལུས་ཉི་མས་གདུང་ནས་ཐལ་བའི་མདོག་ལྟར་འགྱུར་བའི་ལུས་དུབ་པའི་དཀའ་ཐུབ་དག་ཀྱང་མ་ཡིན་ལ། རལ་བུའི་བརྟུལ་ཞུགས་ཅན་གྱི་དབང་ཕྱུག་པ་རྣམས་ཀྱིས། འཇིག་ལྟའི་འཛིན་སྟངས་ལ་གསལ་སྣང་འདོན་པའི་བདག་བསྒོམ་པའི་ལམ་གྱིས་འཇིག་ལྟའི་ཞེན་ཡུལ་ལ་གསལ་སྣང་ཐོབ་པའམ་ཚིག་གི་དོན་དྲུག་སོགས་ཤེས་པས་ཐར་པ་ཐོབ་པར་རློམ་པ་རྣམས་ཀྱང་མ་ཡིན་ཞིང་། རལ་པའམ་བྱི་བོའམ་ཅོད་པན་གྱི། །ཆ་ལུགས་གང་གིས་གནས་གྱུར་ཀྱང་། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བཤད་པ་ལྟ་བུའི་རལ་པ་དང་ཅོད་པན་གྱི་རྒྱན་དང་ལྡན་པའི་མུ་སྟེགས་གྲངས་ཅན་པ་རྣམས་ཀྱིས། ཐབས་ཀྱི་གཤོག་ཡ་ཆད་པའི་དེ་ཉིད་ཉེར་ལྔ་ལེགས་པར་ཤེས་པའི་ཤེས་རབ་ཀྱི་ལམ་ཙམ་དང་། བསམ་གཏན་བསྒོམས་པའི་མངོན་ཤེས་ཀྱིས་རང་བཞིན་རྒྱུ་ཡི་གཙོ་བོའི་མཚང་རིག་སྟེ། རྒྱུ་མ་ལྡོག་ཀྱང་འབྲས་བུ་རྣམ་འགྱུར་དག་རང་བཞིན་གྱི་ངང་དུ་ཐིམ་ནས་བདག་ཤེས་རིག་གི་སྐྱེས་བུ་འབའ་ཞིག་གསལ་བར་གནས་པའི་ཚེ་ཐར་པ་ཐོབ་པར་འདོད་པ་དེ་ཡང་མ་ཡིན་པ་སྟེ། མདོར་ན་དབུ་མ་རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པ་བཞིན་དུ་ཐར་པ་ཐོབ་པའི་ལམ་མཆོག་དམ་པ་ནི་བརྩེ་སྟོང་ཟུང་དུ་འཇུག་པའི་ལམ་དེ་ཡིན་ཞེས་གདམས་པ་ཡིན་ནོ། །
གོང་གི་ཤོ་ལོ་ཀ་འདི་དང་མཤམ་དུ་འཆད་འགྱུར་གྱི་ཚིགས་སུ་བཅད་པ། བསྟན་བཅོས་འཛིན་པས་ཐར་པ་ཡིན། །ལུས་དུབ་པས་ཀྱང་མ་ཡིན་ཏེ། །ཤེས་རབ་ཀྱིས་ནི་སེམས་བཏུལ་ན། །ཐར་པ་ཐག་ཉེ་འདི་ན་ཡོད། །ཅེས་པ་འདི་གཉིས་ཀྱི་རྒྱབ་ལྗོངས་ཀྱི་གཞུང་དངོས་ནི། ཆེད་དུ་བརྗོད་པའི་ཚོམས་ལས། གཅེར་བུར་སྤྱོད་པས་མ་ཡིན་རལ་པས་མ་ཡིན་རྫབ་ཀྱིས་མིན། །ཁ་ཟས་མི་ཟ་བ་ཡིས་མ་ཡིན་ཐང་ལ་ཉལ་བ་འམ། །རྡུལ་དང་དྲི་མས་མ་ཡིན་ཙོག་པུར་འདུག་ལ་འབད་པ་ཡིས། །མི་རྣམས་དག་པར་མི་འགྱུར་སོམ་ཉི་རྣམས་ལས་རྒལ་མི་འགྱུར། །ཞེས་རི་གངས་ཅན་གྱི་གནས་དབེན་པར་དཀའ་ཐུབ་ལ་གནས་པའི་གཅེར་བུར་པ་གཙོ་བོར་གྱུར་པའི་མུ་སྟེགས་པ་མང་པོ་ཞིག་ཡུལ་ཝཱ་རཱ་ཎ་སིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དྲུང་དུ་སོང་བའི་དུས་སུ་གསུངས་པ་འདི་ཉིད་ཡིན་པར་སེམས་སོ། །
གལས་བཤད་ཞུ་རྒྱུར་གཞན་ཡང་། པར་གཞི་མི་འདྲ་བ་ཞིག་ཏུ། སེམས་ཅན་རྣམས་ལ་གང་གི་སེམས། །ཞེས་ཚེམས་ཀྱི་ཐ་སྙད་དེ་སེམས་སུ་བཅོས་པ་ཞིག་མཇལ་སོང་ལ། ཚིག་དོན་གཉི་གའི་འབྲེལ་ཡང་འདི་ཉིད་ཆགས་ཙམ་འདུག་ཀྱང་། དོན་གྱི་བརྗོད་བྱ་ལ་མི་འདྲ་བ་མེད་ཅིང་། པར་ཤིང་དེ་རུ་ཡིག་ནོར་ཡང་གང་འཚམས་མཐོང་སྟབས། རེ་ཞིག་དག་བཅོས་ཀྱི་ཁུངས་སུ་མ་དྲངས་པ་ཡིན་ནོ། །
༣ ཐེག་པ་གཉིས་ཀྱི་མྱང་འདས་ཁྱད་པར།
གང་ཞིག་ལང་ཚོ་ལ་ཞི་བ། །དེ་ནི་ཞི་བར་བདག་གིས་ཤེས། །ཁམས་རྣམས་ཡོངས་སུ་ཟད་པ་ན། །ཅི་ཡི་ཕྱིར་ན་ཞི་མི་འགྱུར། །ཞེས་རྣམ་གྲོལ་དོན་དུ་གཉེར་བའི་སྐྱེས་བུ་གང་ཞིག་གིས་ལང་ཚོའམ་རང་གི་གདགས་གཞི་ཕུང་སོགས་བཟོད་ནས་སྤྲོས་པ་དང་བྲལ་བའི་དབྱིངས་སུ་རང་བཞིན་གྱིས་ཞི་བའི་ཡེ་ཤེས་དེ་ཉིད་མངོན་དུ་བྱས་པ་ཡིན་ན། དེ་ནི་མྱ་ངན་ལས་འདས་པའི་ཐར་པའི་གོ་འཕང་ཐོབ་པ་ཡིན་ལ། ཕུང་པོའི་འདུ་བྱེད་ཞིག་མིན་ལ་མ་ལྟོས་པར་ཚེ་འདི་ཉིད་ལ་རྣལ་འབྱོར་པ་གང་གིས་ཕུང་སོགས་མི་དམིགས་པའི་ཡེ་ཤེས་མངོན་དུ་བྱེད་པའི་དུས་གང་ཡིན་པ་དེ་ཉིད་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ལགས་ཤིང་། དེ་ནི་བདག་རྣལ་འབྱོར་པ་རང་གིས་མངོན་སུམ་དུ་བྱས་པ་ཡང་ཤེས་པ་ཡིན། དེ་ལྟར་ཕུང་སོགས་ཀྱི་ངོ་བོ་ཡོངས་སུ་ཤེས་ཤིང་མི་དམིགས་པའི་ཡེ་ཤེས་མངོན་དུ་བྱས་སྟབས། ལས་ཉོན་གྱི་སྒྲིབ་པ་རྒྱུན་ཆད་པས་ཉོན་མོངས་འདྲེན་པར་བྱེད་པའི་ཟག་བཅས་ཀྱི་ཁམས་རྣམས་ཡོངས་སུ་ཟད་པ་ཡིན་གཤིས། ཅི་ཡི་ཕྱིར་ན་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་མི་འགྱུར་རམ་ཞེས་སྒྲུབ་ཕྱོགས་ནས་བྱེ་མདོའི་ལུགས་ལ་ཅོ་འདྲི་བའི་དགག་པ་ཤུགས་ལ་འཕངས་ཡོད།
དེ་ཡང་བྱེ་མདོས་མྱ་ངན་ལས་འདས་པ་ནི། སྤྱིར་ཐེག་ཆེན་པས་བཞེད་པ་ལྟར་དུ་གང་ཟག་གི་གདགས་གཞི་ཕུང་སོགས་བདེན་མེད་དུ་རྟོགས་ནས་མི་དམིགས་པའི་ཡེ་ཤེས་མངོན་དུ་བྱས་པ་ཙམ་ལ་ཡང་མི་འདོད་ཅིང་། བྱེ་མདོ་རང་གི་ལུགས་ཀྱི་ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་ཀྱི་ནང་ནས་ཀྱང་མྱ་ངན་ལས་འདས་པ་ནི། ཕུང་སོགས་རང་གི་ངོ་བོའི་མཚན་ཉིད་དངོས་པོའི་རང་བཞིན་རྒྱུ་རྐྱེན་ལས་དང་ཉོན་མོངས་པ་མི་ལྡན་པས། ཕུང་སོགས་ཀྱི་རང་བཞིན་དངོས་པོའི་རང་གི་ངོ་བོའི་མཚན་ཉིད་ཞིག་ནས་ཕུང་པོའི་རྒྱུན་ཆད་པའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡིན་གྱི། ཕུང་པོ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་འདོད་ཆགས་ལ་སོགས་པའི་འཆིང་བ་སྤངས་ཀྱང་མྱ་ངན་ལས་འདས་པ་ནི་མ་ཡིན་པར་འདོད་པ་ལ། འོ་ན་དེ་ནི་སུ་ཞིག་ལ་མངོན་སུམ་དུ་འགྱུར་བ་ཡིན་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་དུས་སུ་དེ་ཉིད་མངོན་སུམ་དུ་བྱ་མི་སྲིད་ལ། ལྷག་མེད་མྱ་ངན་ལས་འདས་པ་དེའི་ཚེ་ན། བུད་ཤིང་ཟད་པའི་མེ་བཞིན་དུ་རིག་པ་རྒྱུན་ཆད་པས་དེ་ཉིད་མངོན་སུམ་དུ་འགྱུར་བའི་གང་ཟག་མི་སྲིད་པར་ཐལ་བ་དང་། ཕུང་སོགས་རང་གི་ངོ་བོའི་མཚན་ཉིད་དངོས་པོའི་རང་བཞིན་ཅན་གྱི་སྤང་བྱར་མངོན་པའི་ཞེན་པའི་འཛིན་པ་མ་ལྡོག་པ་ཡིན་ན། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་རྒྱུ་ཡོད་པར་དམིགས་སྟབས། ཕུང་པོ་ལ་དམིགས་པའི་རྒྱུ་དེ་ལས་བྱུང་བའི་ཉོན་མོངས་པ་རྒྱུན་མི་འཆད་པའི་ཕྱིར་དེའི་ཕུང་པོ་རྣམས་འགག་པའི་མྱ་ལས་འདས་པ་དེ་ཡང་མི་འཐད་པ་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡི། །ཞེས་གསུངས་པ་ལྟ་བུའི་དགག་པ་ཤུགས་ལ་འཕངས་ཡོད་པ་ཡིན།
ཞིབ་པར་མཁྱེན་འདོད་པ་དག་གིས། རིགས་པ་དྲུག་ཅུ་པ་དང་དེའི་ཟླ་འགྲེལ་རྣམས་སུ་སྤྱན་པར་གནང་བ་ཞུ།
༤ མཛད་པ་རྗེས་དྲན་ཚ་འདྲིའི་སྐུལ་མ།
སྙིང་རྗེས་གདུངས་པའི་ཡིད་དང་དབང་པོ་དུལ་ཞིང་སེམས་ནི་ཆོག་ཤེས་དག་ལ་དགའ་བ་དང་། །ཆགས་བྲལ་མངོན་དགའི་སེམས་དང་ཤིང་དྲུང་དག་ན་ལྟུང་བའི་འབྲས་བུས་བཟའ་བའི་བྱ་བ་བྱེད། །ལུས་རིད་ཤིང་ཤུན་གྱོན་ཞིང་རྒྱལ་བ་ཞེས་ནི་སྙན་པ་ལྟ་བུར་སྒྲ་སྒྲོགས་ལ། །བཱ་རཱ་ཎ་སཱིར་གཤིན་རྗེའི་དབང་གྱུར་བཅོམ་པའི་ལུས་ཚིག་འདི་ནི་ནམ་ཞིག་སྤོང་བར་འགྱུར། །
ཞེས་གསུངས་པའི་དོན་ནི། རྒྱལ་སྲས་དོན་གྲུབ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་འཇིག་རྟེན་མཐུན་འཇུག་གི་མཛད་པ་བསྐྱང་སྟེ་ཁབ་ཏུ་བཞུགས་ཤིང་། རབ་ཏུ་བྱུང་བའི་རྐྱེན་བཞིས་བསྐུལ་ནས་ཕོ་བྲང་ལས་ནགས་སུ་གཤེགས་པར་རྩོམ་པའི་མཚན་མོ། ཡབ་རྒྱལ་པོ་མནལ་དུ་གཟིམས་པའི་འཁྲིས་སུ་བཅར་ཏེ། གུས་པ་མ་མཆིས་པ་མ་ལགས་ཏེ། འཇིག་རྟེན་རྣམས་སྡུག་བསྔལ་ལས་ཡོངས་སུ་སྒྲོལ་བའི་སླད་དུ་ལགས་སོ། །ཞེས་སྙིང་རྗེས་གདུངས་པའི་ཡིད་ཀྱིས་དྲངས་ཏེ། ཁྱིམ་ནས་བྱུང་ཞིང་རང་བྱུང་གིས་བསྙེན་པར་རྫོགས་ཏེ། རིམ་བཞིན་སེར་སྐྱའི་གནས་ལས་ཐག་བསྲིང་བའི་ཆེད་དུ་ལྗོངས་རྒྱུའི་ཚུལ་དུ་རྒྱལ་པོའི་ཁབ་ཏུ་བྱོན། གྲོང་ཁྱེར་གྱི་འབངས་མི་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་མཐོང་སྟེ། རྒྱལ་པོའི་ཁབ་འདིར་རབ་ཏུ་བྱུང་བ་ཇི་སྙེད་ཅིག་གནས་པ་ཡིན་ཡང་། འདི་ལྟ་བུའི་སྤྱོད་ལམ་མཛེས་པ་ནི། གཞན་འགའ་ཡང་མེད་དོ་སྙམ་ནས་ཆེད་དུ་བརྗོད་པའི་དོན་བཞིན་དུ། དབང་པོ་དུལ་བའི་མཛེས་པ་མཆོག་ཏུ་མངའ་ཞིང་། རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་སྲས་དོན་གྲུབ་ཀྱི་དེས་པ་དང་དུལ་བའི་མཛེས་པ་དེ་ཡིས་ཡིད་འཕྲོག་ཅིང་ཤིན་ཏུ་དད་དེ་རྒྱལ་སྲིད་ཀྱི་ཤས་ཕུལ་ཡང་མ་བཞེས་ཏེ། རྒྱལ་པོ་ང་ནི་བྱུང་མ་ཐག་ཏུ་ཡང་། །འདོད་པ་རྣམས་ལ་མི་དགའ་བློ་བསྐྱེད་ན། །འཇིགས་བྱེད་ཆོས་ཀྱི་དགྲ་བོར་གྱུར་པ་དག །བོར་བ་དེ་ཀོ་སླར་ཡང་ཇི་ལྟར་བླང་། །ཞེས་སེམས་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་དག་ལ་དགའ་བའི་ཡོན་ཏན་མཆོག་ཏུ་མངའ་བ། ཆགས་བྲལ་མངོན་དགའི་སེམས་ཀྱིས་བསྐུལ་ནས། བྱ་རྒོད་ཕུང་པོའི་རི་དང་ཉེ་བའི་དྲང་སྲོང་སྣ་ཚོགས་པའི་བསྟི་གནས་སུ་གཤེགས་ཏེ། དྲང་སྲོང་དག་ལས་དཀའ་སྤྱད་ཉིས་འགྱུར་གྱིས་སྤྱད་དེ། དྲང་སྲོང་ཆེན་པོ་དང་། དགེ་སྦྱོང་ཆེན་པོ་ཞེས་མཚན་དུ་གྲགས་ཤིང་། ཤིང་ཀ་ར་བི་རའི་ལོ་མ་ལྷུང་བཟེད་དུ་མཛད་ཅིང་། ཤིང་དྲུང་དག་ན་ལྟུང་བའི་འབྲས་བུས་བཟའ་བའི་བྱ་བ་བྱེད་པའི་དཀའ་ཐུབ་མང་དུ་བགྱིས་པ་ཙམ་དུ་མ་ཟད། དྲང་སྲོང་རིང་འཕུར་དང་ལྷག་སྤྱོད་གཉིས་ཀྱི་དྲུང་ནས། རིམ་བཞིན་ཅི་ཡང་མེད་པའི་སྐྱེ་མཆེད་དང་། སྲིད་རྩེའི་ཏིང་ངེ་འཛིན་རྣམས་མངོན་དུ་བྱས། དེ་ནི་འཇིག་རྟེན་པའི་ལམ་གྱི་ཆགས་བྲལ་ཙམ་ལས་མཐར་ཐུག་གི་ཆགས་བྲལ་མ་ཡིན་པ་མཁྱེན་ནས། གྲོང་ཁྱེར་ག་ཡའི་ལྷོ་ཕྱོགས་ལྟེང་རྒྱས་ཀྱི་གྲོལ་རྡལ་རྒྱུ་ཞིང་གཤེགས་ཏེ། ཆུ་བོ་ནེ་རཉྫ་ནའི་འགྲམ་གྱི་དབེན་གནས། ནེའུ་གསིང་ཡིད་དུ་འོང་བའི་མཐའ་སྐོར་ནགས་ཚང་ཚིང་དང་ཤིང་སྣ་ཚོགས་ཀྱིས་བརྒྱན་པའི་ནགས་ཁྲོད་གང་དེར་བཞུགས་ནས། ཁ་ཟས་རགས་པ་སྤངས་ཤིང་དབུགས་ཀྱི་རྒྱུ་བ་བཀག་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བརྟུལ་ཞུགས་དང་དཀའ་ཐུབ་ལྷུར་བླངས་པའི་སྟབས་ཀྱིས། སྐུ་ལུས་རིད་ཅིང་བསྐམས་པའི་དབང་གིས་བ་ལང་རྫི་ལ་སོགས་པས། སྙན་དུ་ཤིང་བལ་བཅུག་ནས་ཤངས་ཀྱི་བུ་ག་ནས་འབྱིན་པ་དང་ཤངས་ཀྱི་བུ་གར་བཅུག་སྟེ་སྙན་ལས་འབྱིན་པ་སོགས་བྱེད་ཅིང་། ལུས་ལ་ཤིང་ཤུན་གྱོན་པ་སོགས་དཀའ་ཐུབ་ཀྱི་སྤྱོད་པས་ལུས་ཀྱི་མདངས་དང་སྟོབས་རྣམས་ཟད་གཤིས། ལ་ལས་ཤི་བའི་ཕུང་པོ་རེད་འདུག་སྙམ་པ་དང་། ལ་ལས་ཤ་ཟ་ལ་ལྟོས་ཤིག་ཅེས་བོང་བ་དང་གསེག་མས་འཐོར་བ་སོགས་བྱས་སོ། །
དེ་ལྟར་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་བརྩོན་འགྲུས་མཐར་ཕྱིན་པར་མཛད་ནས། མཐར་དཀའ་ཐུབ་ཀྱིས་གྲོལ་བར་འཛིན་པ་དགག་པའི་ཕྱིར་དུ། གྲོང་ཁྱེར་བདེ་ལྡན་གྱི་བུ་མོ་དགའ་མོ་དང་དགའ་སྟོབས་མ་གཉིས་ཀྱིས་བ་སྟོང་གི་འོ་མའི་ཉིང་ཁུ་སྦྲང་རྩི་དང་སྦྱར་བ་དྲངས་ཤིང་གསོལ་བས། སྐུ་སྔར་བཞིན་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུའི་མདངས་དང་ལྡན་པར་གྱུར་ཅིང་། ལྷས་བསྐུལ་བ་བཞིན་དུ་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ཤིང་རྩྭ་ཡི་གདན་ལ་བཞུགས་ནས། སྲོད་ལ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་བདུད་བཏུལ། ཐོ་རངས་རྟེན་འབྲེལ་བཅུ་གཉིས་དང་བདེན་བཞི་མཁྱེན་པའི་ཤེས་རབ་ཀྱིས་མངོར་པར་རྫོགས་པར་སངས་རྒྱས་པས། ངོ་མཚར་བའི་རང་བྱུང་གི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་། ལྷ་རྣམས་ཀྱི་མེ་ཏོག་གཏོར་ནས་རྒྱ་ཆེར་བསྟོད་ཅིང་། ཕྱོགས་བཅུའིསངས་རྒྱས་ཀྱིས་ཆོས་ཀྱི་དགའ་བ་བསྐུར་ཕྱག་བརྐྱངས་ཏེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེན་ན་མར་དང་མར་གྱི་ཉིང་ཁུ་མཚུངས་འདྲ་བཞིན། །ཞེས་ལྷ་མིའི་གནས་གཙོ་བོར་གྱུར་པའི་ཞིང་ཁམས་རྣམས་སུ་རྒྱས་སྲས་དོན་གྲུབ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཀྱི་གོ་འཕང་བརྙེས་སོ་ཞེས་པ་ནི། ཤིན་ཏུ་སྙན་ཞིང་འཇེབས་པའི་གླུའམ་ཐོས་པར་འདོད་པའི་དོན་བཟང་པོའི་གཏམ་ལྟ་བུར་ཀུན་གྱིས་སྒྲ་དེ་སྒྲོགས་པར་མཛད་དོ། །ལྟ་བུ་ཞེས་པའི་ཚིག་གི་དོན་གཞན་ནི་སྤྲུལ་པའི་རང་བཞིན་གྱིས་མཛད་པ་ཚུལ་བསྟན་དང་སྦྱར་ན་ཡང་འབྲེལ་ཆགས་སོ། །
དེ་ནས་ཚངས་པ་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་བཏབ་པ་བཞིན་དུ། སྟོན་པ་ཡུལ་ཝཱ་རཱ་ཎ་སཱིར་བྱོན་ནས། རིང་འཕུར་དང་ལྷག་སྤྱོད་གཉིས་པོ་འཆི་བདུད་ཀྱི་གཞན་དབང་དུ་གྱུར་ཏེ། སྐུ་ཚེའི་འདུ་བྱེད་ཞིག་པ་སྟོན་པའི་འཁོར་གྱི་ཐོག་མའི་སྐལ་བ། བདུད་རྩི་ཐོབ་པ་ལ་བར་དུ་གཅོད་པའི་གཤིན་རྗེའི་དབང་དུ་གྱུར་པ་མཁྱེན་ནས། བདུད་རྩི་ལྟ་བུའི་དམ་ཆོས་ལྔ་སྡེ་རྣམས་ལ་བསྟན་པར་བྱའོ་དགོངས་པ་བཞིན་དུ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཕེབས་ཏེ། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་འཁོར་ལྔ་སྡེ་གཙོས་པའི་ལྷ་མིའི་གདུལ་བྱ་མང་པོ་ཞིག་གིས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་ཏེ། གཤིན་རྗེའི་དབང་གྱུར་བཅོམ་པའི་བདུད་རྩི་ཐོབ་པར་བྱས་སོ། །
དེ་ལྟར་བདུད་རྩིའི་གོ་འཕང་ཐོབ་པའི་ཐབས་སུ་གྱུར་པའི་རྩ་བ་ལུས་ལྟ་བུའི་བདེན་པ་བཞི་ཡི་གནས་ལུགས་སྟོན་པའི་བཀའ་ཡི་ཚིག་འདི་དག་གི་གདུལ་བྱར་གྱུར་པ་འུ་ཚོས་ནི། དུས་ནམ་ཞིག་ལ་ཀུན་འབྱུང་ལས་ཉོན་གྱི་དགྲ་བོ་རྣམས། ལམ་གྱི་བདེན་པ་གཉེན་པོ་བར་ཆད་མེད་ལམ་སོགས་ཀྱིས་སྤོང་བར་བྱེད་པར་འགྱུར་བ་ཡིན་ཞེས་དྲན་སྐུལ་གྱི་ཚ་འདྲི་གནང་བ་འདི་ནི། རླབས་ཆེ་བའི་ལེགས་བཤད་ཀྱི་གསོན་ཤུགས་དངོས་མ་དེ་ཡིན་ནོ། །
༥ ཕྱི་ནང་ཤན་འབྱེད་ཐར་ལམ་ངོས་འཛིན།
བསྟན་བཅོས་འཛིན་པས་ཐར་པ་ཡིན། །ལུས་དུབ་པས་ཀྱང་མ་ཡིན་ཏེ། །ཤེས་རབ་ཀྱིས་ནི་སེམས་བཏུལ་ན། །ཐར་པ་ཐག་ཉེ་འདི་ན་ཡོད། ཅེས་ཚད་མ་རྣམ་འགྲེལ་དང་ཁྱད་པར་འཕགས་བསྟོད་ལས་བཤད་པ་བཞིན་དུ། ལུས་གདུང་བའི་དཀའ་ཐུབ་ཀྱིས་སེམས་ཀྱི་མདུད་པའམ་ཉོན་མོངས་པ་འཇིག་པར་འདོད་པའི་གཅེར་བུ་པ་དག་གིས། གཙོ་བོ་ལུས་ཀྱི་དུབ་པའམ་གདུང་བའི་དཀའ་ཐུབ་སྣ་ཚོགས་ཀྱིས་ལས་ཐམས་ཅད་ཟད་པས། སྲིད་པ་གསུམ་གྱི་སྟེང་ན་དཔག་ཚད་ཞེ་ལྔའི་ཚད་ཅན། ཁ་དོག་དཀར་ཞིང་དྲི་ཞིམ་ལ་ཡིད་དུ་འོང་བ། གདུགས་བཀན་པ་ལྟ་བུའི་དབྱིབས་དང་ལྡན་པའི་སྲོག་ལྡན་ཏེ་དངོས་པོ་ཡིན་པའི་དོན་དང་། འཁོར་བ་ལས་ཐར་པས་དངོས་མེད་དུའང་འདོད་པའི་ཐར་པ་དང་ཐབས་ལམ་རྣམས་སྔ་རྒོལ་དུ་བཞག་སྟེ། དཔྱད་པ་གསུམ་གྱིས་དག་ཅིང་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བཀའ་ཡི་དོན་ཚུལ་བཞིན་དུ་འཛིན་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས། འབྲས་བུ་སྤང་བྱ་ཟད་པའི་བྲལ་བ་ཁྱད་པར་ཅན་གྱི་ཐར་པ་ཐོབ་པ་ཡིན་གཤིས། ལུས་དུབ་པའི་དཀའ་ཐུབ་ཀྱིས་ནི་གྲོལ་བ་མ་ཡིན་ཏེ། དེ་དང་ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པའི་རྩ་བ་གཉིས་ནི་གང་ཟག་གཅིག་གི་རྒྱུད་ལ་གནོད་མེད་དུ་ལྷན་ཅིག་གནས་སྟབས། ཕན་ཚུན་སྤང་གཉེན་གྱི་འགལ་བ་མ་གྲུབ་པའི་ཕྱིར་རོ། །
འོ་ན་གྲོལ་ཚུལ་གྱི་ཐབས་དངོས་གང་ཡིན་ཞེ་ན། རྩ་ཤེ་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་གསུངས་པ་ལྟར་དུ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་ཏུ་འཛིན་པའི་སེམས་བཏུལ་ཞིང་བཅོམ་པ་ཡིན་ན་ལས་དང་ཉོན་མོངས་པ་ཟད་པའི་ཐར་པ་མངོན་དུ་བྱས་པ་ཡིན་ཞིང་། དེ་ལྟར་ཐར་པ་དེ་ཡང་གཅེར་བུ་པས་འདོད་པ་བཞིན་དུ་ཐག་རིང་ནས་ཐོབ་དགོས་པའི་དངོས་པོ་ཞིག་མ་ཡིན་པར། བདག་ཏུ་འཛིན་པའི་ཞེན་ཡུལ་མེད་པར་རྟོགས་པའི་མཁྱེན་རབ་མངོན་དུ་བྱས་པ་དེ་ག་རང་གིས་ཉོན་སྒྲིབ་ཟད་པར་སྤངས་པའི་ཐར་པ་ཐོབ་པ་ཡིན་གཤིས། ཐར་པ་ནི་ཐག་ཉེ་འདི་ན་ཡོད་ཅེས་བཞེད་པའམ། ཡང་ན་རང་རྒྱུད་ཀྱི་ཉོན་མོངས་པས་བསྒྲིབ་པའི་བསལ་གཞག་བྲལ་བའི་ཆོས་དབྱིངས་བདེ་གཤེགས་སྙིང་པོའི་རང་བཞིན་མཐོང་བ་ཙམ་གྱིས་གྲོལ་བ་ཡིན་སྟབས། ཐར་པ་ཐག་རིང་བ་སྲིད་གསུམ་གྱི་སྟེང་དུ་ཡོད་པར་འདོད་ཅིང་དེ་རུ་འགྲོ་དགོས་པར་འདོད་པ་དང་། མཆོད་སྦྱིན་ཁྱད་པར་ཅན་ལ་བརྟེན་ནས་ཐར་པ་ནི་ལྷས་གནང་བ་སོགས་ཀྱིས་རང་རྒྱུད་ལ་དངོས་པོ་གཞན་ཞིག་འོང་དགོས་པར་འདོད་པ་དག་ནི་འཐད་པ་མ་ཡིན་ནོ་ཞེས། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དོ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །བྱང་ཆུབ་རིང་མིན་ཉེ་བ་མིན། །འགྲོ་མིན་འོང་བ་མ་ཡིན་ཞིང་། ། ཉོན་མོངས་གཟེབ་གྱུར་འདི་ཉིད་ལ། །མཐོང་བ་དང་ནི་མ་མཐོང་ཡིན། །ཞེས་དང་། བྱང་ཆུབ་རིང་བར་མི་བསམ་ཞིང་། །ཉེ་བར་ཡང་ནི་བསམ་མི་བྱ། །ཡུལ་དྲུག་སྣང་བ་མེད་པར་ནི། །ཡང་དག་ཇི་བཇིན་རིག་གྱུར་པའོ། །ཞེས་གསུངས་པ་བཞིན་དུ། ཚིག་བསྡུས་ཀྱང་དོན་ནི་ལྟ་གྲུབ་ཀྱི་ཟབ་གནད་ཁྱད་པར་ཅན་གྱི་དགག་སྒྲུབ་ཀྱི་སྐོར་དག་ཡིན་གཤིས། སྤྲོས་ན་རྒྱ་ཆེ་བས་བརྗོད་དོན་རྙོག་པའི་རྐྱེན་དུ་དོགས་སྟབས། སྐབས་བབ་ཀྱི་བརྗོད་དོན་ཤེས་རབ་སྡོང་བུའི་རྩོམ་པ་པོ་མུ་སྟེགས་གཅེར་བུ་པ་མ་ཡིན་པའི་སྒྲུབ་བྱེད་ཀྱི་ཕྱོགས་སྟོན་ཙམ་གྱིས་མཐུས་པར་བྱས་ཏེ་བཞག་གོ། །
གང་ཞུས་ཀྱི་པར་གཞི་མི་འདྲ་བ་དེའི་ནང་དུ། བསྟན་བཅོས་འཛིན་པས་མཐར་པ་མིན། །ལུས་མི་དུབ་པས་ཀྱང་མ་ཡིན་ཏེ། །ཞེས་འཁོད་པ་འདི་ལ་བསམ་གཞིག་དགོས་པ་ཞིག་ནི། ཐོས་རྩོད་སྒྲུབ་པ་ལྷུར་ལེན་པའི་མུ་སྟེགས་པ་དང་དཀའ་ཐུབ་ཀྱིས་གྲོལ་བར་འཛིན་པ་དག་ལ་སུན་འབྱིན་གྱི་ཚིག་རྐང་དང་པོ་གཉིས་དང་། ཐ་མ་གཉིས་ནི་རང་སྡེའི་སྒྲུབ་པ་ལྷུར་ལེན་པའི་ཁྱད་ཆོས་སུ་སྦྱར་བ་མིན་འགྲོ་སྙམ་པ་ཞིག་རེད། འོན་ཀྱང་གོང་གི་འགྲེལ་ཚུལ་ནི་དོན་འདི་དང་མཐུན་པར་བྱས་བཞག་ཡོད་སྟབས། འགལ་ཟླར་གྲུབ་དགོས་པའི་ངེས་པ་ནི་མེད། གོང་གི་ཚིག་རྐང་གཞུག་མ་ནང་གི་མི་ཞེས་པའི་དགག་སྒྲའི་ཡིག་འབྲུ་འདི་ནི་ལྷག་པའི་ཡིག་ནོར་ཡིན་པ་ནི། བཀླག་པས་ངེས་ཐུབ་པ་ཡིན་སྟབས་འགྲེལ་ཚུལ་གཞན་ལ་བློ་ཁ་ཕྱོགས་དགོས་པ་ནི་མ་ཡིན་ནོ། །
གཞན་ཡང་གཞུང་འདི་ནང་པའི་བསྟན་བཅོས་ཡིན་པའི་དཔུང་རྟགས་མང་དུ་བདོག་ཅིང་། ཚད་ལྡན་གྱི་བསྟན་བཅོས་རྣམས་དང་ཕན་ཚུན་ལྟོ་སྦྱར་ཏེ་ཚིགས་བཅད་སྤེལ་མར་བྱས་པ་ཡིན་ན་མང་དུ་མཆིས་ཀྱང་། ཚིག་ཚོགས་མང་བར་དོགས་སྟབས། གང་ཡོད་འགོད་པའི་སྤྲོས་པ་བསྐྱུངས་ཏེ་དཔེ་མཚོན་ཙམ་སྨོས་པ་ཡིན་ན། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཞེས་དང་། ཤེས་རབ་སྡོང་བུར། ལས་ཀྱིས་འབྱོར་པ་མེད་ཀྱང་གདུང་བ་མི་སྐྱེད་ཀྱི། །འོན་ཀྱང་ཅི་འབྱོར་པ་ལ་སྦྱིན་པ་གཏང་བྱ་སྟེ། །ལོ་མ་མེ་ཏོག་འབྲས་བུ་ཆུ་དང་སྨན་རྣམས་ནི། །ཐམས་ཅད་མཐའ་ཡས་བསྔོ་བའི་སྟོབས་ཀྱིས་མཐའ་ཡས་འགྱུར། །ཞེས་གསུངས་ཡོད་ལ། ཡང་ཁྱད་པར་འཕགས་བསྟོད་ལས། ཆོས་འདོད་པ་དག་དམངས་རིགས་ལ། །བློ་གྲོས་སྦྱིན་པར་བྱ་མིན་ཟེར། །ཁྱོད་ནི་གདོལ་པ་རྣམས་ལ་ཡང་། །ཐུགས་རྗེས་དམ་ཆོས་སྟོན་པར་མཛད། །ཅེས་དང་། ཤེས་རབ་སྡོང་བུར།བཟོ་སློབ་པ་ཡི་ཡོན་ཏན་ཀུན། །ཡོན་ཏན་འཚོ་བའི་རྒྱུ་ཙམ་ཡིན། །འཁོར་བ་གཅོད་པའི་བློ་གྲོས་གང་། །ཅི་ཡི་ཕྱིར་ན་དེ་མི་བྱིན། །ཞེས་སོགས་མང་དུ་མཆིས་སོ། །
དྲུག དངོས་ཀྱི་རྩོད་གཞིའི་ཚིགས་བཅད་ལ་བརྟག་པ།
ད་ནི་དངོས་ཀྱི་རྩོད་གཞིར་གྱུར་པའི་ཚིགས་སུ་བཅད་པ། ཉེས་པའི་སྐྱོན་ནི་བྲེག་པར་གྱིས། །མགོ་བོ་བྲེགས་པས་ཅི་ཞིག་བྱ། །གང་ཞིག་ཡིད་ཀྱི་གོས་མེད་ན། །རས་ཀྱི་ཆོས་གོས་ཅི་ལ་ཕན། །ཞེས་པའི་ཤོ་ལོ་ཀ་འདིའི་ཐོག་ནས་ཅུང་ཟད་དཔྱད་པ་གཏང་བ་ཡིན་ན། ཚིགས་སུ་བཅད་པ་འདི་ནི་ནང་པའི་རབ་ཏུ་བྱུང་བ་རྣམས་ལ་གདམས་པའི་ལེགས་བཤད་ཅིག་ཡིན་པ་ནི་སྨོས་སུ་མེད་སྟབས། བསླབ་བྱ་འདི་འདྲ་གནང་དགོས་པའི་རྒྱབ་ལྗོངས་ལ་ཕྱིར་རྟོག་བྱེད་པ་ཡིན་ན། ལེགས་བཤད་འདི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་སྔོག་འདོན་ཐུབ་པར་མ་ཟད། བསྟན་བཅོས་འདི་རྩོམ་མཁན་གང་ཡིན་སྐོར་ནས་ཀྱང་གསལ་ཁ་འབྱུང་ཐུབ་པའི་རེ་བ་བཅང་ཆོག་པ་ཡིན།
དེ་ལ་རྩོམ་པ་པོའི་མིག་སྔར་ཁོར་ཡུག་དང་འབྲེལ་ཏེ། རབ་ཏུ་བྱུང་བའི་ཁ་ཕྱོགས་ཀྱི་རྣམ་པ་གང་འདྲ་ཡིན་པ་དང་། མཐོང་རྣམ་དེ་ཡིས་བསྐྱེད་པའི་རྩོམ་པ་པོའི་རྒྱུད་ལ་ཐུགས་བདེ་ཞིང་བག་ཕེབས་པའི་ཁོར་ཡུག་ཅིག་བསྐྲུན་བཞག་ཡོད་པའམ། ཡང་ན་ཐུག་མུག་ཅིང་ལེགས་སྤེལ་ཉེས་འགོག་གི་ཐབས་ཚུལ་གང་འདྲའི་ཐོག་ནས་དཀའ་ངལ་དེ་ལ་གདོང་ལེན་མཛད་ཡོད་པའི་སྐོར་ནས་ཆ་རྒྱུས་ཅུང་ཟད་ལོན་པ་ཡིན་ན། རྩོམ་པ་པོ་དང་འབྲེལ་བའི་ཚིགས་སུ་བཅད་པ་འདི་ཡི་རྒྱབ་ལྗོངས་ཀྱི་གསང་བ་ལ་ཕྱིར་རྟོག་བྱེད་པའི་མཐུན་རྐྱེན་གང་འཚམས་འཛོམས་པ་ཡིན།
དེ་ཡང་རྩོམ་པ་པོའི་གསུང་རྩོམ་ཁག་གཞན་དང་བསྡུར་ནས་ཚིགས་བཅད་འདི་ཡི་གོ་བ་ཇེ་གསལ་དུ་གཏང་སྟེ། དེ་ཉིད་སློབ་དཔོམ་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་ཇི་ལྟར་འབྲེལ་བའི་ཚུལ་ནས་རགས་ཙམ་གླེང་བར་བྱ། ང་ཚོས་ཤེས་གསལ་ལྟར་རྩོམ་པ་པོའི་མིག་སྔར་གྱི་རབ་ཏུ་བྱུང་བའི་གནས་སྟངས་ནི་ད་ལྟ་ང་ཚོའི་གནས་བབ་དང་ཕལ་ཆེར་མཚུངས་ཤིང་ཐུགས་སྐྱོ་འོས་པའི་རྣམ་པ་ཞིག་སྟེ། རབ་ཏུ་བྱུང་བ་འགའ་ཞིག་ནི་རྨོངས་པ་མ་ཤེས་པའི་དབང་གིས་བསླབ་པ་འཆལ་ཞིང་སྤྱོད་པ་འཆོལ་ཉོག་ཏུ་གྱུར་ནས་བསྟན་པ་སྤྱིའི་མཚན་སྙན་ལ་གནོད་པའི་ལས་བགྱིས་པ་དང་། ཁ་ཅིག་ཤེས་ཀྱང་བརྐམ་ཆགས་དང་མ་གུས་པའི་དབང་གིས་བསྟན་པ་ལ་རང་བཟོ་སྣ་ཚོགས་བྱས་པ་ཙམ་དུ་མ་ཟད། ཐ་ན་བསྟན་པ་ལ་སུན་འབྱིན་པའི་ལོག་པའི་ལྟ་བ་ངན་པའི་བསྟན་བཅོས་ཀྱང་རྒྱ་ཆེར་བརྩམས་པས་བསྟན་པའི་ཁྱད་ཆོས་ཀྱི་རྒྱལ་མཚན་བསྙིལ་བ། བསླབ་པ་འཆལ་ཡང་དགེ་འདུན་གྱི་ནང་ན་དབང་ཆེན་པོ་ཡོད་པ་འགའ་ཞིག་ནི་རྙེད་བཀུར་གྱིས་བསླུས་ཏེ་རྒྱགས་ཆོས་སམ་མི་ཆེན་རྒྱལ་པོའི་ལད་མོ་སྣ་ཚོགས་པའི་སྤྱོད་པ་བག་མེད་པའི་དབང་གིས་བསྟན་པའི་སྙིང་པོ་ཉམས་པའི་མིག་ལྟོས་ངན་པའི་བཞག་པ་མང་བ། འཚོ་བ་ཙམ་གྱི་ཕྱིར་དུ་དབང་པོ་སྡོམ་པའི་རྟགས་ཙམ་འཛིན་པ་འགའ་ཞིག་ནི། ཉོན་མོངས་པ་མང་བའི་དབང་གིས་མགོ་བོ་བྲེགས་ཀྱང་དམ་པའི་ཆོས་ཉམས་སུ་མི་ལེན་ཞིང་། སྤྱོད་པ་འཆལ་ཡང་ཆོས་གོས་གྱོན་ཏེ་སྤང་བླང་གོ་ལྡོག་པའི་ངན་གཡོ་སྣ་ཚོགས་ཀྱིས་སྤང་གཉེན་བརྗེ་བའི་རབ་ཏུ་བྱུང་བའི་ཚོང་དུས་བཅོམ་པ་སོགས་ནི། གང་ཟག་འགའ་ཞིག་གི་སྤྱོད་པ་ཉམས་པའི་དོན་ཙམ་མ་ཡིན་པར་དུས་ཀྱི་འགྱུར་བ་ལྟ་བུའི་ཁོར་ཡུག་གི་རྣམ་པ་ཞིག་ཏུ་ཆགས་ནས། ཚང་མ་མ་བསྔགས་པའི་ངན་སྤྱོད་ཀྱི་ལམ་དེར་འགྲོ་བ་ལ་ཉམ་ང་དང་བག་ཚ་ཅི་ཡང་མེད་པའི་སྒོ་ནས་ངམ་ངམ་ཤུགས་ཤུགས་ཀྱིས་བརྒྱུག་པ་ནི། ཤཱཀྱ་སེང་གེའི་བསྟན་པ་མྱུར་དུ་འཇིག་པར་འགྱུར་བའི་དན་རྟགས། བསྟན་པའི་གཞི་མ་འདུལ་བ་ལ་ཉམས་ཆག་དེ་འདྲ་དངོས་སུ་བྱུང་བ་ཡིན་གཤིས། བསྟན་པ་ལ་ཤ་ཚ་ཞིང་བདག་ཉིད་ལེགས་སུ་འདོད་པ་དག་གིས་བཏང་སྙོམས་སུ་གཞག་པའི་གནས་མ་ཡིན་ཞིང་། ལེགས་པར་བརྟག་ནས་མ་ཉམས་པ་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བའི་ཐབས་ལ་འབད་པར་རིགས་སོ་ཞེས་གཞན་ལ་གདམས་པ་ཙམ་མ་ཡིན་པར། ཁོང་གིས་བྱ་བ་དེ་ཉིད་དངོས་སུ་ཕྱག་ལེན་དུ་བཏབ་ནས། རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་ཉམས་པ་གསོ་བར་མཛད་པ་སོགས་ཀྱི་ཕྲིན་ལས་བསྐྱང་། འོན་ཀྱང་ཁོང་གིས་བསྟན་པ་ལ་ཐུགས་ཁུར་ཆེ་དྲགས་པ་དང་། ལོག་སྤྱོད་པའི་དཔུང་མཐུག་ཅིང་། འཁོར་ངན་ལོག་སྒྲུབ་དང་གདུག་རྩུབ་ཀྱི་འཚེ་བ་སོགས་ཀྱིས་ཐུགས་མུག་ནས་མི་མེད་ནགས་འདབས་ཀྱི་དབེན་པ་རུ་སྨྲ་བ་བཅད་ནས་བཞུགས་པའི་དམ་བཅའ་མཛད་པ་སོགས་ནི། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་ལས། ད་ནི་ཤིན་ཏུ་ངན་པའི་མིས། །རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །ད་ནི་མ་བསྔགས་ངན་སྤྱོད་དང་། །ལོག་པར་ལྟ་བ་ངན་པའི་མི། །རྨོངས་པ་དག་གིས་བཅོམ་ལྡན་གྱི། །བསྟན་པའི་ལྗོན་ཤིང་བཅད་ཀྱིས་མེད། །ད་ནི་སྙིང་རྗེ་མེད་པ་ཡིས། །ཆོས་ལུགས་བོར་ཞིང་རང་བཟོ་བྱེད། །བརྐམ་ཆགས་ཕ་རོལ་མི་མཐོང་བས། །བསྟན་པའི་རྒྱལ་མཚན་བསྙལ་གྱིས་མེད། །ད་ནི་གདུལ་དཀའ་ངོ་ཚ་མེད། །སྡིག་ལ་དགའ་ཞིང་ཚུལ་འཆོས་བྱེད། །སྡིག་ཅན་རྣམས་ཀྱིས་ཐུབ་པ་ཡི། །བསྟན་པའི་ཟམ་པ་བཅག་གིས་མེད། །ད་ནི་མགོ་བྲེགས་ཉམས་མི་ལེན། །སྤྱོད་འཆལ་སྨད་པ་ལུས་ལ་འཆོས། །ངན་གཡོ་ཅན་གྱིས་ཐུབ་པ་ཡིས། །བསྟན་པའི་ཚོང་དུས་བཅོམ་གྱིས་མེད། །ད་ནི་ཁྲོ་དང་ང་རྒྱལ་དང་། །རྒྱགས་ཆོས་བྱེད་ཅིང་རྙེད་ལ་ཞེན། །སྡིག་པ་སྣ་ཚོགས་བྱེད་པའི་མིས། །ཆོས་ཀྱི་གྲུ་བོ་བཅག་གིས་མེད། །ད་ནི་ཐུབ་པའི་བསྟན་པ་ཡང་། །ཅུང་ཟད་ཙམ་ཞིག་ལུས་པར་ཟད། །ཐུབ་པའི་བསྟན་པ་གང་ཆེན་མཚོ། །རིང་པོར་མི་ཐོགས་སྐམ་པར་འགྱུར། །སེང་གེའི་སྒྲ་ཡི་བསྟན་པ་ནི། །དུས་ཀྱི་འཁོར་ལོས་རབ་བཅོམ་ནས། །མྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་ཚེ། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །དེ་ནི་ལེགས་པར་བརྟག་པའི་རིགས། །དུས་ཀྱི་འཁོར་ལོ་ངན་བྱེད་པ། །མ་རབས་ཤེས་རབ་འཆལ་པ་དང་། །ཚུལ་ཅན་དག་དང་སྟེན་མི་ཤེས། །ཉེས་པ་བསྟེན་ཞིང་ཚུལ་ཁྲིམས་སྤང་། །དབེན་པས་འཇིགས་ཤིང་འདུ་འཛི་འདོད། །མི་མཁས་བསླབ་ཉེས་སློབ་དཔོན་ནོར། །གདུག་རྩུབ་ང་རྒྱལ་བརྙས་ང་ཆེ། །ངན་པའི་མི་ལ་ཡིད་རྟོན་པས། །སངས་རྒྱས་བསྟན་པ་མ་རུང་བྱས། །ཞི་ཞིང་བདེ་བའི་དུས་ནི་ཟད། །གདུག་རྩུབ་མི་བཟད་དུས་ནི་བྱུང་། །ཤེས་རབ་ཅན་གྱི་མི་རྣམས་དང་། །དབང་གྱུར་སྐྱེ་བོ་རྣམས་ནི་ཟད། །དེ་ལྟའི་དུས་རྣམས་བྱུང་བའི་ཚེ། །རང་གི་ཡུལ་འཁོར་གནས་སྤངས་ཏེ། ། གཞན་གྱི་ལྗོངས་སུ་ཕྱིན་ནས་སུ། །དེར་ཡང་ནགས་འདབ་དབེན་པ་རུ། །སྨྲ་བ་བསྙུངས་ཏེ་གནས་པར་བྱ། །ཞེས་པའི་ཚིགས་སུ་བཅད་པ་དག་གིས་རྒྱས་པར་གསུངས་ཡོད།
འོ་ན་རྩོམ་པ་པོའི་མིག་སྔར་སྤྱོད་པ་འཆལ་བའི་རབ་ཏུ་བྱུང་བའི་ཁོར་ཡུག་གི་གནས་སྟངས་དེ་དང་། མཐོང་རྣམ་དེ་ཡིས་རྐྱེན་པས་ཐུགས་མུག་ཅིང་བསྟན་པ་ལ་ཐུགས་ཁུར་རྒྱ་ཆེར་གནང་ནས། རྒྱལ་བའི་བསྟན་པའི་གཞི་མ་འདུལ་བསྟན་ཉམས་པ་གསོས་པའི་མཛད་པ་དེ་གཉིས་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་འབྱོར་བ་ཨི་ཡིན་ན་སྙམ་ན། དེ་ནི་རྒྱ་བོད་གཉིས་ལ་ཡོངས་སུ་གྲགས་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་ཆེན་གསུམ་གྱི་ཡ་གྱལ་དུ་རྗེ་ཏཱ་ར་ནཱ་ཐས་བཀའ་བབ་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་དང་རྒྱ་གར་ཆོས་འབྱུང་སོགས་ལས་བགྲངས་པ་བཞིན་དུ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས། བསླབ་ཁྲིམས་འཆལ་བར་སྤྱོད་པ་མང་པོ་ཞིག་གིས་སའི་སྟེང་ཁྱབ་སྟེ་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་ཆེས་ཆེར་ཉམས་པར་བྱས་པ་ཐུགས་ཀྱིས་མ་བཟོད་ནས་བསླབ་ཁྲིམས་འཆལ་བར་སྤྱོད་པ་སྟོང་ཕྲག་མང་པོ་གནས་ནས་ཕྱུང་། སྐལ་བ་དང་ལྡན་པ་རྣམས་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་བསྟན་ཅིང་ལྷག་པར་དམ་པའི་ཆོས་འདུལ་བ་རྒྱ་ཆེར་བསྒྲགས་ཏེ་སྔོན་སྟོན་པ་ཐུབ་པའི་དབང་པོས་ཝཱ་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བ་དང་མཚུངས་པ་ལྟ་བུ་ཞིག་མཛད་པས། མཛད་པ་དེ་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱིས་དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ནང་ནས་དང་པོ་དམ་པའི་ཆོས་འདུལ་བ་ཉམས་པ་གསོས་ཏེ་འདུལ་བའི་ཆོས་རྒྱ་ཆེར་བསྒྲགས་པ་ཞེས་གཏམ་དུ་གྲགས་སོ། །ཞེས་གསུངས་པ་འདི་དག་གིས་གྲུབ་པ་ཡིན་ལ། དགེ་སློང་བདེ་བྱེད་ཅེས་པས་རིག་པའི་རྒྱན་ཞེས་པའི་གཞུང་སྟོང་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་བྱུང་དུས། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ལོག་པར་ལྟ་བ་དེའི་གཉེན་པོར་ཆོས་རྒྱ་ཆེར་གསུངས་ཏེ་ལྟ་བ་ལོག་པ་དེ་རྣམས་སུན་ཕྱུང་བ་ཡིན་ཞེས་བཤད་ཅིང་། རླབས་ཆེན་གྱི་མཛད་པ་དེ་དག་ལ་བརྟེན་ནས་ལོག་སྤྱོད་མ་རུང་བ་རྣམས་ཚར་བཅད་པའི་འགལ་འདུའི་ཞེ་འཁོན་ཡིད་ལ་བརྣག་པའི་གདུག་རྩུབ་ཅན་དག་གིས། བར་ཆད་མང་དུ་བརྩམ་གྱི་ཡོད་པ་ནི་སྨོས་སུ་མེད་དེ། ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ནང་དུ། ཨརྱ་དེ་བས་སློབ་དཔོན་ཀླུ་སྒྲུབ་མཇལ་དུས། སློབ་དཔོན་གྱི་སྦྱིན་བདག་རྒྱལ་པོ་ས་རྭ་བ་ཧཱ་སྟེ་ཡང་དག་འདྲེན་པས་སློབ་དཔོན་བཞུགས་སའི་སྒོ་ལ་སྲུང་མ་བཞག་སྟེ། ཕྱི་མི་ནང་དུ་མི་གཏང་ཞིང་ལྷག་པར་དུ་རྒྱུས་མེད་པའི་མི་ཡིས་གང་འདོད་དུ་སློབ་དཔོན་མཇལ་མི་ཐུབ་པར་བཤད་པའི་བདེ་སྲུང་གི་དོ་དམ་དེ་རང་གིས་ཀྱང་གང་འཚམས་དཔོག་ཐུབ་པ་ཡིན།
གཞན་ཡང་ཤེར་རབ་སྡོང་བུ་ལས། དཔལ་ནི་རྒྱབ་ཀྱིས་ཕྱོགས་གྱུར་ཅིང་། །རྩོལ་བ་དོན་མེད་ཉིད་གྱུར་པའི། །དམ་པ་དབུལ་པོར་གྱུར་པ་ལས། །ནགས་ལས་གཞན་དུ་བདེ་བ་མེད། །ཞེས་ཁོང་ཐུགས་མུག་ནས་ལྷོ་ཕྱོགས་དཔལ་གྱི་རི་བོའི་བས་མཐར་གཤེགས་པའི་རྐྱེན་ཡང་འདི་དག་ལ་ཐུག་ཡོད་པར་མ་ཟད། ཁོང་གྲོངས་པའི་རྒྱུ་རྐྱེན་ཡང་འདི་དག་གིས་གྲུབ་པར་མངོན་ཏེ། སློབ་དཔོན་གྱིས་ངས་དེ་སྔོན་ནཱལཱནྡཱའི་དགེ་འདུན་གྱི་ཞལ་ཏ་བྱེད་སྐསབ་རྩྭ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གིས་སྐེ་བཅད་པའི་ཉེས་པ་ཡོད་པས། རྩྭ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་ཆད་ཅེས་བཤད་པའི་དངོས་ཀྱི་བརྗོད་སྙིང་གི་འགལ་འདུའི་བྱུང་བ་དང་། ལོ་ཆེན་གཞོན་ནུའི་སྲོག་གིས་སློབ་དཔོན་གྱིས་བསྟན་པ་དང་ལྟ་གྲུབ་སྤྱི་ལ་དག་ཐེར་མང་དུ་གནང་བའི་རླབས་ཆེན་གྱི་མཛད་པ་དེ་ལ་བརྟེན་ནས་མཐར་སྐུ་ཚེའི་སྨད་ཙམ་དུ་ཐེག་དམན་པ་ཞིག་གིས་དུག་དྲངས་ནས་སྐུ་ལུས་ཞན་པོར་གྱུར་སྟབས། ཏིང་འཛིན་སྒོམ་ནས་སྐུ་ཚེའི་འདུ་བྱེད་བཏང་ཞེས་བཤད་པ་གཉི་གའི་དངོས་ཀྱི་འབབ་སྟེགས་ནི། གོང་དུ་བཤད་པའི་འགལ་འདུའི་བྱུང་བ་དེ་རྣམས་སློབ་དཔོན་ཀླུ་སྒྲུབ་སྐུ་གྲོངས་པའི་རྒྱུ་རྐྱེན་དུ་གྲུབ་པ་ནི་གསལ་པོར་བཤད་བཞག་ཡོད་པ་ཡིན།
བདུན། སྒྲུབ་བྱེད་ཀྱི་རྣམ་པ་གཞན་གྱིས་བཤད་པ།
གལ་ཆེན་བའི་སྒྲུབ་བྱེད་ཀྱི་རྣམ་པ་གཞན་ཞིག་ནི། སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ཚིགས་སུ་བཅད་པ་བརྒྱ་པ་གང་ལས་བཏུས་ཤིང་འགྲུབ་པའི་བསྟན་བཅོས་གཙོ་བོ་ནི། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལ་ཐུག་བསྡད་ཡོད་པ་འདི་ཉིད་གཙིགས་སུ་གཟུང་ཆོག་པ་ཡིན། དེ་ལ་འགའ་ཞིག་གིས་སྐུ་ཞབས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་ལས།
ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས།དེ་འོག་རྒྱལ་པོ་དགའ་བོ་ཞེས་བྱ་འབྱུང་། །ཤ་ཟ་པི་ལུའི་སྔགས་གྲུབ་ལོངས་སྤྱོད་ན། །དེ་ཡི་གྲོགས་པོ་བྲམ་ཟེ་པཱ་ཎི་ཞེས། །སྤྱན་རས་གཟིགས་ཀྱི་སྔགས་གྲུབ་བརྡ་སྤྲོད་བྱེད། །བྲམ་ཟེ་མཆོག་སྲེད་ཅེས་བྱའང་དེ་ཚེ་འབྱུང་། །ཞེས་འབྱུང་བ་ལྟར་ན། བྲམ་ཟེ་མཆོག་སྲེད་ནི་པཱ་ཎི་སཱུཏྲའམ་པཱ་ཎི་བྱ་ཀ་ར་ཎ་སྟེ་སྒྲ་མདོ་པཱ་ཎི་ནི་རྩོམ་མཁན་བྲམ་ཟེ་ཆེན་པོ་པཱ་ཎི་ནི་དང་དུས་མཉམ་ལ། བྲམ་ཟེ་པ་ཎི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པར་བྱོན་པས། སྔར་བཤད་པའི་བྲམ་ཟེ་ཀ་ཨུ་ཊི་ལྱ་དང་འདི་གསུམ་ག་ཧ་ལམ་དུས་མཉམ་དུ་བྱོན་པར་ངེས། ཞེས་ཚིགས་སུ་བཅད་པ་བརྒྱ་པའི་རྩོམ་པ་པོ་བྲམ་ཟེ་མཆོག་སྲེད་ངོ་སྤྲོད་གནང་བའི་སྐབས་སུ། སློབ་དཔོན་ཀླུ་སྒྲུབ་མ་བྱོན་པའི་མི་ལོ་བརྒྱ་ཕྲག་དུ་མའི་གོང་རོལ་ནས་ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ་མཛད་པའི་བྲམ་ཟེ་མཆོག་སྲེད་ཕེབས་ཟིན་པར་བཞེད་པ་ལགས་ན། ཚིགས་སུ་བཅད་པ་བརྒྱ་པ་ཤེར་རབ་སྡོང་བུ་ལས་བཏུས་ཤིང་བརྩམས་པ་དན་རྟགས་སུ་བཟུང་སྟེ། ཤེར་རབ་སྡོང་བུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བསྒྲུབ་པ་ནི་གད་མོ་སློང་བའི་རྣམ་པ་ཞིག་ལས་མ་འདས་སོ་ཞེ་ན།
གོང་དུ་སྐུ་ཞབས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བྲམ་ཟེ་མཆོག་སྲེད་ངོ་སྤྲོད་གནང་བའི་རྒྱབ་ལྗོངས་ལ་སྒྲུབ་བྱེད་ཀྱི་རྣམ་པ་གཞན་ཞིག་ཡོད་པ་ཡིན་ན་ནི་དེ་ག་རང་དུ་ཟད་ཀྱང་། ངོ་སྤྲོད་ཀྱི་གསལ་བཤད་འདི་ཙམ་གྱིས་ནི་གུས་པའི་ལྟ་ཚུལ་གནོད་པ་ཅི་ཡང་མེད་དེ། རྒྱ་གར་ཆོས་འབྱུང་རྣམས་སུ་བྲམ་ཟེ་མཆོག་སྲེད་ཀྱི་མཚན་ཐོགས་པའི་དུས་རབས་མི་གཅིག་པའི་མི་སྣ་རྣམ་པ་གཉིས་སམ་གསུམ་དུ་བྱུང་ཡོད་ལ། དེ་ཡང་ཅུང་ཟད་བཤད་ན།
བྲམ་ཟེ་མཆོག་སྲེད་དང་པོ་ནི་གོང་དུ་བཤད་མ་ཐག་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བྲམ་ཟེ་ཆེན་པོ་པཱ་ཎི་ནི་དང་དུས་མཉམ་ཡིན་པར་བཤད་པའི་བྲམ་ཟེ་མཆོག་སྲེད་དེ་ཉིད་ཡིན་ཞིང་། དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ཡན་མན་ཙམ་དུ་བྱུང་བའི་རྒྱལ་པོ་པདྨ་ཆེན་པོའི་གྲོགས་པོ་བྲམ་ཟེ་མཆོག་སྲེད་ཞུ་བ་དེ་ཡིན། ཁོང་ལ་རིག་སྔགས་གྲུབ་པའི་ཤིང་ལོའི་མཆིལ་ལྷམ་ཞིག་ཡོད་པ་དེ་གྱོན་ནས་ལྷ་དང་ཀླུ་ལ་སོགས་པའི་གནས་ནས་ཀྱང་ཡོ་བྱད་བཟང་པོ་དག་བླངས་ཏེ། དགེ་འདུན་ལ་མཆོད་པ་ཆེན་པོ་བྱས་ཤིང་སློང་བ་པོ་མགུ་བར་བྱེད་པའི་སྦྱིན་པའི་ལས་རིགས་གཉེར་བའི་རིག་སྔསག་མཁན་ཞིག་ཡིན། དུས་ལན་ཞིག་ན་རྒྱལ་པོ་པདྨ་ཆེན་པོ་དང་མི་མཛའ་བར་གྱུར་ཏེ། རྒྱལ་པོས་བདག་ལ་རིག་སྔགས་ཀྱི་གནོད་པ་བྱེད་དོ་སྙམ་ནས་གཤེད་མ་བཀྱེས་པས། མཆོག་སྲེད་ཀྱིས་མཆིལ་ལྷམ་གྱོན་ནས་གྲོང་ཁྱེར་འཕགས་རྒྱལ་དུ་བྲོས་སོ། །མཐར་རྒྱལ་པོས་བསླུས་ཏེ་བུད་མེད་གཅིག་གིས་མཆིལ་ལྷམ་བརྐུས་ནས་འབྲོས་མ་ནུས་པ་ལ་གཤེད་མས་བསད། རྒྱལ་པོས་ཀྱང་བྲམ་ཟེ་བསད་པའི་སྡིག་སྦྱོང་ལ་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཡོ་བྱད་ཕུན་སུམ་ཚོགས་པའི་ཆོས་ཀྱི་གཞི་བྱས་པའི་ལོ་རྒྱུས་ཀྱི་ངོ་གདོང་དེ་ཉིད་གཞིར་གཟུང་བ་ཡིན་ན། ཕྱི་ནང་གང་ཡིན་པའི་གསལ་ཁ་ཆེན་པོ་མེད་ཅིང་། བསྟན་བཅོས་རྩོམ་པའི་མཁས་པ་ཞིག་ཡིན་པའི་རྣམ་པ་ནི་དེ་བས་མེད།
བཤད་ཚུལ་གཞན་ཡང་རྒྱ་གར་ཆོས་འབྱུང་ལས། མཆོག་སྲེད་ཅེས་བྱ་བ་དེས་བྱེ་བྲག་ཏུ་བཤད་པའི་གླེགས་བམ་མང་དུ་བྲིས་ཏེ་ཆོས་སྨྲ་བ་རྣམས་ལ་བྱིན་ནོ་ཞེས་འབྱུང་ལ། བཀའི་གླེགས་བམ་ཅི་རིགས་པ་ནི་སྟོན་པ་བཞུགས་པའི་དུས་ཉིད་ཀྱང་ཡོད། དགོངས་འགྲེལ་གྱི་བསྟན་བཅོས་གླེགས་བམ་དུ་འཁོད་པའི་ཐོག་མ་འདི་ཡིན་ནོ་ཞེས་ཟེར་ལ། དེ་ལ་བྲག་ཏུ་ཏུ་བཤད་པའི་དོན་ནི་ཞིབ་མོར་བཤད་པའི་དོན་ཡིན་ཞིང་། དེ་ཡང་སྔོན་སྟོན་པ་ཉིད་ཀྱི་བཀའ་ཇི་ལྟ་བའི་ཚིག་བརྗོད་ནས་དེའི་གདམས་ངག་སྟོན་པ་དང་། དེ་ཉིད་དུ་བཀའ་ཡི་དོན་འགྲོལ་བར་བྱེད་པ་ལས། མདོ་སྡེ་ལས་གོ་སླ་བའི་བསྟན་བཅོས་ལོགས་སུ་བྱེད་པ་མེད་དོ། ། ཞེས་བཤད་ཡོད།
མདོར་ན། གཏམ་རྒྱུད་གསེར་ཐང་ལས། མདོ་རྣམས་སྟོན་པ་འདས་ནས་བྱུང་བ་ཤ་སྟག་ཡིན་ལ། འདི་ནི་སྐད་གསར་རྙིང་དང་། བརྗོད་བྱ། དེར་བྱུང་བའི་གནས་དང་གང་ཟག་དང་ཡུལ་སྲོལ་ལ་སོགས་པ་མང་པོ་བསྡུར་ནས་བརྟག་བཟོད་པ་ཡིན་པས། རྒྱུ་མཚན་ཅི་ཡང་མེད་པར་རྫོགས་ལྡན་གྱི་དུས་བྱུང་ཟེར་བ་དང་ཡེ་མི་འདྲ་བར་ཤེས་པར་བྱའོ། །ཞེས་བཤད་པ་དང་། རྒྱ་བོད་ཡིག་ཚང་ཆེན་མོ་ལས། བཀའ་བསྡུ་གཉིས་པའི་དུས་སུ། སྔར་སྟོན་པ་སངས་རྒྱས་ཀྱིས་གསུངས་ཚད་སྡེ་སྣོད་རྣམས་མི་བརྗེད་པའི་གཟུངས་ཐོབ་པའི། དགྲ་བཅོམ་རྣམས་ཚོགས་པའི་འགྲན་བསྡུར། ཞུ་དག་མ་ནོར་བ་བྱས་པ་ཡིན་གྱི། པོ་ཏི་གླེགས་བམ་དང་།ཡི་གེར་བཀོད་པ་ནི། ཚིག་འབྲུ་གཅིག་ཀྱང་མེད་པར་བཞེད་དོ། །ཞེས་དང་། བཀའ་བསྡུ་གསུམ་པ་འདིའི་དུས་སུ། སྡེ་སྣོད་གསུམ་དུ་རྟོགས་ཚད་ཐམས་ཅད་གཞུང་དུ་བཀོད་ཅིང་། དཀར་ཤོག་ཏུ་བཏབ་ནས། བམ་དོང་དང་ལེའུའི་རྣམ་གྲངས་གསལ་བར་བྱས་སོ། །ཞེས་གསུངས་པ་འདི་དག་དཔྱད་གཞིར་བཞག་པ་ཡིན་ན། བྲམ་ཟེ་མཆོག་སྲེད་འདི་ནི་བཀའ་བསྡུ་གསུམ་པ་མ་བྱས་པའི་གོང་གི་མི་སྣ་ཡིན་པ་རྒྱ་གར་ཆོས་འབྱུང་ལས་བཤད་པས། དགོངས་འགྲེལ་གྱི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་གླེགས་མང་དུ་བྲིས་ནས་སྤེལ་བར་བཤད་པ་ལ་རྒྱུ་མཚན་གྱི་གཏན་ཚིགས་དེ་ཙམ་མེད་ཅིང་། ཚིགས་སུ་བཅད་པ་བརྒྱ་པ་ནི་སྤྱིར་འཇིག་རྟེན་མི་ཆོས་ཀྱི་ལེགས་ཉེས་བླང་དོར་འབྱེད་པའི་ལུགས་ཀྱི་བསྟན་བཅོས་ཡིན་པ་སྨོས་སུ་མེད་ཀྱང་། འབྱོར་པ་གཡོ་ཞིང་ལང་ཚོ་མྱུར་དུ་འཇིག །སྲོག་ནི་གཤིན་རྗེའི་སོ་ཡི་བར་ན་གནས། །འདིར་བདེ་དོན་གཉེར་ཕ་རོལ་ཡལ་བར་འདོད། །དེ་ནི་གཡང་སའི་མཐར་གནས་ལོང་བ་བཞིན། །ཞེས་ཆོས་ལུགས་པའི་བསླབ་བྱ་ཐུན་མོང་མ་ཡིན་པ་ཐོན་སྟབས། འདི་ནི་ཆོས་ལུགས་དང་འབྲེལ་བའི་ལུགས་ཀྱི་བསྟན་བཅོས་སུ་གྲུབ་གཤིས། གཤམ་དུ་འཆད་འགྱུར་ལྟར་གནའ་རབས་ནང་ཆོས་ཀྱི་བསླབ་བྱའི་ངང་ཚུལ་ལས་བརྒལ་བའི་ལེགས་བཤད་མང་པོ་ཞིག་བྱུང་བ་འདི་ཡིས། གནའ་རབ་ནང་ཆོས་ཀྱི་དུས་སྐབས་སུ་བྱུང་བའི་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་རྒྱུ་མཚན་ཡང་ཆེན་པོ་མེད།
རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཅུང་ཟད་ཕྱི་བ་ཙམ་ན། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བ་སྲུང་བ་ཞེས་བྱ་བ་བྱུང་སྟེ། དེའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ཅིང་། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་འབྱུང་ལ་དེ་ནི་མདོ་ལུགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཡིན་པར་འདོད་ལ། སྔགས་པ་རྣམས་ནི་ཏ་ཏྭ་སི་གྲ་ཧ་སྟེ་དེ་ཁོ་ན་ཉིད་བསྡུས་པ་ཡིན་ནོ་ཞེས་ཟེར་ཏེ། གང་ལྟར་ཡང་མི་འགལ་མོད་སྔ་མ་ལྟར་འཐད་དམ་སེམས་སོ། འདི་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པ་ཆེན་པོ་མི་ཡུལ་དུ་བྱུང་བ་ཐོག་མ་ཡིན་ནོ། །ཞེས་གསུངས་པ་ལྟར་དུ་སྐབས་དེ་དུས་ཐེག་པ་ཆེན་པོའི་གླེགས་བམ་ཙམ་ཡང་མི་ཡུལ་དུ་བྱུང་ཡོད་པའི་བདེན་དཔང་མེད་སྟབས། སེམས་ཅན་རྣམས་ལ་གང་གི་སེམས། །སྙིང་རྗེས་བརླན་པར་གྱུར་པ་དག །ཐར་དང་ཡེ་ཤེས་དེ་ཡིན་གྱི། །རལ་པ་ཐལ་བ་ཆོས་གོས་མིན། །ཞེས་ཐེག་ཆེན་གྱི་གཏམ་དུ་ངེས་པའི་གྲུབ་མཐའ་གཞན་ལ་སུན་འབྱིན་པའི་ལེགས་བཤད་འདི་དག་བྱུང་ཡོད་པ་བཤད་དགོས་པ་ཡིན་ན་ཅུང་ཟད་རྙོག་གྲ་ལྡན་པ་ཞིག་ཏུ་སེམས་སོ། །
དེ་བཞིན་དུ། ཇི་སྲིད་འཚེ་བ་བསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། ། རང་གི་ཁྲོ་བ་ཉིད་བསད་ན། །དེས་ནི་དགྲ་རྣམས་ཀུན་བསད་ཡིན། །ཞེས་རིགས་པའི་འགྲོས་དང་སྦྱར་བའི་བཟོད་པའི་ཉམས་ལེན་གྱི་བསླབ་བྱ་འདི་དག་ནི་གནའ་རབས་གདོད་མའི་ནང་བསྟན་གྱི་བསླབ་བྱ་ཁག་དང་བསྡུར་བ་ཡིན་ན། ཕྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་དུས་ཙམ་ནས་དར་རྒྱས་སུ་སོང་བ་ཨི་ཡིན་ན་སྙམ་པ་ཞིག་སྟེན། དཔེར་ན་ཆེད་དུ་བརྗོད་པའི་ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེ་གོ་སླ་ཉན་བདེ་གཙོ་བོར་བྱས་ནས་གསུངས་པའི་བསླབ་བྱ་དེ་ཉིད། ཤེས་རབ་སྡོང་བུ་ལས། མ་མཐོང་བ་དག་མདུན་དུ་ལྷགས། །སླར་ཡང་མ་མཐོང་བ་རུ་སོང་། །ཁྱོད་ཀྱི་དེ་ཅི་ཁྱོད་ཀྱང་ཅི། །དེ་ལ་མྱ་ངན་སུ་ཞིག་བྱེད། །ཅེས་རིགས་པའི་འགྲོས་དང་སྦྱར་ཏེ་འཆད་པ་བཞིན་ནོ། །
དེས་ན། ཆོས་ཀྱི་ཚིགས་སུ་བཅད་པ་ལས། འདི་ན་ནམ་ཡང་ཁྲོ་བ་ཡི། །དགྲ་རྣམས་ཞི་བར་མི་བྱེད་ཀྱང་། །ཁྲོ་བ་མེད་པས་ཞི་བར་འགྱུར། །འདི་ནི་གཡུང་དྲུང་ཆོས་ཡིན་ནོ། །ཞེས་དང་། ཤེར་རབ་སྡོང་བུ་ལས། ཇི་སྲིད་འཚོ་བར་བསད་ཀྱང་ནི། ། དགྲ་བོ་ཟད་པར་མི་འགྱུར་གྱི། །(རང་གི་ཁྲོ་བ་ཉིད་བསད་ན། །གང་དུ་ཞུས་པའི་པར་གཞི་མི་འདྲ་བ་དེ་རུ་འཁོད་ཀྱང་དེ་བཞིན་པའི་ངེས་ཤེས་ཀྱི་རྒྱབ་རྟེན་གཞན་ནི་མ་རྙེད། )དེ་ནི་དགྲ་བོ་ཉིད་གསོད་ཡིན། །ཞེས་དང་། ཚིགས་སུ་བཅད་པ་བརྒྱ་པ་ལས། ཇི་སྲིད་འཚེ་བ་བསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། ། རང་གི་ཁྲོ་བ་ཉིད་བསད་ན། །དེས་ནི་དགྲ་རྣམས་ཀུན་བསད་ཡིན། །ཞེས་དང་། སྤྱོད་འཇུག་ལས། སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེངས་འདི་དག་ཀོས་གཡོགས་སུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེངས་ཐམས་ཅད་གཡོགས་དང་འདྲ། །ཞེས་དང་། ས་སྐྱ་ལེགས་བཤད་ལས། གལ་ཏེ་དགྲ་ཀུན་བརླག་འདོད་ན། །བསད་པས་དེ་ཀུན་ག་ལ་འཛད། །རང་གི་ཁྲོ་བ་གཅིག་བཅོམ་པས། །དགྲ་ཀུན་ཅིག་ཅར་བསད་པ་ཡིན། །ཞེས་གསུངས་པའི་དོན་དག་ལ་གཞིག་པ་ཡིན་ན་གོང་དུ་བཤད་པའི་དོན་རྣམས་ཁ་ཇེ་གསལ་དུ་གཏང་ཐུབ་པའི་རྣམ་པ་ལྡན་པ་ཡིན།
གནས་སྐབས་དེ་ཙམ་གྱིས་ཚིགས་སུ་བཅད་པ་བརྒྱ་པའི་རྩོམ་པ་པོ་བྱེ་བྲག་ཏུ་བཤད་པའི་གླེགས་བམ་འབྲི་མཁན་དུ་གྲགས་པའི་བྲམ་ཟེ་མཆོག་སྲེད་མ་ཡིན་པའི་ཕྱོགས་གཟུང་ཆོག་པར་སེམས་ཤིང་། གཞན་ཡང་ཚིགས་སུ་བཅད་པ་བརྒྱ་པའི་མཛད་པ་པོ་མཆོག་སྲེད་འདི་ཉིད་ཡིན་པའི་བཤད་པ་སྔར་མེད་ཅིང་། ད་ལྟ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་ལས་བཤད་པ་འདི་ཡང་དོན་ལ་ནང་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཐོག་མ་མཛད་པར་གྲགས་པའི་བྲམ་ཟེ་མཆོག་སྲེད་མ་ཡིན་པ་འཆད་ཀྱི་ཡོད་དེ། དེ་དག་གིས་བྱས་པའི་ལུགས་ཀྱི་བསྟན་བཅོས་བཞི་གའི་བརྗོད་བྱའི་སྤྱི་བབ་ལ་དཔགས་ན་སློབ་དཔོན་དེ་ཚོ་ཕྱི་རོལ་པ་ཡིན་པའི་བཟོ་འདུག་པས། ཁོ་བོས་ནི་དེ་དག་ཕྱི་རོལ་པའི་སློབ་དཔོན་རྐྱང་ཡིན་པར་སེམས། ཞེས་སྐུ་ཞབས་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཚིགས་སུ་བཅད་པ་བརྒྱ་པའི་མཛད་པོ་བྲམ་ཟེ་མཆོག་སྲེད་ཕྱི་རོལ་མུ་སྟེགས་པ་ཡིན་པར་བཞེད་པས་སོ། །
མཆོག་སྲེད་གསུམ་པ་ནི། ཀཱ་ལཱི་དཱ་ས་སྟེ་ནག་མོའི་ཁོལ་དང་དུས་མཉམ་པའི་ཝཱ་ར་ཎ་སཱིའི་རྒྱལ་པོ་བྷི་མ་ཤུཀླའི་མཆོད་གནས་སུ་གྲགས་པའི་བྲམ་ཟེ་མཆོད་སྲེད་ཞུ་བ་དེ་ཡིན། མཆོག་སྲེད་ལ་རྒྱལ་པོས་རང་གི་སྲས་མོ་ལྕམ་དུ་ཕུལ་ཡང་། སྲས་མོ་དཔྱིད་ལྡན་མའི་ང་རྒྱལ་གྱིས་ཆུང་མར་དང་ལེན་མ་བྱས་པའི་ཞེ་འཁོན་ལ་བརྟེན་ནས། གནག་རྫི་ཞིག་པཎྜི་ཏ་རུ་བསྙད་བཏགས་ཏེ་དཔྱིད་ལྡན་མའི་མག་པར་གདན་དྲངས་པའི་ལོ་རྒྱུས་ཀྱི་བྱུང་རིམ་དེ་ལ་བརྟེན་ནས། པཎྜི་ཏ་ནག་མོའི་ཁོལ་གྱི་ལོ་རྒྱུས་གྲུབ་ཀྱི་ཡོད།
ཁོང་ནི་རགས་པའི་དུས་མཚུངས་བསྒྲིག་པ་ཡིན་ན། དགེ་ཆོས་ཀྱིས། ཙནྡྲ་གུཔྟས་འདས་རྗེས་ཀྱི་ལོ་དགུ་བརྒྱ་སོ་དགུ་པ་ལ་སྲིད་ཁྲི་གཟུང་བར་བཤད་ཅིང་། རྒྱལ་པོ་དེ་དང་ཀཱ་ལཱི་དཱ་ས་སྟེ་ནག་མོའི་ཁོལ། སློབ་དཔོན་ཕྱོགས་ཀྱི་གླང་པོ་རྣམས་དུས་མཉམ་ཡིན་པར་བཤད་པ་ལྟར་ན། བྲམ་ཟེ་མཁས་པ་མཆོག་སྲེད་ནི་དུས་རབས་ལྔ་པའི་ནང་ཙམ་དུ་བྱོན་པའི་མི་སྣ་ཡིན་པ་ཆ་འཇོག་བྱེད་ཐུབ་ལ། ཨ་ལག་ཚེ་ཏན་ཞབས་དྲུང་དང་དོར་ཞི་སོགས་ཀྱིས་བཤད་ཚུལ་ལྟར་ན། ནག་མོའི་ཁོལ་ནི་ཕྱི་ལོ་༣༥༠ནས་༤༧༢བར་དུ་བྱོན་པར་བཤད་པའི་དབང་དུ་བཏང་ཡང་དུས་ཚིགས་ལ་ཧེ་བག་ཆེན་པོ་མེད།
འོན་ཀྱང་རྒྱ་གར་ཆོས་འབྱུང་ལས། དེ་ནི་མགོན་པོ་ཀླུ་སྒྲུབ་དང་དུས་མཉམ་པའི་རྒྱལ་པོ་བདེ་སྤྱོད་ཀྱི་མདུན་ན་འདོན་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ནས་གྲུབ་པ་ཆེན་པོར་གྱུར་པ་དེ་དང་མི་གཅིག་ཡིན་པ་ལྟ་བུར་བཤད་ཅིང་། གོང་དུ་བཤད་པ་ལྟར། ཡུལ་ཝཱ་ར་ཎ་སཱིའི་རྒྱལ་པོ་བྷི་མ་ཤུཀླའི་སྲས་མོ་དཔྱིད་ལྡན་མ་དང་འགལ་ཟླར་གྱུར་ནས། དཔྱིད་ལྡན་མ་མགོ་བསྐོར་བའི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་བྲོས་ཤིང་། གཞི་ནས་རྒྱལ་པོ་བདེ་བྱེད་ཀྱི་སྒྲའི་སློབ་དཔོན་མཛད་ནས། ཀླུས་བསྟན་པའི་བརྡ་སྤྲོད་པ་ཞེས་བྱ་བ་དེ་གྲུབ་པར་བྱས་ཤིང་། རྒྱལ་པོ་ལ་རིག་པའི་གནས་གཞན་ཡང་མང་པོ་བསྟན་པར་བཤད་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ། རྒྱལ་པོ་བདེ་སྤྱོད་ཀྱི་སྒྲའི་སློབ་དཔོན་ནི་བདུན་པའི་གོ་ཆ་ཡིན་པར་བཤད་པ་ལས་བྲམ་ཟེ་མཆོག་སྲེད་ཡོད་པར་མ་བཤད་ཅིང་། རྒྱལ་པོས་བཙུན་མོ་ལེགས་སྦྱར་གྱི་སྐད་ཅུང་ཟད་ཤེས་པ་ཞིག་ལ་ཁྲུས་ཀྱི་ཚེ་ཆུ་ཅུང་ཟད་གཏོར་བས། བཙུན་མོས་ལེགས་སྦྱར་གྱི་སྐད་ཐོག་ནས་བདག་ལ་ཆུ་མ་འཐོར་ཞེས་བརྗོད་དུས། རྒྱལ་པོས་ཕལ་སྐད་དུ་འཁྲུལ་ནས་ལ་དུ་འཁུར་བ་བྱིན་ཅིག་ཅེས་གོ་ནས་བསྐུར་བས། བཙུན་མོས་རྒྱལ་རིགས་ངན་པ་བ་ལང་ལྟ་བུ་འདི་དང་ལྷན་ཅིག་ཏུ་མི་གནས་སོ་ཞེས་བརྙས་སྨོད་བྱས་པ་ལ་བརྟེན་ནས། རང་གི་ཞང་པོ་སྒྲའི་སློབ་དཔོན་བདུན་པའི་གོ་ཆ་ཉིད་ལས་བསླབས་ཏེ་སྒྲ་ལ་མཁས་པར་གྱུར་ཏེ། བདག་གི་ལག་གཡས་པདྨ་ཡོད། །གཡོན་པ་ན་ནི་ཨུཏྤ་ལ། །ཡུ་བ་འཇམ་དང་རྩུབ་པ་དག ། གང་འདོད་སྨྲོས་ཤིག་གཞིན་བཟང་མ། །ཞེས་བསྐུར་བས་དཔེ་མེད་པར་དགའ་ཞིང་མགུ་བར་གྱུར་ཏོ་ཞེས་སོགས་བཤད་པ་ནི། སློབ་དཔོན་ནག་མོའི་ཁོལ་གྱི་ལོ་རྒྱུས་ཀྱི་ཆ་ཤས་དང་ཧ་ཅང་འདྲ་སྟབས། མི་སྣ་མི་འདྲ་བ་གཉིས་གཅིག་ཏུ་བསྡུས་ཏེ་བཤད་པ་དང་། གཅིག་གི་ལོ་རྒྱུས་གཉིས་ལ་སྦྱར་བ་ལྟ་བུ་འདི་དག་ལ་ལས་སླ་མའོ་བསྡོམས་ཚིག་ཅིག་གིས་ཤན་འབྱེད་དཀའ་ན་ཡང་། མཆོག་སྲེད་འདི་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་གྲོགས་པོ་མཆོག་སྲེད་ཡིན་པའི་དབང་དུ་བཏང་ན། དཔྱིད་ལྡན་མ་དང་གཉེན་སྒྲིག་གི་གྲོས་མོལ་བགྱི་དུས་དགུང་ལོ་སུམ་བརྒྱ་ལ་ཉེ་ཡི་ཡོད་པ་དང་། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ལོ་བཅུ་གཉིས་ལ་བསྙེན་ནས་ཞལ་མངོན་སུམ་དུ་གཟིགས་པའི་གྲུབ་བརྙེས་མཆོག་སྲེད་ལགས་ཀྱིས། བུ་མོ་དཔྱིད་ལྡན་མ་མགོ་སྐོར་བའི་ཆེད་དུ་སྦྱོར་བ་མང་པོ་དེ་འདྲ་ཞིག་ཨི་བརྩམ་ན་སྙམ་པ་ཞིག་དང་། གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་བརྙེས་ཤིང་ནག་པོ་ཆེན་པོ་མངག་གཞུག་ཏུ་གནས་པའི་བྲམ་ཟེ་མཆོག་སྲེད་ཡིན་ན། བུ་མོ་ཞིག་དབང་དུ་བསྡུ་བའི་ནུས་པ་ཡང་མེད་ཅིང་། ངོ་གནོང་བའི་སྦྱོར་བ་འུ་ཐུག་པའི་འཁོན་ལན་སློག་པའི་ཐབས་དེ་ཡང་འཐེན་མི་རིགས་པའི་ཕྱིར་དང་། གྲུབ་པ་ཐོབ་པ་སྟོང་ཕྲག་བརྒྱད་པོ་དེ་དག་ཀྱང་ཁོང་ལ་བླ་མར་འཛིན། རིག་པ་མཐའ་དག་ཀྱང་མ་བསླབས་པར་རང་ཤེས་སོ། །ཞེས་བཤད་པའི་གཏམ་འདི་གཞིར་གཟུང་བ་ཡིན་ན། སྒྲ་ལ་མཁས་པར་མ་ཟད་རིག་པའི་གནས་གཞན་ལ་ཡང་འཇུག་པ་ཡངས་བའི་བློ་གྲོས་ཀྱི་སྤོབས་པའི་དགེ་བ་ཅན་ཞིག་ཡིན་པ་སྨོས་སུ་མེད་གཤིས། དཔྱིད་ལྡན་མས་ང་མཁས་ཀྱིས་བརྙས་པའི་དྲེགས་པའི་ཡུལ་དུ་མེད་པ་ཡང་གྲུབ། དེས་ན་མིག་སྔར་དཔྱད་གཞིའི་ཡིག་ཆ་ལྟར་ན། རྒྱལ་པོ་བྷི་མ་ཤུཀླའི་མཆོད་གནས་སུ་གྲགས་པའི་བྲམ་ཟེ་མཆོད་སྲེད་ནི། ཚིགས་སུ་བཅད་པ་བརྒྱ་པའི་རྩོམ་པ་པོ་ཡིན་པའི་སྒྲུབ་བྱེད་ཀྱི་གཏན་ཚིགས་མེད་ཅིང་། ཨི་ཡིན་ན་སྙམ་པའི་དོགས་གཞི་སྐྱེ་བའི་གནས་ཀྱང་མཐོང་མ་སོང་ལ། དེ་ལྟས་རེ་ཞིག་མིན་པའི་གནས་སུ་བསྐྱལ་ནས་བར་མཚམས་བཞག་གོ། །
མཆོག་སྲེད་གཉིས་པ་ནི། གོང་དུ་གང་འཚམས་བཤད་པ་བཞིན་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གྲོགས་པོ་བྲམ་ཟེ་མཆོག་སྲེད་ཞུ་བ་དེ་ཡིན་ཞིང་། ཁོང་ནི་སྤྱན་རས་གཟིགས་ཀྱི་གྲུབ་བརྙེས་ནག་པོ་ཆེན་པོ་མངག་གཞུག་ཏུ་གནས་པའི་མཐུ་ཆེན། གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་ཐོབ་ཅིང་སྒྲ་རིག་པ་གཙོ་བོར་གྱུར་པའི་རིག་པའི་གནས་ཀུན་ལ་མཁྱེན་པ་རྒྱས་པའི་སློབ་དཔོན་ཆེན་མོ། གྲུབ་ཐོབ་སྟོང་ཕྲག་མང་པོའི་བླ་མ། རྒྱལ་པོ་ཆེན་མོ་བདེ་སྤྱོད་བཟང་པོའི་མདུན་ན་འདོན་དང་སྒྲ་གཙོ་བོར་གྱུར་པའི་རིག་པའི་གནས་རྣམས་ཀྱི་སློབ་དཔོན་དུ་གྲགས་པའི་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཟེར་བ་དེ་ཉིད་ཡིན། ཁོང་གིས་རྒྱལ་པོའི་སྒྲའི་སློབ་དཔོན་དུ་པཱ་ནི་པ་ཡོངས་སུ་རྫོགས་པར་ཤེས་པའི་ཀླུའི་རྒྱལ་པོ་ཤེ་ཥ་ཞེས་བྱ་བ་གདན་དྲངས་པའི་ལོ་རྒྱུས་ལ་གཞིག་པ་ཡིན་ན། ཀླུ་སྒྲུབ་དང་རྒྱལ་པོ་བདེན་སྤྱོད་བཟང་པོ་གཉིས་ཀྱི་མཆོད་ཡོན་གྱི་འབྲེལ་བ་ལ་ཡང་ཤུགས་རྐྱེན་ཡོད་པར་སེམས་སོ། །
དེ་ལ་སློབ་དཔོན་བྲམ་ཟེ་མཆོད་སྲེད་ཚིགས་སུ་བཅད་པ་བརྒྱ་པའི་རྩོམ་པ་པོ་ཡིན་པའི་འཐད་ཕྱོགས་ཀྱི་རིམ་པ་ནི། ཚིགས་སུ་བཅད་པ་བརྒྱ་པའི་མཛད་བྱང་ནང་དུ་སློབ་དཔོན་ཆེན་པོ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ་ཞེས་འཁོད་པ་ནང་བཞིན་དུ། རྒྱལ་གར་ཆོས་འབྱུང་ལས། སློབ་དཔོན་འདི་ཉིད་ཀྱི་གྲོགས་པོ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་ཞེས་གསུངས་པའི་མཚན་གཉིས་ཁྲིགས་སེ་འགྲིག་པ་ཡིན།
སྤྱན་རས་གཟིགས་ཀྱིས་ནག་པོ་ཆེན་པོ་མངག་གཞུག་ཏུ་གནས་པའི་དངོས་གྲུབ་གནང་བའི་ཀླུ་སྒྲུབ་ཀྱི་གྲོགས་པོ། སློབ་དཔོན་བྲམ་ཟེ་མཆོག་སྲེད་དངོས་ཡོད་ཀྱི་མི་སྣ་ཡིན་པའི་བདེན་དཔང་ནི། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ། །ཞེས་བསྟན་འགྱུར་ནང་དུ་ནག་པོ་ཆེན་པོའི་ཆོས་སྐོར་དང་འབྲེལ་བའི་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་འགྱུར་དེ་རྣམས་འཇོག་ཆོག་པ་ཡིན།
སྤྱིར་ལུགས་ཀྱི་བསྟན་བཅོས་རྣམས་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཤན་མ་ཐེབས་པ་ལྟ་བུར་མེད་ཅིང་། ཤོ་ལོ་ཀ་མང་པོ་ཞིག་ནི་ཐུན་མོང་གི་ཚིགས་བཅད་དུ་བྱུང་བསྡད་ཡོད་སྟབས། དེ་ཙམ་གྱིས་གང་ཞིག་གང་གི་ཁུངས་སུ་བསྙད་པར་མི་ནུས་ཀྱང་། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ་ལ་ཤོ་ལོ་ཀ་བརྒྱ་དང་བཅུ་མེད་དྲུག་ཡོད་པའི་ནང་ནས། འགའ་ཞིག་ལ་ཚིག་གི་སྦྱོར་སྟངས་ཅུང་ཟད་མི་འདྲ་བ་ཙམ་ལས་ཚིགས་བཅད་བརྒྱད་ཅུ་ཙམ་ནི་བསྟན་བཅོས་ཤེས་རབ་སྡོང་བུ་རང་དུ་ཡོད་པའི་ཤོ་ལོ་ཀ་རྣམས་ཡིན་ཞིང་། ཚིགས་བཅད་བཅུ་གཅིག་པ། འདུ་འཛི་ཀུན་དུ་སྤང་བར་བྱ། །དམ་པ་དག་དང་འགྲོགས་པར་བརྩོན། །ནད་ཀྱིས་འཇིག་པ་མེད་པ་ནི། ། ཉིན་གཅིག་ལོ་བརྒྱ་བས་ཀྱང་མཆོག །ཅེས་པའི་ཤོ་ལོ་ཀ་འདི་ནི་ཤེས་རབ་སྡོང་བུའི་ཤོ་ལོ་ཀ་ཞེ་གསུམ་པ་དང་བརྒྱ་དང་གྱ་བདུན་པའི་ཚིག་རྐང་འཕྲི་སྣོན་གྱི་བསྡུས་བསྒྲིགས་ལས་བྱུང་བར་མངོན་གཤིས། བསྟན་བཅོས་རང་གི་ལུས་ལའང་བསྡུས་ཉམས་ཡོད་པ་དག་གིས་དཔག་ནུས་པར་སེམས་སོ། །
རྩོད་པའི་རྣམ་པ་རིགས་པས་བསྡུམ་པ།
དེ་ཡང་བསྟན་བཅོས་འདིའི་ལུས་ཡོངས་རྫོགས་བོད་སྐད་དུ་མ་འགྱུར་ཞིང་། ཅིའི་ཕྱིར་མ་འགྱུར་བ་དང་། འགྱུར་གཞིའི་མ་ཕྱི་གང་འདྲ་ཞིག་ལོ་ཙཱ་བའི་ཕྱག་ཏུ་སོན་པ་སོགས་ནི་ལྐོག་གྱུར་དུ་ལུས་ཤིང་། འགྱུར་གཞིའི་མ་ཕྱིར་བསྡུར་བའི་ཤེས་ཚད་དང་མཐུན་རྐྱེན་གྱིས་དབེན་པའི་ཐོག་ཏུ། བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཙཱ་བ་ཤཱི་ལེནྡྲ་བོ་དྷི་དང་། བནྡེ་ཡེ་ཤེས་སྡེ་གཉིས་ཀྱིས་བསྒྱུར་བའི་འགྱུར་གཅིག་ལས་མེད་སྟབས། དཔྱད་གཞིའི་རྒྱུ་ཆ་གལ་ཆེ་བ་རྣམས་ཀྱིས་དབུལ་བ་ཡིན་དུས། རྒྱུ་མཚན་གཏིང་ཚུགས་པའི་དཔྱད་འབྲས་མང་པོ་ཞིག་རང་བཞིན་གྱིས་བག་ལ་ཞ་བར་འགྱུར་བ་ཡིན།
ཆོས་འབྱུང་རྣམས་སུ་ཀུན་མཁྱེན་བུ་སོགས་ཀྱིས་ཀླུ་སྒྲུབ་ཀྱི་རྣམ་ཐར་སྐབས་སུ་བསྟན་བཅོས་ཤེས་རབ་སྡོང་བུ་ཅིའི་ཕྱིར་མ་སྨོས་པ་ཡིན་ཞེ་ན། གསུང་རྩོམ་ཡོངས་རྫོགས་གྲངས་འདྲེན་གྱི་ངོས་འཛིན་མ་ཡིན་པར་མཚན་གཞི་ངོས་འཛིན་གྱི་རྣམ་པ་ཡིན་གཤིས། བུ་སྟོན་སོགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་མ་ཡིན་པ་བཞེད་པའི་སྐྱོན་དུ་མི་འགྱུར་ཏེ། བསྟན་འགྱུར་དཀར་ཆག་དང་ཆོས་འབྱུང་གཉིས་ཀྱི་ཐོར་བུ་བ་ལུགས་ཀྱི་བསྟན་བཅོས་འཆད་པའི་སྐབས་སུ་ཤེས་རབ་བརྒྱ་པ་དང་། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ཐིགས་གསུམ་ག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་ཆོས་ཡིན་པར་བཞེད་ཡོད།
དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་ལས། བསྟན་བཅོས་འདིའི་གདུང་རྒྱུད་དེད་པ་ཡིན་ན། བྲམ་ཟེ་ཙ་ན་ཀའི་དོན་གྱི་བསྟན་བཅོས་དང་ལུགས་ཀྱི་བསྟན་བཅོས་རྣམས་སུ་ཐུག་པར་བཤད་པ་བཞིན་དུ། ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་ཚིགས་བཅད་དུ་མ་ཞིག་གཞུང་འདི་རུ་ཐད་ཀར་བཀོད་ཡོད་ཅིང་། བསྟན་བཅོས་འདིའི་ཞལ་ཕྱོགས་ས་ནི་རྒྱ་གར་གྱི་མིའི་འགྲོ་བ་གཙོ་བོ་ཡིན་པ་སྨོས་སུ་མེད་སྟབས། སྐབས་དེའི་རྒྱ་གར་གྱི་དམངས་སྤྱི་ལ་འཕྲོད་པའི་རིན་ཐང་གི་ལྟ་བ་དང་མཛེས་དཔྱོད་ཀྱི་ལྟ་བ་མང་པོ་ཞིག་ལ་གཞི་རྟེན་ཡོད་པའི་རྐྱེན་གྱིས། རིགས་རུས་བཟང་ངན་དང་ཕོ་མཆོག་མོ་དམན་གྱི་བཤད་པ་གང་འཚམ་བྱུང་བ་ལ་ནི་རྩོམ་པ་པོའི་སྐྱོན་དུ་བཤད་པར་ག་ལ་སྤོབས།
གལ་ཆེ་བ་ཞིག་ལ། བསྟན་བཅོས་འདིའི་རྩ་བའི་གཞུང་ཤིང་གི་གཙོ་བོ་ནི། ཕོ་མོའི་དབྱེ་བ། དབང་འབྱོར་གྱི་ཁྱད་པར། རིགས་རུས་བཟང་ངན་སོགས་གང་ལའང་མ་ལྟོས་པར་ཚང་མས་དོན་དུ་གཉེར་བྱ་ནི། དྲང་སྙོམ་གྱི་ཀུན་སྤྱོད་དང་དཔྱོད་ཤེས་ཀྱི་བློ་མིག་ཡིན་པ་བསྟན་པར་མ་ཟད། དེ་འདྲའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ནི་བསྟན་བཅོས་འདི་ཡི་སྐྱེད་སྲིང་བྱ་རྒྱུའི་མི་སྣ་གཙོ་བོ་ཡིན་པ་ཡང་བསྟན་ཡོད།
དཔེར་ན་སྟབས་བདེའི་མཚན་གཞི་ཞིག་གི་ཐོག་ནས་བཤད་པ་ཡིན་ན། ལེགས་བཤད་ཀྱི་ཚན་པ་བརྒྱ་དང་རེ་གཉིས་པའི་ནང་དུ་མཁས་པའི་ཁྱད་ཆོས་རིགས་པ་ཡིན་པར་བཤད་ཅིང་། རིགས་པའི་དོན་ཡང་རིགས་དང་མི་རིགས་འབྱེད་པའི་བློ་གྲོས་ཡིན་པ་ལེགས་བཤད་ཀྱི་ཚན་པ་བརྒྱ་དང་སུམ་ཅུ་པའི་ནང་དུ་བཤད་ཡོད། དེ་འདྲའི་རིགས་པའི་རྣམ་དཔྱོད་ལྡན་པའི་མི་བུ་ནི། རིགས་པ་དང་བྲལ་བའི་གཟུགས་མཛེས་དང་འབྱོར་ལྡན་ཙམ་ལྟ་ཅི། རྒྱལ་པོ་དང་རིགས་མཐོ་བ་དག་ལས་ཀྱང་མཆོག་ཏུ་བཞེད་པ་ནི། ལེགས་བཤད་ཀྱི་ཚན་པ་ཉིས་བརྒྱ་ཉེར་བདུན་པ་ནས་སུམ་ཅུའི་བར་གྱི་ཤོ་ལོ་ཀ་བཞི་ཡིས་བཤད་ཡོད།
འོན་ཀྱང་དྲང་སྙོམ་གྱི་ཀུན་སྤྱོད་བོར་བའི་ཤེས་ཡོན་གྱི་ང་རྒྱལ་དང་། དབང་འབྱོར་གྱི་སྟོབས་དང་ལྡན་པའི་གཞན་བརྙས་ཀྱི་དྲེགས་པའི་སྒོ་ནས་འཚོ་བ་ལ་སྙིང་པོའི་རིན་ཐང་ཅི་ཡང་མེད་པར་བཞེད་དེ། མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་གིས་ཅི་ཞིག་བྱ། །ཞེས་སོགས་མང་པོ་བཤད་འདུག། མདོར་ན་བསྟན་བཅོས་འདིའི་རིན་ཐང་གི་ལྟ་བའི་ལྟེ་བ་ནི་དབང་འབྱོར་གཉིས་ཙམ་མ་ཡིན་པར། དྲང་སྙོམ་གྱི་ཀུན་སྤྱོད་དང་དཔྱོད་ཤེས་ཀྱི་བློ་མིག་གཉིས་པོ་ཡིན་གཤིས། རྩ་བ་ཆ་ནས་རྒྱ་གར་གྱི་ཡུལ་ཆོས་ཕོ་མཆོག་མོ་དམན་དང་རིགས་རུས་བཟང་ངན་གྱི་ལྟ་བས་གོས་མེད་ཅེས་བཤད་ཆོག་པ་ཡིན། བཤད་པ་འདི་ལ་ཁུ་འཕྲིག་གནང་སྟེ་ཤོ་ལོ་ཀ་རེ་གཉིས་ཤིག་ནན་གྱིས་བཟུང་ནས་ཀླན་ཀ་འཚོལ་བ་དག་ལ། བསྟན་བཅོས་འདི་ལས། གང་ཞིག་ཀུན་དུ་བགྲོད་བྱ་ཡོད་པ་དེ། །རང་ཡུལ་ཆགས་པས་བརླག་པར་ཅི་ཕྱིར་བྱེད། །སྐྱེ་བོ་ངན་པ་བདག་གི་ཁྲོན་པ་ནི། །འདི་ཡིན་ཟེར་ཞིང་བ་ཚྭ་ཅན་ཆུ་འཐུང་། །ཞེས་གསུངས་པ་འདི་ཉིད་ལན་དུ་ཕུལ་ཏེ་བཞག་གོ། །
གཞན་ཡང་སྐྱོན་འགའ་ཞིག་ནི་འགྱུར་གྱི་ཐོག་ལ་ཨེ་ཡོད་ན་སྙམ་པ་ཞིག་སྟེ། ཇི་སྲིད་འཚོ་བར་བསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། །དེ་ནི་དགྲ་བོ་ཉིད་གསོད་ཡིན། །ཞེས་བྱུང་བ་འདི་དང་། གཤམ་དུ་འཆད་འགྱུར་ལྟར་དུ་ཤེས་རབ་སྡོང་བུ་བསྡུས་པའི་ཚུལ་དུ་གནས་པའི་ཚིགས་སུ་བཅད་པ་བརྒྱ་པ་ལས། ཇི་སྲིད་འཚེ་བ་བསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། ། རང་གི་ཁྲོ་བ་ཉིད་བསད་ན། །དེས་ནི་དགྲ་རྣམས་ཀུན་བསད་ཡིན། །ཞེས་བཤད་པའི་ཚིགས་བཅད་འདི་གཉིས་བསྡུར་བ་ཡིན་ན་འགྱུར་གྱི་སྐྱོན་མིན་འགྲོ་སྙམ་པ་ཞིག་ཡོད་ལ། དེ་བཞིན་དུ། སེམས་ཅན་རྣམས་ལ་གང་གི་ཚེམས། ། སྙིང་རྗེས་བརླན་པར་གྱུར་པ་དག །ཐར་དང་ཡེ་ཤེས་དེ་ཡིན་གྱི། །ཐལ་བ་རལ་པ་ཆོས་གོས་མིན། །ཞེས་ཤེས་རབ་སྡོང་བུའི་འགྱུར་འདི་དང་། སེམས་ཅན་རྣམས་ལ་གང་གི་སེམས། །སྙིང་རྗེས་བརླན་པར་གྱུར་པ་དག །ཐར་དང་ཡེ་ཤེས་དེ་ཡིན་གྱི། །རལ་པ་ཐལ་བ་ཆོས་གོས་མིན། །ཞེས་ཚིགས་སུ་བཅད་པ་བརྒྱ་པའི་འགྱུར་འདི་གཉིས་གཤིབ་བསྡུར་བྱས་པ་ཡིན་ན། སེམས་ལ་ཚེམས་ཞེས་སྦྱོར་བ་འདི་ནི་འགྱུར་དང་ཡིག་ནོར་གང་ཡིན་ཆ་མ་འཚལ་ཡང་། འོས་འཚམ་མ་ཡིན་པ་ནི་བཀླག་པ་ཙམ་གྱིས་ཐོན་ཡོང་བའི་ཚིག་སྦྱོར་ཞིག་ཡིན།
ད་དུང་གོ་རིམ་སྔ་ལྟར་བཀོད་དེ་ཚིགས་བཅད་འགའ་ཞིག་ལ་དཔྱད་པ་གཏང་བ་ཡིན་ན། འགའ་ཞིག་ནི་ཡིག་ནོར་གྱིས་བསླད་པས་གོ་དཀའ་བར་འགྱུར་བ་ཨི་ཡིན་ན་སྙམ་པ་ཞིག་དང་། ཡང་འགའ་ཞིག་ནི་འགྱུར་གྱི་ཚིག་སྦྱོར་གྱིས་རྐྱེན་པས་གོ་དཀའ་བར་འགྱུར་བ་མིན་འགྲོ་སྙམ་པ་དུ་མ་མཆིས། མཚན་གཞི་གོ་རིམ་བཞིན་དུ་སྨོས་པ་ཡིན་ན། ཏི་ཏི་ར་ནི་ཟིལ་པ་ཡི། །ཐིགས་པས་སྲོག་ནི་འཛིན་བྱེད་ཀྱང་། །བསླང་ན་གཏུགས་པའི་འཇིགས་པ་ཡིས། །བརྒྱ་བྱིན་ལ་ཡང་མི་སློང་ངོ་། །ཏི་ཏི་ར་ནི་ཟིལ་པ་ཡི། ཐིགས་པ་ཙམ་གྱིས་སྲོག་འཛིན་བྱེད། །བསླངས་པས་ཐོབ་པར་མི་འགྱུར་ན། །བརྒྱ་བྱིན་ལ་ཡང་མི་སློང་ངོ་། ། འབད་པ་ཡིས་ནི་བཟུང་བ་ཡི། །བུམ་པ་ཡི་ནི་ཆུ་ཕྱེད་བཞིན། །སྤྱི་བོ་ལ་ནི་བཀུར་བྱས་ན། ། སྐྱེ་བོ་ངན་པ་ཁྲོ་བར་བྱེད། །ཆུ་ཡིས་བུམ་པ་ཕྱེད་བཀང་བ། །རབ་ཏུ་འབད་པས་བཟུང་བྱས་ཏེ། །སྤྱི་བོར་བདག་གིས་ཁུར་བ་བཞིན། །སྐྱེ་བོ་ངན་པ་བཀུར་ན་ཁྲོ། །ཞེས་དང་། འགྲོ་བའི་དྲི་མ་ཆགས་པ་འདྲ་བ་མེད། །གཞན་ལ་གནོད་པ་ཕྲག་དོག་འདྲ་བ་མེད། །མཛའ་བོ་སློང་མོ་པ་འདྲ་ཡོད་མིན་ཏེ། །གཏོང་དང་མཉམ་པའི་གཉེན་བཤེས་གང་ཡང་མེད། །ཆགས་པ་དང་འདྲའི་དྲི་མ་འགྲོ་ན་མེད། །ཕྲག་དོག་དང་འདྲའི་གནོད་པ་གཞན་ཡོད་མིན། །སློང་བ་དང་འདྲའི་མཛའ་བོ་ཡོད་མིན་ཏེ། ། གཏོང་བ་དང་མཉམ་གཉེན་ནི་འགྲོ་ན་མེད། །ཞེས་བཤད་པ་འདི་ལ་གོ་བ་མི་འདྲ་བ་རེ་ལེན་རྒྱུ་ཡོད་ཀྱང་། གཞུང་རང་གི་སྤྱི་བབ་ཀྱི་གོ་བ་དང་བསྡུར་བ་ཡིན་ན་ཚིགས་སུ་བཅད་པ་བརྒྱ་པའི་འགྱུར་འདི་དོན་ལ་གནས་པ་ཡིན།
གཞན་ཡང་། གང་ན་ཞལ་ཏ་བྱེད་པ་མང་། །ཐམས་ཅད་མཁས་པར་ང་རྒྱལ་ཆེ། །ཀུན་ཀྱང་གཙོ་བོ་བྱེད་འདོད་པ། །དེ་ཡི་ཚོགས་རྣམས་འཇིགས་པར་འགྱུར། ། གང་ན་ཞལ་ཏ་བྱེད་པ་མེད། །ཀུན་ཀྱང་མཁས་པར་ང་རྒྱལ་ཆེ། །ཐམས་ཅད་གཙོ་བོ་བྱེད་འདོད་པ། །དེ་ཡི་ཚོགས་ནི་འཇིག་པར་འགྱུར། ། མཁས་པའི་ཚུལ་ནི་རིགས་པ་ཡིན། །ཁུ་བྱུག་ཚུལ་ནི་སྒྲ་སྙན་ཡིན། །དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །བུད་མེད་ཚུལ་ནི་ཉོན་མོངས་ཡིན། ། ཁུ་བྱུག་ཚུལ་ནི་སྒྲ་སྙན་ཡིན། །མཁས་པའི་ཚུལ་ནི་རིག་པ་ཡིན། །བུད་མེད་ཚུལ་ནི་ཁྲེལ་ཡོད་ཡིན། །དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། ། དེ་ཉིད་ཤེས་ན་སློབ་དཔོན་ཅི། །ནད་སོས་སྨན་པ་ག་ལ་དགོས། །ཆུ་བོ་བརྒལ་ན་གྲུ་པས་ཅི། །ཆགས་བྲལ་བྱད་མས་ཅི་ཞིག་བྱ། །དེ་ཉིད་ཤེས་ན་སློབ་དཔོན་ཅི། །ནད་དང་བྲལ་ལ་སྨན་པ་ཅི། །ཆུ་བོ་རྒལ་ལ་གྲུ་པ་ཅི། །ཆགས་བྲལ་མཛེས་མས་ཅི་ཞིག་བྱ། །ཞེས་པ་ལྟ་བུའི་ཚིག་གི་སྒྲོམ་གཞི་ཕལ་ཆེར་འདྲ་ཡང་དོན་སྟོན་ཚུལ་མི་འདྲ་བའི་ཚིགས་བཅད་ཀྱང་གང་འཚམ་མངའ་འོ། །
དེ་ལ་བསྟན་བཅོས་ཤེས་རབ་སྡོང་བུ་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་རྩོམ་ཐོག་མ་ཡིན་ཞེས་ཁ་མཚམས་གཅོད་དཀའ་ན་ཡང་། སྔ་རྩོམ་ཡིན་པ་ལ་ནི་སྨོས་སུ་མེད་དེ། རིགས་པ་དྲུག་ཅུ་པ་ལས། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པའི་གང་གིས་ཡོད་ཉིད་དང་། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་མེད་པ་སྐུར་འདེབས་ཀྱི་མཐའ་འགོག་པའི་བསྟན་བཅོས་དབུ་མ་རིན་ཆེན་ཕྲེང་བ་ལ་སོགས་པ་སྔོན་དུ་བརྩམས་ནས། ཡོད་པ་སྒྲོ་འདོགས་ཀྱི་མཐའ་འགོག་པའི་རིགས་ཚོགས་རྗེས་སུ་བརྩམས་པར་གསུངས་པའི་དོན་དུ་ཆ་བཞག་པ་ཡིན་ན། ཁོང་གི་རྩོད་མེད་ཀྱི་བསྟན་བཅོས་གཏམ་ཚོགས་དང་རིགས་ཚོགས་གཉིས་ཀྱི་སྔ་ཕྱིའི་གོ་རིམ་གསལ་པོར་གྲུབ་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་པོ་བདེ་སྤྱོད་བཟང་པོས་རིན་པོ་ཆེ་མང་དུ་ཕུལ་བའི་ལན་དུ་རིན་ཆེན་ཕྲེང་བ་གནང་ཞིང་ཕྱིས་བཤེས་པའི་སྤྲིང་ཡིག་ཀྱང་མཛད་ཅེས་གསུངས་པ་ལྟར་དུ། བཤེས་སྤྲིང་གི་བརྗོད་བྱའི་དོན་ལ་གཞིག་པ་ཡིན་ན་ཡང་དགུང་ལོ་གང་འཚམ་ཐོན་ཡོད་པའི་སྐུ་ཚེའི་སྨད་ཙམ་དུ་བརྩམས་པར་ངེས་པས་རིན་ཆེན་ཕྲེང་བའི་རྗེས་སུ་བརྩམས་པར་བྱས་ཀྱང་གནོད་པ་མ་མཐོང་།
རིན་ཆེན་ཕྲེང་བ་ལས། ཆོས་ཀྱིས་འཇིག་རྟེན་མངོན་དགར་འགྱུར། །འཇིག་རྟེན་དགའ་བར་གྱུར་པས་ཀྱང་། །འདི་དང་གཞན་དུ་བསླུས་མི་འགྱུར། །ཆོས་མིན་པས་ནི་ལུགས་འདོད་གང་། །དེ་ཡིས་འཇིག་རྟེན་མི་དགར་འགྱུར། །འཇིག་རྟེན་མི་དགའ་ཉིད་ཀྱི་ཕྱིར། །འདི་དང་གཞན་དུ་དགའ་མི་འགྱུར། །ཞེས་དམ་པའི་ཆོས་ཀྱི་རྩ་བའི་སྒྲོམ་གཞི་ནི་མི་ཆོས་དགེ་བའི་རྨང་གཞིའི་ཐོག་ཏུ་བཞག་ཡོད་པའི་སྟབས་ཀྱིས། མི་ཆོས་ཕུལ་དུ་བྱུང་བ་འམ་ལུགས་ཀྱི་བསྟན་བཅོས་རྣམས་བརྩམས་ཟིན་པའི་འོག་ཏུ། གཟོད་ལུགས་ཀྱི་དམ་པ་རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ་འདི་ཉིད་བརྩམས་པར་མཛད་པ་ནི། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་བཞིན་དུ་ཁོང་གིས་གདུལ་བྱ་སྨིན་པར་མཛད་པའི་ལམ་རིམ་སྤྱི་འགྲོས་རང་གིས་གྲུབ་པ་ཡིན།
ལམ་རིམ་གྱི་བརྒྱུད་པ་འདི་ནི་ཁྲིད་ཡིག་རྣམས་སུ་གདམས་ངག་གི་དངོས་གཞིའི་སྔོན་དུ་སློབ་མ་བརྟག་པའམ་སློབ་མའི་མཚན་ཉིད་ཅེས་པའི་ཆོས་ཚན་དེ་ཉིད་ཡིང་ཞིང་། དེ་ནི་ངེས་ལེགས་སྣོད་འོས་ཀྱི་སློབ་གསོ་མི་ཆོས་དགེ་བའི་རྨང་གཞི་ཡོད་མེད་བརྟག་པའམ། མི་ཆོས་དགེ་བའི་རྨང་གཞིའི་སློབ་གསོ་གནང་གི་ཡོད་པ་ཡིན་ལ། གལ་ཏེ་སློབ་མ་གང་དེར་མི་ཆོས་དགེ་བའི་རྨང་གཞི་མེད་ཅིང་། ངེས་ལེགས་སྣོད་འོས་ཀྱི་སློབ་གསོའམ་མི་གཞིའི་སློབ་གསོས་སྨིན་པར་མ་ནུས་ན། སློབ་མ་རུ་རྗེས་སུ་གཟུང་བའི་སྲོལ་མེད་པ་ནི་གཙོ་བོ་ཇོ་བོ་བཀའ་གདམས་པའི་ལུགས་སུ་དར་ཁྱབ་ཆེ་ཞིང་། བོད་ཁམས་ཡོངས་ཀྱི་གཙོ་རྒྱུག་གི་ལྟ་ཚུལ་ཞིག་ཏུའང་ཆགས་ཡོད་པ་ཡིན་ཏེ། གཏམ་དཔེར། མི་ཆོས་དྲི་མས་མ་གོས་ན། །ལྷ་ཆོས་དྲི་མས་ག་ལ་གོས། །ཞེས་གལ་ཆེན་གྱི་སྤྱི་བསྡོམས་བྱས་ཡོད་པ་ཡིན།
དེ་ལྟར་རྒྱལ་བློན་འབངས་གསུམ་ལ་གདམས་པའི་ལུགས་ཀྱི་བསྟན་བཅོས་རྣམས་རྨང་གཞིར་བྱས་ཤིང་། དེ་ནས་ལུགས་ཀྱི་དམ་པ་ཐེག་པ་ཆེན་པོའི་ལྟ་སྤྱོད་ཟུང་འབྲེལ་དུ་གདམས་པའི་དབུ་མ་རིན་ཆེན་ཕྲེང་བ་བརྩམས་པར་མཛད་པ་ནི་རིན་ཕྲེང་རང་གི་གསུང་དེ་དག་ལས་མངོན་གྱི་ཡོད། དེ་ཡང་ཅུང་ཟད་ཞིབ་པར་བཤད་པ་ཡིན་ན། ཐོག་མར་རྒྱལ་པོ་ལ་ལུགས་གཉིས་ཀྱི་ཐུན་མོང་བཟང་སྤྱོད་སྟོན་པའི་ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་ཤེས་རབ་སྡོང་བུ་སྐྱེས་སུ་གནང་ཞིང་། དེ་ནས་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་དབུ་མ་རིན་ཆེན་ཕྲེང་བ་གནང་བར་མཛད་དོ། །
རྒྱུ་མཚན་དེ་ལ་བརྟེན་ནས་བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིག། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་དབུ་མ་རིན་ཆེན་ཕྲེང་བ་ཞེས་བུ་སྟོན་ཆོས་འབྱུང་སོགས་ལས་དེ་ལྟར་ཚོ་ཁག་ཆེན་པོ་གསུམ་དུ་བགོས་ཡོད།
དེ་ནི་གདམ་ཡུལ་ལ་ལྟོས་ཏེ་བསྟན་བཅོས་གཙོ་བོ་གསུམ་གྱི་མཚན་སྨོས་པ་ཞིག་སྟེ། བཤད་སྒྲོས་བསྒྱུར་ནས་གདམ་ཡུལ་དང་སྦྱར་ཏེ་ལུགས་ཀྱི་བསྟན་བཅོས་གཞིར་བཞག་པ་ཡིན་ན། རྒྱལ་པོ་ལ་གདམས་པ་ཤེས་རབ་སྡོང་བུ། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས་ཞེས་སོ་སོར་འབྱེད་ཆོག་པ་ཡིན།
དེ་ལ་འགའ་ཞིག་གིས་རྒྱལ་པོ་ལ་གདམས་པ་ཤེས་རབ་སྡོང་བུ་ཞེས་པའི་ཐ་སྙད་འདི་ནི་ཁུངས་མེད་པའི་རང་བཟོའི་མིང་ཙམ་དུ་ཟད་དོ་སྙམ་ན། དེ་ནི་བསྟན་བཅོས་ཤེས་རབ་སྡོང་བུ་རང་ཉིད་གཟུ་དཔོན་དུ་བསྐོས་ཏེ་གསལ་བཤད་ཀྱི་ཞལ་ལྕེ་གཅོད་རོགས་ཞུ་བ་ལས། བཤད་སྒྲོས་གཞན་ཞིག་གི་ཁུངས་འགོད་པའི་བྱ་ཐབས་ནི་མ་རྙེད། དེ་ཡང་ང་ཚོས་ཤེས་གསལ་ལྟར། སྐྱེ་བོ་གསོ་ཐིགས་དམངས་ལ་གདམས་པའི་ལུགས་ཀྱི་བསྟན་བཅོས་ཡིན་པ་ནི། གཞན་གྱིས་བཤད་པ་ཙམ་ལ་སྐྱབས་བཅོལ་དགོས་པ་མ་ཡིན་ཏེ། བསྟན་བཅོས་རང་གི་བརྗོད་བྱས་གསལ་བཤད་གནང་ཡོང་བ་ཞིག་ཡིན། དཔེར་ན་མཚན་གཞི་ཙམ་སྨོས་པ་ཡིན་ན། བསྟན་བཅོས་རང་གི་ཞལ་བྱང་དང་། བློ་དམན་སྐྱེ་བོ་མུན་ནག་ལྟ་བུ་ལ། །སྙན་ངག་སྒྲོན་མེ་རབ་ཏུ་གསལ་བྱའི་ཕྱིར། །བདག་ལྟ་དམན་པས་སྙན་ངག་སྒྲོན་མེད་ཀྱང་། །བླུན་པོ་གསོ་ཕྱིར་ཆུ་ཐིགས་ཙམ་ཞིག་བརྗོད། །ཅེས་ཐོག་མར་བརྩམ་པར་དམ་བཅའ་བའི་གསུང་དང་། དཀར་པོའི་ཆོས་རྣམས་ཡིད་ལ་མི་འཇོག་སྐྱེ་བོ་རྣམས་ལ་ནི། །མི་ཆོས་ཕུལ་དུ་བྱུང་བ་ཡིད་ལ་འཇོག་པ་ཉིད་ལ་ནི། །ཅུང་ཞིག་དགེ་བར་འགྱུར་སྙམ་ནས་ནི་འདི་རྣམས་བྲིས་པ་ཡིན། །དགེ་བས་བླུན་པོ་མ་ལུས་གྲོལ་ཞིང་ཡུན་དུ་གནས་པར་ཤོག །ཅེས་ཐ་མ་མཇུག་རྩོམ་རང་གི་ཐོག་ནས་ཀྱང་ངེས་ཤེས་གང་འཚམ་རྙེད་ཐུབ་པ་ཡིན།
དཔེ་དེ་བཞིན་དུ། ཤེས་རབ་སྡོང་བུ་རྒྱལ་པོ་ལ་གདམས་པའི་ལུགས་ཀྱི་བསྟན་བཅོས་ཡིན་པ་དེ་ཡང་། བསྟན་བཅོས་རང་གི་བརྗོད་བྱས་གྲུབ་གཤིས། མཛུབ་མོས་རི་སྟོན་གྱི་ཚུལ་དུ་དཔེར་བརྗོད་ཁ་ཤས་བཞག་པ་ཡིན་ན། བསྟན་བཅོས་ཀྱི་འགྱུར་འདིའི་དབང་དུ་བྱས་པའི་ཐོག་མའི་ཚིགས་སུ་བཅད་པ་ནི། མི་སྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། ། ཞེས་བཤད་པའི་ཤོ་ལོ་ཀ་འདི་རང་གི་ངོས་ནས་ཀྱང་གདམ་ཡུལ་རྒྱལ་པོ་ཡིན་པའི་གསལ་བཤད་གང་འཚམས་བྱེད་ཐུབ་པ་ཡིན།
དེ་ཡང་ཚིག་རྐང་རེ་རེའའི་དོན་རྣམས་རགས་བཤད་བྱས་པ་ཡིན་ན། དང་པོ། མི་སྲུན་སྐྱེ་བོ་གདུལ་བར་བྱ། །ཞེས་པའི་དོན་ནི། ཤེས་རབ་སྡོང་བུ་ལས། མི་སྲུན་སྐྱེ་བོ་ཞི་བས་མིན། །དེ་དང་འཚམ་པའི་རྩུབ་པས་བསྟེན། །བུ་ནི་མི་བསྒྲུངས་པ་དག་ལ། །ཕན་འདོད་ཕ་ཡིས་མི་བསྡིགས་སམ། །ཞེས་དང་། མི་སྲུན་སྐྱེ་བོ་ས་ཁུང་ལས་བྱུང་བའི། །ཚིག་ནི་སྦྲུལ་གྱིས་སྐྱེ་བོ་དམ་པ་ཟིན། །དུག་དེ་ཞི་བར་བྱེད་པའི་གཉེན་པོར་ཡང་། །ཤེས་རབ་བཟོད་པའི་སྨན་དག་བཏུང་བར་བྱ། །ཞེས་རྒྱལ་ཁམས་ཀྱི་བརྟན་ལྷིང་དཀྲུག་པའམ་སྤྱི་དམངས་ཀྱི་བཟང་སྤྱོད་ལ་གཏོར་བརླག་གཏོང་བའི་མི་སྲུན་པའི་སྐྱེ་བོ་གང་དག། དྲག་པོའི་ཁྲིམས་དང་ཞི་བའི་ཐབས་མཁས་གང་འཚམས་གྱིས་བཅུན་ཏེ། ཡ་རབས་བཟང་སྤྱོད་ཀྱི་ལམ་དུ་གཞོལ་བ་སོགས་ནི། སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད། །ངན་ལ་ངན་ཏུར་མ་བྱས་ན། །ནམ་ཡང་དྲན་ཤེས་རེམ་མི་འགྱུར། །ཉེས་ལ་ཆད་པ་མ་བཅད་ན། །ཕྱི་ནས་ཉེས་བྱེད་རྒྱུན་མི་ཆད། །ཅེས་རྒྱལ་ཁམས་དཔེར་བླངས་ཀྱི་རྒྱལ་ཁྲིམས་བཅོ་ལྔ་པའི་ནང་ཚན། དམད་པ་གསུམ་གྱི་དོན་རྣམས་དང་འདྲ་བར་སེམས།
གཉིས་པ། ཡོན་ཏན་ཅན་ནི་བཀུར་བར་བྱ། །ཞེས་པའི་དོན་ནི། ཤེས་རབ་སྡོང་བུ་ལས། གང་དུ་ཡོན་ཏན་ལྡན་མི་མཆོད། །མཁས་པ་དེ་རུ་ཅི་ཕྱིར་འགྲོ། །གོས་མེད་གཅེར་བུའི་གྲོང་ཁྱེར་དུ། །ཁྲུས་མཁན་གྱིས་ནི་ཅི་ཞིག་བྱ། །ཞེས་ཁོར་ཡུག་གང་དེར་དབང་འབྱོར་ལྟེ་བར་བཟུང་སྟེ། མཁས་པ་དང་མཛངས་པ་རྣམས་ལ་གུས་བརྩིའི་མཐོང་ཆེན་དང་། ཁེ་དབང་གྱི་གོ་ཐོབ་མེད་པའི་གནས་སུ་གྱུར་དུས། མཁས་པ་དང་མཛངས་པ་སྡོད་པའི་གནས་དང་འཚར་བའི་ཡུལ་དུ་མི་འགྱུར་ཞིང་། མཁས་པ་དང་མཛངས་པ་མེད་པའི་ཡུལ་དེར་རླབས་ཆེན་གྱི་དམ་པ་འཁྲུངས་སའི་གཞི་མེད་པ་ཡིན།
རླབས་ཆེན་གྱི་སྐྱེས་བུ་མ་འཁྲུངས་ན་རླབས་ཆེན་གྱི་བྱ་གཞག་གནམ་ནས་འབྱུང་མི་སྲིད་པའི་སྟབས་ཀྱིས། ཕུན་སུམ་ཚོགས་པའི་རྒྱལ་ཁམས་ནི་མངོན་དུ་འགྱུར་མི་སྲིད་པའི་སྟོང་བསམ་གྱི་ཞིང་ཁམས་ཙམ་དུ་ལུས་པར་མ་ཟད། གླེན་པ་ཆོ་ལོ་འཛིན་པའི་དབང་ཤེད་ཅན་དང་། བླུན་པོ་ནོར་རྐྱལ་ཁུར་བའི་ཁ་སྟབས་ཅན་གྱིས་རྒྱལ་ཁམས་འཕུང་བར་འགྱུར་ཞིང་། སྲིད་གཞུང་རུལ་སུངས་སུ་ལོག་ནས་རྒྱལ་སྲིད་དང་རྒྱལ་ཁམས་མི་བདེ་བའི་དོན་ངན་ནི། རྒྱ་མཚོའི་རྦ་ཀློང་བཞིན་དུ་གཅིག་རྗེས་གཉིས་མཐུད་དུ་འབྱུང་ཞིང་། དེ་ལྟར་དབང་ནོར་ལྟེ་བར་འཛིན་པའི་སྐྱེ་བོ་ངན་པ་རྣམས་དང་ལྷན་དུ་ལུགས་དང་མི་མཐུན་པའི་རྒྱལ་སྲིད་གཉེར་བ་ལས། ཤེས་རབ་སྡོང་བུར། མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་སྨྲ་ལྷན་ཅིག་ཏུ། །བཙོན་རར་གནས་པའང་གནས་བླ་ཡི། །མི་སྲུན་ནང་གི་རྒྱལ་སྲིད་མིན། །དམ་པ་དག་དང་ལྷན་ཅིག་འདྲིས། །མཁས་དང་ལྷན་ཅིག་སྨྲ་བ་དང་། །བརྐམ་མེད་ལྷན་ཅིག་མཛའ་བ་ཉིད། །བྱེད་པ་སྐྱོ་བར་མི་འགྱུར་རོ། །ཞེས་དང་། མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་པར་སྨྲ་བ་དང་། །འཆི་བ་ན་ཡང་འདུག་བླ་ཡི། །སྐྱེ་བོ་ངན་དང་རྒྱལ་སྲིད་མིན། །ཞེས་ཡང་ནས་ཡང་དུ་མཛངས་པ་བཀུར་ཞིང་དྲང་བདེན་གྱིས་རྒྱལ་ཐབས་གཉེར་བ་ལས་ལོག་སྟེ། དབང་འབྱོར་ལྟེ་བ་འཛིན་པའི་མི་སྲུན་པའི་སྐྱེ་བོ་རྣམས་དང་ལྷན་དུ་རུལ་སུངས་ཀྱི་རྒྱལ་སྲིད་གཉེར་བ་ལས། དུས་སྐབས་དེ་འདྲའི་མཛངས་པ་དང་དམ་པ་རྣམས་ཀྱི་སྡོད་གནས་བཙོན་ར་ནང་དུ་དམ་པ་དག་དང་ལྷན་ཅིག་ཏུ་བཞུགས་པའམ་འཆི་བ་དགའ་ཞེས་གདམས་པར་མཛད་ཡོད།
མདོར་ན་ཚིག་རྐང་གཉིས་པའི་དོན་གནད་བསྡུ་ན། དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་ངར་བྱས་པའི་རུ་མ་མེད། །མཛངས་ལ་ཡིག་ཚངས་མ་བསྟོད་ན། །ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། །ལེགས་ལ་བྱ་དགས་མ་བསྟོད་ན། །སླན་ཆད་ལེགས་པ་སུ་ཡིས་བྱེད། །ཅེས་རྒྱལ་ཁམས་དཔེར་བླངས་ཀྱི་རྒྱལ་ཁྲིམས་བཅོ་ལྔ་པའི་ནང་ཚན། བསྟོད་པ་གསུམ་གྱི་དོན་རྣམས་དང་མཐུན་པ་ཡིན་ནོ། །
གསུམ་པ། དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །ཞེས་པའི་དོན་ནི། ཤེས་རབ་སྡོང་བུར། ས་བདག་འདོད་ལ་ཆགས་པས་ཕན་དང་གནོད་པ་ཤེས་མི་འགྱུར། །ཇི་ལྟར་རང་དགར་རང་སྤྱོད་མྱོས་པའི་གླང་ཆེན་བཞིན་དུ་སྤྱོད། །དེ་འོག་འགྱོད་པས་རབ་གདུངས་ཉམ་ངའི་མྱ་ངན་གཡང་སར་ལྷུང་། །དེ་ཡིས་འཁོར་ལ་ཉེས་པ་བགོད་བྱེད་རང་གི་སྐྱོན་མ་རིག །རྩོད་དུས་རྒྱལ་པོ་ནོར་ཚོགས་ཐོབ་པ་ལས། །སྲོག་ནི་སྲུང་གི་ནོར་ནི་གཏང་བར་བྱ། །ཇི་ལྟར་ཤན་པས་ལུག་གི་བལ་བྲེགས་ནས། །སྲོག་ཐར་བྱས་པ་རྙེད་པ་ཆེ་བ་བཞིན། ། ཞེས་བཤད་པ་ལྟར་དུ་རྒྱལ་པོ་ནི་བློན་འབངས་ཀུན་གྱི་མིག་ལྟོས་ཀྱི་ཡུལ་དུ་ལྕི་བ་ཡིན་དུས། རུལ་སུངས་སྔོན་འགོག་གི་ཐབས་ལམ་དམ་པ། འདོད་ཆུང་ཆོག་ཤེས་ཀྱི་མི་ཆོས་བསམ་བློ་ཡོད་དགོས་པར་མ་ཟད། བཀའ་ཡོ་གལ་འཆོས་པའི་ལས་འཐབས་དང་འདྲ་བར། ལེགས་ན་དགྲ་ཡི་བུས་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པས་གཅོད་པའི་རྒྱལ་ཁམས་དྲང་སྐྱོང་གི་སྤྱོད་པ་མེད་པ་ཡིན་ན། རང་ཕུང་ཞིང་གཞན་བརླག་ནས་རྒྱལ་ཁམས་དེ་རུ་ཡ་ང་བའི་ལོག་སྤྱོད་ཀྱི་བཞག་པ་ངན་པ་ཅན་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་གཤིས། དྲང་སྙོམ་གྱི་སྤྱོད་པས་རྒྱལ་ཁམས་བདེ་བར་བསྐྱང་དགོས་པར་གདམས་ཡོད་ལ། དེ་བཞིན་ཤེས་རབ་སྡོང་བུ་ལས། སྙིང་དུ་སྡུག་པའམ་གཞན་གང་ཞེས། །སེམས་ཡང་བ་དག་རྩེ་བར་བྱེད། །སྤྱོད་པ་རྒྱ་ཆེན་ལྡན་པ་དག །ས་ཡི་དཀྱིལ་འཁོར་ཐམས་ཅད་གཉེར། །ཞེས་དང་། བསགས་ན་གྲོགས་འཁར་འཕེལ་འགྱུར་ལ། །སྤྱད་ན་མིག་སྨན་ཟད་འགྱུར་ལྟར། །དུས་ལས་འགོད་པ་ཆུང་འགྱུར་བ། །དེ་ཉིད་ཁོ་ན་མཁས་པ་ཡིན། །གྲོགས་འཁར་དང་ནི་སྦྲང་རྩི་དང་། །ཟླ་བ་ཚེས་པ་ཡར་གྱི་ངོ་། །རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །ཧ་ཅང་སྲེད་པར་མི་བྱ་སྟེ། །སྲེད་པ་ཆེ་ལ་ཉེས་པ་འབྱུང་། །ཧ་ཅང་སྲེད་པས་རྨོངས་བྱས་ན། །ཅེ་སྤྱང་གཞུ་མཆོག་གཙུག་ཏོར་བཞིན། ། ཞེས་རྒྱལ་པོའི་བང་མཛོད་ནི་གཙོ་བོ་འབངས་མིའི་དཔྱ་ཁྲལ་ལ་ལྟོས་སྟབས། ཞིབ་ཚགས་དྲང་སྙོམ་གྱིས་ལེགས་ཉེས་དྲང་ཡོའི་ཚད་ཤིང་ཚུལ་དང་མཐུན་པའི་སྒོ་ནས། འབངས་ལ་གནོད་པ་མེད་པའི་དཔྱ་ཁྲལ་ཉུང་ངུ་བསྡུ་བ་དང་། འབངས་མི་སོ་སོའི་འཁོས་ཀ་ལ་བསྟུན་ཏེ་དཔྱ་ཁྲལ་ཡང་དེ་དང་སྒོ་བསྟུན་པའི་བསྡུ་བ་སྟེ། རྒྱལ་པོ་མུ་ནི་བཙན་པོས་བོད་འབངས་ལྟོགས་ཕྱུག་ལན་གསུམ་བར་དུ་བསྙམས་པའི་ལོ་རྒྱུས་ཀྱི་བཤད་པ་བཞིན་དུ་བསྡུ་བར་མཛད་དགོས་པ་ལས། དེ་ལས་ལྡོག་ན་འབངས་ལ་འཚེ་ཞིང་གནོད་པ་མ་ཟད། མཇུག་འབྲས་ནི་ཁེང་ལོག་སྟེ། འབངས་ཀྱིས་རྒྱལ་པོའི་སྲོག་སྲིད་འཇོམ་པའི་འབྲས་བུ་མངོན་པ་ཡིན་ནོ། །
འདི་དག་ནི་གུས་པས་གང་འདོད་དུ་རྟོག་པས་བཙན་སྒྲིག་བྱས་པ་ཙམ་ཞིག་མ་ཡིན་པར། ས་སྐྱའི་ལེགས་བཤད་ལས་ཀྱང་བྱུང་སྟེ། དཔྱ་བ་མང་ཕྱིན་རྒྱལ་པོའི་མཛོད། །ཧ་ཅང་མི་བསྡུ་ཉུང་ངུས་ཁེངས། །གྲོགས་མཁར་སྦྲང་རྩི་ཡར་ངོ་ཡི། །ཟླ་བ་ཉུང་ངུ་ཉུང་ངུས་གང་། །རྗེ་བོས་འབངས་ལ་མི་གནོད་པར། །རིགས་པའི་ལམ་གྱིས་དཔྱ་རྣམས་བསྡུ། །ས་ལའི་ཤིང་ལ་སྤོས་ཀྱི་བཅུད། །གཟགས་པ་མང་ཞོ་བསྐམ་པར་འགྱུར། །ཞེས་གོང་གི་ཤེས་རབ་སྡོང་བུའི་ཚིགས་བཅད་འགའ་ཞིག་ཁ་ཇེ་གསལ་དུ་གཏོང་སྟེ་གསུངས་ཡོད་པ་དག་གིས་གྲུབ་པ་ཡིན་ནོ། །
བཞི་པ། རང་གི་ཡུལ་འཁོར་བསྐྱང་བར་བྱ། །ཞེས་པའི་དོན་ནི། རྒྱལ་སྲིད་སྐྱོང་བའི་གང་ཟག་དག་གི་བྱ་བ་ལས་ཀྱི་འཁོར་ལོ་སྟེ། ཤེས་རབ་སྡོང་བུར། གང་གིས་ཐབས་ཀྱིས་ཕ་རོལ་གནོན། །ནུས་པས་མ་ཡིན་ཐབས་ཀྱིས་དེ། །བྱ་རོག་གིས་ནི་གསེར་ཕྲེང་གི། །སྦྲུལ་དག་གསད་པར་གྱུར་ལ་ལྟོས། །གང་ལ་བློ་ཡོད་དེ་སྟོབས་ལྡན། །བློ་མེད་སྟོབས་ཀྱིས་ཅི་ཞིག་བྱ། །ཅི་ཞིག་སེང་གེ་སྟོབས་དང་ལྡན། །རི་བོང་གིས་ནི་སྲོག་དང་ཕྲལ། །བྱ་བའི་ཐབས་ཀྱིས་གྲོགས་བྱེད་ན། །བློ་ལྡན་དག་ལ་དྲི་བར་བྱ། །ཕུན་སུམ་ཚོགས་པས་སྨོས་ཅི་དགོས། །ཕུང་གྱུར་ན་ཡང་མཛེས་པ་ཡིན། །
ཞེས་དགྲ་སྡེའི་གཡུལ་ལས་རྒྱལ་བའི་ཐབས་ཇུས་ཀྱི་བློ་གྲོས་ཡངས་པོས་རང་གི་ཡུལ་འཁོར་བསྐྱང་དགོས་པར་མ་ཟད། དཔའ་ཞིང་རྟུལ་ཕོད་པའི་དྲག་པོའི་གཡུལ་འགྱེད་ལ་བརྟེན་ནས་རང་གི་ཡུལ་འཁོར་བསྐྱང་དགོས་པར་གདམས་པ་ནི། བསྟན་བཅོས་དོན་ནི་ཤེས་པའི་མི། །འདི་ན་ཞ་བོ་རྣམས་ལའང་མང་། །རལ་གྲིའི་རྩེ་མོ་རྣོན་པོ་ཡིས། །དགྲ་ལས་རྒྱལ་བྱེད་དེ་རྙེད་དཀའ། །ཞེས་གསུངས་པ་དག་གིས་མཚོན་ཏེ་མཁྱེན་དགོས་པ་ཡིན།
གོང་གི་ཤོ་ལོ་ཀ་འདིས་བཀྲལ་བའི་གནས་ལུགས་ཀྱི་གསང་བ་གཞན་ཞིག་ནི། རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གལ་ཆེན་གྱི་ཉེན་བརྡ་ཞིག་གནང་བ་ཡིན་ཏེ། རང་ཉིད་རྒྱལ་པོ་དང་ཡུལ་འཁོར་སྐྱོང་བའི་མི་ཞིག་ཡིན་པའི་ངོས་ནས། རང་གི་ཡུལ་འཁོར་བསྐྱང་ཞིང་དགྲ་སྡེའི་གཡུལ་ལས་རྒྱལ་བའི་སྲིད་ཐབས་ཀྱི་བྱ་བ་དང་བློ་གྲོས་ལས་གལ་ཆེ་བ་ཞིག་མེད་པའི་སྟབས་ཀྱིས། བཙུན་མོ་དང་གཙུག་ལག་འགྲན་ཏེ་སྒྲ་དང་སྙན་ངག་ལ་མགོ་བོ་འཁོར་ནས་བསྟན་བཅོས་འགའ་ཤས་ཀྱི་དོན་གོ་ཞིང་ཁ་ལྕེ་བསྡུར་བ་ནི་དམངས་རིགས་དང་ཞ་བོ་རྣམས་ཀྱི་ཐུན་མོང་གི་ལས་ཤིག་ལས། རྒྱལ་རིགས་དང་རྒྱལ་སྲིད་གཉེར་བའི་ཐུན་མིན་གྱི་ཁྱད་ཆོས་གང་ཡང་མ་ཡིན་ཞིང་། དེ་དག་ལ་མགོ་བོ་འཁོར་བ་ཡིན་ན་རྒྱལ་རིགས་ཀྱི་ཁྱད་ཆོས་དང་རྒྱལ་སྲིད་ཀྱི་དབུ་འཕང་དམད་པའི་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་ཅིང་། སྐབས་དེར་ཐོན་དུས་ལུགས་མེད་བཙན་འཛུལ་བའི་ལོག་སྤྱོད་ཀྱི་སྒོ་མོ་ཕྱེས་ཏེ། རང་ཆུས་གསེར་ནག་དང་འདྲ་བའི་ལེགས་བྱང་ཡོད་ཚད། བརླང་སྤྱོད་ཀྱི་ཕྱགས་མས་གད་སྙིགས་སུ་བསྒྱུར་ནས། རང་གི་ཡུལ་འཁོར་གྱི་རང་དབང་གི་སྣ་ཐག་སྲིན་པོའི་ལག་ཏུ་དངོས་སུ་བཞག་པ་དང་འདྲ་བར་འགྱུར་བས། སྲིད་ལུགས་དང་འབྲེལ་བའི་ཉམས་རྒུད་ཙམ་དུ་མ་ཟད། དམ་པའི་ཆོས་ཀྱི་ངོས་ནས་བཤད་པ་ཡིན་ན་ཡང་། སྲིད་དོན་ལས་གཉེར་གྱི་གང་ཟག་དག་གིས། འཛམ་གླིང་སྤྱི་པའི་ལུགས་སྲོལ་སྲིད་ལུགས་སྲིད་ཐབས་ཀྱི་ངོས་ནས་བསྐྱང་བར་མཛད་པ་མ་ཡིན་ན། གཞན་ལ་ལོག་སྤྱོད་ཀྱི་སྡིག་པའི་གོ་སྐབས་གཏད་ཅིང་། རང་གི་ཡུལ་འཁོར་གྱི་འབངས་མི་སྡུག་ལ་སྦྱར། མི་རབས་མང་པོའི་བར་དུ་ལྟག་གི་ཁྲིམས་ནི་རྩུབ་ཅིང་དམ་པས་ལུས་པོ་མནར། སེམས་ཀྱི་གཤིས་ལ་འཁོན་འཛིན་རང་ཆས་སུ་ཞུགས་ནས་ལུས་སེམས་གཉི་ག་མནར་བའི་རྐྱེན་གྱིས། སྟོན་པས། ཚེ་འདིར་སྡུག་ཅིང་ཕྱི་མ་སྡུག་པར་འགྱུར། །སྡིག་པ་བྱས་པ་གཉིས་ཀ་སྡུག་པར་འགྱུར། །བདག་གིས་སྡིག་པ་བྱས་ཞེས་སྡུག་པར་འགྱུར། །ངན་འགྲོར་སོང་ནས་ལྷག་པར་སྡུག་པར་འགྱུར། །ཞེས་གསུངས་པ་བཞིན་དུ་འདི་ཕྱི་གཉིས་སམ་ཆོས་སྲིད་གཉིས་ཀ་དང་འགལ་བའི་ལས་ངན་ཚབས་ཆེན་བསགས་པ་ཡིན་གཤིས། ནང་བསྟན་བསྟན་མི་ཆོས་རིག་པའི་རྩ་དོན་དང་དངོས་སུ་འགལ་བར་འགྱུར་བ་ཡིན།
མདོར་ན་རང་གི་ཡུལ་འཁོར་བསྐྱང་བར་བྱ་ཞེས་པའི་དོན་གནད་མདོར་བསྡུས་པ་ཡིན་ན། དགྲ་བཏུལ་རྒྱལ་ཁམས་བདེ་བར་མཛད། །ནང་གི་ཚིས་མཛད་འབངས་འཁོར་སྐྱོང་། ། ཕྱི་མར་ཕན་ཕྱིར་དམ་ཆོས་བྱ། །ཅེས་རྒྱལ་ཁམས་དཔེར་བླངས་ཀྱི་རྒྱལ་ཁྲིམས་བཅོ་ལྔ་པའི་ནང་ཚན། མཛད་པ་གསུམ་གྱི་དོན་རྣམས་དང་ལུགས་ཀྱི་བསྟན་བཅོས་ཀྱི་བརྗོད་བྱ་གཉིས་པོ་དོན་མཐུན་པ་ཡིན་ནོ། །
དེ་བཞིན་བར་གྱི་ཤོ་ལོ་ཀ་རེ་བཞི་པ། ཇི་ལྟར་རྒྱལ་སྲིད་བསྐྱང་བ་དང་། །བསྡོ་བའི་དགྲ་རྣམས་འདུལ་བ་དག །འབངས་ལ་རེ་བ་མ་འཇོག་པར། །ཞལ་བཞུགས་ཚེ་ན་སྨྱུར་ཏེ་མཛོད། །ཅེས་གསུངས་པ་འདི་ཡིན་ཞིང་། འདི་ཡང་རྒྱལ་པོ་ཞིག་ལ་ལྡོག་མེད་ཀྱི་འགན་ཁྲིའི་དྲན་སྐུལ་ནན་བརྗོད་བྱས་ཡོད་པའི་དོན་ལ་གཞིག་པ་ཡིན་ན། གདམ་ཡུལ་རྒྱལ་པོ་ཡིན་པ་ནི་བཀླག་པས་གྲུབ་པའི་དོན་དུ་འབྱོར་བ་ཡིན་ལ། ཚིགས་བཅད་འདི་ཡི་འཕྲོ་རུ་བཀླག་པ་ཙམ་གྱིས་རྟོགས་པར་ནུས་པའི་གདམ་ཡུལ་རྒྱལ་པོ་དང་འབྲེལ་བའི་ཤོ་ལོ་ཀ་མང་དུ་ཡོད་ཀྱང་ཡི་གེ་མང་བར་དོགས་ནས་དེ་ཙམ་གྱིས་འཐུས་པར་བྱས་སོ། །
གཞན་ཡང་བསྟན་བཅོས་ཤེར་རབ་སྡོང་བུའི་གཞུག་གི་ཤོ་ལོ་ཀ་ཉིས་བརྒྱ་ང་བརྒྱད་པ། དོན་འདིར་རིགས་དང་ལྡན་པ་ཡི། །རྒྱལ་པོས་བསྡུ་བ་བྱས་ན་ནི། །ཐོག་མ་དབུས་དང་ཐ་མ་རུ། །དེ་ནི་གཞན་དུ་མི་འགྱུར་རོ། །ཞེས་བྱུང་བ་འདི་ཡིན་ཞིང་། བསྟན་བཅོས་འདིའི་ལུས་ཡོངས་རྫོགས་བོད་སྐད་དུ་འགྱུར་མེད་པའི་ངང་ཚུལ་དེའི་ཐོག་ནས་གཞིག་པ་ཡིན་ན། ཐོག་མ་དབུས་དང་ཐ་མའི་དོན་དེ་གང་ཞིག་ཡིན་པའི་སྐོར་ནི་ཅུང་ཟད་ལྐོག་གྱུར་དུ་ལུས་ཡོད། འོན་ཀྱང་འགྱུར་འདི་གཞིར་བཞག་བྱས་ཏེ། ཐོག་མ་དབུས་ཐ་མའི་དོན་གསུམ་ངོས་གཟུང་བ་ཡིན་ན། གཅིག། རྒྱལ་སྲིད་དང་འབྲེལ་བའི་སྤང་བླང་གི་རབ་དབྱེ། གཉིས། ཆོས་དང་འབྲེལ་བའི་ཤེས་རབ་ཀྱི་རིན་ཐང་། གསུམ། དམ་པ་དམ་མིན་གྱི་བླང་དོར་གསར་བརྗེ། དོན་དེ་རྣམ་པ་གསུམ་དུ་གཏོགས་པ་ཞིག་མིན་འགྲོ་སྙམ་པ་ཞིག་རེད།
དེ་ཡང་རང་ཉིད་རྒྱལ་པོ་ཞིག་ཡིན་པ་དང་། རྒྱལ་པོའི་ནང་ནས་ཀྱང་ཆོས་ལྡན་གྱི་རྒྱལ་པོ་ཞིག་དང་། རང་ཉིད་ཆོས་རྒྱལ་ཞིག་ཡིན་པའི་ངོས་ནས། ནང་བསྟན་མི་ཆོས་རིག་པའི་ཀུན་སྤྱོད་ཀྱི་འོས་འགན་དང་འགན་ཁྲི་གང་འདྲ་ཞིག་ཡོད་དགོས་པའི་སྤང་བླང་གི་རབ་དབྱེ་ཚུལ་བཞིན་དུ་བསྟན་བཞག་ཡོད་པ་ཡིན།
ལུགས་ཀྱི་བསྟན་བཅོས་འདི་ཉིད། གཙོ་ཆེ་བའི་བརྗོད་བྱ་རགས་པའི་ངོས་ནས་ཐོག་མ་དབུས་དང་ཐ་མའི་དོན་གསུམ་དང་སྦྱར་ཏེ་ཚན་པ་གསུམ་དུ་བགོ་བ་ཡིན་ན། མི་སྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །ཞེས་པས་དབུ་བཟུང་སྟེ། སྔོན་ཆད་དགྲ་བོ་ཕམ་པར་བྱས་པ་དག །མཛའ་བོར་འདོད་འོངས་པ་ལ་ཡིད་མི་བརྟན། །བྲག་ཕུག་འུག་པའི་ཚོགས་ཀྱིས་གང་བ་ལ། །བྱ་རོག་གིས་ནི་མེ་བཏང་བསྲེགས་ལ་ལྟོས། །ཞེས་པས་མཐའ་རྟེན་པའི་ཤོ་ལོ་ཀ་གོ་བདུན་གྱིས་གཙོ་བོ་ཐོག་མ་རྒྱལ་སྲིད་དང་འབྲེལ་བའི་སྤང་བླང་གི་རབ་དབྱེ་བསྟན་ཡོད་ལ། ཟ་དང་གཉིད་ལོག་འཇིགས་དང་འཁྲིག་པ་སྤྱོད། །མི་དང་ཕྱུགས་རྣམས་དེ་དག་མཉམ་པ་ཡིན། །ཆོས་སྤྱོད་པ་ཡི་མི་རྣམས་ཁྱད་པར་འཕགས། །ཆོས་མི་ཤེས་ན་ཕྱུགས་དང་ཅི་མི་མཉམ། །ཞེས་པ་ནས་དབུ་བཟུང་སྟེ། གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །ལག་ན་སྒྲོན་མ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །ཞེས་པའི་ཚིགས་སུ་བཅད་པས་མཐའ་རྟེན་པའི་ཤོ་ལོ་ཀ་བདུན་ཅུ་དོན་གཉིས་ཀྱིས་གཙོ་བོ་དབུས་མ་ཆོས་དང་འབྲེལ་བའི་ཤེས་རབ་ཀྱི་རིན་ཐང་བསྟན་ཡོད།
ཟླ་བ་ཡར་ངོ་མར་ངོ་ལྟར། །དམ་པ་དམ་མིན་བསྟེན་པ་ལས། །ཡོན་ཏན་ཆུང་ངུའང་རྒྱས་འགྱུར་ཞིང་། །རྒྱ་ཆེན་པོ་ཡང་འགྲིབ་པར་འགྱུར། །ཞེས་པ་ནས། རྒྱ་མཚོ་འཇིག་པའི་དུས་སུ་ནི། ། གཞུང་ལས་རྒལ་བར་འགྱུར་ཞེས་གྲགས། ། དམ་པ་འཆི་ནའང་གཞུང་ལུགས་ལས། །ནམ་ཡང་འདའ་བར་མི་བྱེད་དོ། །ཞེས་པའི་བར་གྱིས་ཤོ་ལོ་ཀ་དགུ་ཅུས་ཐ་མ་དམ་པ་དམ་མིན་གྱི་བླང་དོར་གསར་བརྗེའི་དོན་རྣམ་པ་གསུམ་བསྟན་པར་མཛད་ཡོད་པ་ཡིན།
རྣམ་པ་གཞན་ཞིག་གི་ངོས་ནས་བཤད་པ་ཡིན་ན། ཕྱི་ཡི་དགྲ་བོ་འགོག་ཅིང་རང་གི་ཡུལ་ཁམས་བདེ་བར་སྐྱོང་བ་དང་། ཁྱིམ་གྱི་དཔལ་འབྱོར་གོང་འཕེལ་དང་འབངས་དང་འཁོར་གཡོག་ཉེ་རིང་མེད་པར་སྐྱོང་བ། ཚེ་ཕྱི་མ་ལ་ཕན་པའི་ཆེད་དུ་དམ་པའི་ལྷ་ཆོས་བྱ་བ་སྟེ། རྒྱལ་ཁམས་དཔེར་བླངས་ཀྱི་རྒྱལ་ཁྲིམས་བཅོ་ལྔ་པའི་ནང་ཚན་མཛད་པ་གསུམ་ནི། ཆོས་རྒྱལ་ཞིག་ལ་མེད་ཐབས་མེད་པའི་ཐོག་མ་དབུས་དང་ཐ་མའི་དོན་གསུམ་དུ་གྲུབ་གཤིས། ལུགས་ཀྱི་བསྟན་བཅོས་འདིའི་བརྗོད་བྱ་ཡང་དེ་འདྲ་མཛད་པ་གསུམ་དུ་དྲིལ་ནས་རྒྱལ་པོའི་ཐུགས་དམ་དུ་གཞེན་བསྐུལ་གནང་བར་གསུངས་པ་མིན་ནམ་སྙམ་པ་ཞིག་ཀྱང་ཡིན་ལ། གོང་དུ་བཤད་པའི་དོན་གསུམ་ཡང་མཛད་པ་གསུམ་གྱི་ཁོངས་སུ་གཏོགས་པ་ཡིན།
འོ་ན་འདི་ནི་རྒྱལ་པོ་ལ་གཏམ་དུ་བྱ་བའི་ལུགས་ཀྱི་བསྟན་བཅོས་སུ་གྲུབ་གཤིས། ང་ཚོ་ལ་དེ་ཙམ་འབྲེལ་བ་མེད་དམ་སྙམ་ནས་བྱ་རོག་འཁུ་འཕྲིག་གི་བརྟུལ་ཞུགས་གཟུང་བར་མི་རིགས་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། ཆོས་འདི་རྒྱལ་པོ་འབའ་ཞིག་ལ། །བསྟན་པ་ཁོ་ནར་མ་བས་ཀྱི། །སེམས་ཅན་གཞན་ལའང་ཅི་རིགས་པར། །ཕན་པར་འདོད་པས་བསྟན་པ་ལགས། །ཞེས་གསུངས་པ་བཞིན་དུ་གདམ་ཡུལ་དངོས་རྒྱལ་པོ་ཡིན་པ་བདེན་དུ་ཆུག་ཀྱང་། དཔལ་མགོན་འཕགས་པ་ཀླུ་ཡི་དབང་པོས་གདམ་ཡུལ་གྱི་བྱེ་བྲག་ལ་ང་རང་ཚོ་ཡང་བྱམས་བརྩེས་ཐུགས་ལ་བཏགས་ཡོད་པ་ནི་གདོན་མི་བྱ་བ་ཡིན་ལ། ལེགས་བཤད་ཀྱི་ཚན་པ་རེ་རེ་ཡང་ང་ཚོའི་འཚོ་བ་དང་བར་ཐག་ཉེ་ཞིང་། ལྷག་པར་དུ་ནང་པའི་དད་ལྡན་པ་ཞིག་ཡིན་པའི་ངོས་ནས། ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་ཐོག་མ་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་འདི་ལ་མ་བལྟས་ཐབས་མེད་ཀྱི་དོན་དངོས་ཡིན་སྟབས། དེང་སང་གསར་དུ་འགྱུར་ཞིང་སྤེལ་བའི་ལེགས་བཤད་དང་སློབ་གསོ་མང་པོ་ཞིག་ནི། ནང་བསྟན་མི་ཆོས་རིག་པའི་སྒྲོམ་གཞི་འདི་དག་གི་ཐོག་ནས་སྙིགས་དོར་བཅུད་ལེན་གྱི་ཡར་རྒྱས་གནང་དགོས་པ་ལས། ཁྱི་ལྟོགས་གློ་འཕྲད་ཀྱི་བརྟུལ་ཞུགས་གཟུང་མི་རུང་ལ། ཧྲིལ་གྱིས་ལེན་པའི་ཐལ་མཐའི་གཡང་དུ་ཡང་འཆོང་མི་རུང་། ལྷག་པར་དུ་དབང་བསྒྱུར་གྲལ་རིམ་གྱི་གུས་ལུགས་རྩ་བར་བྱས་ཤིང་། ལེགས་སྤྱོད་ཀྱི་ཞེན་རྟེན་ལས་འབྲས་ཀྱི་སྒྲོམ་གཞི་མེད་པའི་ཁུང་ཙིའི་སློབ་གསོ་དག་ནི་འདི་རྣམས་ཀྱི་ཚབ་གཏན་ནས་མི་རུང་བ་མཁྱེན་པར་གནང་དགོས། མདོར་ན། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་བྱུང་། །ཞེས་པའི་དོན་དུ་མི་འགྱུར་བའི་གནད་ལ་འབད་པ་གལ་ཆེ་བའི་ཡིན་ནོ། །
དེ་ལ་བསྟན་བཅོས་ཤེས་རབ་སྡོང་བུ་ནི་བརྗོད་བྱ་རང་ངོས་ནས་གཞིག་ཀྱང་ནང་པའི་བསྟན་བཅོས་ཡིན་པའི་ངེས་ཤེས་རྙེད་ནུས་ལ། རྩོམ་པ་པོ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་པའི་དཔུང་རྟགས་ཕྱོགས་གང་ས་ནས་མཐོང་ཐུབ། འདི་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེའི་རྣམ་ཐར་དང་འབྲེལ་ཏེ་ཀྱག་ཀྱོག་གི་བཤུལ་ལམ་ལ་ཕྱི་རྟོག་ཀྱང་གང་འཚམས་བྱེད་བཏུབ་པར་སེམས་ཤིང་།
དེ་ཡང་གདམ་ཡུལ་གྱི་ཁྱད་པར་དང་སྦྱར་ཏེ་རྒྱལ་པོ་ལ་གདམས་པ་ཤེས་རབ་སྡོང་བུ་ཞེས་འབོད་ཆོག་ལ། ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ཞེས་བཤད་ཆོག་པ་ཙམ་དུ་མ་ཟད། ནང་པའི་ལུགས་ཀྱི་བསྟན་བཅོས་རྣམས་ཀྱི་མགོ་ཁུངས་དང་། ལྷག་པར་དུ་མཆོག་སྲེད་གཉིས་པ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ་གང་ལས་བཏུས་ཤིང་རྩོམ་པའི་གཞི་མའང་ཡིན།
མདོར་ན་ནང་པའི་དད་ལྡན་ཞིག་ཡིན་ཕྱིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་ཤེས་རབ་སྡོང་བུ་ནི། མི་ཆོས་ཀྱི་བསླབ་གཞི་གལ་ཆེན་དུ་གཟུང་དགོས་པ་ཡིན་ཞེས་གཞེན་བསྐུལ་གྱི་ཚུལ་དུ་མཇུག་བསྡུས་པ་ཡིན་ནོ། །
འདི་ཡང་དྲིན་ཆེན་ཕ་མ་གཉིས་ཀྱིས་ཁ་བ་གངས་ཅན་པའི་ལུགས་གཉིས་ལ་བཅང་བའི་ལྷད་མེད་ཀྱི་ལྷག་བསམ་གཙང་མའི་རང་གཟུགས་ཀྱི་མཆོད་པ་ཞིག་ཏུ་འགྱུར་བར་སྨོན་ཏེ། བོད་རྒྱལ་ལོ་ ༢༡༤༩ རབ་བྱུང་བཅུ་བདུན་པའི་ཆུ་སྟག་ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན། གནམ་གསས་དར་རྒྱལ་གྱིས་གྲུབ་པར་བགྱིས་པའོ། །
རིགས་ཀྱི་ལྷ་ཆེན་པོའི་འདོད་དོན་འགྲུབ་པའི་རྒྱུ་གྱུར་ཅིག །
– – – – –