གནད་ཚིག ༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ། ཨ་རིའི་སྲིད་འཛིན། ཕྱི་སྲིད་བློན་ཆེན། གསེར་ཉོ་སྒྲུབ། བོད་བལ་ཕྱི་ཚོང་།
སྔོན་གླེང་།
༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཆོས་སྲིད་གཉིས་ཐད་ནས་ཆེས་གལ་གནད་ཆེ་བའི་གཞུང་འཛིན་མི་སྣ་གྲགས་ཅན་ཞིག་དང་། ཁོང་རིན་པོ་ཆེ་དང་འབྲེལ་བའི་རྒྱ་སོག་དང་ཕྱི་རྒྱལ་གྱི་བར་བྱུང་བའི་ཆབ་སྲིད་ཀྱི་ལོ་རྒྱུས་སྤྱི་དང་། བྱེ་བྲག་ཨ་རི་བར་བྱུང་བའི་ལོ་རྒྱུས་ནི་དེང་གླེང་རྒྱུ་དང་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གནད་འགག་ཆེ། ༧རྒྱལ་དབང་མཆོག་དང་ཨ་རི་བར་བྱུང་བའི་ལོ་རྒྱུས་ལ་དུས་མཚམས་སྔ་ཕྱི་གཉིས་སུ་ཕྱེ་ཆོག་སྟེ། དུས་མཚམས་སྔ་མ་ནི་ཕྱི་ལོ་ ༡༩༠༨ ནས་ཕྱི་ལོ་༡༩༡༢ ལོའི་བར་བྱུང་བ་དང་། དུས་མཚམས་ཕྱི་མ་ནི་ཕྱི་ལོ་ ༡༩༣༠ ལོ་ནས་ཕྱི་ལོ་ ༡༩༣༣ ལོའི་བར་བྱུང་། འབྲེལ་བ་སྔ་ཕྱི་གཉིས་ཀའི་དུས་ཡུན་ཐུང་ཐུང་ཡིན་ཡང་བརྒྱུད་རིམ་དེ་གཉིས་ཀའི་རིང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་གླེང་དགོས་པའི་གནད་དོན་ཇི་སྙེད་ཅིག་ཡོད། འདིར་༧རྒྱལ་དབང་མཆོག་དང་ཨ་རི་བར་གྱི་འབྲེལ་བ་ཕྱི་མའི་འགོ་ཁུངས་དང་འབྲེལ་ཟམ་ལྟ་བུ་ནི་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་( Suydam Cutting ) ཡིན་ཞིང་། ཨ་རི་བ་ཁོང་དང་༧རྒྱལ་དབང་མཆོག་བར་ཐོག་མར་འབྲེལ་བ་བྱུང་ཚུལ་དང་། ༧རྒྱལ་དབང་མཆོག་ནས་ཁོང་བརྒྱུད་ནས་ཨ་རིར་འབྲེལ་བ་གནང་དགོས་པའི་རྒྱབ་ལྗོངས་དང་མཇུག་འབྲས་ཅི་ཞིག་བྱུང་བའི་སྐོར་ནས་མདོ་ཙམ་གླེང་བར་འདོད།
༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་དང་ཨ་རིའི་སྐུ་ཚབ་རོ་ཁི་ཧིལ་( William Woodville Rockhill) བར་གྱི་འབྲེལ་བ།
ཕྱི་ལོ་ ༡༩༠༤ ཟླ་ ༦ ཚེས་༡༢ ཉིན་དབྱིན་ཇིའི་དམག་དཔུང་རྒྱལ་ས་ལྷ་ས་ནས་ཉིན་ལམ་ཁ་ཤས་ཀྱིས་ཆོད་པའི་ཆུ་ཤུར་དུ་སླེབས་སྐབས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རེ་ཞིག་ཉེན་གཡོལ་དུ་ཕེབས། ཐོག་མར་བོད་ཀྱི་བྱང་ཕྱོགས་སོག་ཡུལ་དུ་ལོ་གཉིས་ཙམ་རིང་བཞུགས། དེའི་སྐབས་སུ་ཨུ་རུ་སུའི་སློབ་དཔོན་ཤིར་བྷ་ཙི་ཀོའེ་( F.I.Shchebatsoky ) བརྒྱུད་ནས་རྒྱ་ནག་གནས་སྡོད་ཨ་རིའི་སྐུ་ཚབ་རོ་ཁི་ཧིལ་( William Woodville Rockhill, 1854-1914 )དང་ཡིག་འབྲེལ་གྱི་ལམ་ནས་འབྲེལ་བ་ཐོག་མར་བྱུང་། དེ་ནི་༧རྒྱལ་དབང་མཆོག་ནས་ཨ་རིའི་གནད་ཡོད་མི་སྣར་འབྲེལ་བ་གནང་བ་ཐོག་མ་དེ་ཡིན། ཕྱི་ལོ་ ༡༩༠༦ དང་ ༡༩༠༨ ལོར་མདོ་སྨད་སྐུ་འབུམ་སོགས་སུ་བཞུགས་བཞག་དང་། ཕྱི་ལོ་༡༩༠༨ ལོར་རྒྱ་ནག་ཏུ་ཕེབས་སྐབས་ཕྱིའི་རྒྱལ་ཁབ་མང་པོའི་སྐུ་ཚབ་དང་ཐུག་འཕྲད་བྱུང་བ་དང་། བོད་དེ་ཉིད་རྒྱལ་སྤྱིའི་རྒྱལ་ཁབ་ཀྱི་གྲལ་དུ་ཚུད་པར་རྒྱབ་སྐྱོར་གྱི་འབོད་སྐུལ་དང་བོད་ཀྱི་གནད་དོན་སྐོར་བཀའ་མོལ་ལན་མང་གནང་།
ཕྱི་ལོ་༡༩༠༨ ཟླ་ ༦ པའི་ནང་༧རྒྱལ་དབང་མཆོག་གནས་མཆོག་རི་བོ་རྩེ་ལྔར་བཞུགས་སྐབས་རོ་ཁི་ཧིལ་ཆེད་མངགས་མཇལ་འཕྲད་དུ་བཅར་ནས་ཚེས་ ༡༩ ཉིན་དངོས་མཇལ་ཐོག་མ་དེ་ཞུས། དེ་རྗེས་ཚེས་༢༡ སླར་ཡང་མཇལ་འཕྲད་ཞུས། ཕྱིས་སུ་པེ་ཅིན་དུ་བཞུགས་སྐབས་ཐེངས་གསུམ་ཙམ་མཇལ་འཕྲད་ཞུས། དེའི་སྐབས་གཙོ་བོ་བོད་ཀྱི་བསྟན་སྲིད་གནས་ཐབས་དང་། དབྱིན་ཇིའི་དབང་ཤུགས་བོད་དུ་མི་སླེབས་པའི་ཆེད་ཨ་རི་ནས་རྒྱབ་སྐྱོར་ཡོང་བའི་ཐུགས་རེ་གནང་། ༧རྒྱལ་དབང་མཆོག་དང་རོ་ཁི་ཧིལ་བར་ཐུག་འཕྲད་བྱུང་བའི་གནས་ཚུལ་རྣམས་རོ་ཁི་ཧིལ་གྱིས་སྐབས་དེའི་ཨ་རིའི་སྲིད་འཛིན་ཉེར་བརྒྱད་པ་ཐཱི་རྡོར་(Theodore Roosevelts 1901-1909 ) ལགས་སུ་སྔ་ཕྱིར་ཕྱག་ཡིག་གཉིས་ཕུལ།
ཕྱག་ཡིག་དང་པོ་ཕྱི་ལོ་༡༩༠༨ ཟླ་༦ ཚེས་༣༠ ཉིན་སྲིད་འཛིན་ལ་ཕུལ་བ་དང་། ཕྱག་ཡིག་དེ་ལ་ཤོག་ངོས་༡༢ དང་། ཕྱག་ཡིག་གཉིས་པ་ཕྱི་ལོ་༡༩༠༨ ཟླ་༡༡ ཚེས་ ༨ ཉིན་ཕུལ་བ་དང་། ཕྱག་ཡིག་དེར་ཤོག་ངོས་ ༡༨ འདུག
སྲིད་འཛིན་མཆོག་ནས་ཀྱང་ཚུར་རོ་ཁི་ཧིལ་ལ་ཕྱི་ལོ་༡༩༠༨ ཟླ ༨ ཚེས་༡ ཉིན་ཤོག་ངོས་གཉིས་ཅན་ཞིག་དང་། ཕྱི་ལོ་༡༩༠༨ ཟླ་༩ ཚེས་ ༧ ཉིན་ཤོག་ངོས་གཅིག་ཅན་ཞིག་དང་། ཕྱི་ལོ་༡༩༠༨ ཟླ་༡༢ ཚེས་༡༧ ཉིན་ཤོག་ངོས་གཉིས་ཅན་བཅས་གནང་འདུག
སྲིད་འཛིན་གྱིས་རོ་ཁི་ཧིལ་ལ་གནང་བའི་ཕྱག་ཡིག་གི་གྲངས་ལ་བལྟས་ན་རོ་ཁི་ཧིལ་གྱིས་ཀྱང་སྲིད་འཛིན་མཆོག་ལ་༧རྒྱལ་དབང་མཆོག་གི་གནས་ཚུལ་གྱི་སྐོར་ནས་ཕྱག་ཡིག་གཉིས་ལས་མང་བ་ཕུལ་ཡོད་པ་ཤེས་ཐུབ་སྙམ། ཡིན་ནའང་ད་ལྟའི་ཆར་དངོས་སུ་ལག་སོན་བྱུང་བ་ནི་གོང་གི་དེ་གཉིས་ལས་མ་བྱུང་། ཕྱག་ཡིག་དེ་དག་ཐམས་ཅད་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་ལ་སྡེ་ཁག་ཆེ་བ་གཉིས་ཡོད་པའི་མཱེ་ཌི་སོན་ ( Madison library of Congress ) གྱི་ཡིག་རྙིང་སྡེ་ཁག་ཏུ་པིན་ཤོག་ཏུ་ཉར་ཚགས་བྱས་འདུག
ཕྲན་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡ ནས་ ༥ བར་ཨ་རིར་ཚོགས་པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུ་ཐེངས་དྲུག་པ་གྲོལ་རྗེས་ཆེད་མངགས་ཀྱིས་བདུན་ཕྲག་གཅིག་རིང་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་དུ་༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རིའི་བར་བྱུང་བའི་འབྲེལ་བའི་ཡིག་རྙིང་འཚོལ་ཞིབ་ལས་རྙེད་སོན་བྱུང་། ཕྱག་ཡིག་དེ་རྣམས་ཀྱི་ནང་དོན་གྱི་ཐད་ནས་འདིར་གླེང་ན་ཧ་ཅང་མང་དྲགས་ནས་སྐབས་དོན་སྒྲིབ་པར་འགྱུར་པས་སྐབས་གཞན་ཞིག་ཏུ་གླེང་བར་བྱ།
རྒྱ་སོག་ནས་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་རང་ཉིད་ཀྱིས་སྐྱོང་བའི་བོད་ཡུལ་དུ་ཕྱིར་ཕེབས་ཏེ་ཕྱི་ལོ་༡༩༠༩ ཟླ་༡༢ ཚེས་༢༡ ཉིན་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔའི་ཁྲིར་ཞབས་སོར་འཁོད་པ་དང་། ཟླ་གཉིས་ཙམ་རྗེས་ཕྱི་ལོ་ ༡༩༡༠ ལོར་རྒྱ་ནག་ལུའུ་ཅུན་དཔུང་དམག་ལྷ་སར་འབྱོར་ལ་ཉེ་བའི་གནས་ཚུལ་ཐོས་འཕྲལ་ཉེན་གཡོལ་ཆེད་ཟླ་༢ ཚེས་༡༣ ཉིན་ནོར་གླིང་ཕོ་བྲང་ནས་ཕེབས་ཐོན་གྱིས་རྒྱ་གར་དུ་ཕེབས་དགོས་བྱུང་བ་དང་། རྒྱ་གར་དུ་བཞུགས་སྐབས་སུ་ཟླ་༡༠པའི་ནང་ཨ་རིའི་སྲིད་གཞུང་ནས་རོ་ཁི་ཧིལ་ཨུ་སུ་རུར་བཅའ་སྡོད་ཨ་རིའི་སྐུ་ཚབ་ཏུ་བསྐོས་བཞག་གནང་། ཡིན་ནའང་༧རྒྱལ་མཆོག་བཅུ་གསུམ་པས་མུ་མཐུད་ནས་ཁོང་ལ་འབྲེལ་བ་གནང་བར་མ་ཟད། ལོ་དེའི་ཟླ་༡༠ ཚེས་༤ དང་། ཟླ་༡༢ ཚེས་ ༡༦ ཉིན་རྡོ་གླིང་ནས་ཕྱག་བྲིས་གཉིས་གནང་འདུག [1]
རོ་ཁི་ཧིལ་གྱིས་ཀྱང་དེའི་སྐོར་ཨ་རིའི་གཞུང་ལ་སྙན་སེང་ཞུས་ཡོད་མེད་དང་། ཨ་རིའི་གཞུང་ནས་དེའི་སྐོར་ཡ་ལན་དང་སྲིད་ཇུས་ཅི་ཞིག་བཟུང་ཡོད་མེད་ཀྱི་ཐད་ནས་དཔྱད་གཞིའི་རྒྱུ་ཆ་མ་རྙེད་པས་བྲི་ཐབས་བྲལ། ༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་༡༩༡༢ ལོར་ཕྱིར་བོད་དུ་ཕེབས་ནས་བོད་ཀྱི་ཆབ་དཔལ་རིགས་གསུམ་དུས་བསྟུན་གྱིས་ཡར་རྒྱས་ཆེད་དབྱིན་ཇི་དང་། ཉི་ཧོང་། ཨུ་རུ་སུ། ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་ལ་མུ་མཐུད་ནས་འབྲེལ་བ་ཤུགས་ཆེ་གནང་། ཕྱི་ལོ་༡༩༡༤ ལོར་རོ་ཁི་ཧིལ་སྐུ་ཚེ་མ་ཟིན་ཞིང་ཕྱི་ལོ་ ༡༩༡༢ ལོ་ནས་ཕྱི་ལོ་༡༩༣༠ལོའི་བར་༧རྒྱལ་མཆོག་བཅུ་གསུམ་པས་དངོས་སུ་ཨ་རིའི་གཞུང་སྒེར་མི་སྣར་འབྲེལ་བ་གནང་ཡོད་པའི་ལོ་རྒྱུས་ད་ལྟའི་བར་རྙེད་སོན་མ་བྱུང་། ཡིན་ནའང་དུས་ཡུན་དེའི་བར་ལ་ཨ་རི་བ་གཅིག་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བ་དང་། ཁོང་གི་མིང་ལ་མེཀ གྷོ་ཝོ་ནར་( William Montgomery McGovern ) དང་། ཁོང་ཕྱི་ལོ་༡༩༢༣ ལོར་འབྲས་ལྗོངས་ནས་བོད་མི་ཁ་ཤས་གཡོག་པོར་གླས་ནས་བོད་ཀྱི་ས་ཁོངས་སུ་སླེབས་སྐབས་ཁོས་གཡོག་པོ་གཅིག་བླ་མར་བརྫུས་སུ་བཅུག་ནས་ཁོང་རང་བླ་མ་དེའི་གཡོག་པོའི་ཆས་སྤྲད་ནས་ལྷ་སར་འབྱོར། ལྷ་སར་འབྱོར་རྗེས་ཁོ་རང་ཨ་རི་བ་ཡིན་སྐོར་བསྒྲགས་པས་གཞུང་གིས་ཟླ་གཅིག་ཙམ་གྱི་རིང་བཀག་ཉར་གྱིས་ཕྱིར་ལོག་བཏང་འདུག ཁོས་ལོ་ཤས་རྗེས་བོད་བསྐྱོད་ལོ་རྒྱུས། བརྫུས་ནས་བོད་དུ་ཕྱིན་ ( To Lhasa In Disguise ) ཞེས་པའི་དཔེ་དེབ་ཅིག་བརྩམས།
༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་( Suydam Cutting ) བར་གྱི་འབྲེལ་བ།
ཕྱི་ལོ་ ༡༩༣༠ ལོར་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་( Suydam Cutting ) རྒྱ་གར་དབྱིན་ཇིས་མཆོག་མཆན་སྤྲད་རྗེས་རྒྱལ་རྩེར་སླེབས། རྒྱལ་རྩེར་སྡོད་སྐབས་ལྷ་སར་བསྐྱོད་རྒྱུའི་ཐབས་ཤེས་སྣ་མང་བཙལ། རྒྱལ་རྩེར་སྡོད་སྐབས་རྒྱལ་རྩེའི་དབྱིན་ཇིའི་ཚོང་དོན་སྐུ་ཚབ་བྷེ་ལེ་ ( Lieut.Col.F.M.Bailey ) ཡིས་ལྟ་སྲུང་འོག་སྡོད་དགོས་པ་དང་། དེའི་རྒྱུ་མཚན་ནི་དབྱིན་ཇིས་ཕྱི་གླིང་བས་བོད་ཀྱི་དངོས་ཡོད་ལོ་རྒྱུས་མི་ཤེས་པའི་གཡོ་ཐབས་ཤིག་ཡིན་འདུག ཁ་ཀྲིང་དང་ཁོང་གཉིས་ཕན་ཚུན་ངོ་ཤེས་སུ་གྱུར། ཁོང་གིས་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དང་སྐུ་ཚབ་བྷེ་ལེ་ ( Lieut.Col.F.M.Bailey ) གཉིས་ཕན་ཚུན་ཕྱག་ཡིག་གི་ལམ་ནས་འབྲེལ་བ་ཡོད་པ་དང་། ༧གོང་ས་མཆོག་སེམས་ཅན་དུད་འགྲོའི་རིགས་ལ་ཧ་ཅང་ཐུགས་མཉེས་པོ་ཡོད་པར་ཤེས་རྟོགས་བྱུང་།
༧རྒྱལ་མཆོག་བཅུ་གསུམ་པས་རྒྱལ་རྩེའི་དབྱིན་ཇིའི་ཚོང་དོན་སྐུ་ཚབ་བྷེ་ལེ་ ( Lieut.Col.F.M.Bailey ) ལ་སྩལ་བའི་ཕྱག་ཡིག་གཅིག་གི་ནང་། ཕྱི་གླིང་པའི་བྱ། ཨོསི་ཀྲས་ཅི་( Ostrich ) གཅིག་ལྷ་སར་བསྐུར་ཡོང་བའི་ཐུགས་རེ་གནང་བ་དེས་ཤེས། ཁོང་གིས་གོ་སྐབས་དེ་དམ་འཛིན་གྱིས་༧གོང་ས་མཆོག་ལ་ཕྱི་གླིང་བའི་ཁྱི། ཌཀ་སན་ ( Dachshunds ) ཞེས་པའི་ཁྱི་ཕོ་མོ་གཉིས་བསྐུར།
༧རྒྱལ་མཆོག་བཅུ་གསུམ་པས་ཀྱང་དེ་ལྟ་བུའི་གོ་སྐབས་ཤིག་ཐུགས་རེ་གནང་བཞིན་པ་དང་སྐབས་འཁེལ་བ་ལྟ་བུས་བདུན་ཕྲག་གཅིག་རྗེས་༧རྒྱལ་མཆོག་བཅུ་གསུམ་པས་ཁྱི་དེ་གཉིས་ཀྱི་མིང་ལ་ཅི་ཞིག་ཡིན་སྐོར་ཏར་ཡིག་སྩལ་བ་དང་ཕན་ཚུན་ཕྱག་ཡིག་གི་ལམ་ནས་ངོ་ཤེས་སུ་གྱུར།[2]
ཐབས་ཤེས་དང་གོ་སྐབས་དམ་འཛིན་ལ་མཁས་པའི་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་( C.Suydam Cutting ) གིས་གོ་སྐབས་དེ་ཉིད་དམ་འཛིན་གྱིས་བོད་གཞུང་བཀའ་བློན་བཞི་དང་། ༧རྒྱལ་མཆོག་བཅུ་གསུམ་པ་ལ་ཕྱག་རྟགས་དང་རྒྱལ་ས་ལྷ་སར་ཡོང་ཆོག་པའི་སྙན་ཞུ་ཕུལ་ཡང་ལྷ་སའི་ལམ་ཡིག་སྤྲད་མི་འདུག[3]ཡིན་ནའང་གམ་པ་ལ་རྫོང་བརྒྱུད་ནས་འབྲས་ལྗོངས་སུ་ལོག་མཆོག་པའི་ཆོག་མཆན་ཐོབ་པས་གམ་པ་ལའི་རྫོང་དཔོན་གྱིས་སྣེ་ལེན་དང་རྫོང་དང་གཡས་གཡོན་གྱི་དགོན་པ་སོགས་ལ་ལྟ་སྐོར་ཕྱིན་རྗེས་ཕྱིར་རྒྱ་གར་དུ་ལོག་ཀྱང་མུ་མཐུད་ནས་ཕན་ཚུན་ཡིག་འབྲེལ་གནང་།
ཕྱི་ལོ་ ༡༩༣༡ ཟླ་ ༧ ཚེས་ ༡༩ ཉིན་ཁོས་ཕྱི་གླིང་པའི་ཁྱི། ཌ་མཱ་ཀྲན་ ( Dalmatians ) ཞེས་པའི་ཁྱི་ཕོ་མོ་དང་། འཇར་མན་གྱི་ཧོ་ཌི་( Germany Hound ) ཞེས་པའི་ཁྱི་ཕོ་མོ་གཉིས་ཀྱང་སྤོམ་མདའ་ཚང་བརྒྱུད་ནས་༧རྒྱལ་མཆོག་བཅུ་གསུམ་པ་ལ་འབུལ་གནང་མཛད་འདུག
ཕྱི་ལོ་ ༡༩༣༠ ལོ་མཇུག་ནས་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དང་། སུ་ཡེ་དམ། ཁ་ཀྲིང་( C.Suydam Cutting ) ཕན་ཚུན་ཡིག་འབྲེལ་བྱུང་བ་ནས་བཟུང་། ཕྱི་ལོ་༡༩༣༣ ཟླ་༡༢ ཚེས་༡༧ ཉིན་༧རྒྱལ་དབང་མཆོག་དགོངས་པ་མ་རྫོགས་པའི་བར་རྒྱལ་དབང་མཆོག་གིས་ཁ་ཀྲིང་( C.Suydam Cutting ) གི་མིང་ཐོག་ལ་ཕྱག་ཡིག་མི་འདྲ་བ་༡༣ སྩལ་བ་ད་ལྟའི་ཆར་རྙེད་སོན་བྱུང་། དེ་བཞིན་དུ་ཁ་ཀྲིང་( C.Suydam Cutting ) གིས་༧གོང་ས་བཅུ་གསུམ་པ་མཆོག་ལ་འཕྲིན་ཡིག་ཐེངས་ལྔ་འབུལ་གནང་མཛད་ཡོད་པ་ཤེས་ཐུབ།
༧གོང་ས་མཆོག་ནས་ཁ་ཀྲིང་ ( C.Suydam Cutting ) ལ་སྩལ་བའི་ཕྱག་ཡིག་རྣམས་ནི་བོད་ལོའི་ཟླ་ཚེས་བྲིས་གནང་ཡོད་ཀྱང་འདིར་གོ་བདེའི་ཆེད་ཕྱི་ལོའི་ཟླ་ཚེས་ལ་བསྒྱུར་ནས་ཕྱག་ཡིག་རྣམས་གྲངས་འདྲེན་ཙམ་བྱས་ན།
1) ཕྱི་ལོ་ ༡༩༣༡ ཟླ་ ༤ ཚེས་ ༥ ཉིན། 2) ཕྱི་ལོ་༡༩༣༡ ཟླ་ ༧ ཚེས་ ༢༩ ཉིན། 3 ) ཕྱི་ལོ་༡༩༣༡ ཟླ་ ༧ ཚེས་ ༡༩ ཉིན། 4 ) ཕྱི་ལོ་༡༩༣༡ ཟླ་༨ ཚེས་༡༡ ཉིན། 5) ཕྱི་ལོ་༡༩༣༡ ཟླ་༡༢ ཚེས་༡༢ ཉིན། 6) ཕྱི་ལོ་༡༩༣༡ ཟླ་༡༢ ཚེས་༡༢ ཉིན། 7) ཕྱི་ལོ་༡༩༣༡ ཟླ་༡༢ ཚེས་༢༥ ཉིན། 8) ཕྱི་ལོ་༡༩༣༢ ཟླ་༡ ཚེས་གྲངས་མི་གསལ། 9 ) ཕྱི་ལོ་༡༩༣༢ ཟླ་༦ ཚེས་༡༧ ཉིན། 10 ) ཕྱི་ལོ་༡༩༣༢ ཟླ་༦ ཚེས་༢༦ ཉིན། 11) ཕྱི་ལོ་༡༩༣༢ ཟླ་༡༢ ཚེས་༨ ཉིན། 12) ཕྱི་ལོ་༡༩༣༣ ཟླ་ ༣ ཚེས་ ༣ ཉིན། 13) ཕྱི་ལོ་༡༩༣༣ ཟླ་༦ཚེས་༢ ཉིན་སྩལ་བའི་ཕྱག་ཡིག་བཅས་ཡིན།
ཕྱག་ཡིག་བཅུ་གསུམ་ལས། གསུམ་པ་དང་། བདུན་པ། བཅུ་གཉིས། བཅུ་གསུམ་པ་བཅས་ནི། ཁ་ཀྲིང་ ( C.Suydam Cutting ) གིས་བྲིས་པའི་མེ་གླང་དང་ལོ་གཞན་དག་ ( The fire ox and others Years ) ཅེས་པའི་དཔེ་དེབ་ཏུ་གསལ།[4]
ཕྱག་ཡིག་དང་པོ། གཉིས་པ། བཞི་པ། ལྔ་པ། དྲུག་པ། བརྒྱད་པ་བཅས་ནི་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་ག་པའི་ནང་གསལ། [5] ཕྱག་ཡིག་དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ནི་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་སུ་གསལ།[6]
དེ་མཚུངས་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་ ( C.Suydam Cutting ) གིས་ཀྱང་༧རྒྱལ་དབང་མཆོག་ལ་ཡིག་ལན་མང་དག་ཅིག་འབུལ་གནང་མཛད་ཡོད་པ་གོར་མ་ཆག་ཀྱང་། ཁོང་གིས་༧རྒྱལ་དབང་མཆོག་ལ་ཕུལ་བའི་ཕྱག་ཡིག་ཁག་གི་འདྲ་བཤུས་གཅིག་ཀྱང་རྙེད་སོན་མ་བྱུང་བས་གྲངས་ཇི་ཙམ་ཡོད་མེད་ད་དུང་ཡང་ཤེས་རྟོགས་མ་བྱུང་། ཡིན་ནའང་། དཔེར་ན། ༧གོང་ས་མཆོག་གིས་ཁ་ཀྲིང་ལ་སྩལ་གནང་བའི་ཕྱག་ཡིག་ཁག་ཅིག་གི་ནང་དུ། ཁྱེད་ཀྱིས་ཟླ་ཚེས་ཉིན་བསྐུར་བའི་ཡི་གེ་འབྱོར་སོང་བས་ཡིད་ལ་འདྲོངས། ཞེས། སུ་ཡེ་དམ་ཁ་ཀྲིང་གིས་༧རྒྱལ་དབང་མཆོག་ལ་ཕུལ་བའི་ཕྱག་ཡིག་ཁག་ཅིག་གི་ཟླ་ཚེས་གསལ་བས་དེ་དག་ལ་གཞིགས་ཚེ་ལྔ་ཡོད་པ་ཤེས་ཐུབ། དེ་དག་ནི།
༡ ) ཕྱི་ལོ་༡༩༣༡ ཟླ་ ༤ ཚེས་ ༡༥ ཉིན། ༢ ) ཕྱི་ལོ་༡༩༣༡ ཟླ་༨ ཚེས་ ༥ ཉིན། ༣ ) ཕྱི་ལོ་༡༩༣༡ ཟླ་༡༢ ཚེས་༨ ཉིན། ༤ ) ཕྱི་ལོ་༡༩༣༢ ཟླ་ ༧ ཚེས་༡༨ ཉིན། ༥ ) ཕྱི་ལོ་༡༩༣༢ ཟླ་ ༧ ཚེས་ ༢༠ ཉིན་བཅས་ཡིན། ད་དུང་དེ་ལས་མང་བ་ཡོད་པ་ནི་ཁོང་རྣམ་པ་གཉིས་ཕྱི་ལོ་ ༡༩༣༠ ལོ་མཇུག་ནས་ཕྱི་ལོ་༡༩༣༣ ལོ་མཇུག་བར་ཡིག་འབྲེལ་གནང་བ་ལས་དཔོག་ཐུབ།
༧རྒྱལ་དབང་མཆོག་དང་། སུ་ཡེ་དམ། ཁ་ཀྲིང་གཉིས་ལོ་རྒྱུས་ཁྲོད་དུ་ཕན་ཚུན་དངོས་སུ་མཇལ་འཕྲད་བྱུང་མྱོང་མེད་ཀྱང་༧རྒྱལ་མཆོག་བཅུ་གསུམ་པས་རྟག་ཏུ་ཡིག་འབྲེལ་གྱི་ལམ་ནས་བཀའ་མོལ་གཙོ་བོ་ནི་བོད་རྒྱལ་ཁབ་ཀྱི་ཆབ་དཔལ་དང་འབྲེལ་བའི་ལས་དོན་ལས་ཁོང་སྐུ་སྒེར་གྱི་ལས་དོན་གླེང་བ་ཉུང་ཉུང་ཡིན་འདུག དེའི་སྐོར་ཁ་ཀྲིང་གིས་བྲིས་པའི། ཨ་རིའི་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་། ཞེས་པའི་( American Museum of Natural History ) དུས་དེབ་སྟེང་དེ་ལྟར་བཀོད་འདུག
Letters from the Dalai lama
In the following years a number of letters came from the Dalai lama.The Tibetan script, on native paper, was always accompanied by a typewritten translation,done by Dalai lama’s secretary.Both are contained in an intricate envelope addressed in both Tibetan and English , and sealed with the official seal . Our correspondence had much to do with the Affair of Tibet.[7]
༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་ལྔ་པའི་ནང་གསལ་བའི་ཕྱག་ཡིག་ཁགཕྱིས་ལོ་ནས་བཟུང་ཏཱ་ལའི་བླ་མས་ཕྱག་ཡིག་མང་པོ་སྩལ་བྱུང་། ཕྱག་ཡིག་ཚང་མ་བོད་ཤོག་ཏུ་སྩལ་ཤིང་དང་། ཕྱག་ཡིག་དང་ལྷན་འབྱར་རྟག་ཏུ་ཁོང་གི་དྲུང་ཡིག་གིས་དབྱིན་བསྒྱུར་ཡི་གེའང་ཡོད། ཡིག་སྐོགས་ཀྱི་ངོར་ཕྲན་གྱི་ཁ་བྱང་དབྱིན་ཡིག་དང་བོད་ཡིག་གཉིས་དང་གཞུང་འབྲེལ་གྱི་དམ་ཕྲུག་ཀྱང་ཕབ་ཡོད། ང་ཚོའི་བར་གླེང་གཞི་གཙོ་བོ་བོད་ཀྱི་གནད་དོན་ཡིན། ཞེས་གསལ།
༧རྒྱལ་མཆོག་བཅུ་གསུམ་པས་ཨ་རིར་འབྲེལ་བ་གནང་བའི་དགོངས་གཞི་གསུམ།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་ཕྱི་རྒྱལ་མི་སེར་དཀྱུས་མ་ཞིག་ལ་ཕྱག་ཡིག་བརྒྱུད་ནས་ལོ་ངོ་ཧྲིལ་པོ་གསུམ་གྱི་རིང་ལ་འབྲེལ་བ་གནང་ཞིང་། ཁོང་རིན་པོ་ཆེའི་སྐུ་ཚེའི་རིང་ཕྱི་གླིང་བའི་མི་སྒེར་ཞིག་ལ་འབྲེལ་བ་མང་ཤོས་གནང་ཡུལ་ནི་ཨ་རི་བ་ཁ་ཀྲིང་ ( C.Suydam Cutting ) ཁོང་ཡིན་འདུག [8]
འོ་ན། ༧རྒྱལ་མཆོག་བཅུ་གསུམ་པས་འབྲེལ་བ་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཞེ་ན། རྒྱལ་མཆོག་བཅུ་གསུམ་པའི་ཐུགས་རེ་གཙོ་བོ་གསུམ་གནང་འདུག་སྟེ། དང་པོ། ཁ་ཀྲིང་ ( C.Suydam Cutting )བརྒྱུད་ནས་བོད་དེ་དུས་བསྟུན་གྱིས་ཡར་རྒྱས་དང་རྒྱལ་ཁབ་ཅིག་གི་ངོར་མུ་མཐུད་དུ་གནས་ཐབས་སུ་ཨ་རིའི་གཞུང་ནས་རྒྱབ་སྐྱོར་ཐོབ་ཐབས། གཉིས་པ། ཨ་རི་ནས་བོད་ཀྱི་དཔལ་འབྱོར་སྲ་བརྟན་ཆེད་གསེར་དངུལ་ཉོ་སྒྲུབ། གསུམ་པ། བོད་ཀྱི་ཐོན་ཁུངས་གཙོ་གྲས་བལ་རྣམས་ཨ་རི་ལ་ཐད་ཀར་བཙོངས་ནས་བོད་གཞུང་དམངས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཆེད་བཅས་དགོངས་པ་བཞེད་འདུག
དགོངས་གཞི་དང་ཐུགས་རེ་དེ་ལྟར་གནང་ཡོད་པ་གཙོ་བོ་དཔྱད་གཞིའི་ཡིག་ཆ་གསུམ་ལས་དངོས་སུ་ཤེས་རྟོགས་ཐུབ་སྟེ། དང་པོ། ༧རྒྱལ་མཆོག་བཅུ་གསུམ་པས་ཁ་ཀྲིང་( C.Suydam Cutting ) ལ་སྩལ་བའི་ཕྱག་ཡིག་ཁག གཉིས་པ། སུ་ཡེ་དམ། ཁ་ཀྲིང་ ( C.Suydam Cutting ) གིས་ཕྱི་ལོ་༡༩༤༠ ལོར་བྲིས་པའི་བོད་དུ་ཕྱིན་པའི་ལོ་རྒྱུས། མེ་གླང་དང་ལོ་གཞན་དག་ ( The Fire Ox and Other Years, ) ཅེས་པའི་དཔེ་དེབ། གསུམ་པ། ཁ་ཀྲིང་ ( C.Suydam Cutting ) གིས་ཨ་རིའི་རང་བྱུང་ཁམས་ཀྱི་འགྲེམས་སྟོན་ཁང་གི་( American Museum of Natural History) དུས་དེབ་ཐོག་ཏུ་སྤེལ་བའི། ཕྱི་ལོ་༡༩༣༥ ལོར་རྒྱལ་ས་ལྷ་སར་ཕྱིན། ཞེས་པའི་རྩོམ་ཡིག་བཅས་ལས་ཤེས་ཐུབ།
དགོངས་གཞི་དང་པོ་༧རྒྱལ་མཆོག་བཅུ་གསུམ་པས་བོད་འདི་གནས་ཐབས་ཆེད་ཁ་ཀྲིང་ ( C.Suydam Cutting ) བརྒྱུད་ནས་ཨ་རིའི་གཞུང་འབྲེལ་མི་སྣ་གང་མང་ལ་འབྲེལ་བ་གནང་འདུག དེའི་གྲས་ནས་གཙོ་བོ་གཅིག་ནི་སྐབས་དེའི་ཨ་རིའི་སྲིད་འཛིན་ལ་འབྲེལ་བ་གནང་འདུག
དེ་ཡང་ཕྱི་ལོ་ ༡༩༠༤ ལོར་རྒྱ་གར་དབྱིན་གཞུང་གིས་ལྷ་སར་དཔུང་འཇུག་དང་། ཕྱི་ལོ་༡༩༠༩ ལོར་རྒྱ་ནག་ལུའུ་ཅུན་དཔོན་དམག་གིས་བཙན་འཛུལ་གྱིས་ལོ་ཤས་ནང་ཐེངས་གཉིས་བོད་གཞུང་དམངས་གཉིས་ཀར་དཀའ་ངལ་ཤུགས་ཆེ་ཕྲད་ནས་རེ་ས་དང་དཔུང་རོགས་མེད་པར་གྲོགས་མེད་ཁེར་རྐྱང་ལྟ་བུར་གནས་དགོས་བྱུང་བ་དང་། རེ་ཞིག་༧རྒྱལ་མཆོག་བཅུ་གསུམ་པའི་མཁྱེན་ཡོན་དང་ཐབས་མཁས། དུས་ཀྱི་འགྱུར་བའི་དབང་གིས་བོད་འཕྲོག་མ་ཐུབ་ཀྱང་། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གིས་བཙན་འཛུལ་འབྱུང་སྲིད་པར་དགོངས་ནས་ཕྱིས་སུ་སྟོབས་ལྡན་རྒྱལ་ཁབ་ཁག་ལ་འབྲེལ་བ་གསར་འཛུགས་ཀྱིས་རྒྱབ་སྐྱོར་འཚོལ་ཐབས་གནང་བ་དང་། དེའི་གྲས་ནས་གཅིག་ནི་ཨ་རི་ཡིན་ཞིང་། ཕྱི་ལོ་ ༡༩༠༨ ལོར་༧རྒྱལ་མཆོག་བཅུ་གསུམ་པས་པེ་ཅིན་སོགས་སུ་བཞུགས་སྐབས་ཨ་རིའི་གཞུང་ཚབ་བརྒྱུད་ནས་ཨ་རིའི་གཞུང་ལ་བོད་འདི་གནས་ཐབས་སུ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་རྒྱབ་སྐྱོར་ཐོབ་ཐབས་སུ་འབྲེལ་བ་གནང་ཡོད་པས་འབྲེལ་ལམ་ཡོད་མུས་ལ་བརྟེན་ཨ་རི་བ་ཁ་ཀྲིང་བརྒྱུད་ནས་ཨ་རིར་བསྐྱར་དུ་འབྲེལ་བ་གནང་འགོ་བཙུགས།
༧རྒྱལ་དབང་བཅུ་གསུམ་པ་མཆོག་ནས་སྐབས་དེའི་ཨ་རིའི་སྲིད་འཛིན་སོ་གཅིག་པར་འབྲེལ་བ་ཐེངས་ཁ་ཤས་གནང་བ་ཤེས་ཐུབ་པར་མ་ཟད། སྲིད་འཛིན་ཁོང་གི་མཚན་དངོས་སུ་སྨོས་ནས་འབྲེལ་བ་བྱུང་བའི་སྐོར་གཅིག་ནི། རྒྱལ་དབང་མཆོག་གིས་ཕྱི་ལོ་ ༡༩༣༡ ཟླ་ ༡༢ ཚེས་ ༢༥ ཉིན་ཁ་ཀྲིང་( Saydum Cutting )ལ་སྩལ་གནང་བའི་ཕྱག་ཡིག་ཏུ།
“ སྤྱི་ཁྱབ་རྒྱལ་པོ་ཆེན་པོ་ པེརེ་སི་ཌེན་ཌེ་ ཧུའུ་བཱར་ ( President Hoover )གྱི་སྐུ་དཔར་རྒྱལ་པོ་ཉིད་ཀྱི་ས་ཡིག་འབྱར་མ་བཅས་ཌག་ཐོག་( སྦྲག་ཐོག་) ཀ་སྦུག་སྤང་མདའ་བརྒྱུད་ནས་གནང་བ་ད་ལྟ་མ་འབྱོར་ཡང་། རིང་མིན་འབྱོར་འཕྲལ་ཐུགས་རྗེ་ཆེ་ཞུའི་ལན་གསལ་གནས་ཚུལ་ཡང་སྤེལ་ཆོག་པ་དེ་དོན་ཡིད་འཇགས་འཚལ། “ ཞེས་སྤྱི་ཁྱབ་རྒྱལ་པོ་ཆེན་པོ་ པེརེ་སི་ཌེན་ཌེ་ ཞེས་པ་ནི་དབྱིན་ཡིག་ཏུ་ President ཡིན་པ་དང་། དེའི་སྒྲ་གདངས་བོད་ཡིག་ཏུ་བྲིས་ཡིན་ཞིང་། དེའི་དོན་སྲིད་འཛིན་ལ་འཇུག ཧུའུ་བཱར་ཞེས་པ་ནི་ཨ་རིའི་སྲིད་འཛིན་སོ་གཅིག་པའི་མཚན་གྱི་ཟུར་གཅིག་ཡིན། ཁོང་གི་མཚན་ཆ་ཚང་ནི་ཧྰ་བྷར་ཧུའུ་བཱར་ ( Herbert Hoover) དང་། ཨ་རིའི་སྲིད་འཛིན་སོ་གཅིག་པ་དང་། སྲིད་འཛིན་གྱི་ལས་ཡུན་ནི། ཕྱི་ལོ་ ༡༩༢༩ ཟླ་༤ པ་ནས་ ༡༩༣༣ ཟླ་ ༤ པའི་བར་ཡིན།
གོང་གི་ཕྱག་ཡིག་དེའི་ནང་དོན་ཞིབ་ཀློག་བྱས་ཚེ་༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རིའི་སྲིད་འཛིན་ཕན་ཚུན་བར་འབྲེལ་བ་ཡོད་པ་ཤེས་ཐུབ་པར་མ་ཟད། སྲིད་འཛིན་ཧུའུ་བཱར་གྱིས་༧རྒྱལ་དབང་མཆོག་ལ་ཁོའི་སྐུ་པར་ས་ཡིག་འབྱར་མ་ཞིག་ཀྱང་ཨ་རི་ནས་ཌག་ཐོག་( སྦྲག་ཁང་) བརྒྱུད་ནས་བསྐུར་ཡོད་པའང་ཤེས་ཐུབ།
འོ་ན། རྒྱུ་མཚན་ཅིའི་ཕྱིར་སྲིད་འཛིན་ཁོང་གིས་དེ་ལྟར་བསྐུར་བ་ཡིན་ནམ་ཞེ་ན། དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཁ་གསལ་ཞིག་ཤེས་པར་དེའི་གོང་དུ་བྱུང་བའི་༧རྒྱལ་དབང་མཆོག་དང་ཨ་རིའི་སྲིད་འཛིན་བར་གྱི་ལོ་རྒྱུས་ཤེས་ཐུབ་ཚེ་ད་གཟོད་རྟོགས་ཐུབ། ༧རྒྱལ་དབང་མཆོག་ནས་བོད་འདི་གནས་ཐབས་སུ་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་ ( C.Suydam Cutting ) བརྒྱུད་ནས་ཨ་རིའི་གནད་ཡོད་མི་སྣ་གང་མང་ལ་འབྲེལ་བ་གནང་བ་དང་། དེའི་གྲས་ནས་གཅིག་ནི་ཨ་རིའི་སྲིད་འཛིན་ཁོང་ཡིན།
གོང་གི་ཕྱག་ཡིག་འདི་ནི་ཕྱི་ལོ་ ༡༩༣༡ ཟླ་ ༡༢ ཚེས་ ༢༥ ཉིན་༧རྒྱལ་དབང་མཆོག་གིས་ཁ་ཀྲིང་ལ་སྩལ་བ་དང་། དེའི་སྔོན་དུ་ཨ་རིའི་སྲིད་འཛིན་ལ་༧རྒྱལ་དབང་མཆོག་གིས་ཕྱག་ཡིག་གཅིག་ཕུལ་ཡོད་ཅིང་། དེའི་ལན་དུ་སྲིད་འཛིན་གྱིས་སྐུ་པར་ས་ཡིག་འབྱར་མ་སོགས་བསྐུར་གནང་མཛད།
འོ་ན་༧རྒྱལ་མཆོག་གིས་སྲིད་འཛིན་ལ་སྩལ་བའི་ཕྱག་ཡིག་གི་ནང་དོན་སོགས་གང་ཡིན་ནམ། ཞེ་ན། ད་ཕན་བོད་ཡིག་ཏུ་བྲིས་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་འཇོག་ཁག་ཏུ་རྒྱལ་དབང་མཆོག་ནས་སྲིད་འཛིན་ལ་ཕྱག་ཡིག་སྩལ་བའི་སྐོར་བོད་ཀྱི་སྲིད་དོན་རྒྱལ་རབས་སུ་ཅུང་གསལ་བ་ལས་གཞན་༧རྒྱལ་དབང་མཆོག་གི་རྣམ་ཐར་སོགས་སུ་ཟུར་ཙམ་ཡང་མི་གསལ་ཞིང་། ཞྭ་སྒབ་པས་ཀྱང་༧རྒྱལ་དབང་མཆོག་གིས་ཨ་རིའི་སྲིད་འཛིན་ལ་ཕྱག་ཡིག་ཅིག་སྩལ་ཡོད་པ་ནི་ཁ་ཀྲིང་ ( C.Suydam Cutting ) གིས་བྲིས་པའི་དཔེ་དེབ་ཏུ་ཁུངས་བཅོལ་འདུག
སྤྱིར་ཁ་ཀྲིང་ ( C.Suydam Cutting ) དང་ཨ་རིའི་ཚོང་ཆེན་གཉིས་ཀྱིས་ལོ་ངོ་ལྔ་ཙམ་རིང་ཐབས་ཤེས་སྣ་ཚོགས་བརྒྱུད་མཐར་ཕྱི་ལོ་༡༩༣༥ ལོར་བོད་གཞུང་གིས་མགྲོན་འབོད་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བ་དང་། དེ་ནི་བོད་གཞུང་གིས་གཞུང་འབྲེལ་ཐོག་ནས་མགྲོན་འབོད་བྱས་པའི་ཨ་རི་བ་ཐོག་མ་དེ་ཡིན། ཁོང་གཉིས་ལྷ་སར་ཕྱིན་པའི་ལོ་རྒྱུས།[9] ཨ་རིའི་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་ཞེས་པའི་( American Museum of Natural History ) དུས་དེབ་ཏུ་ཕྱི་ལོ་ ༡༩༣༦ ལོར་སྤེལ་བའི་རྩོམ་ཡིག་དང་། ཁོང་གིས་ཕྱི་ལོ་༡༩༤༠ ལོར་བྲིས་པའི་མེ་གླང་དང་ལོ་གཞན་དག་( The Fire Ox and Other Years ) ཅེས་པའི་དཔེ་དེབ་ཏུ་ཕྱག་ཡིག་དེའི་སྐོར་བྲིས་ཡོད།
མེ་གླང་དང་ལོ་གཞན་དག་ ( The Fire Ox and Other Years ) ཅེས་པའི་དཔེ་དེབ་ཏུ་༧རྒྱལ་དབང་མཆོག་ནས་ཨ་རིའི་སྲིད་འཛིན་སོ་གཅིག་པ་ཧུའུ་བཱར་ལ་ཕྱག་ཡིག་སྩལ་སྐོར་དང་། དེའི་ནང་དོན་གཙོ་བོ་དཔེ་དེབ་ཏུ་དངོས་སུ་བཀོད་པ་འདི་ལྟར།
“ It is sincerely hoped that , this country being a purely ecclesiastical Kingdom, You will Solicit the state department to render international assistance as far as it is in their power to do so, in order that the Buddhist religion may flourish uninterrupted and that we may enjoy exercising our true right of sovereignty and above all to enhance the prosperity of the people.” [10]
དེའི་ནང་དོན་བོད་ཡིག་ཏུ་བསྒྱུར་བ་སྲིད་དོན་རྒྱལ་རབས་སུ་གསལ་བ་ནི། བོད་ཆོས་ལྡན་གྱི་ལྗོངས་འདིའི་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་ཐོབ་ཐང་། མི་དམངས་ཀྱི་དཔལ་འབྱོར་བཅས་ད་མུས་སྲ་བརྟན་འགྱུར་མེད་ཡོང་ཐབས་ལ་ཨ་རིའི་ཕྱི་རྒྱལ་ལས་ཁུངས་ནས་ཀྱང་རྒྱབ་སྐྱོར་གནང་བའི་རེ་འདུན་ཞུ་བཞིན་ཡོད།[11] ཅེས་གསལ། ༧རྒྱལ་དབང་མཆོག་གིས་ཕྱག་ཡིག་འདི་ལོ་དུས་ཟླ་ཚེས་ནམ་ཞིག་ལ་སྩལ་གནང་མཛད་པ་ཞིབ་གསལ་མ་རྙེད་ཀྱང་༧རྒྱལ་དབང་མཆོག་གིས་ཕྱི་ལོ་ ༡༩༣༡ ཟླ་ ༡༢ ཚེས་ ༢༥ ཉིན་ཁ་ཀྲིང་( Saydum Cutting )ལ་སྩལ་གནང་བའི་ཕྱག་ཡིག་ཏུ་སྲིད་འཛིན་གྱིས་སྐུ་པར་ས་ཡིག་འབྱར་མའི་སྐོར་གསལ་བས་ཕྱི་ལོ་༡༩༣༡ ལོའི་ཟླ་༡༢ པའི་མགོ་སྟོད་ཞིག་ལ་མིན་ནམ་སྙམ།
༧རྒྱལ་དབང་མཆོག་གིས་སྲིད་འཛིན་ལ་སྩལ་བའི་ཕྱག་ཡིག་དེའི་ནང་དོན་གཙོ་བོ་གསུམ་སྟེ། དང་པོ། བོད་གནས་ཐབས། གཉིས་པ། བོད་ཀྱི་དཔལ་འབྱོར་སྲ་བརྟན། གསུམ་པ། བོད་མི་རིགས་ཀྱི་བདེ་སྐྱིད་བཅས་ཀྱི་ཆེད་ཨ་རིས་གཙོས་རྒྱལ་ཁབ་གཞན་རྣམས་ཀྱིས་རོགས་སྐྱོར་ཡོང་བའི་རེ་སྐུལ་གནང་འདུག ༧རྒྱལ་དབང་མཆོག་དང་སྲིད་འཛིན་ཧུའུ་བཱར་ (Herbert Hoover) བར་ཕན་ཚུན་ཡིག་འབྲེལ་ལན་གཅིག་ལས་མང་བ་བྱུང་ཡོད་ཅིང་། དེ་དག་གི་ནང་དོན་སོགས་ཀྱི་ཆ་ནས་ཞིབ་འཇུག་བྱ་རྒྱུ་མང་ཡང་གཞན་དུ་བྲི་འདོད་ཡོད།
༧རྒྱལ་དབང་མཆོག་གི་དགོངས་གཞི་གཉིས་པ་འགྲུབ་ཆེད་དུ། རྒྱལ་མཆོག་གིས་བོད་ཀྱི་དངུལ་ལོ་གསར་བའི་མ་རྩ་སྲ་བརྟན་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་ཨ་རི་ནས་གསེར་ཁྱོན་ཆེ་ཉོ་རྒྱུའི་ཆེད་ཁ་ཀྲིང་ ( C.Suydam Cutting)བརྒྱུད་ཨ་རིའི་གྲོས་ཚོགས་དང་འབྲེལ་བ་གནང་བ་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་དྲུང་འཕར་( Under Secretary of State ) ཇོ་སེབ་ ཀོ་ཌོན Joseph. P . Cotton ( 1929-1931/3/10) དང་། ཀ་སེལ་ William R.Castle Jr ( 1931-1933) Under Secretary of State གཉིས་ལ་སྔ་ཕྱི་འབྲེལ་བ་གནང་འདུག
འབྲེལ་བ་དེ་ལྟར་གནང་བའི་གནས་ཚུལ་སྐོར་གསལ་ཤོས་གཅིག་ནི། ཕྱི་ལོ་༡༩༣༡ ཟླ་༡༢ ཚེས་༢༥ ( བོད་ཟླ་༡༡ ཚེས་༡༦ ) ཉིན་༧རྒྱལ་མཆོག་བཅུ་གསུམ་པས་ཁ་ཀྲིང་ ( C.Suydam Cutting )ལ་སྩལ་བའི་ཕྱག་ཡིག་ཏུ། “ དེ་སྔོན་བོད་སྐོར་བློན་ཆེན་ཨོ་ན་རེ་བོལ་ ཇོ་སེབ་ ཀོ་ཌོན་ལ་ ( Joseph. P . Cotton )བཀའ་མོལ་གནང་བ་དེ་ལྟར་ཡང་། སྔ་ལོ་དགུན་དུས་བློན་ཆེན་དེ་ཉིད་ཞིང་གཤེགས་གྱུར་པ་ནི་ངོས་ཀྱང་བློ་ཕམ་ཆེ། “ ཞེས་དང་། “ དེ་རྗེས་བློན་ཆེན་ཨོ་ན་རེ་བོལ། ཌབ་ལུ་ ཨེན་ ཀ་སེལ་ ( William R.Castle Jr ) ལ་བསྐོ་གཞག་གནང་བས་དགའ་བདེར་གནས་མུས་ཐོག “ [12] ཅེས་གསལ།
༧རྒྱལ་མཆོག་བཅུ་གསུམ་པས་ཨ་རི་ནས་གསེར་ཉོ་རྒྱུར་ཐུགས་རེ་ཧ་ཅང་ཆེན་པོ་གནང་ནས་ཡུན་རིང་ཐབས་ཤེས་དང་གནད་ཡོད་མི་སྣ་བརྒྱུད་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་འབྲེལ་བ་ལན་མང་གནང་ཡང་སྐབས་དེར་ཐུགས་དགོངས་ལྟར་གསེར་ཉོ་སྒྲུབ་ཐུབ་མི་འདུག དེ་ལྟར་ཐུགས་རེ་དང་གསེར་ཉོ་མ་ཐུབ་པའི་གནས་ཚུལ་གསལ་ཤོས་འཁོད་པ་གཅིག་ནི། ཁ་ཀྲིང་ ( C.Suydam Cutting ) གིས་བྲིས་པའི་ཁོང་ལྷ་སར་ཕྱིན་པའི་ལོ་རྒྱུས། ཨ་རིའི་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་ ( American Museum of Natural History ) ཞེས་པའི་དུས་དེབ་ཏུ་སྤེལ་བའི་ནང་།
“ Finally I was even asked to induce the United States Congress to buy silver and send it to Tibet in bond.This was an attempt to avoid to India export tax,and was quite hopeless for several reasons,but it gave me an excellent chance to send a letter bearing the letter head of Congress “ [13] ཞེས་དང་།
དེ་བཞིན་དུ། ཁ་ཀྲིང་ ( C.Suydam Cutting ) གིས་བྲིས་པའི། མེ་གླང་དང་ལོ་གཞན་དག་( The fire Ox and Other Years ( forbidden cities of Tibet) ཅེས་པའི་དཔེ་དེབ་ཏུའང་རྒྱལ་དབང་མཆོག་གིས་ཨ་རི་ནས་གསེར་ཉོ་དགོས་པའི་རྒྱུ་མཚན་སོགས་གསལ་བ་ནི། “ To improve the econmic condition of Tibet, We Require a large supply of Bar silver and so far we have been buying this from British India.But in the Previouse year, the Indian customs duty on silver has been so much obliged to you if you would advise me If it would be a feasible proposition to ask American Government to help us in the matter and supply us Directly with the necessary bar silver.” [14] ཞེས་སོགས་ཤིན་ཏུ་གསལ།
༧རྒྱལ་དབང་བཅུ་གསུམ་པས་ཨ་རི་ནས་གསེར་ཉོ་དགོས་པའི་རྒྱུ་མཚན་དང་། མཐར་ཉོ་མ་ཐུབ་པའི་སྐོར་གསལ་ཤོས་གཞན་ཞིག་ནི། རྒྱལ་མཆོག་བཅུ་གསུམ་པས་ཕྱི་ལོ་ ༡༩༣༡ ཟླ་ ༡༢ ཚེས་ ༢༥ ཉིན་ཁ་ཀྲིང་ ( C.Suydam Cutting ) ལ་སྩལ་བའི་ཕྱག་ཡིག་ཏུ་ཧ་ཅང་གསལ།
“འདི་ག་བོད་གཞུང་གི་ཆབ་སྲིད་འཕེལ་རྒྱས་ཆེད་རྒྱ་དངུལ་ལྷད་མེད་སྤུས་དག་ཁྱོན་ཆེ་ཙམ་དགོས་པ་ད་ཕན་དབྱིན་གཞུང་ས་ཐོག་ནས་ཉོ་སྒྲུབ་བྱེད་མུས་ཀྱང་། སྔ་ལོ་ནས་རྒྱ་དངུལ་ལ་དབྱིན་གཞུང་ནས་སྒོ་ཁྲལ་ཆེ་སྤར་གྱིས་ཉོ་སྒྲུབ་དཀའ་གཤིས། སླད་རྒྱ་དངུལ་ས་ཕག་ཨང་དང་ཨ་མེ་རི་ཀའི་གཞུང་དང་འཕྲོས་མོལ་གྱིས་སྤུས་སྒྲུབ་བྱེད་འོས་ཆེ་མིན་ཁྱེད་རང་གི་བསམ་འཆར་ནང་གསལ་ཡོད་པ། ད་དུང་བོད་གཞུང་ལ་ཕན་ཐབས་ཅི་མཆིས་རིམ་གསོལ་ཆོག་པར་མ་ཟད། “[15]ཅེས་པའི་ཕྱག་ཡིག་ལས་༧རྒྱལ་དབང་བཅུ་གསུམ་པས་ཨ་རི་ནས་གསེར་ཉོ་སྒྲུབ་ཀྱི་དགོངས་གཞི་དང་། ཐུགས་རེ་ཆེན་པོ་ཇི་ཙམ་གནང་ཡོད་པ་དཔོག་ཐུབ།
ད་དུང་ཁ་ཀྲིང་ ( C.Suydam Cutting ) གིས་༧རྒྱལ་མཆོག་བཅུ་གསུམ་པ་ལ་ཕུལ་བའི་ཕྱག་ཡིག་གཅིག་ཀྱང་ལག་སོན་མ་བྱུང་། དེ་དག་ལག་སོན་བྱུང་ཚེ་༧རྒྱལ་དབང་མཆོག་ནས་ཨ་རིའི་སྲིད་འཛིན་སོ་གཅིག་པ་ཧུའུ་བཱར་ ( Herbert Hoover) དང་འབྲེལ་བ་གནང་བའི་བརྒྱུད་རིམ་ཇེ་གསལ་དུ་འགྲོ་བ་དང་། ༧རྒྱལ་མཆོག་བཅུ་གསུམ་པ་དང་ཁ་ཀྲིང་བར་གྱི་འབྲེལ་བའི་བརྒྱུད་རིམ་ཡང་ཇེ་གསལ་ཡིན་ངེས། ༧རྒྱལ་མཆོག་བཅུ་གསུམ་པས་ཐུགས་རེ་ལྟར་སྐབས་དེར་གསེར་ཉོ་མ་ཐུབ་པའི་རྒྱུ་མཚན་སོགས་ཤེས་པར་ཕན་ཐོགས་ཆེན་པོ་འབྱུང་ངེས་པས་ད་དུང་དེའི་སྐོར་དོ་སྣང་བྱེད་མུས་ཡིན། ཕྲན་ད་ལོ་ཨ་རིར་སླེབས་སྐབས་ཁ་ཀྲིང་གི་ཁྱིམ་ཚང་རྩད་གཅོད་ཀྱི ས་གནས་སོགས་རྙེད་ཀྱང་བྲེལ་ཟིང་དང་ལམ་ཐག་རིང་བ་སོགས་ཀྱིས་ཁྱིམ་ཚང་རང་དུ་འགྲོ་ཐུབ་མ་སོང་།
དགོངས་གཞི་གསུམ་པ་འགྲུབ་ཆེད་དུ། ༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་གཞུང་དམངས་གཉིས་ཀའི་དཔལ་འབྱོར་དང་འཚོ་བའི་མཐུན་རྐྱེན་ཡར་རྒྱས་ཆེད་བོད་ནས་ཐོན་པའི་བལ་རྣམས་བོད་གཞུང་གིས་ཉོས་ནས་ཕྱོགས་གཅིག་ཏུ་སྤུངས་ཏེ་ཨ་རིར་བཙོང་རྒྱུའི་ཐད་ནས་ཐབས་ཤེས་ལན་མང་གནང་སྟེ་ཕྱི་ལོ་ ༡༩༣༢ ལོར་དངོས་སུ་ཨ་རིར་ཐད་ཀར་བཙོང་འགོ་ཚུགས་ནས་ཕྱི་ལོ་ ༡༩༥༢ ལོར་མཚམས་འཇོག་དགོས་བྱུང་འདུག དེའི་སྐོར་དམིགས་བསལ་གྱིས་( བོད་དང་ཨ་རིའི་བར་གཞུང་འབྲེལ་བལ་ཚོང་གི་ལོ་རྒྱུས་ལ་ལྟ་བ། ( History of Tibet -US Offical Wool Trade ) ( 1932—-1952 ) ཞེས་པའི་རྩོམ་ཡིག་ཅིག་རིང་མིན་སྤེལ་རྩིས་ཡོད།
མཇུག་བསྡུ།
༧རྒྱལ་མཆོག་བཅུ་གསུམ་པས་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་གནང་བའི་ལོ་རྒྱུས་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཧ་ཅང་གནད་འགག་ཅན་ཞིག་ཡིན། ལྷག་པར་དུ་༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རིའི་བར་བྱུང་བའི་ལོ་རྒྱུས་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ངེས་པར་གླེང་དགོས་པའི་ལོ་རྒྱུས་གཅིག་ཡིན། གླེང་རྒྱུའང་དེ་ལྟར་ཡོད་སྙམ་སྟེ། དཔེར་ན། བོད་དུ་སླེབས་པའི་ཨ་རི་བའི་ལོ་རྒྱུས། ༧རྒྱལ་མཆོག་བཅུ་གསུམ་པ་དང་རྒྱ་ནག་གནས་སྡོད་ཨ་རིའི་སྐུ་ཚབ་རོ་ཁི་ཧིལ་( William Woodville Rockhill, 1854-1914 )བར་གྱི་འབྲེལ་བའི་བརྒྱུད་རིམ། ༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རིའི་སྲིད་འཛིན་ཉེར་དྲུག་པ་ཐཱི་ཌོར། རཱོ་སི་ཝལ་( Theodore Roosevelt 1858-1919) བར་གྱི་འབྲེལ་བའི་བརྒྱུད་རིམ། ༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རིའི་སྲིད་འཛིན་སོ་གཅིག་པ་ཧུའུ་བཱར་ ( Herbert Hoover) བར་གྱི་འབྲེལ་བའི་བརྒྱུད་རིམ། ༧རྒྱལ་མཆོག་བཅུ་གསུམ་པ་དང་ཨ་རིའི་གནད་ཡོད་མི་སྣ་གཞན་བར་གྱི་འབྲེལ་བའི་བརྒྱུད་རིམ། ༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དང་ཨ་རི་བ་སུ་ཡེ་དམ། ཁ་ཀྲིང་ ( C.Suydam Cutting ) བར་གྱི་འབྲེལ་བའི་ལོ་རྒྱུས། ༧རྒྱལ་མཆོག་བཅུ་གསུམ་པ་ནས་བོད་ཀྱི་དཔལ་འབྱོར་སྲ་བརྟན་ཆེད་ཨ་རི་ནས་གསེར་ཉོ་སྒྲུབ་ཀྱི་ལོ་རྒྱུས། ༧རྒྱལ་མཆོག་བཅུ་གསུམ་པ་ནས་བོད་གཞུང་དམངས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་ཆེད་བོད་བལ་ཨ་རིར་ཐད་ཀར་ཚོང་བསྒྱུར་བྱས་པའི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་སོགས་རྣམ་དཔྱོད་དང་ལྡན་པ་རྣམས་ལ་ད་དུང་ཞིབ་འཇུག་བྱེད་རྒྱུ་མང་པོ་ཞིག་ལྷག་འདུག་སྙམ་མོ། །
ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་ཀིརྟི་བྱེས་པ་གྲྭ་ཚང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་༡༩ ཉིན།
དཔྱད་ཡིག་དང་ཞབས་མཆན།
[1] The Sesurgence “ Buddhist Government ”:Tibetan-Mongolain Relations in the Modern World ཞེས་པའི་དཔེ་དེབ་ཏུ་གསལ། གཞན་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱི་བོད་རྒྱ་འབྲེལ་མོལ་དུ་དེའི་སྐོར་རྒྱས་པ་གསལ།ཝ
[2] Journal of the American Museum of Natural History. Page:104,February 1936
[3] Journal of the American Museum of Natural History. Page:104,February 1936
[4] The fire Ox and Other Years ( Forbidden Cities of Tibet ),Page: 1775-179 by Suydam Cutting ,Collins 14 St.James’s Place . London, Pulbication 1947
[5] རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་ལྔ་པ། ནང་གསེས། པི། ཆབ་ཤོག
[6] ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་ ༢༩༣ ཕྱི་ལོ་༡༩༧༦ པར་ཐེངས་དང་པོ།
[7] Journal of the American Museum of Natural History. Page:104,February 1936
[8] The correspondence was flourishing and Ringan was to tell me later I was the only man with whom the ruler kept up a regular communication. The Ox Fire And Other Years. Page:178
[9] ཤོག་ངོས་ཉེར་བཞི་དང་པར་མི་འདྲ་བ་བཅུ་བདུན།
[10] The fire Ox and Other Years ( Forbidden Cities of Tibet ),Page: 177 by Suydam Cutting ,Collins 14 St.James’s Place . London, Pulbication 1947
[11] ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་ ༢༩༣ ཕྱི་ལོ་ ༡༩༧༦ པར་ཐེངས་དང་པོ།
[12] རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་ལྔ་པ། ནང་གསེས། པི། ཆབ་ཤོག
[13] American Museum of Natural History, Page : 104 Pulbished: 1936
[14] The fire Ox and Other Years ( Forbidden Cities of Tibet ),Page: 177 by Suydam Cutting ,Collins 14 St.James’s Place . London, Pulbication 1947
[15] རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་ལྔ་པ། ནང་གསེས། པི། ཆབ་ཤོག
– – – – –