ས་སྐྱ་པའི་འཆད་ཉན་སླར་གསོ་བ་ཞིག

[ བོད་རིག་པ་བ་(Tibetologist)ངག་དབང་སྐལ་ལྡན་(David P. Jackson)གྱིས་བྲིས་པའི་བོད་དབུས་ཀྱི་ས་སྐྱ་པའི་འཆད་ཉན་སླར་གསོ་བ་བྲག་གཡབ་གཙང་སར་བླ་མ་ཐུབ་བསྟན་བཟང་པོའི་སྐུ་ཚེའི་ལོ་རྒྱུས་Reviver of Sa-skya-pa Scriptural Studiesཞེས་པའི་དབྱིན་ཡིག་ཆེད་རྩོམ་ཀློག་པ། འདིའི་ལེགས་བྱས་ཐམས་ཅད་མཁན་རིན་པོ་ཆེ་ངག་དབང་ཀུན་དགའ་དབང་ཕྱུག་གི་ཐུགས་དགོངས་རྫོགས་སླད་ཕུལ། ཐུབ་པ་ཚང་ཚེ་རིང་བསམ་འགྲུབ་ནས། ]

[ བོད་ཡིག་ཏུ་འོས་སྦྱོར། ]

གུས་པས་བོད་ཡིག་ཀློག་པ་པོ་དང་ལྷག་པར་བོད་བརྒྱུད་ནང་བསྟན་གྱི་འཆད་ཉན་པ་ཡོངས་ལ་དམིགས་ཏེ། འདིར་དབྱིན་ཡིག་ཆེད་རྩོམ་Reviver of Sa-skya-pa Scriptural Studiesཞེས་པ་བོད་ཡིག་ཏུ་“ས་སྐྱ་པའི་འཆད་ཉན་སླར་གསོ་བ་ཞིག”ཅེས་འོས་སྦྱོར་གྱི་ཚུལ་དུ་དགོད། ཆེད་རྩོམ་འདིའི་ནང་དོན་ནི་དུས་རབས་ཉི་ཤུ་པའི་བོད་བརྒྱུད་ནང་བསྟན་དུ་གྲུབ་འབྲས་རྩེར་སོན་གྱི་བཤེས་གཉེན་བྲག་གཡབ་ཐུབ་བསྟན་བཟང་པོའི་སྐུ་ཚེའི་ལོ་རྒྱུས་ཡིན་ཞིང་། འདི་འབྲི་མཁན་ནི་སྡེ་གཞུང་ལུང་རིགས་ཀུན་དགའ་བསྟན་པའི་ཉི་མ་(1906–1987)དང་སྐུ་ཚེ་ཨ་པད་ཡོན་ཏན་བཟང་པོ་(1927–2010)སོགས་བོད་ཀྱི་སློབ་དཔོན་དུ་མའི་དྲུང་ནས་ཀྱང་ཐོས་པ་བཙལ་མྱོང་བའི་བོད་རིག་པ་བ་David Paul Jacksonཞེས་པའམ་བོད་མིང་དུ་ངག་དབང་སྐལ་ལྡན་(1951–)ཞེས་འབོད་པ་ཞིག་ཡིན། གུས་པས་ལོ་ཤས་སུ་ཁོང་གི་རྩོམ་ཡིག་མི་ཉུང་བ་ཞིག་བཀླགས་ཤིང་། ལྷག་པར་དེ་དག་ཞིབ་འཇུག་གི་རྒྱུ་ཆར་བསྡུར་བའི་ཉམས་མྱོང་ལས། མི་འདིའི་མངོན་གསལ་དང་བརྟན་བརླིང་གི་འབྲི་ཐབས་ཀྱིས་བདག་གི་ཡིད་དབང་རབ་ཏུ་ཕྲོག་ཅིང་། འདི་ནི་ཆེད་རྩོམ་བཟང་ངན་དེ་ཤར་ནུབ་ཅེས་པའི་ཕྱོགས་དང་གསར་རྙིང་ཞེས་པའི་དུས་ཀྱིས་དབྱེ་རྒྱུ་མིན་པའི་མཚན་གཞི་ལེགས་པོ་ཞིག་ཏུའང་འདོད། ཁོང་གི་ཆེད་རྩོམ་འདི་ཉིད་ཀྱང་། རང་རེ་འཆད་ཉན་པ་དང་སློབ་གཉེར་བ་ཡོངས་ལ་དགོས་གལ་ཤིན་ཏུ་ཆེ་ལ། ལྷག་པར་བྲག་གཡབ་ཐུབ་བསྟན་ཞུ་བའི་བཤེས་གཉེན་གང་ནི། ད་ལྟའི་འཆད་ཉན་པ་ཡོངས་ལ་ཕལ་ཆེར་མ་གྲགས་ཕྱིར། གུས་པས་ད་སྔ་གྲོགས་ཚོར་རྩོམ་འདི་བཀླག་རིགས་པ་བཤད་མྱོང་ཞིང་། ད་རེས་དབྱིན་རྩོམ་འདིར་འཁོད་པའི་ཁོང་གི་རླབས་ཆེན་གྱི་ཕྲིན་ལས་ཁག་བོད་ཡིག་ཏུ་རིམ་པས་དགོད་དོ། །

གསལ་འདེབས། 1. གཤམ་དུ། ཡིག་རྟགས་“()”འདིར་འཁོད་པ་རྣམས་ནི་མ་རྩོམ་ཉིད་དུ་ཡོད་པའི་དཀྱུས་མཆན་དང་མཇུག་མཆན། ཞབས་མཆན་གྱི་རིགས་སུ་གཏོགས་ཤིང་། ཡིག་རྟགས་“[]”འདིར་འཁོད་པ་རྣམས་ནི་ཕྲན་གྱིས་བཏབ་པའི་གསལ་འདེབས་རིགས་ཡིན་ནོ། ། 2. གུས་པས་འདིར་ནན་ཏུར་ཞུ་བ་ནི། ཉིད་ཀྱིས་འདི་འཁོད་ནང་དོན་ལོ་རྒྱུས་རྒྱུ་ཆར་དགོལ་དགོས་ཚེ། ངེས་པར་དུ་མ་རྩོམ་ཉིད་དུ་གཏུགས་འཚལ། འདིར་ནི་ཕྲན་གྱིས་ཁ་ཚ་དགོས་གཏུགས་རྣམས་བོད་ཡིག་ཏུ་འོས་སྦྱོར་ཞུས་ཏེ་ཀློག་པ་པོའི་ཁམས་འབྱེད་ཀྱི། རང་རྩོམ་ལྟར་སྣ་ཚོགས་ཕྱོགས་གཅིག་ཏུ་བརྡར་བ་མིན་ཞིང་། འགྱུར་མ་ལྟར་རིལ་པོ་སྐད་གཞན་དུ་སྤོས་པའང་མིན་ནོ། །ལྷག་པར་མ་རྩོམ་གྱི་མཆན་དུ། བརྗོད་བྱ་རེར་ཁུངས་རེ་སྤུས་ཀ་ལེགས་པོས་བྲིས་མོད། འདིར་ནི་མེད་དུ་མི་རུང་བའི་མཚམས་སྦྱོར་རིགས་ལས། ཚང་བར་སྒྲིག་སྟབས་མ་བདེའོ། ། 3. ཐེངས་འདིར་རྒན་དཔལ་བསམ་ལགས་དང་གྲོགས་ཆོས་འགྲུབ་ལགས། གྲོགས་བསོད་ནམས་དཔལ་ལྡན་ལགས། སྤུན་ཆུང་ཚེ་རིང་དབང་འདུས་བཅས་ཀྱིས་རོགས་དན་ཅི་རིགས་གནང་བར་ཐུགས་རྗེ་བླ་མེད་ཆེ་ཞེས་ཞུའོ། །

[ ཆེད་རྩོམ་དངོས་གཞིའི་སྔོན་རྗོད། ]

བོད་ནང་དུ་དུས་རབས་ཉི་ཤུ་པའི་སྟོད་དུ་ས་སྐྱ་པའི་འཆད་ཉན་གྱི་སློབ་དཔོན་ཤུགས་རྐྱེན་ཆེ་ཤོས་ཤིག་ནི་བྲག་གཡབ་ཐུབ་བསྟན་བཟང་པོ་(ཧ་ལམ 1891/2–ཧ་ལམ 1930)ཡིན། བོད་དང་ནུབ་ཕྱོགས་གང་དུའང་། དེང་རབས་མཁས་པའི་ཁྲོད་དུ་ཁོང་གི་མཚན་སྙན་མི་གྲགས་ཀྱང་། དབུས་གཙང་གཉིས་སུ་གཙོ་བོ་ས་སྐྱ་པའི་ཆོས་སྡེ་རྣམས་ཀྱི་འཆད་ཉན་སླར་གསོ་བ་ཡོངས་ལས་ཁོང་ནི་ཁྱད་དུ་འཕགས་སོ། །

དོན་དངོས་སུ་བྲག་གཡབ་ཐུབ་བསྟན་གྱི་མཚན་སྙན་མི་གྲགས་པ་འདི་ནི་ཡ་མཚན་པ་ཞིག་གཏན་ནས་མིན་ཏེ། ཁོང་གི་སློབ་དཔོན་མཁན་ཆེན་གཞན་དགར་(1871–1927)ཡང་ཁོང་གི་སྐུ་ཡོན་དང་འཚམ་པའི་སྙན་གྲགས་ད་དུང་ཐོབ་མེད། ཕྱིས་སུ་ཁམས་པ་དགེ་རྒན་སྟེ་མཚན་མ་ལུས་པར་གཞན་ཕན་ཆོས་ཀྱི་སྣང་བ་ནི་སྐབས་དེའི་བོད་ཀྱི་མཁས་པ་ཤུགས་རྐྱེན་ཆེ་ཤོས་ཁྲོད་ཀྱི་གཅིག་ཡིན་པར་ཐེ་ཚོམ་མེད། ཡོངས་གྲགས་སུ་ཁོང་གི་མཚན་ལ་གཞན་དགའ་ཞེས་ཞུ། ཁོང་གིས་བཤད་གྲྭའི་མཁན་པོ་དོ་ཟླ་བྲལ་བ་ཞིག་གི་མཚན་སྙན་བཞག ཧ་ལམ་གཞན་དགའི་ནུས་པ་ཁོ་ནར་བརྟེན་ཏེ། ཐོག་མར་ཁམས་ཀྱི་དགེ་ལུགས་མིན་པའི་འཆད་ཉན་ལ། སླར་ཡང་སྟོབས་ཤུགས་བྱིན་ཅིང་ཕྱོགས་སྟོན་གསར་པ་ཞིག་མཛད་དེ། མཐར་དེ་ཉིད་བོད་ཡོངས་སུ་ཁྱབ་བོ། །

དགེ་ལུགས་པའི་འཆད་ཉན་ནི་དེ་ལས་ལྡོག་སྟེ། དགེ་ལུགས་པའི་ཐོག་མའི་དུས་སྐབས་(དུས་རབས་བཅུ་བཞི་པའི་ནང་ཚུད་ཀྱི་ས་སྐྱ་པ་དང་གསང་ཕུ་བའི་བརྒྱུད་པ)ནས་གཅིག་དགུ་ང་གྲངས་བར་དུ་ཉམས་ཆག་མེད་པར་གཞི་རྒྱ་ཆེན་པོ་ངང་གནས་ཡོད། ཆོས་བརྒྱུད་གཞན་རྣམས་ནི་གཅིག་མཚུངས་ཀྱིས་དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ནང་དུ་མངོན་གསལ་དོད་པོས་ཉམས་རྒུད་ཕྱིན། ལྷག་པར་བོད་དབུས་སུའོ། །དུས་རབས་བཅུ་བདུན་པའི་དཀྱིལ་དུ་དགེ་ལུགས་པས་སྲིད་བཟུང་ནས། དགེ་ལུགས་མིན་པའི་ཆོས་བརྒྱུད་རྣམས་ཀྱི་འཆད་ཉན་ནི། དེ་ལྟའི་སྲ་བརྟན་ཉམས་མེད་ཀྱི་ཆབ་སྲིད་དང་དཔལ་འབྱོར་དབང་སྒྱུར་གྱི་དཀྱིལ་དུ། ཁོང་ཚོའི་སྔར་གྱི་ཟུངས་ཤུགས་དེ་ཉིད་རྒྱུན་སྐྱོང་ཐུབ་མེད། (འདིར་སྣོན་འོས་པ་ནི། དགེ་ལུགས་པར་མཚོན་ནའང་དུས་རབས་དེ་དག་གི་ངེས་དོན་གྱི་མཁས་པ་ཕལ་ཆེ་བ་ནི། ཁམས་དང་ཨ་མདོ་ནས་བོད་དབུས་སུ་ཚད་མཐོའི་སློབ་གཉེར་དུ་ཕེབས་ཏེ་དེར་རྒྱུན་བཞུགས་ཀྱིས་འཆད་ཁྲིད་གནང་མཁན་དག་གོ) འོན་ཏེ་བརྒྱུད་པ་ཞིག་ནས་བོད་ཤར་ཕྱོགས་ཁམས་ཁུལ་དུ་ཤུགས་རྐྱེན་ཅན་ཁ་ཤས་གསོ་སྐྱོང་ཐུབ་ཡོད་ཅིང་། དུས་རབས་བཅུ་དགུ་པ་ནས་རིམ་གྱིས་ཁམས་དང་ལྷག་པར་སྡེ་དགེ་ནི་བོད་ཀྱི་ཆོས་ཕྱོགས་ཀྱི་བསྟི་གནས་གཉིས་པ་ལྟ་བུར་གྱུར། གཅིག་དགུ་གྱ་གྲངས་ཀྱི་སྨད་དུ། སློབ་དཔོན་ཆེན་མོ་མཁྱེན་བརྩེ་(1820–1892)དང་ཀོང་སྤྲུལ་(1813–1899)གཉིས་ཀྱིས་བོད་ནུབ་ཕྱོགས་ནས་ཤར་ཕྱོགས་བར་གྱི་ས་བཀའ་རྙིང་གསུམ་ལ་དགོངས་ཏེ་འཆད་ཉན་དང་བརྒྱུད་པ་སླར་གསོ་བྱེད་པའི་ཕྲིན་ལས་ཤིག་གི་སྣེ་དྲངས་སོ། །

སྔ་སྲོལ་ལྟར་ན། ཁམས་ཕྱོགས་ནས་ཁམས་ཀྱི་བླ་གྲྭ་དཀྱུས་མ་རྣམས་བོད་དབུས་སུ་འཆད་ཉན་དང་སྡོམ་པ་ཞུ་སླད་མངགས་ཤིང་། དུས་མཚུངས་སུ་དབུས་གཙང་གཉིས་ཀྱི་བླ་ཆེན་རྣམས་ནི་ལྟོས་བཅས་ཀྱི་ཕྱུག་པོ་ཡིན་པའི་ཁམས་ཁུལ་དུ་འཆད་སྤེལ་དང་འབུལ་སྡུད་དུ་རྒྱུན་མར་ཕེབས། འོན་ཀྱང་དུས་རབས་བཅུ་དགུ་པའི་སྨད་ནས་དབུས་གཙང་གཉིས་ཀྱི་བླ་ཆེན་མང་པོས། ཁམས་ཀྱི་སློབ་དཔོན་འདི་དག་གི་འཆད་ཉན་གྱི་ཕྲིན་ལས་དང་གསང་སྔགས་ཀྱི་བརྒྱུད་པ་བཙལ་ཏེ། དེ་དག་བོད་དབུས་སུ་ཕྱིར་བསྣམས་པའི་དབུ་ཚུགས་སོ། །(འདིའི་དཔེ་མཚོན་ཞིག་ནི། ཁམས་ནས་ཧ་ལམ་གཅིག་དགུ་རེ་བདུན་ནས་དོན་ལྔའི་བར་ཁམས་པ་སློབ་དཔོན་མང་པོ་བསྟེན་ཏེ་སློབ་གཉེར་གནང་བའི་ངོར་ཁང་གསར་མཁན་པོ་ངག་དབང་བསོད་ནམས་རྒྱལ་མཚན་(གཅིག་བརྒྱད་སོ་གྲངས–གཅིག་བརྒྱད་གོ་གྲངས)ལྟ་བུའོ)

དུས་རབས་ཉི་ཤུ་པའི་མགོ་ནས། ཁམས་ནས་བོད་ཁུལ་གཞན་ཁག་ཏུ་ས་བཀའ་རྙིང་གསུམ་གྱི་འཆད་ཉན་སླད་དུ་མི་ཚེའི་ངར་ཤུགས་གསར་པ་ཞིག་ཀྱང་ཁྱབ་སྤེལ་གཏོང་བའི་དབུ་ཚུགས་སོ། །འདི་ནི། རྩོད་པ་ཆེད་དུ་དོར་ཏེ་མཁས་པའི་ཡིག་ཆ་གཞི་རྩར་བཟུང་བའི་རྩོད་པ་ལས་ལྡོག་ནས། ནང་པའི་རྩ་བའི་བསྟན་བཅོས་ཁག་ཐད་ཀར་བཀླགས་ཏེ་འགྲེལ་བཤད་བྱེད་པར་ནན་ཆེ་མཛད་པའི་འཆད་ཐབས་ཤིག་ཏུ་གཏོགས། འདི་ནི་བཤད་གྲྭའི་འཆད་ཐབས་ཤིག་སྟེ། དེར་མཁན་པོས་གཙོ་བོར་རྒྱ་གར་ནང་པའི་གྲུབ་མཐའ་དང་ལྟ་གྲུབ་ཏུ་གཏོགས་པ་རྒྱ་གཞུང་རྣམས་ཁྲིད་དེ། སློབ་མ་ལ་དེ་དག་ཇི་ལྟར་འགྲེལ་ཚུལ་གྱི་སྦྱོང་བརྡར་སྤྲད་ཅིང་། འཆད་ཐབས་འདི་དར་སྤེལ་གནང་མཁན་ནི་མཁས་པ་ཆེན་པོ་སློབ་དཔོན་གཞན་དགའ་ཉིད་ཡིན་ནོ། །

འོན་ཀྱང་། འཆད་སྲོལ་འདི་རྨང་ནས་ལེགས་བཅོས་གནང་མཁན་ནི་གཞན་དགའ་མིན་ཏེ། ཁོང་གིས་དགེ་རྒན་མཛད་དེ་གུས་བརྩི་ལྷོད་མེད་ཀྱིས་འཆད་སྲོལ་རླབས་ཆེན་ཞིག་བསྐྱངས་པ་འདི་ནི། རང་གི་སློབ་དཔོན་གྱི་ཕྱག་ལས་རྒྱུན་འཛིན་གནང་གི་ཡོད་པ་རེད། ཁོང་གིས་ཐེག་ཆེན་སྤྱིའི་སློབ་གཉེར་ནི་གཙོ་བོར་ཨོ་རྒྱན་བསྟན་འཛིན་ནོར་བུའི་དྲུང་ནས་མཛད་ཅིང་། འདིས་ཀྱང་སྐུ་ཚེ་སྟོད་དུ་གཞན་དགའ་ལྟར་བྱང་རྫ་ཆུ་ཁའི་དགེ་མང་རི་ཁྲོད་དུ་འཆད་ཁྲིད་མཛད་དོ། །(སྔར་བོད་དུ་འཆད་སྲོལ་འདི་མཛད་མཁན་ལ་སྙན་གྲགས་ཆེ་ཤོས་ནི་སློབ་དཔོན་ཆེན་པོ་རོང་སྟོན་དེ་ཉིད་ཡིན་ཞིང་། ཁོང་ཞིང་དུ་གཤེགས་ཁར་ན་ལེན་ཌར་སློབ་མ་རྣམས་ལ་བསྩལ་བའི་མཐའ་མའི་གདམས་པར་ཡང་། བསྟན་པར་བསམ་སྟེ་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལ་འཆད་ཉན་འབད་པ་ལས། བསྡུས་ར་ཙམ་ལ་དུས་འཛད་མི་རིགས་ཚུལ་གསུངས་ཏེ། དེ་ཡང་། “འོ་བསྟན་པ་ལ་བསམ་པའི་བཤད་ཉན་དགོས་པ་ཡིན། རང་རེའི་དགོན་པ་འདིར་ཡང་ཉིན་མི་[=མོ]མདོ་དང་། བསྟན་བཅོས་ཆེན་པོ་རྣམས་ཉན་བཤད་མཛད་དགོས། ཁྱོད་ཁྱོད་རང་དང་། ཁྱོད་མ་ཡིན་ཁྱོད་ཅེས་མ་ཟེར། མཚན་མོ་ལུང་དང་རིགས་པའི་རྣམ་གཞག་འུར་ཆིལ་ལེ་བ་གྱིས”ཞེས་སོ། །དེ་བཞིན་དུས་རབས་བཅོ་ལྔ་པར་ཆོས་གྲྭ་ཁག་གི་སློབ་ཚན་ལའང་འཆད་ཉན་མི་འདྲ་བ་གསུམ་བཤད་ཅིང་། ཤཱཀ་མཆོག་གི་གསུང་དུའང་“རིགས་ར”དང་“ལུང་ར”ཞེས་པ་སྟེ། “ཅོལ་མེད་ཅོལ་ཆུང་ཁྱེད་ཅག་གི །བསྡུས་རའི་བསྡུས་སྐད་དེ་འདྲ་ན། །ལུང་རའི་ལུང་ཆོས་ཅི་འབྱུང་ཤེས། །རིགས་རའི་རིགས་པའང་དེ་ཏར་[=ལྟར]གོ”ཞེས་འབྱུང་ངོ) དེ་ལྟར་ནའང་བོད་དབུས་ཀྱི་ཆོས་གྲྭ་ཁག་ཏུ་འཆད་སྲོལ་འདིར་དགག་བྱ་མཛད་དེ། ཕལ་ཆེ་བར་བསྡུས་ར་དང་རྩོད་པ་ཁོ་ནར་དོ་སྣང་བྱས་སོ། །

གཞན་དགའ་ནི་ཤེས་ཡོན་པའི་ངོས་ནས་དབུ་མཁྲེགས་པོ་ཞིག་སྟེ། ཁོང་གི་དམིགས་ཡུལ་ནི་རྩ་བའི་ཡིག་ཆ་ཞིབ་ཀློག་དང་བརྗོད་པ་རེ་རེ་བཞིན་བཀྲལ་ཏེ་ནང་པའི་སྲོལ་རྒྱུན་གྱི་ཤེས་བྱ་མི་ཉམས་རྒྱུན་འཛིན་གནང་རྒྱུ་དེ་རེད། འོན་ཀྱང་གཞན་དགས་རང་གི་སློབ་མའི་ཆེད་དུ། རྒྱ་གར་ཐེག་ཆེན་ནང་པའི་གྲུབ་མཐའ་དང་ལྟ་གྲུབ་ཀྱི་རྩ་བའི་བསྟན་བཅོས་བཅུ་གསུམ་ཇི་ལྟར་འགྲེལ་ཚུལ་དུ་མཆན་འགྲེལ་བཅུ་གསུམ་བྲིས། དེ་ཉིད་ཕྱིས་སུ་“གཞན་དགའ་མཆན་འགྲེལ”ཞེས་ཡོངས་སུ་གྲགས་ཤིང་། ཤིང་པར་གྱི་པར་གཞི་འགའ་སྔ་ཕྱིར་པར་སྐྲུན་མཛད། ཁོང་གིས་མཆན་འགྲེལ་སྙིང་བསྡུས་དེ་དག་ནི་གཙོ་བོར་རྒྱ་གར་གྱི་རྩ་བའི་འགྲེལ་ཚུལ་དག་ལ་གཏུགས་ཡོད། དེས་ན་འགྲེལ་པ་འདི་དག་གིས་ནི། དུས་རབས་ནས་བརྒྱུད་པའི་བོད་ཀྱི་འགྲེལ་ཚུལ་གསར་པ་དང་རྩོད་པ་རྣམས་དོར་ཏེ། ཐོག་མའི་བཀའ་ཡི་དགོངས་པར་སླར་ལོག་ཐབས་མཛད་ཡོད་པ་མཚོན་ནོ། །

འོན་ཀྱང་། གཞན་དགའ་ནི་བོད་ཀྱི་འཆད་ཉན་ཡིག་ཆ་སྔ་མ་རྣམས་ལ་རྨོངས་པ་མིན་ཞིང་། ཁོང་གིས་བོད་ཀྱི་འགྲེལ་བྱེད་མཁན་རྣམས་བཀོལ་བའི་ཚེ། ས་སྐྱ་པའི་མཁས་ཆེན་རྣམས་ཀྱི་བརྩམས་ཆོས་ཁག་དགའ་འདེམས་མཛད་དོ། །གཞན་དགའི་རྩ་བའི་ཡོང་ཁུངས་རྙིང་མ་ཡིན་རུང་། ཁོང་གིས་རྒྱུན་དུ་ས་སྐྱའི་འཆད་ཉན་ཡིག་ཆ་ཁག་ལ་དད་གུས་དང་། སྔར་གྱི་ས་སྐྱ་པའི་མཁས་པ་ཆེན་པོ་ས་སྐྱ་པཎྚི་ཏ་(1182–1251)དང་གོ་རམས་པ་(1429–1489)ལྟ་བུར་ཐུགས་བརྩེ་ཤིན་ཏུ་ཆེན་པོ་མཛད་(གཞན་དགའ་ཉིད་ནས་ཀྱང་། ཨེ་མ་སྔ་འགྱུར་བསྟན་པའི་ཆོས་སྒོར་ཞུགས། །འཕགས་ཡུལ་མཁས་པའི་གཞུང་ལ་ཅུང་ཟད་སྦྱངས། །ཕྱོགས་ལྷུང་མེད་པར་སེམས་ཀྱིས་བརྟག་བྱས་པས། །དཔལ་ལྡན་ས་སྐྱའི་ཆོས་ལ་ཡིད་ཆེས་བརྙེད། །ཅེས་བྲིས་སོ)ཅིང་། ཁོང་གི་སློབ་མ་སྒ་བླ་མ་འཇམ་དབྱངས་རྒྱལ་མཚན་(1870–1940)ལ་གོ་རམས་པའི་བརྩམས་ཆོས་རྣམས་ཤིང་པར་དུ་པར་སྐྲུན་བྱེད་པར་ཐོག་མའི་སྐུལ་སློང་ཤུགས་ཆེན་མཛད་མཁན་དེའང་གཞན་དགའ་ཡིན་པར་སྙོན་དུ་མེད་དོ། །གཞན་དགས་སྐབས་དེའི་ས་སྐྱ་པའི་སློབ་དཔོན། དཔོན་སློབ་བློ་གཏེར་དབང་པོ་(1847–1914; ཕྱིས་སུ་ལ་སེ་རི་ཁྲོད་དུ་སྐྱོར་དཔོན་མཛད)དང་སྒ་སྟོན་ངག་དབང་ལེགས་པ་(1864–1941)ལྟ་བུའི་དྲུང་ནས་ཆོས་ཁྲིད་ཞུས་ཤིང་། སྒ་སྟོན་ཚུད་པའི་ས་སྐྱ་པའི་སློབ་དཔོན་ཤུགས་རྐྱེན་ཅན་འགས་གཞན་དགའ་ནི་ས་སྐྱ་པཎྚི་ཏའི་སྤྲུལ་པར་ཞལ་གྱིས་བཞེས་སོ། །

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་(1896–1959)ཀྱི་དབུ་འདོན་འོག་ཏུ་སྡེ་དགེའི་ཁུལ་དུ་ཕྱག་བཏབ་པའི་ཁམས་བྱེ་བཤད་སྒྲུབ་དར་རྒྱས་གླིང་སྟེ། སྐབས་དེར་སྙན་གྲགས་འབྱུང་རྒྱུ་ཡིན་པའི་རྫོང་གསར་[rDzong-gsar]བཤད་གྲྭར་1918ལོར་གཞན་དགས་མཁན་ཐོག་དང་པོའི་ལས་ཁུར་ཁྱུག་ཙམ་བསྒྲུབས་ཤིང་། དེའི་སྔོན་དུ་ནི། ཁོང་གིས་རྫོགས་ཆེན་དང་དེ་ནས་ཁོང་གི་སློབ་མ་དང་མགོན་སྐྱབས་གཉིས་ཀ་ཡིན་པ་སི་ཏུ་བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ་(1886–1952)བཞུགས་པའི་དཔལ་སྤུངས་(ཧ་ལམ 1910–1917?)སུ་འཆད་ཁྲིད་རྒྱ་ཆེར་མཛད་དོ། །

གཞན་དགས་འཆད་ཁྲིད་གནང་སྟེ་དགེ་ཕྲུག་ཤུགས་རྐྱེན་ཅན་དུ་མ་གསོ་སྐྱོང་མཛད་ཅིང་། སྡེ་གཞུང་རིན་པོ་ཆེ་ལྟར་ན། ཁོང་གི་བཀའ་བརྒྱུད་པའི་སློབ་མ་མཁས་ཤོས་ནི། ཀོང་སྤྲུལ་གྱི་སློབ་མ་དཔལ་སྤུངས་དགོན་གྱི་མཁན་པོ་གནས་གསར་བཀྲ་ཤིས་ཆོས་འཕེལ་གྱི་དྲུང་ནས་ཀྱང་སློབ་གཉེར་མཛད་པའི་གངས་དཀར་སྤྲུལ་སྐུ་དང་། ས་སྐྱ་པའི་སློབ་མ་ཆེ་ཤོས་ནི། སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་(1885–1952)དང་དབོན་སྟོད་མཁྱེན་རབ་ཆོས་ཀྱི་འོད་ཟེར།(1889–) རྙིང་མའི་སློབ་མ་རྣམས་ཀྱི་ཁྲོད་ཁྱད་དུ་འཕགས་ཤོས་ནི་གསེར་མཁར་ཆོས་གྲགས་བཅས་ཡིན་ཞིང་། ཁོང་གི་སློབ་མ་རྣམས་ཀྱིས་རྫོང་གསར་[rDzong-gsar]དང་དཔལ་སྤུངས། སྐྱེ་རྒུ་མདོ། ཁམས་ཁུལ་གཞན་བཅས་སུ་རིམ་གྱིས་དར་བའི་ཆོས་གྲྭ་ཁག་ཏུ་ཁོང་གི་འཆད་ཁྲིད་ཀྱི་བསྟན་པ་མུ་མཐུད་དེ་སྤེལ་ལོ། །

ཧ་ལམ་གཅིག་དགུ་བཅོ་ལྔའམ་ཉི་ཤུ་ཙམ་དུ་གཞན་དགའི་མཛད་ཕྲིན་ལ་བོད་དབུས་ཀྱི་ས་ཆ་ཁ་ཤས་ནས་དོ་སྣང་བསླེབས། དཔེར་ན། འབྲི་གུང་སྐྱབས་མགོན་ཞི་བའི་བློ་གྲོས་(1886–1943)ཀྱིས་ཁོང་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་གཙོ་བོ་འབྲི་གུང་དུ་ཕེབས་ཏེ་འཆད་འཁྲིད་མཛད་པར་རེ་སྐུལ་ཡང་ཡང་ཞུས་ཀྱང་གཞན་དགའ་ནི་བོད་དབུས་སུ་གཏན་ནས་བྱོན་མེད། འོན་ཀྱང་དེའི་སྐུལ་ངོར། མཐར་ཁོང་གིས་རང་གི་སློབ་མ་ར་ཁོ་ཆོས་གྲགས་དེར་མངགས། (ཕྱིས་སུ་འདིས་བཤད་གྲྭ་ལེགས་པོ་ཞིག་བཙུགས་ཏེ་འབྲི་གུང་དང་རྙིང་མ། བཀའ་བརྒྱུད་ཀྱི་བརྒྱུད་པ་གཞན་ནས་ཕེབས་པའི་སློབ་མ་མང་པོ་བསྐྱངས། ངའི་ལས་གྲོགས་སྐུ་ཞབས་ངག་དབང་ཚེ་རིང་གིས་མ་འོངས་པར་སློབ་དཔོན་འདིའི་མཛད་ཕྲིན་ཅུང་ཞིབ་ཙམ་ཞིག་དགོད་གནང་བའི་རེ་བ་ཡོད) གཞན་དགའི་སློབ་མ་གཞན་ཞིག་ནི། སློབ་དཔོན་སངས་རྒྱས་བཟང་པོ་(1894 འཁྲུངས)སྟེ། ཁམས་སུ་སྐྱེས་པ་འདིས་བལ་ཡུལ་གྱི་མངའ་ཁོངས་གློ་སྨོན་ཐང་དང་ཐག་ཁོ་ལ་[Thak Khola]ཚུད་པའི་བོད་ལྷོ་ནུབ་ཀྱི་ས་མཚམས་སུ་རང་གི་ཚེ་མཇུག་བསྐྱལ་ནས། དེར་ནང་པའི་འཆད་ཉན་སླར་གསོ་མཛད་དོ། །

དེ་ནས་གཞན་དགའ་རང་ཉིད་ཀྱིས་ཀྱང་། བོད་དབུས་ཀྱི་ས་སྐྱའི་དགོན་རྙིང་རྣམས་(དགོན་པ་འདི་དག་ནས་སློབ་མ་འགའ་ཞིག་ཁམས་སུ་འབྱོར་ཏེ་ཁོང་གི་དྲུང་དུ་སློབ་གཉེར་མཛད)སུའང་དབུ་མའི་གསུང་རབ་དང་ལྟ་གྲུབ་འཆད་ཉན་གྱི་གསོན་ཤུགས་གསར་པ་དེ་ཉིད་རང་གི་སློབ་མ་རྣམས་ཀྱིས་སྣེ་ཁྲིད་ཐུབ་པ་མངོན་གསལ་དོད་པོས་རྟོགས་ཤིང་། དོན་དངོས་སུའང་གཞན་དགྭས་ཁོང་གི་ཐོག་མའི་སློབ་མ་གཙོ་བོ་མང་པོ་ཞིག་དབུས་གཙང་གཉིས་ཀྱི་ས་སྐྱ་པའི་གདན་ས་བཞིར་དགེ་རྒན་དུ་མངགས་པར་བཤད་དོ། །གདན་ས་དེ་བཞི་ནི། ངོར་དང་ན་ལེན་ཌ། རྟ་ནག་ཐུབ་བསྟན། ས་སྐྱ་བཅས་སོ། །དེ་དག་ལས། ཁོང་གིས་ཐོག་མར་ས་སྐྱར་མངགས་པའི་རང་གི་དགེ་ཕྲུག་བྲག་གཡབ་བླ་མ་ཐུབ་བསྟན་བཟང་པོ་ནི་དབུས་གཙང་དུ་རྒྱུན་རིང་ཤོས་སུ་བཞུགས་ཤིང་། དགེ་རྒན་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་དོ། །དེར་བརྟེན་བདག་གིས་ཆེད་རྩོམ་འདིར། དགེ་རྒན་འདིའི་སྐུ་ཚེ་དང་མཛད་པ་གཙོ་བོ་རྣམས་ཀྱི་ལོ་རྒྱུས་རྣམས་བོད་དབུས་ཀྱི་ས་སྐྱ་པའི་ཁྲོད་ཀྱི་གཞན་དགའི་ཤུགས་རྐྱེན་གྱི་ཟིན་ཐོའི་གྲས་སུ་དགོད་རྒྱུ་ཡིན་ཞིང་། ལོ་རྒྱུས་འདི་ནི། གཙོ་བོར་1981ལོར་གུམ་[Ghoom]དུ་བྲག་གཡབ་ཐུབ་བསྟན་གྱི་སློབ་ཆེན་ཞལ་བཞུགས་མཐའ་མ་བདེ་བར་གཤེགས་པ་མཁན་པོ་སངས་རྒྱས་བསྟན་འཛིན་ལགས་སུ་དྲི་བ་བྱས་པའི་དྲན་སོས་ལ་གཞི་བཅོལ་བ་ཡིན་ནོ། །(གཤམ་གྱི་གནས་ཚུལ་རྣམས་ལས། ལོ་རྒྱུས་གཞན་དུ་མ་གསལ་བ་ཁག་ནི། ཁོང་གི་བཅར་འདྲི་ནས་བྱུང་བ་ཡིན་ཞིང་། དྲན་ཐོ་འདི་དག་ནི་ད་ལྟར་བྲག་གཡབ་ཐུབ་བསྟན་གྱི་ལོ་རྒྱུས་འཇིག་རྟེན་དུ་ལྷག་པ་གཅིག་པུ་དེ་ཡིན་པར་ཡིད་ཆེས་ཡོད)

[1] བྲག་གཡབ་ཐུབ་བསྟན་གྱི་ཐོག་མའི་སློབ་གཉེར།      

བྲག་གཡབ་ཐུབ་བསྟན་བཟང་པོ་ནི། ཧ་ལམ་གཅིག་བརྒྱད་གོ་གཅིག་གཉིས་ཙམ་དུ་ཁམས་བྲག་གཡབ་ཏུ་སྐྱེས། (སངས་རྒྱས་བསྟན་འཛིན་ལྟར་ན། 1928ཙམ་སྟེ་དགུང་ལོ་སོ་དགུ་པར་གཤེགས་ཀྱང་། ན་ལེན་ཌ་ནས་རྙེད་པའི་ཁུངས་གཞན་ཞིག་ནས་ནི་1931ཙམ་དུ་གཤེགས་པར་བརྗོད། ཕྱི་མ་ནོར་མེད་ཚེ། འཁྲུངས་ལོ་དེ་ལོ་གསུམ་ལ་ཕྱིར་སྣུར་དགོས) ཁོང་ཐོག་མར་ས་སྐྱ་པའི་ཆོས་སྡེ་བྲག་གཡབ་གཙང་སར་དགོན་ནས་ཕེབས། ཐུབ་བསྟན་བཟང་པོ་ཞེས་པ་ནི་ཁོང་གི་དགེ་ཚུལ་གྱི་མཚན་དུ་སྣང་ནའང་སྐུ་ཚེ་ཧྲིལ་པོར་མཚན་འདི་ཉིད་བཀོལ་ཞིང་། ཁོང་གི་བསྙེན་རྫོགས་ཀྱི་མཚན་ནི་ཐུབ་བསྟན་རྒྱལ་མཚན་ཞེས་གསོལ་ལོ། །

བྲག་གཡབ་ཐུབ་བསྟན་གྱི་ཐོག་མའི་སློབ་དཔོན་ཆེན་མོ་ནི། ཁོང་གི་ལམ་འབྲས་ཞུ་ཡུལ་ངོར་དཔོན་སློབ་བློ་གཏེར་དབང་པོ་(1847–1914)སྟེ། འདིའི་དྲུང་ནས་ཁོང་གིས་ས་སྐྱ་པཎྚི་ཏའི་བསྟན་བཅོས་ཆེན་མོ་«ཚད་མ་རིགས་གཏེར»དང་«སྡོམ་གསུམ་རབ་དབྱེ»ལྟ་བུ་ས་སྐྱ་མཁས་པའི་བརྩམས་ཆོས་ཁག་དང་། ས་སྐྱ་པའི་རྒྱུད་སྡེའི་སྐོར་གཞན་དུ་མ་ཞིག་ཀྱང་སྦྱངས་སོ། །ཕྱིས་སུ་སློབ་དཔོན་འདིས་བྲག་གཡབ་ཐུབ་བསྟན་གྱི་མཁྱེན་དཔྱོད་དང་འཇོན་ནུས་རྟོགས་ཏེ། ཁོང་གི་སློབ་མ་བཤད་གྲྭའི་སློབ་དཔོན་ཆེན་མོ་གཞན་དགའི་དྲུང་དུ་འཆད་ཉན་མཛད་ཕྱིར་དགེ་སྡེ་ནས་རྫོགས་ཆེན་དུ་མངགས་སོ། །

རྫ་ཆུ་ཁའི་འབྲོག་སྡེ་དང་ཉེ་བར་ཆགས་པའི་རྫོགས་ཆེན་བཤད་གྲྭ་ཤྲཱི་སེང་ཧར་བྲག་གཡབ་ཐུབ་བསྟན་གྱིས་སྙན་གྲགས་ཅན་གྱི་བཤད་གྲྭའི་སློབ་དཔོན་དེ་ཉིད་མཇལ་ཞིང་། དེའི་སློབ་སྟོན་གྱི་འོག་ཏུ་བརྩོན་པ་ཧ་ཅང་ཆེན་པོས་ཐོས་བསམ་མཛད། སྐབས་དེའི་(ཧ་ལམ 1906?)ཐུབ་བསྟན་བཟང་པོའི་འཛིན་གྲོགས་ཞིག་ནི་ངོར་ཁང་གསར་ཞབས་དྲུང་དམ་པ་རིན་པོ་ཆེ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་(1876–1953)ཡིན་ཞིང་དེ་དུས་ཁོང་ལ་“དམ་པ་ལགས”ཞེས་ཞུ། གཞན་ཡང་སྐབས་དེར་གཞན་དགའི་དྲུང་དུ་སློབ་གཉེར་ལ་སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་(1885–1952)དང་སྒ་བླ་མ་འཇམ་དབྱངས་རྒྱལ་མཚན་(1870–1940)མཆིས་ཤིང་། ཕྱིས་སུ་གཅུང་དགེ་འདུན་བཟང་པོའང་ཞུགས་སོ། །

[2] གཙང་གི་འཆད་ཁྲིད་ཀྱི་ཕྱག་ལས་དབུ་ཚུགས་པ།

ལོ་ངོ་ལྔ་དྲུག་གི་སློབ་གཉེར་གྲུབ་མ་ཐག་ཏུ། གཞན་དགས་བྲག་ཡབ་ཐུབ་བསྟན་གྱི་རྒྱུན་སྲོལ་གྱི་སློབ་གཉེར་མཐར་སོན་པ་དང་ཁོང་གི་ཐུགས་གཤིས་ལ་གཞིགས་ཏེ། གཅིག་དགུ་བཅུ་བཞི་བཅོ་ལྔ་ཙམ་དུ་ཁོང་ས་སྐྱར་དགེ་རྒན་དུ་མངག་རྒྱུར་ཐུགས་ཐག་བཅད། (གལ་སྲིད་ལོ་ཚིགས་འདི་འཕྱུགས་མེད་ཚེ། གཞན་དགའི་དྲུང་དུ་རྫོགས་ཆེན་ཁོ་ནར་མིན་པར་1906ནས་1912བར་དུ་དཔལ་སྤུངས་སུའང་སློབ་གཉེར་མཛད་པར་སྣང་ངོ) སྐབས་དེར་དབུས་སུ་ཕེབས་ཏེ་ཆོས་ཁྲིད་མཛད་མཁན་གཞན་དགའི་རྩ་ཆེའི་སློབ་མ་གཞན་གཉིས་ཀྱང་ཡོད་དེ། མི་ཉག་ཨ་དཔལ་ངོར་དང་། སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་ན་ལེན་ཌར་ཕེབས་སོ། །མི་ཉག་ཨ་དཔལ་ནི་གཙང་དུ་བྲག་གཡབ་ཐུབ་བསྟན་ལས་ཅུང་ཟད་འཕྱི་བ་སྟེ་1917ཙམ་དུ་བྱོན་པར་སྣང་ཞིང་། ཁོང་གིས་ངོར་དུ་བཤད་གྲྭ་འཛུགས་ཐབས་ཞུས་ཀྱང་། ལོ་ངོ་བཞིའི་རྗེས་སུ་ཁོང་ཞིང་དུ་གཤེགས་ཏེ། རང་གི་གྲུབ་འབྲས་ཚད་ཅན་དུ་གྱུར་ཏོ། །དེ་བཞིན་སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་ནི་མི་ཉག་ཨ་དཔལ་གྱི་རྗེས་སུ་ན་ལེན་ཌར་ཧ་ལམ་1920ཙམ་དུ་བྱོན་ཡང་། ལོ་ངོ་གཅིག་གི་ནང་ཚུད་དུ་ཁམས་སུ་ཕྱིར་བྱོན་ནོ། །བྱོན་དོན་ནི། གཅིག་ནས་ཁ་སྐད་ཀྱི་དཀའ་ངལ་(ཁོང་གིས་འབྲོག་སྐད་མཁྲེགས་པོ་ཞིག་བསྐྱོན)འཕྲད་ཅིང་། གཅིག་ནས་རང་གི་ཡབ་ཀྱི་ནན་སྐུལ་ཟློག་མ་ཐུབ་བོ། །བྲག་གཡབ་ཐུབ་བསྟན་གྱིས་ནི་མུ་མཐུད་དེ་དབུས་ཀྱི་གདན་ས་དེ་གསུམ་ཀར་ཆིབས་སྒྱུར་གནང་སྟེ་འཆད་ཁྲིད་མཛད་དོ། །ཁོང་ནི་ལྟོས་བཅས་ཀྱིས་བཤད་ན་སྐུ་ཚེ་ཐུང་(ཁོང་དགུང་ལོ་བཞི་བཅུ་མ་ཟིན་པར་ཞིང་དུ་གཤེགས)རུང་། དེ་ལྟ་ནའང་ཁོང་གི་སྐུ་ཚེ་སྨད་ཀྱི་ལོ་ངོ་བཅོ་ལྔའི་དུས་ཡུན་ནང་དུ། རང་གི་ཕྱག་ལས་འཕྲོ་སྐྱོང་ཐུབ་པའི་མི་རབས་ཕྱི་མའི་མཁས་པ་གསོ་སྐྱོང་གནང་བ་ལེགས་གྲུབ་བྱུང་ངོ་། །

བྲག་གཡབ་ཐུབ་བསྟན་གྱི་གཙང་གི་འགྲུལ་བཞུད་ནི་རིང་ནས་གཅིག་པུར་འབད་པ་ཞིག་སྟེ། ཁོང་གསུང་རབ་དང་གྲུབ་མཐའ་མཁས་པ་ཞིག་ཡིན་རུང་། བླ་ཆེན་ཞིག་མིན་པ་དེ་ལས་ལྡོག་སྟེ་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ཞིང་། དགུང་ལོ་ཉེར་གསུམ་མམ་ཉེར་བཞི་ཙམ་དུ་དབུས་སུ་ཕེབས་སོ། །ཁོང་ཁམས་ནས་ལམ་ཐག་ཧྲིལ་པོར་རང་གི་ཕྱག་དཔེ་རྣམས་རྒྱབ་ཏུ་ཁུར་ཏེ་ཞབས་ཐང་དུ་བྱོན། ས་སྐྱར་འབྱོར་བ་ན། ཁོང་གིས་རྒྱ་གར་ནང་བསྟན་གྱི་ལྟ་གྲུབ་དང་ཤེས་རིག་འཆད་ཉན་རྣམས་རིམ་གྱིས་བཙུགས། རིག་པ་རྣོ་བའི་སློབ་མ་མང་པོའི་ཡིད་དབང་ཕྲོག་ཅིང་། ཁོང་གིས་ས་སྐྱར་ལོ་ངོ་ལྔ་ཙམ་(ཧ་ལམ 1915?–1920?)དུ་ཆོས་ཁྲིད་མཛད། (འདིར་སངས་རྒྱས་བསྟན་འཛིན་དམིགས་བསལ་འབྲེལ་བ་ཡོད་པ་ནི། བྲག་གཡབ་ཐུབ་བསྟན་ས་སྐྱར་ལོ་གསུམ་པར་ས་སྐྱ་པཎྚི་ཏས་ཞལ་གཟིགས་ཤིང་། ཁོང་གི་མ་འོངས་པའི་ཕྲིན་ལས་ཀྱི་སྐོར་ལུང་བསྟན་མཛད་པ་དང་། སླར་ཡང་སྔར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་བཞུགས་གནས་བདེ་མཆོག་ཏུ་ས་སྐྱ་པཎྚི་ཏས་ཞལ་གཟིགས་ཏེ། «ཚད་མ་རིགས་གཏེར»གྱི་མཆོད་བརྗོད་“ཤེས་བྱ་མ”གསུངས། འདི་ནི་ཕྱིས་སུ་བླ་མ་ཐུབ་བསྟན་གྱིས་«ཚད་མ་རིགས་གཏེར»གཏན་ནས་མ་ཁྲིད་པར་བློ་འགྱོད་ཆེ་བའི་གནད་དོན་དེ་ཡིན) དེར་བཞུགས་རིང་ཟླ་ཕྱེད་རེའི་གསོ་སྦྱོང་དང་ལོ་རེའི་དབྱར་གནས་ཀྱི་ཕྱག་ལེན་རིམ་པ་བཙུགས་ཏེ་ས་སྐྱའི་འདུལ་བའི་བསྟན་པ་སླར་གསོ་མཛད་དོ། །(སངས་རྒྱས་བསྟན་འཛིན་ལྟར་ན། སྔགས་འཆང་ཀུན་དགའ་རིན་ཆེན་(1517–1584)ནས་ས་སྐྱའི་འདུལ་བའི་བསྟན་པ་སླར་གསོ་དང་ལེགས་བཅོས་ཀྱི་གནད་དོན་ཡོད་པ་ཞིག་སྟེ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་(1570–1662)གྱིས་ས་སྐྱར་ཁྲི་པའི་དགེ་རྒན་གནང་སྐབས་སུ། དགེ་ལུགས་པའི་(དམིགས་བསལ་བཀྲིས་ལྷུན་པོའི)ཕྱག་སྲོལ་ཀྱི་གསོ་སྦྱོང་ཆོ་ག་བཙུགས། འོན་ཀྱང་བླ་མ་ཐུབ་བསྟན་གྱིས་གསོ་སྦྱོང་ཆོ་ག་ས་སྐྱ་པའི་ལུགས་སུ་བསྐྱར་བཅོས་དང་ལོ་རེའི་དབྱར་གནས་སླར་གསོ་མཛད་དོ)

དེ་ནས་ཚར་ཆེན་བློ་གསལ་རྒྱ་མཚོའི་(1502–1566)གདན་ས་དར་གྲང་མོ་ཆེར་ཕེབས་ཏེ། དེར་ཁོང་གི་སློབ་མ་རྣམས་ལ་ཞི་བ་ལྷའི་དབུ་མའི་བསྟན་བཅོས་«སྤྱོད་འཇུག»ཁྲིད། དེ་གྲུབ་རྗེས་སུ། རང་གི་རྗེས་སུ་འབྲངས་པའི་ས་སྐྱ་ནས་སློབ་མ་བཞི་བཅུ་ཙམ་ཡོད་པ་ཕལ་ཆེ་བ་ས་སྐྱར་ཕྱིར་མངགས་ཤིང་། ས་སྐྱའི་སྐུ་དྲག་ཅིག་གི་ཞུས་ངོར་ཁོང་རྒྱང་འབུམ་མོ་ཆེར་བྱོན་ཏེ། དེར་ཟླ་བ་དྲུག་བདུན་དུ་བཞུགས་སོ། །

དེ་རྗེས། གོ་རམས་པའི་(1429–1489)གདན་ས་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དུ་གདན་དྲངས་ཤིང་། དེར་བཤད་གྲྭ་ཆུང་ངུ་ཞིག་བཙུགས། སྐབས་དེར། ཁོང་ལ་ཀུན་མཁྱེན་གོ་རམས་པས་དངོས་སུ་ཞལ་གཟིགས་ཏེ། གསང་མཚན་ཨ་ཡིག་བསྟན་ཏེ་ཀུན་མཁྱེན་གྱི་ཡིག་ཆ་རྣམས་འཆད་ཆོག་པའི་གནང་བ་བསྩལ་ཏོ། །(གཞན་དགའི་སློབ་མ་གཞན་ཞིག་སྟེ། གོ་འཇོ་ཁུ་ཕུག་མཁན་གཞན་ཕན་ལེགས་གྲུབ་[Go-’jo Khu-phug-mkhan gZhan-phan legs-grub]ཀྱིས་རྟ་ནག་ཏུ་བཤད་གྲྭའི་འཆད་ཉན་སླར་གསོ་མཛད་པར་བཤད་ཀྱང་། ཁོང་བྲག་གཡབ་ཐུབ་བསྟན་གྱི་ཆིབས་སྒྱུར་ཐུང་ངུ་འདིའི་སྔ་རྗེས་ནམ་དུ་ཕེབས་པ་མ་ངེས་སོ)

བྲག་གཡབ་ཐུབ་བསྟན་གྱི་འཛིན་གྲོགས་རྙིང་པ་མི་ཉག་ཨ་དཔལ་ཁམས་ནས་གཙང་དུ་འཆད་ཁྲིད་དུ་ཕེབས་ཏེ། ངོར་ཆེན་ཀུན་དགའ་བཟང་པོའི་(1382–1456)གདན་ས་ངོར་ནས་ཞིང་དུ་གཤེགས་ཕྱིར། བྲག་གཡབ་ཐུབ་བསྟན་ངོར་དུ་བཤད་གྲྭའི་མཁན་པོར་གདན་དྲངས་ཤིང་། དེར་ལོ་ངོ་གཉིས་(ཧ་ལམ 1920–21?)སུ་སློབ་བུ་དུ་མར་འཆད་ཁྲིད་མཛད་དོ། །

[3] འབྲས་ཡུལ་སྐྱེས་ཚལ་གྱི་འཆད་ཁྲིད་ཀྱི་བྱེད་སྒོ།

སྒ་བླ་མ་དགེ་འདུན་བཟང་པོ་སྟེ་གཞན་དགའི་སློབ་མ་གཞན་ཞིག་ཁམས་ནས་ངོར་དུ་འབྱོར། (བླ་མ་དགེ་འདུན་ནི་1920ལོར་སྐྱེ་དགུ་མདོར་[Jyekundo]གཞན་དགའ་ཕེབས་སྐབས་སུ་སྐྱོར་དཔོན་མཛད་ཅིང་། ཁོང་ནི་གོང་ཞུས་ལྟར་སྒ་བླ་མ་འཇམ་དབྱངས་རྒྱལ་མཚན་གྱི་གཅུང་པོའོ) སྐབས་དེར་ས་སྐྱ་ནས་བྲག་གཡབ་ཐུབ་བསྟན་གྱི་སློབ་མ་རྣམས་ལས་འཕགས་པ་ལྷ་བྱ་བའི་བཙུན་པ་རྒན་པ་ཞིག་ཡོད་པ་དེ་ལྷ་སར་གནས་སྐོར་དུ་བྱོན། ཕྱིར་ལམ་གཙང་གི་ཤར་ཕྱོགས་སུ་འབབ་བཞིན་པ་གཙང་པོའི་ཕྱོགས་བརྒྱུད་དེ། དེའི་ལྷོ་ཕྱོགས་སུ་ཆགས་པའི་འབྲས་ཡུལ་དུ་ཕེབས་པ་ན། དེར་ཁོང་རེ་ཞིག་བསྙེན་མཚམས་སུ་བཞུགས། སྐབས་དེར་འཕགས་པ་ལྷས་འབྲས་ཡུལ་སྐྱེད་ཚལ་དགོན་པའི་ཕྱོགས་ཀྱི་མགོ་འདྲེན་རྣམས་དང་གླེང་མོལ་བྱེད་པའི་ཚེ། ཁོང་གིས། ཅི་སྟེ་ཁོ་ཚོས་བྲག་གཡབ་ཐུབ་བསྟན་འཆད་ཁྲིད་དུ་གདན་དྲང་ཐུབ་ན་ཤིན་ཏུ་ལེགས་ཚུལ་གླེངས་ཤིང་། དེ་དུས་དགེ་འདུན་བཟང་པོ་ངོར་དུ་བཞུགས་ཡོད་ཕྱིར། ཁོ་ཚོ་ལའང་བྲག་གཡབ་ཐུབ་བསྟན་གདན་འདྲེན་པའི་གོ་སྐབས་བཟང་པོ་ཞིག་ཚེས་སོ། །

དེ་ནས་བྲག་གཡབ་ཐུབ་བསྟན་ལ་གདན་ཞུ་འབྱོར་ཞིང་། ཐར་རྩེ་མཁན་པོ་འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་(ངོར་མཁན་རབས་རེ་གསུམ་པ)གྱིས་བྲག་གཡབ་ཐུབ་བསྟན་དང་གོ་བསྡུར་མཛད་དེ། ཁོང་འབྲས་ཡུལ་སྐྱེད་ཚལ་དུ་འཆད་ཁྲིད་གནང་བར་ཕེབས་འོས་པར་གཉིས་ཀ་ཞལ་མཐུན་པར་གྱུར་ཏོ། །འོན་ཀྱང་ངོར་གྱི་བླ་བྲང་བཞི་དང་ཁང་ཚན་ཁག་ཡོངས་ནས་བྲག་གཡབ་ཐུབ་བསྟན་མུ་མཐུད་དེ་ངོར་དུ་བཞུགས་པར་གསོལ་བ་བཏབ་ཀྱང་། ཐར་རྩེ་མཁན་པོས་ཁོང་ལ་“ཁྱེད་གཉིས་ཀ་འདི་ངོར་དུ་བཞུགས་པར་དགོས་པ་ཅི་འོང”གསུངས་པས། གསུང་འདི་ལས་བྲག་གཡབ་ཐུབ་བསྟན་ལ་རང་ཉིད་འབྲས་ཡུལ་དུ་ཕེབས་ན་བཟང་བར་ངེས་ཤེས་རྙེད་དོ། །

དེར་བརྟེན། ཁོང་མཁས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་(1433–1503)གི་གདན་ས་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས། དེར་ལོ་ངོ་བཞིར་(ཧ་ལམ 1922–25?)བཞུགས། སྐྱེད་ཚལ་དུ་གཞན་དགས་མཆན་མཛད་པའི་གཞུང་ཆེན་བཅུ་གསུམ་ཆ་ཚང་བ་ཁྲིད། སྐབས་དེར་ཁོང་གི་དྲུང་དུ་ས་སྐྱ་ནས་ཡིན་པའི་གྲྭ་པ་དྲུག་སློབ་གཉེར་དུ་མཆིས། དེ་དག་གི་གྲས་སུ་འཕགས་པ་ལྷ་དང་མཁན་ཆེན་འཇམ་དཔལ་བཟང་པོ།(1901–ཧ་ལམ 1960) བསམ་ཡས་མཁན་པོ་རིན་ཆེན་བཟང་པོ། སངས་རྒྱས་བསྟན་འཛིན་(རྣམ་ཐར་འདིའི་ཁུངས་གཙོ་བོ)བཅས་ཡོད་ཅིང་། དེ་རྣམས་བྲག་གཡབ་ཐུབ་བསྟན་རྒྱང་འབུམ་མོ་ཆེར་ཕེབས་པ་ནས་བཟུང་སྟེ། ཁོང་གང་ཕེབས་སུ་ལྷན་དུ་འགྲོགས་སོ། །

དེ་ནས་བྲག་གཡབ་ཐུབ་བསྟན་གྱིས་འབྲས་ཡུལ་སྐྱེད་ཚལ་དགོན་ནས་དབུས་སུ་འགྲུལ་བཞུད་ཅིག་མཛད་དོ། །སྐབས་དེར་ཁོང་དང་མཉམ་དུ་སྔར་རྟ་ནག་དང་བྱ་གཤོང་དུ་བཞུགས་དུས་ཀྱི་སློབ་མ་རྣམས་ཀྱིས་གྲུབ་པའི་འདུས་པ་ཆུང་ཆུང་ཞིག་ཡོད་ཅིང་། ཐོག་མར་ཁོང་རྣམས་ཤར་ཕྱོགས་སུ་བསམ་ཡས་ཀྱི་གནའ་བོའི་དགོན་པར་བཞུད། དེར་བྲག་གཡབ་ཐུབ་བསྟན་དུས་རབས་བརྒྱད་པའི་རྒྱ་གར་གྱི་མཁན་པོ་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་ཆོས་ཁྲིར་བཞུགས་ཏེ་ཟླ་བ་དུ་མར་ས་སྐྱ་པཎྚི་ཏའི་«སྡོམ་གསུམ་རབ་དབྱེ»འཆད་ཅིང་། ཁོང་གིས་འཇམ་དཔལ་བཟང་པོ་དང་རིན་ཆེན་བཟང་པོ་གཉིས་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་སོ། །དེ་ནས་གློ་བོ་ཐོན་[སྨོན?]ཐང་[Glo-bo Thon-thang]ཕྱོགས་ཀྱི་བསམ་ཡས་ཀྱི་དགོན་ལག་ཅིག་ཏུ། ཁོང་གིས་«དབུ་མཐའ་རྣམ་འབྱེད»དང་«རྒྱུད་བླ་མ»འཆད་དོ། །

དེ་ནས་ཁོང་དང་སློབ་མ་ཉུང་ཤས་ཤིག་བྱང་ཕྱོགས་སུ་འཕན་པོར་བཞུད་དེ། རོང་སྟོན་ཤེས་བྱ་ཀུན་རིག་(1367–1449)གི་གདན་ས་ཆེན་པོ་ན་ལེན་ཌ་མཇལ། དེར་ཟླ་བ་གསུམ་ཙམ་དུ་ལྷག་ཅིང་ཚ་ཁམ་ཚན་[tsha kham tshan]དུ་བཞུགས། སྐབས་དེར་ཁོང་གིས་བཅོ་བརྒྱད་ཁྲི་ཆེན་རིན་ཆེན་མཁྱེན་བརྩེའི་དབང་པོ་(1869–1927)ཡི་དྲུང་ནས་རོང་སྟོན་གྱི་འཕོ་བའི་གདམས་པ་[‘transference of consciousness’ (’pho ba) instructions of Rong-ston]དང་སེང་གདོང་མའི་རྗེས་གནང་བཅས་ཞུས་སོ། །

དེ་ནས་སྐྱེད་ཚལ་དུ་ཕྱིར་བྱོན་ཏེ། ལོ་ངོ་གཅིག་(ཧ་ལམ 1926?)བཞུགས་ཤིང་། དགུན་ཁ་དེར་སྐྱེད་ཚལ་ཤོད་[འདིར་ཡིག་འབྲུ་ཞིག་ཀློག་མི་ཐུབ]ཀྱི་ཁམ་པུ་ལུང་པའི་[Khan-pu-lung-pa]སྒྲུབ་ཁང་དུ་གཙོ་བོར་སྒོམ་སྒྲུབ་ཏུ་བཞུགས་སོ། །འོན་ཀྱང་ཁོང་གི་ཉམས་ལེན་གྱི་བར་མཚམས་རྣམས་སུ་སློབ་མ་རྣམས་ལ་ཆོས་ཁྲིད་ཁག་ཅིག་ཀྱང་མཛད་དོ། །

[4] གཙང་གི་ནུབ་ཕྱོགས་སུ་ཕྱིར་བྱོན་པ།

བྲག་གཡབ་ཐུབ་བསྟན་ལྷ་རྩེའི་མགོ་འདྲེན་རྣམས་ཀྱིས་གཙང་གི་ནུབ་ཕྱོགས་འདར་གྲང་མོ་ཆེར་གདན་དྲངས། དེར་ལོ་གཅིག་(ཧ་ལམ 1927?)བཞུགས། མགོ་འདྲེན་རྣམས་གྱིས་དེར་གཏན་འཇགས་ཀྱི་བཤད་གྲྭ་ཞིག་གཞེང་པར་ཁོང་ལ་རྒྱབ་སྐྱོར་ཆ་ཚང་བྱ་བར་དམ་བཅས་ཀྱང་། དེ་ལ་ཁོང་གིས་ཞལ་བཞེས་མ་གནང་། ཁོང་གིས་གཙང་གི་ནུབ་ཕྱོགས་སུ་ཆབ་སྲིད་ཀྱི་ཤུགས་རྐྱེན་ལྕི་བའི་བཀྲིས་ལྷུན་པོ་བའི་དཀའ་རྙོག་ཡོང་བར་སྔོན་དཔག་མཛད་ཅིང་།  སྐབས་དེར་ཁོང་གིས་«ས་སྐྱ་ལེགས་བཤད»ལ་འགྲེལ་པ་ཞིག་བརྩམས་ཏེ་མགོ་འདྲེན་དེ་དག་ལ་བསྩལ་ཏོ། །(བརྩམས་ཆོས་འདི་ཕྱིས་སུ་སངས་རྒྱས་བསྟན་འཛིན་གྱིས་བཙལ་ཡང་མ་རྙེད)

ལོ་དེར་འདར་གྲང་མོ་ཆེར་བྲག་གཡབ་ཐུབ་བསྟན་གྱི་དྲུང་དུ་སློབ་གཉེར་བྱེད་བཞིན་པ་གྲྭ་བཅོ་བརྒྱད་ཙམ་ཡོད་པ་ལ། དེའི་ཁྲོད་དུ་ན་ལེན་ཌའི་གྲྭ་ངག་དབང་བློ་གྲོས་(ཕྱིས་སུ་ངག་བློ་རིན་པོ་ཆེ་ཞེས་ཞུ)དང་རྟ་ནག་ནས་གྲགས་པ་རྡོ་རྗེའང་ཡོད་དོ། །

དེ་ནས་ཁོང་གཙང་ཤར་ཕྱོགས་འབྲས་ཡུལ་སྐྱེད་ཚལ་དུ་ལོག་ཕེབས་པ་དང་། ནཱ་ལེནྡྲའི་གདན་ཞུ་གཉིས་པ་འབྱོར་རོ། །འབྲས་ཡུལ་སྐྱེས་ཚལ་གྱི་འདུས་སྤྱིས་མགྲིན་གཅིག་ཏུ་ཁོང་ལ་དེར་གཏན་འཇགས་སུ་བཞུགས་ཏེ་འཆད་ཁྲིད་གནང་བའི་གསོལ་བ་བཏབ་ཅིང་། བྲག་གཡབ་ཐུབ་བསྟན་གྱིས་དེར་བཞུགས་རྒྱུར་ཞལ་བཞེས་གནང་ཚེ། ཁོ་ཚོས་དགོན་པའི་བདག་དབང་ཆ་ཚང་ཁོང་ལ་དབུལ་བའི་ཐུགས་རེ་བཅངས་སོ། །

དེ་ལྟ་ནའང་ཁོང་གིས་རེ་སྐུལ་དེ་དང་ལེན་མཛད་མ་ཐུབ་ཅིང་། དེ་ལས་ལྡོག་སྟེ་ཁོ་ཚོར་མི་རྟག་པའི་སྐོར་བསླབ་བྱ་གནང་ཞིང་། ཁོང་གི་ཞལ་ནས། “གལ་སྲིད་ང་སླར་ལོག་བྱུང་ཚེ། ད་གཟོད་ང་ཚོས་འདིའི་སྐོར་གྲོས་བྱ་ཆོག” ཅེས་གསུངས་སོ། །

[5] ནཱ་ལེནྡྲའི་ཁོང་གི་མཐའ་མའི་དུས་ཚོད།

བྲག་གཡབ་ཐུབ་བསྟན་ན་ལེན་ཌར་གདན་དྲངས་ཤིང་། དེར་ལོ་ངོ་གསུམ་ཙམ་(ཧ་ལམ 1928–30?)དུ་བཞུགས་སོ། །ཁོང་གི་དབུ་འདོན་དང་གདན་ཞུ་མཁན་གཙོ་བོ་ནི་གཟིམ་འོག་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ཕྲིན་ལས་(1884–1965?)ཡིན། ན་ལེན་ཌར་ཁོང་གི་ཆོས་ཁྲིད་དབུ་ཚུགས་དུས། དེར་གཉུག་མར་གནས་པའི་སློབ་མ་དྲུག་ཅུའི་སྟེང་དུ་ཕྱོགས་མཐའ་ནས་ཕེབས་པའི་སློབ་མ་བརྒྱ་དང་ཉི་ཤུ་ཙམ་འདུས་ཏེ་མཚན་ཉིད་ཀྱི་གྲྭ་ན་ལེན་ཌ་དེ་ཉིད་འདུལ་བའི་ཁྲིམས་ཀྱིས་བསྐྱངས་སོ། །གཟིམ་འོག་སྤྲུལ་སྐུ་སྔ་མ་བསྟན་འཛིན་སྙན་གྲགས་(1884 གཤེགས)ཀྱི་དུས་སུ་ཆོས་གྲྭ་འདིའི་ཕྱིས་ཀྱི་སླར་གསོ་(ཧ་ལམ 1860)བྱུང་། ཁོ་ཚོས་རང་གི་སློབ་གཉེར་གྱི་ཕྱིར་དུ་རོང་སྟོན་གྱི་ཡིག་ཆ་འགའ་ཞིག་བཀོལ་ཡང་། རྩ་བའི་འཆད་ཐབས་ནི་གཞན་དགའི་འཆད་སྲོལ་གྱི་རྗེས་སུ་འབྲངས། (ཁམས་ཀྱི་འཆད་སྲོལ་དེ་ནི་སྔར་ཡོད་རོང་སྟོན་ནམ་ས་སྐྱ་པའི་སློབ་དཔོན་གཞན་གྱི་འཆད་སྲོལ་ཡིན་པར་ངོས་འཛིན་པའང་ཡོད) བྲག་གཡབ་ཐུབ་བསྟན་ཕྱོགས་གང་དུ་ཕེབས་ནའང་ཁོང་གིས་ཉིན་རེར་ཆོས་ཁྲིད་ཐུན་བཞི་རེ་མཛད་ཀྱང་། དེར་ཉིན་རེར་ཆོས་ཁྲིད་སློབ་མའི་ཡོན་ཚད་ཀྱི་རིམ་པ་ལྟར་གོང་མ་དང་བར་མ། གསར་ཞུགས་བཅས་གསུམ་དུ་ཕྱེ་སྟེ་ཐུན་གསུམ་རེ་གནང་ཞིང་། ཕྱི་དྲོར་ཆོས་རར་ཕེབས་གཟིགས་མཛད་དོ། །

བྲག་གཡབ་ཐུབ་བསྟན་ནི་འཆད་ཁྲིད་གནང་བར་ཐབས་ལ་ཤིན་ཏུ་མཁས་པ་ཅན་ཞིག་དང་། ཐུགས་རྒྱུད་བྱང་སེམས་ཀྱིས་བལྟམས་པ་ཞིག་ཡིན། མཚམས་རེར་སློབ་མ་ཞིག་གིས་བརྗོད་བྱ་དུམ་བུ་ཞིག་ལ་དམིགས་བསལ་བཤད་པ་སྐྱོ་པོ་རེ་བྱས་ཚེ། ཁོང་གིས་སློབ་མ་དེར་བཀའ་བཀྱོན་གནང་བར་ལྡོག་སྟེ་ཁུ་སིམ་པོས་སྤྱན་ཆབ་བསིལ་མཛད། དེས་སློབ་མ་རྣམས་ལ་སྦྱང་བརྩོན་བྱེད་འདོད་པར་དམིགས་བསལ་སྐུལ་སློང་ཐེབས། ཁོང་རྣམས་མཉམ་དུ་འདུས་པའི་དུས་གང་དུའང་སངས་རྒྱས་བསྟན་འཛིན་གྱིས་དམ་པ་འདིའི་ཞལ་ནས་བཀའ་བཀྱོན་དང་ཚིག་རྩུབ་གཅིག་ཀྱང་གསན་མ་མྱོང་ཞིང་། སློབ་དཔོན་འདི་ནི་ཆོས་ཁྲིད་དང་ཉམས་ལེན་ལ་ཤིན་ཏུ་དད་ཀྱི། འཇིག་རྟེན་གྱི་དངོས་པོར་མི་དད། ཐེངས་ཤིག་ཁོང་རང་གི་ཞལ་ནས། “ང་རང་ངའི་རྩམ་ཕོར་འདི་ལས། ཟ་ཟིང་གི་དངོས་པོ་གཞན་གང་ལའང་ཞེན་ཆགས་མེད” ཅེས་གསུངས་སོ། །

དེ་ནས་བྲག་གཡབ་ཐུབ་བསྟན་ན་ལེན་ཌར་བཞུགས་ཏེ་ལོ་གསུམ་པའི་མཐའ་མ་དེར། ཁོང་ལ་ཚེམས་ཀྱི་སྙུང་གཞི་དྲག་པོ་ཞིག་བྱུང་། དེ་མིན་སྙུང་གཞི་ཅིའང་མེད་པ་ལྟར་སྣང་ངོ་། །དེ་ནས་འཕན་པོའི་ཁུལ་རང་དུ་ཆགས་པ་སྔ་དུས་བོད་ཀྱི་དབུ་མ་པ་སྤ་ཚབ་ཉི་མ་གྲགས་(འཁྲུངས 1055)ཀྱི་གདན་ས་སྤ་ཚབ་ཏུ་བྱོན་ཏེ་དེར་གསོ་བཅོས་མཛད་ཅིང་། ཕྱིར་ན་ལེན་ཌར་བྱོན། འོན་ཀྱང་ན་ལེན་ཌ་ནས་སླར་ཡང་སྙུང་ལོག་བྱུང་ཞིང་དེ་ཇེ་སྡུག་ཏུ་ཕྱིན། སྐབས་དེར་ཁོང་གིས་«མདོ་སྡེ་རྒྱན»ཁྲིད་བཞིན་ཡོད་ཅིང་། ཁོང་གི་སློབ་མ་རྣམས་ཀྱིས་བརྟན་བཞུགས་སུ་སྐུ་རིམ་མང་པོ་བསྒྲུབས་པ་དང་། ལྷ་རྗེ་ཞིག་ཀྱང་གདན་དྲངས་སོ། །

དེ་ནས་ལྷོ་ཁའི་དྲ་ནང་གྲོང་གི་ལྷ་སའི་ལྷོ་ཕྱོགས་ཀྱི་རྒྱ་གླིང་ཚོགས་པར་(དུས་རབས་བཅུ་གསུམ་པར་བོད་དུ་གདན་དྲངས་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲའི་གདན་ས་བཞིའི་ཡ་གྱལ)གདན་ཞུ་འབྱོར་ཞིང་། སྐབས་དེའི་ཁོང་གི་སློབ་མ་རྙིང་མའི་སྤྲུལ་སྐུ་ཞིག་ཡུལ་དེ་ནས་ཡིན་ཕྱིར། ཁོང་གིས་དེར་ཕེབས་རྒྱུར་ཞལ་བཞེས་ཀྱང་མཛད་དོ། །འོན་ཀྱང་ན་ལེན་ཌའི་གྲྭ་པ་རྣམས་ཀྱིས་ཁོང་གི་ཕེབས་ཐོན་ལ་དགག་བྱ་ནན་ཆེར་ཞུས་པས། ཁོང་གིས། “འོ་ན། གལ་སྲིད་ན་ལེན་ཌར་ཡོད་པ་ཁྱེད་རྣམས་ཀྱིས་དགོན་པའི་ཉེ་གམ་དུ་འབྲོག་པར་གཡག་ལུག་བཤའ་འཇུག་པའི་ལམ་སྲོལ་འདི་མཚམས་གཅད་ཚེ། ང་བསྡད་ཆོག” ཅེས་གསུངས་ཤིང་། དེ་དག་གིས་ཀྱང་ཁས་བླངས་སོ། །

དེ་ནས་གནམ་ལོ་གསར་པ་(ལྕགས་བྱི། 1930?)ཚེས་ཤིང་། སྐབས་དེར་ཁོང་གིས་ད་དུང་«མདོ་སྡེ་རྒྱན»ཁྲིད་བཞིན་ཡོད། ཟླ་དེའི་ཚེས་ལྔ་པར་འབྲས་བུའི་ལེའུ་གྲུབ་སྟེ། ཁོང་གིས་ཆོས་ཁྲིད་མཚམས་དེར་བཞག་ཅིང་། སློབ་མ་རྣམས་ལ། “ཁྱོད་རྣམས་ལ་འདིས་འཐུས་པ་ཡིན”ཞེས་གསུངས་སོ། །

ཟླ་དེའི་ཚེས་དགུ་པར། ཁོང་གིས་ཉེ་གནས་རྣམས་ལ། “དེ་རིང་ཁ་བ་བབས་མི་འདུག་གམ” གསུངས།

ཉེ་གནས་རྣམས་ཀྱིས། “མི་འདུག་ལགས། བབས་མི་འདུག” ཞུས།

ཁོང་གི་ཞལ་ནས། “འོན་ཀྱང་། དེ་རིང་ཚེས་བཅུ་རེད། མ་རེད་དམ” གསུངས།

ཉེ་གནས་རྣམས་ཀྱིས། “མ་རེད་ལགས། དེ་རིང་ཚེས་དགུ་རེད” ཞུས།

ཕྱི་ཉིན་ཁོང་གིས་སླར་ཡང་ཁ་བ་བབས་ཡོད་མེད་ཀྱི་བཀའ་འདྲི་མཛད། ཉིན་དེར་དངོས་སུ་ཁ་བ་འབབ་ཚན་ཤིན་ཏུ་ཆེན་པོ་ཞིག་བབས་ཡོད་པས། ཁོང་གི་ཞལ་སློབ་རྣམས་ཀྱིས་དེ་ལུགས་སྙན་དུ་སྒྲོན་པ་ན། དེ་ནས་ཅུང་མ་འགོར་བར་རྗེ་དེ་ཉིད་ཞིང་དུ་གཤེགས་སོ། །

[6] ཁོང་གི་སློབ་མ་གཙོ་བོ་ལྔ།

བྲག་གཡབ་ཐུབ་བསྟན་ཞལ་བཞུགས་དུས་ནས། ཁོང་གི་ཕྱག་རོགས་སློབ་དཔོན་དུ་ཁོང་གི་སློབ་མ་ལྔ་བསྐོ་བཞག་མཛད་ཡོད། འདི་དག་ནི་ཁོང་ཞིང་དུ་གཤེགས་རྗེས་སུ་ཁོང་གི་ཕྱག་དཔེ་འགའ་རེ་ལག་སོན་བྱུང་མཁན་དག་ཡིན། དེ་ཡང་། ངག་བློ་རིན་པོ་ཆེ་(1892–ཧ་ལམ 1959)དང་འཇམ་དཔལ་བཟང་པོ། (1901–ཧ་ལམ 1960) རིན་ཆེན་བཟང་པོ། རྟ་ནག་གི་གྲགས་པ་རྡོ་རྗེ། སངས་རྒྱས་བསྟན་འཛིན་བཅས་སོ། །སློབ་མ་འདི་དག་གིས་ཁོང་ཞིང་དུ་གཤེགས་ནས་ཉིན་ཞེ་དགུའི་རིང་དུ་མཐའ་མའི་སྒྲུབ་ཞག་མཛད་དོ། །

ཁོང་གི་སློབ་མ་གཙོ་བོ་ལྔའི་ཁྲོད་ཀྱི་འཇམ་དཔལ་བཟང་པོ་ནི་ཀུན་གྱིས་རྩོད་མེད་དུ་སློབ་མའི་མཆོག་ཏུ་བརྩིས་པས། ཁོང་ན་ལེན་ཌར་བཞུགས་ཏེ་མུ་མཐུད་དེ་བཤད་གྲྭར་སློབ་དཔོན་མཛད་པར་གསོལ་བ་བཏབ་ཅིང་། ཁོང་གིས་ཀྱང་དེ་ལུགས་ཞལ་བཞེས་མཛད་ཀྱང་། དུས་ཡུན་ཐུང་ངུ་ལས། གཏན་འཇགས་བཞུགས་པར་ཞལ་བཞེས་མ་མཛད་དོ། །ཉིན་ལྔ་བཅུའི་རྗེས་སུ་མཐའ་མའི་ཆོ་ག་རྣམས་ལེགས་པར་གྲུབ་པ་དང་། སློབ་ཆེན་རྣམས་སོ་སོར་གྱེས་ཤིང་། དེ་ནས་འཇམ་དཔལ་བཟང་པོའང་ན་ལེན་ཌ་དང་གྱེས་ཏེ་ས་སྐྱར་ཕྱིར་བྱོན་ནོ། །ལོ་ཤས་ཀྱི་རྗེས་1934ལོར་ཁོང་ས་སྐྱ་ལྷ་ཁང་ཆེན་མོའི་མཁན་པོར་གྱུར་པར་བཤད་ཅིང་། བྲག་གཡབ་ཐུབ་བསྟན་གྱི་དྲུང་དུ་ཁོང་གི་སློབ་གྲོགས་ཡིན་པ་སངས་རྒྱས་རིན་ཆེན་ཡང་1948ལོར་དགོན་དེའི་མཁན་པོར་གྱུར་ཏོ། །

ངག་བློ་རིན་པོ་ཆེ་ན་ལེན་ཌར་བཞུགས་ཏེ་བཤད་གྲྭ་མཁན་པོའི་གོ་གནས་བཞེས་ཤིང་། དེར་མི་རིང་བར་སྙན་གྲགས་ཆེན་པོ་གྱུར། །གཅིག་དགུ་སུམ་ཅུ་དང་སོ་གཅིག་ལོར་ཁོང་གིས་བཅོ་བརྒྱད་ཁྲི་ཆེན་གྱི་ཡོངས་འཛིན་མཛད་དེ། ཐོག་མར་བོད་ཀྱི་བརྡ་སྤྲོད་དང་«སྤྱོད་འཇུག»ཁྲིད་ཅིང་། ལོ་ངོ་བཅུ་གཉིས་ཀྱི་རྗེས་1943ལོར་ན་ལེན་ཌར་དམ་པ་དེར་«ཆོས་མངོན་པ་མཛོད»དང་ངག་དབང་ལེགས་གྲུབ་(འཁྲུངས 1811)ཀྱི་«འཇམ་དབྱངས་བླ་མའི་དགོངས་རྒྱན»ཁྲིད། ཕྱི་ལོར་«དབུ་མ་འཇུག་པ»དང་«མངོན་རྟོགས་རྒྱན»བཅས་ཁྲིད་དོ། །དེ་ནས་སྒྲོལ་མ་ཕོ་བྲང་བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་(1902–1952)གྱིས་ངག་བློ་རིན་པོ་ཆེ་ས་སྐྱར་གདུང་སྲས་སྦྲུམ་སླད་སྐུ་རིམ་མཛད་པར་བཀུག་ཅིང་། ཕྱིས་སུ་ངག་བློ་རིན་པོ་ཆེ་སྒྲོལ་མ་ཕོ་བྲང་དུ་“ཞབས་བརྟན་བླ་མ”ཡི་མཚན་ཐོག་ཏུ་ཕྱག་ལས་མཛད་དོ། །

བྲག་གཡབ་ཐུབ་བསྟན་གྱི་སློབ་མ་ཆེ་བ་གཞན་གསུམ་སྟེ། རིན་ཆེན་བཟང་པོ་དང་གྲགས་པ་རྡོ་རྗེ། སངས་རྒྱས་བསྟན་འཛིན་རྣམས་ནི་འབྲས་ཡུལ་སྐྱེད་ཚལ་དུ་ལོག་ཅིང་། དེར་ལོ་གཅིག་བཞུགས་སོ། །དེ་ནས་ཁོང་བཞི་(འཇམ་དཔལ་བཟང་པོ་གཏོགས་སམ)ལྷན་གཅིག་ཏུ་ས་སྐྱ་དང་ཉེ་བའི་གནས་བྱ་གཤོང་དུ་གདན་དྲངས་ཤིང་། དེར་ཕྱི་ལོའི་བར་བཞུགས་ཏེ་ཐོས་བསམ་དང་འཆད་ཁྲིད་མུ་མཐུད་དོ། །ཕྱིས་སུ་རིན་ཆེན་བཟང་པོ་བསམ་ཡས་ཀྱི་མཁན་པོར་ཕེབས་སོ། །

སངས་རྒྱས་བསྟན་འཛིན་དགུང་ལོ་ཉེ་དྲུག་པར་(1931?)ས་སྐྱར་ལོག་ཅིང་། ཕྱིས་སུ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དང་གཙང་ཁུལ་གཞན་དུའང་བཤད་གྲྭའི་སློབ་དཔོན་མཛད་པ་དང་། 1959ཡི་རྗེས་སུ་བཙན་བྱོལ་དུ་བཞུགས་རིང་རྡོ་རྗེ་གླིང་དང་ཐག་ཉེ་བའི་གུམ་[Ghoom]དུ་“ས་སྐྱ་མཁན་པོ”རུ་བསྐོ་བཞག་མཛད་དོ། །ཁོང་ཞིང་དུ་གཤེགས་པའི་གནས་ཀྱང་དགོན་པ་དེ་ཉིད་ཡིན་ཞིང་། སྐབས་དེར་ཁོང་ནི་བསླབ་པ་བགྲེས་ཤོས་ཤིག་དང་ཧ་ཅང་གུས་རྩི་ཞུ་ཡུལ་ཞིག་ཡིན་ནོ། །

[ ཆ་ཚང་གྲུབ། འདིའི་ནང་དུ་དེ་སྔོན་བོད་ཡིག་ཏུ་འོས་སྦྱོར་གྱི་ཚུལ་དུ་དགོད་རྩིས་བྱས་པ་དེ་ཉིད་ཆ་ཚང་བའི་སྒོ་ནས། དེ་རིང་མཁན་རིན་པོ་ཆེའི་དུས་དྲན་ཁྱད་པར་ཅན་འདིར་བཀོད་ཡོད། དེ་ཡང་རྣམ་ཐར་འདི་ཉིད་ཡང་ཡང་མཇལ་བའི་བརྒྱུད་རིམ་ལས། བྲག་གཡབ་བླ་མའི་ཕྱག་ལས་རྣམས་ནི་མཁན་རིན་པོ་ཆེའི་ཕྱག་ལས་དང་། མཁན་རིན་པོ་ཆེའི་ཕྱག་ལས་རྣམས་ནི་བྲག་གཡབ་བླ་མའི་ཕྱག་ལས་ཏེ། ཕྱག་ལས་ཕན་ཚུན་གཅིག་གྲོགས་གཅིག་ཏུ་གྱུར་ཡོད་པར་ངེས་ཤེས་གཏིང་ནས་བརྙེད་པས། རྩོམ་ཡིག་འདི་ཉིད་དམིགས་བསལ་མཁན་རིན་པོ་ཆེའི་དགོངས་རྫོགས་ཉིན་མོར་བཀོད་འདོད་བྱུང་། མ་ཟད་གལ་ཏེ་ཕྲན་ལ་བློ་གྲོས་ཀྱི་ཟས་སུ་གྱུར་པ་ཅི་ཞིག་སྲིད་ཚེ། དེ་དག་ནི། འཕགས་ཡུལ་རྫོང་སར་བཤད་གྲྭའི་བཤེས་གཉེན་རྣམས་དང་ཐང་སྐྱ་བཤད་གྲྭའི་བཤེས་གཉེན་རྣམས། ལོ་མང་རིང་གི་ཞིབ་འཇུག་སློབ་དཔོན་རྣམ་གཉིས་བཅས་བདག་གི་དགེ་རྒན་ཡོངས་དང་། ཕ་མ་གཙོས་པའི་བདག་ལ་རམ་འདེགས་གནང་མཁན་ཡོངས་ལ་རང་ངོས་ནས་འབུལ་འོས་པའི་ལེགས་སྐྱེས་དང་མཆོད་པ་བཟང་ཤོས་སུ་རློམ་བཞིན་མཆིས་སོ། ]

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།