[ནང་དོན་གནད་བསྡུས།]འདོད་ཆགས་ཀྱི་གོ་གནས་ཞེས་པ་དང་། འདོད་ཆགས་མི་དགེ་བ་ཡིན་ནམ་ཞེས་པའི་རྩ་བའི་སྒྲོམ་གཞི་གཉིས་ཀྱི་སྟེང་ནས། འདོད་ཆགས་དེ་དང་དེས་ཀུན་ནས་སློང་བའི་འཁྲིག་སྤྱོད་སོགས་རིགས་པའི་ལམ་ནས་རང་བཞིན་གྱི་སྡིག་པ་ཡིན་མིན་བཤད་ཡོད།
[གནད་ཚིག] འདོད་ཆགས། རྒྱུ་འབྲས་རིགས་མཐུན་དགོས་པའི་དངོས་སྟོབས་རིགས་ལམ།
གཅིག འདོད་ཆགས་ཀྱི་གོ་གནས།
༡ ཆོས་ལུགས་གཞན་གྱིས་འདོད་ཆགས་ལ་བཟུང་བའི་ལྟ་སྟངས།
དེ་ཡང་སྔོན་ཆད་འཛམ་གླིང་ཤར་ནུབ་ནས་བྱུང་བའི་གནའ་བོའི་མཚན་ཉིད་རིག་པ་བ་མང་པོ་ཞིག་གིས་ཀྱང་འདོད་ཆགས་ཟེར་བའི་སེམས་བྱུང་འདི་ཉིད། གཞན་གྱིས་མ་སློབ་མ་སྦྱངས་པར་རང་ཤུགས་ཀྱིས་མིའི་འཚོ་བ་དང་འདྲེས་ཡོང་བའི་གནས་བབས་སོགས་ལ་བསམ་ནས། སེམས་བྱུང་འདིའི་ངོ་བོ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ལྟ་བུར་བལྟས་ཏེ། ཁོ་ཚོའི་བརྟག་དཔྱད་དང་བསམ་གཞིག་གི་ཁྱབ་ཁོངས་ནས་བོར་མེད་ལ། གང་ལ་གང་འཚམ་གྱིས་ཉམས་ལེན་དང་དཔྱད་ཞིབ་བསྡུར་ཏེ། གྲུབ་དོན་རང་བཞིན་གྱི་ལྟ་ཚུལ་མང་པོ་ཡང་ད་ལྟ་ང་ཚོའི་ལག་ཏུ་འབྱོར་བའི་རིག་གཞུང་ཟེར་བ་འདིའི་མགྲིན་ལ་བཞག་ཡོད། དེ་ལས་ང་ཚོས་ཁོ་རྣམས་ཀྱིས་འདོད་ཆགས་ལ་བཟུང་བའི་ལྟ་ཚུལ་ཇི་འདྲ་ཞིག་ཡིན་པ་ཟུར་ཙམ་ཞིག་ཤེས་སྲིད་པས། ཐོག་མར་འདོད་ཆགས་ཟེར་བའི་སེམས་བྱུང་འདི་ལ་བཟུང་བའི་ལྟ་ཚུལ་གྱི་སྐོར་ནས་གླེང་ཕྱོགས་ཁ་ཤས་ཤིག་ལབ་པར་འདོད་ཡོད། དང་པོ་ཤར་ཕྱོགས་ལུང་པ་ལྟ་བུར་མཚོན་ན། གནའ་བོའི་རྒྱ་གར་གྱི་ཡུལ་དུ་དར་བའི་གྲངས་ཅན་པའི་གྲུབ་མཐའ་ནི་རྒྱ་གར་ནས་བྱུང་བའི་གྲུབ་མཐའ་མང་པོ་ཞིག་གི་རྩ་བ་ལྟ་བུར་བཤད་ལ། དེའི་རིག་གཞུང་གི་ནང་དུ་འབྱུང་བ་ལྟར་ན། འདོད་ཆགས་ཟེར་བའི་བསམ་བློ་འདི་ནི། བློ་འམ་ཆེན་པོ་ལས་བྱུང་བའི་མ་རིག་པ་ལྔ་ཡི་ནང་དུ་བགྲང་འདུག་ལ། མ་རིག་པ་ལྔ་ནི། མི་གསལ་བ། ལོག་རྟོག། ལོག་རྟོག་ཆེན་པོ། ཡི་མུག། ཤིན་ཏུ་རྨོངས་པ་དག་ཡིན་པར་བཤད་ཅིང་། དེ་ལས་ལོག་རྟོག་ཆེན་པོ་ཞེས་པ་ནི། ཚོར་ཤེས་ཀྱི་ཡུལ་ལ་ཆགས་པའི་བྱེད་ལས་ཀྱི་ཁོང་གཏོགས་ཤིག་ཏུ་འདོད་ཡོད།[1]
དེ་ལྟར་བསམ་ན། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དེས་ཀྱང་འདོད་ཆགས་ཟེར་བ་འདི་ལ་ལྟ་ཚུལ་ཡག་པོ་ཞིག་མེད་པར་སྣང་སྟེ། དེ་ནི་སྤྱིར་རྣམ་འགྱུར་ཙམ་དང་བྱེ་བྲག་ཏུ་མ་རིག་པར་ཡང་བཤད་པས་སོ། ། གཞན་གོ་ལ་ཧྲིལ་བོའི་ཤེས་རིག་གི་འབྱུང་ཁུངས་ལྟ་བུ་གཞན་ཞིག་ནི། ནུབ་ཕྱོགས་ལུང་པ་ཡིན་པ་ལ། དེ་ལས་དར་བའི་ཆོས་ལུགས་རིག་པའི་ཁྲོད་ནས་ཀྱང་ད་ལྟ་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཤོས་ཤིག་ནི་ཡི་ཤུའི་ཆོས་ལུགས་ཡིན་པར་བཤད་ལ། དེས་ཀྱང་འདོད་ཆགས་ཟེར་བའི་སེམས་བྱུང་འདི་ལ་བླང་དོར་གྱི་རྣམ་གཞག་འདི་ལྟར་བྱས་ཡོད་དེ། དམ་པའི་གསུང་རབ་བོད་འགྱུར་མ་[2]ལས། འཇིག་རྟེན་འདི་དང་འཇིག་རྟེན་གྱི་དངོས་པོ་ཀུན་ལ་ཞེན་ཆགས༌པར་་མི་བྱའོ། ། གལ་ཏེ། མི་སུ་ཞིག་འཇིག་རྟེན་ལ་ཞེན་ཆགས་པར་གྱུར་ན། མི་དེའི་སེམས་སུ་ཡབ་ལ་གཅེས་པའི་སེམས་ནི་ཡོད་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་དོན་ཐམས་ཅད་དེ། ཤ་གཟུགས་ཀྱི་འདོད་ཆགས་དང་། མིག་གི་འདོད༌ཆགས། ཚེ་འདིའི་ང་རྒྱལ་བཅས་ནི་ཡབ་ནས་བྱུང་བ་མ་ཡིན་པར་འཇིག་རྟེན་ནས་བྱུང་བའི་ཕྱིར་རོ།། ཞེས་མི་སུ་ཞིག་འཇིག་རྟེན་འདི་ལ་འདོད་ཆགས་སྐྱེ་ན། དེས་ཡབ་དཀོན་མཆོག་ལ་མ་དད་པའི་རྣམ་འགྱུར་ཡིན་པ་དང་། དེའི་རྒྱུ་མཚན་ཡང་འཇིག་རྟེན་འདིའི་འདོད་ཆགས་ནི་ཡབ་དཀོན་མཆོག་གིས་བསྐྲུན་པ་མིན་པར་འཇིག་རྟེན་ནས་བྱུང་བའི་དབང་གིས་ཡིན་པར་གསུངས།
ད་དུང་། གསུང་རབ་དེ་ལས། བདག་ཅག་གིས་དཀོན་མཆོག་ལ་དད་གུས་མི་བྱེད་པའི་སེམས་དང་འཇིག་རྟེན་གྱི་འདོད་ཆགས་སྤོང་བར་བྱེད་པ༌དང༌། བསྐལ་པ་འདིར་བག་ཡོད་པ་དང་གཞུང་དྲང་༌བ། ཞེས་སོགས་གསུངས་པ་ལ་བལྟས་ན། ཆོས་ལུགས་འདི་ལ། འཇིག་རྟེན་གྱི་འདོད་ཆགས་ཞེས་པ་ནི་ངེས་པར་དུ་སྤང་བྱ་ཞིག་ཡིན་པའི་ལྟ་ཚུལ་འདུག་ལ། དེ་ལས་གཞན། ཡབ་དཀོན་མཆོག་ལ་ཆགས་པ་དང་རང་གི་བུད་མེད་ལ་ཆགས་པ་སོགས་ནི་སྤང་བྱར་འདོད་དང་མི་འདོད་ནི་ཐག་ཆོད་པའི་གསལ་ཁ་ཞིག་རྙེད་མ་སོང་། ཡི་ཤུ་པ་རྣམས་ཀྱིས་ངེས་པར་དུ་སྲུང་དགོས་པའི་དཀོན་མཆོག་གི་བཀའ་ཁྲིམས་བཅུའི་ནང་དུ་ཡང་། ལོག་གཡེམ་མི་བྱེད་པ་ཞེས་འབྱུང་ཞིང་། དེའི་དོན་འགྲེལ་བའི་ཚེ་ཡང། དམ་པའི་གསུང་རབ་ལས། བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ་༌སྟེ། སུ་ཞིག་གིས་འདོད་ཆགས་དང་བཅས་བུད་མེད་ཅིག་ལ་བལྟས༌ན། མི་དེས་སེམས་སུ་ལོག་གཡེམ་བྱས་ཟིན་པ་ཡིན༌ནོ།། ཞེས་འདོད་ཆགས་ཀྱི་སྒོ་ནས་བུད་མེད་གཞན་ལ་བལྟས་པ་ཙམ་གྱིས་ཀྱང་ལོག་གཡེམ་དུ་འགྱུར་བར་གསུངས་པ་དག་ལ་བལྟས་ན། གྲུབ་དོན་འདི་དག་ནི་རྩ་བའི་ཆ་ནས་འདོད་ཆགས་ལ་ལྟ་ཚུལ་ཡག་པོ་ཞིག་མེད་པའི་དབང་གིས་མིན་ནམ་སྙམ་ཡང་རྒྱུས་མེད་ཀྱི་གཏམ་ཡིན་མིན་ནི་ཅི་ཆའོ། །
གཉིས། ནང་པས་འདོད་ཆགས་ལ་བཟུང་བའི་ལྟ་སྟངས།
༡ ཐེག་དམན་ལུགས་ཀྱིས་འདོད་ཆགས་ལ་བཟུང་བའི་ལྟ་སྟངས།
དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ནི་གནའ་བོའི་རྒྱ་གར་ལུང་པའི་ནང་གི་དམིགས་བསལ་གྱི་མཚན་ཉིད་རིག་པ་བ་ཞིག་ཡིན་པས། ཁོང་གིས་འདོད་ཆགས་ལ་བཟུང་བའི་ལྟ་ཚུལ་ནི་བཤད་པ་སྐབས་སུ་བབས་འོས་ཤིང་། སྤྱིར་ཁོང་གིས་ཆོས་གསུངས་པའི་སྐབས་སུ་གསུང་ཡུལ་གྱི་གང་ཟག་རྣམས་ཀྱི་བསམ་པ་དང་བསྟུན་ནས་བརྗོད་གཞི་འདྲ་དང་མི་འདྲ་བ་གསུངས་པར་གྲགས་ལ། གལ་ཏེ་སངས་རྒྱས་ནི་ཐབས་མཁས་པ་ཟེར་བའི་སྤྱོད་ལམ་འདི་ལ་བསྟེན་མཁན་ཞིག་ཡིན་ན། ཐབས་ཚུལ་དེ་ཡང་ཤིན་ཏུ་སྟོན་རིགས་ཤིང་། དེས་བསྟན་པའི་ཆོས་ཚན་རྣམས་ཀྱང་རིམ་བཞིན་གོང་འཕེལ་དང་ཇེ་རྒྱས་སུ་ཕྱིན་ནས་ད་ཚོད་ཐེག་ཆེན་དང་ཐེག་དམན་ཞེས་པའི་ལྟ་གྲུབ་གཉིས་སུ་གྱེས་ནས་ཡོད།
དེ་ལས། དོན་དངོས་སུ་གང་ཞིག་ཐེག་ཆེན་ཡིན་དང་གང་ཞིག་ཐེག་དམན་ཡིན་མིན་གྱི་ས་མཚམས་ནི་བརྗོད་གཞི་རང་གི་ངོས་ནས་འཆད་དཀའ་ཡང་། འདིར་སྤྱི་ལ་གྲགས་པ་ལྟར་ཐེག་ཆེན་དང་ཐེག་དམན་གཉིས་སུ་དབྱེ་བ་ལས། ཐེག་དམན་ལུགས་ཀྱིས་འདོད་ཆགས་ལ་བཟུང་བའི་ལྟ་སྟངས་ག་འདྲ་ཞིག་ཡིན་མིན་བརྗོད་ན། སྤྱིར། ཐེག་དམན་གྱི་ལུགས་འཛིན་མཁན་ལ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་སོགས་ཡོད་ཅིང་། རྩ་བའི་ཆ་ནས་དེ་རྣམས་ཀྱིས་ཁོངས་སུ་འཛིན་པའི་སངས་རྒྱས་ཀྱི་གསུང་རབ་ལས་འདོད་ཆགས་ལ་ལྟ་ཚུལ་འདི་ལྟ་བུ་བཏོན་ཡོད་དེ། ད་བཞུགས་སངས་རྒྱས་ཀྱི་གསུང་རབ་ལས་སྔ་ཤོས་སུ་གྲགས་པ། ཕྲན་ཚེགས་ཀྱི་མདོ་ཚན་གཉིས་པ་ཆོས་ཀྱི་ཚིགས་སུ་བཅད་པ་༼དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བ༽ལས། ཆགས་དང་ཞེ་སྡང་རྨོངས་པ་རབ་སྤངས་ཤིང་། ། ཞེས་འདོད་ཆགས་ནི་དགེ་སྦྱོང་དག་གི་སྤང་བྱ་ཡིན་པར་གསུངས་པ་དང་། གནས་མཉན་ཡོད་ནས་རིགས་ཀྱི་བུ་མོ་དག་ལ་ཡང་། འདོད་ཆགས་འདྲ་བའི་མེ་མེད་དེ། ། ཞེས་འདོད་ཆགས་འདྲ་བའི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་མཁན་གྱི་ཉོན་མོངས་མེད་པར་གསུངས་པ་དག་ལ་བལྟས་ན། སངས་རྒྱས་ཀྱིས་གསུང་རབ་དེ་དག་གི་གདུལ་བྱ་ལ་འདོད་ཆགས་སྤང་བྱར་གསུངས་ཡོད་པ་གསལ་ཞིང་། དེ་བཞིན་དུ་སངས་རྒྱས་ཀྱི་སྤྱོད་ལམ་མང་པོའི་སྐབས་སུ་ཡང་གསུང་རབ་དེ་དག་གི་གདུལ་བྱ་རྣམས་ལ་འདོད་ཆགས་ཀྱི་བྱེད་ལས་ཆེ་བའི་སྤྱོད་པ་མང་པོ་ལ་བཀག་སྡོམ་མཛད་ཡོད་པ་རེད།
དེ་བས། གསུང་རབ་དེ་འདྲ་བའི་གདུལ་བྱ་རྣམས་ཀྱིས་ཀྱང་འདོད་ཆགས་ནི་མཐའ་གཅིག་སྤང་བྱར་འདོད་པར་མངོན་ཞིང་། ལྷག་པར་ཏུ་ཡང་ཐེག་དམན་གྱི་མདོ་སྡེ་འགའི་དགོངས་འགྲེལ་ལ་གྲགས་ཆེ་ཤོས་ནི་མངོན་པ་མཛོད་ཡིན་ཞིང་། དེ་ལས། འདོད་ན་འཇིག་ཚོགས་ལྟ་བ་དང་། ། མཐར་འཛིན་ལྷན་གཅིག་མ་རིག་པ། ། ལྷག་མ་རྣམས་འདིར་མི་དགེ་བའོ། ། ཞེས་འདོད་པའི་ཁམས་ལ་མཚོན་ན། རྩ་བའི་ཉོན་མོངས་པ་རྣམས་ལས། འཇིག་ལྟ་དང་། མཐར་ལྟ། དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་གསུམ་མ་གཏོགས་པའི་འདོད་པའི་ཁམས་ཀྱི་འདོད་ཆགས་སོགས་རྩ་ཉོན་ལྷག་མ་ཀུན་ཀྱང་མཐའ་གཅིག་ཏུ་མི་དགེ་བར་བཤད་ཡོད། དེ་དག་ལ་བལྟས་ན། ནང་པ་སངས་རྒྱས་པ་ལས་ཐེག་དམན་ལུགས་ཀྱིས་འདོད་ཆགས་ལ་བཟུང་བའི་ལྟ་སྟངས་ཅི་འདྲ་ཞིག་ཡིན་པ་ཅུང་ཟད་གོ་ཐུབ་ངེས་སྙམ།
༢ ཐེག་ཆེན་ལུགས་ཀྱིས་འདོད་ཆགས་ལ་བཟུང་བའི་ལྟ་སྟངས།
མ་གཞི་ཐེག་ཆེན་དང་ཐེག་དམན་གཉིས་སུ་ཕྱེས་ནས་ཉན་ཐོས་ཀྱི་ལུགས་ལ་ཐེག་དམན་དུ་སྙད་མཁན་ནི། སློབ་དཔོན་ཀླུ་སྒྲུབ་ནས་དར་བའི་ནང་པ་དེ་དག་ཡིན་པ་ལ། ད་ལྟ་དེའི་སྨྲ་བ་སྐྱོང་མཁན་ཡང་བོད་དང་རྒྱ་ནག་སོགས་ཐེག་པོ་ཆེན་པོ་ཞེས་སྨྲ་མཁན་རྣམས་ཡིན་ཞིང་། ཁོ་ཚོས་ཐེག་ཆེན་དུ་བརྗོད་པའི་ལྟ་གྲུབ་འདི་ནི་སངས་རྒྱས་ཤཱཀ་ཐུབ་ཀྱི་ལྟ་ཚུལ་མཐར་ཐུག་ཏུ་འདོད་ཀྱིན་ཡོད།
དེ་དག་གི་ལྟ་ཚུལ་ལྟར་ན། སྤྱིར་དགེ་སྡིག་ཟེར་བ་དེ་ནི་གཙོ་ཆེར་སེམས་ཀྱི་བྱ་བ་ཡག་བཙོག་ཅིག་གི་ངོས་ནས་ཁྱད་འབྱེད་པར་སྣང་བས། སྤྱིའི་ཆ་ནས་འདོད་ཆགས་ཟེར་བའི་སེམས་བྱུང་འདི་ཡང་མཐའ་གཅིག་ཏུ་དགེ་སྡིག་གང་དུ་འདོད་མིན་གྱི་སྡོམ་ཚིག་འགོད་མི་ཐུབ་མོད། ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་འདོད་ཆགས་ལ་ལྟ་སྟངས་ཡག་བཙོག་འདྲ་དང་མི་འདྲ་ཞིག་བརྗོད་ཡོད་པར་སྣང་སྟེ། ཤེར་ཕྱིན་ཉི་ཁྲི་ལས། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མི་དགེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། འདི་ལྟར་རབ་འབྱོར་སྲོག་གཅོད་པ་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པ་དང་། ཚིག་ཀྱལ་པ་དང་། ཆགས་སེམས་དང་། ཞེས་ཡུལ་ལ་ཆགས་པའི་སེམས་འདི་ཉིད་མི་དགེ་བར་བཤད་པ་ཡོད་ལ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། འདོད་ཆགས་ནི་སྒྲིབ་པའོ། ། ཞེས་པ་ལྟ་བུ་དང་། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལྟ་བུ་ལས། རིགས་ཀྱི་བུ་འཇིག་ཚོགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ། ། མ་རིག་པ་དང་། སྲིད་པའི་སྲེད་པ་ནི་རིགས་སོ། ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་རིགས་སོ། ། ཞེས་པ་སོགས་མདོ་སྡེ་རྣམས་ལས། དེ་སྤང་བྱ་སྒྲིབ་པ་ཡིན་པར་བསྟན་པ་དང་། སངས་རྒྱས་ཀྱི་རིགས་སུ་བསྟན་པ་སྣ་ཚོགས་སུ་ཡོད་ལ། དེ་དག་གི་བརྗོད་ཚུལ་མི་འདྲ་མོད་དགོངས་ཚུལ་འདྲ་བའི་དོན་ནི་གནད་ལ་ཁེལ་བའི་སྒོ་ནས་འགྲེལ་བཤད་ཡག་པོ་ཡང་བྱས་ཡོད།[3]
དེ་ལས་གཞན། ཐེག་ཆེན་སྔགས་ཀྱི་ལུགས་ལ་ནི། ཞེ་སྡང་དང་འབྲེལ་བའི་བྱ་བ་སྟེ་དམ་ཚིག་དང་འགལ་བའི་འཁོན་འཛིན་སོགས་ནི་སྤང་བྱ་གལ་ཆེན་དུ་ངོས་བཟུང་ནས་ཡོད་ན་ཡང་། འདོད་ཆགས་ནི་དེ་ལྟ་བུ་མིན་པར་རང་རྒྱུད་ལ་བསྟེན་ནས་དེ་དང་འབྲེལ་བའི་ལས་འགའ་རེ་ཡང་ལམ་གྱི་གྲོགས་སུ་བསྟེན་དགོས་པའི་ལྟ་ཚུལ་ཤས་ཆེ་བར་སྣང་བས། སྤྱིར་ཐེག་པ་ཆེན་པོའི་ལུགས་ལ། འདོད་ཆགས་ལ་ལྟ་ཚུལ་ཡག་པོ་མེད་པར་མི་སྣང་ལ། མ་མཐའ་ཡང་སྔགས་ཀྱི་ལུགས་ལ་ནི་དེ་ལྟ་བུ་ཞིག་ཡིན་པར་སེམསོ། །
གསུམ། འདོད་ཆགས་མི་དགེ་བ་ཡིན་ནམ།
༡ འདོད་ཆགས་རང་ངོས་ནས་མི་དགེ་བ་ཡིན་མིན་གྱི་དཔྱད་པ།
དེ་ལྟར་སྤྱིར་དགེ་དང་མི་དགེ་ཞེས་པ་ནི་ཆོས་ལུགས་ཐམས་ཅད་ཀྱི་གླེང་གཞི་ཞིག་ཏུ་ཆགས་པས། འདི་ལ་སྡོམ་ཚིག་རང་བཞིན་ཅན་གྱི་སྐད་ཆ་མང་པོ་ཡོད་མོད། སྤྱི་ཁོག་ལྟར་དུ་བྱས་ན། ནང་པའི་རིག་གཞུང་རྣམས་ལས། དགེ་དང་མི་དགེ་བ་གཉིས་ཀྱི་དོན་ནི་རྣམ་སྨིན་ཡིད་འོང་འབྱིན་མི་འབྱིན་གྱི་ཆ་ནས་འཇོག་གིན་ཡོད་པར་སྣང་ལ། དེ་ནི་དོན་དངོས་ལྟར་ན་ཡང་ཅུང་ཟད་འགྲིག་པ་ལྟ་བུར་ཡོད་དེ། སྤྱིར་རང་གིས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཆེ་ཆུང་དང་བཟང་ངན་མ་གཏོགས་པའི་མཇུག་འབྲས་རེ་ཡོད་ངེས་པ་ནི་མྱོང་བས་གྲུབ་ཅིང་། དེ་ཡང་བྱ་བ་བཟང་པོ་ཞིག་བསྒྲུབ་ན་དེ་དང་མཐུན་པའི་མཇུག་འབྲས་བཟང་པོ་ཞིག་ཀྱང་འབྱུང་སྲིད་པ་ནི་རྒྱུ་འབྲས་རིགས་མཐུན་དགོས་པའི་དངོས་སྟོབས་རིགས་ལམ་[4]ནས་འགྲུབ་ཐུབ་སྙམ།
ཡིན་ན་ཡང་། དགེ་སྡིག་གི་ས་མཚམས་དེ་ལྟར་འབྱེད་པ་ནི། བྱ་བ་རང་ཉིད་ཡིད་འོང་ཡིན་མིན་གྱི་ངོས་ནས་རྣམ་སྨིན་ཡང་ཡིད་འོང་ཞིག་འབྱིན་དང་མི་འབྱིན་གྱི་ཁྱད་འབྱེད་མི་ཐུབ་ན། དགེ་སྡིག་གི་ས་མཚམས་དེ་ནི། ཤིན་ཏུ་ནས་ཀྱང་ལྐོག་གྱུར་ལྟ་བུ་ཞིག་ཏུ་སོང་སྟེ། ལར་ལེགས་ཉེས་ཀྱི་གནས་བབས་འདི་དག་ནི་བྱ་བ་དེ་དང་དེའི་རྣམ་སྨིན་ཡིན་མིན་བརྗོད་དཀའ་ལ། བྱེ་བྲག་ཏུ་བྱ་བ་ཡིད་དུ་འོང་བ་ལྟ་བུ་ལས་ཀྱང་རྣམ་སྨིན་ཡིད་དུ་མི་འོང་པ་འབྱིན་མི་ནུས་པའི་སྒྲུབ་བྱེད་ཀྱང་འགོད་དཀའ་བས་སོ། ། དེ་ལྟར་ན། ངས་ཀྱང་དགེ་སྡིག་གི་ས་མཚམས་ཡག་པོ་ཞིག་ཟིན་མི་སྲིད་མོད། བསམ་ཚུལ་ཅུང་ཟད་ཅིག་བརྗོད་ན། སྤྱིར་རྣམ་སྨིན་ཡིད་དུ་འོང་མི་འོང་ཞེས་པའི་བརྡ་དོན་འདི་ལས་ཀྱང་གོ་སླ་བ་ནི། ལས་གསོག་མཁན་ནམ་བྱ་བ་སྒྲུབ་མཁན་རང་ལ་བདེ་སྡུག་གི་འབྲས་བུ་འབྱིན་ཚུལ་གྱི་ངོས་ནས་དགེ་སྡིག་གི་རྣམ་བཞག་ཕྱེས་ན་ཧ་ཅང་འགྲིག་པར་སྣང་སྟེ། དཔེར་ན། མི་ཕལ་ཆེ་བས། སྡིག་པ་ལ་འཛེམས་པའི་དམིགས་ཡུལ་མཐའ་ཐུག་ནི། བྱ་བ་དེའི་མཇུག་འབྲས་སུ་རང་ལ་སྡུག་བསྔལ་གྱི་ལན་ཆགས་སམ་མི་འདོད་པ་ཞིག་འབྱུང་སྲིད་དམ་སྙམ་ནས་འཛེམས་བཞིན་ཡོད་པ་ལྟ་བུ་ཡིན་ཞིང་། དེ་ཡང་དཔེར་ན། དགེ་འདུན་པའི་བཞུགས་གྲལ་ལྟ་བུ་འགོམས་མི་རུང་སྙམ་ནས་བྱ་བ་འདི་ལ་འཛེམས་པ་ཡང་། མཐར་དེ་འགོམས་པ་ལ་དུག་སྦྲུལ་བསད་པ་ལྟ་བུའི་སྡིག་པར་ཡོད་པར་བཤད་པ་ལ་ཡིད་ཆེས་ཤིང་། དེས་རང་ལ་སྡུག་བསྔལ་གྱི་ལན་ཆགས་ཤིག་འབྱུང་སྲིད་སྙམ་ནས་དོགས་པ་ལྟ་བུ་རེད།
དེ་ལྟ་ན། དགེ་སྡིག་ཅེས་པའི་བྱ་བ་འདི་ལ་རྩ་བའི་ཆ་ནས་ས་མཚམས་འབྱེད་དགོས་ན། བྱ་བ་དེས་རང་ལ་བདེ་སྡུག་གང་བསྐྱེད་ཀྱི་ངོས་ནས་ཤན་འབྱེད་དགོས་པ་ནི་མྱོང་བས་གྲུབ་པ་ཞིག་རེད་འདུག་ལ། དེ་ལྟར་ཡིན་ན། བདེ་བ་དང་སྡུག་བསྔལ་ཟེར་བ་འདི་ལ་ནི། ཆེ་ཆུང་དང་ལྟོས་འཇོག་གི་གྲལ་རིམ་མང་པོ་ཡོད་པས། དཔེར་ན། བདག་འཛིན་གང་ཡང་མེད་པ་དེ་བདེ་སྐྱིད་ངོ་མ་རུ་ངོས་འཛིན་པའི་ལྟ་ཚུལ་ལ་ལྟོས་ན། བདག་འཛིན་ཐམས་ཅད་ཀྱང་སྡིག་པའི་ཁོངས་སུ་གཏོགས་པ་ཡིན་ཞིང་། ཡུལ་སྐོར་སྤྲོ་འཁྱམས་ལ་འགྲོ་བ་ལྟ་བུ་བདེ་སྐྱིད་ངོ་མ་རུ་ངོས་འཛིན་པའི་ལྟ་ཚུལ་ལ་ལྟོས་ན། དེའི་སྟ་གོན་གྱི་བསམ་བློ་དེ་དག་ཀྱང་དགེ་བར་ཆགས་ཡོད་པ་ལྟ་བུ་རེད། དེ་བས། མི་མང་པོ་ཞིག་གིས་དེ་ལྟ་བུའི་བདེ་བ་ཆེ་ཆུང་གི་རྣམ་བཞག་མི་ཤེས་པར། དགེ་སྡིག་གི་བླང་དོར་ལ་འཁྲུལ་བཞིན་ཡོད་པ་ཡང་མང་པོ་ཡིན་རྒྱུ་རེད་སྙམ། དེ་ལྟར་བསམ་ན། སྤྱིར་དགེ་སྡིག་གི་ཚད་གཞི་འཇོག་ཚུལ་ལ་ལྟོས་འཇོག་གི་སྒོ་ནས་འདྲ་དང་མི་འདྲ་ཞིག་ཡོད་ཆོག་མོད། འདིར་རགས་རིམ་ཙམ་གྱི་སྒོ་ནས། འཇིག་རྟེན་ཕལ་ཆེ་བའི་ཐུན་མོང་གི་བསམ་བློ་དང་ཡང་མཐུན་པར་དགེ་སྡིག་གི་ས་མཚམས་ཤིག་འབྱེད་ན། རང་ཉིད་བྱས་པའི་སྟོབས་ཀྱིས་སྒྲུབ་མཁན་རང་ལ་༼འདོད་པ་ཞིག༽བདེ་སྐྱིད་ཀྱི་ལན་ཆགས་འབྱུང་བར་བྱེད་ནུས་པ་དེ། དགེ་བའི་དོན་དང་། རང་ཉིད་བྱས་པའི་སྟོབས་ཀྱིས་སྒྲུབ་མཁན་རང་ལ་སྡུག་བསྔལ་གྱི་ལན་ཆགས༼མི་འདོད་པ་ཞིག༽འབྱུང་བར་བྱེད་ནུས་པ་དེ། མི་དགེ་བའི་དོན་དུ་བཞག་ན་སྤྱིར་མཚན་ཉིད་རིག་པའི་དཔྱད་ཐབས་ཀྱི་ནང་ནས་ཁྱབ་མཐའ་ཟེར་བ་དེ་ཡོད་མེད་མི་ངེས་མོད། བསམ་གཞིག་གཏོང་ཚུལ་དེ་ལས་དགེ་སྡིག་གི་ངོ་བོ་ཡག་པོ་ཞིག་ངོས་ཟིན་ཐུབ་པ་ལ་ཅུང་ཟད་ཕན་ཐོགས་འདུག་སྙམ།
དེ་ཡང་བྱ་བ་གང་དང་གང་ཡིན་ཡང་རང་ཉིད་བྱས་པའི་སྟོབས་ཀྱིས་བདེ་སྡུག་གི་འབྲས་བུ་གང་ཞིག་བསྐྱེད་ཡོང་མིན་ཤེས་དགོས་ན། དེ་ནི་གཙོ་བོ་བྱ་བ་རང་ཉིད་སེམས་ཅན་གཞན་ལ་བདེ་སྡུག་གང་ཞིག་ཏུ་གྱུར་ཡོད་མེད་ལ་འབྲེལ་ཤིན་ཏུ་ཆེ་ཞིང་། སེམས་ཅན་གཞན་ལ་བདེ་སྡུག་ཏུ་མ་གྱུར་བའི་མདུན་གྱི་ཅོག་ཙེ་ལ་ཁྲོས་ནས་རྡེག་པ་ལྟ་བུ་དེ་ཕལ་ཆེར་སྡིག་པ་ཞིག་ཡིན་ལུགས་ཤིག་མེད་པ་ལྟ་བུ་རེད་འདུག་སྙམ། དེ་ལྟར་ན། ཀུན་སློང་མི་དགེ་བ་ཡིན་ཡང་སྦྱོར་བ་མི་དགེ་བ་མིན་པ་ཡང་ཡོད་པ་ཤེས་པར་བྱ་ལ། དེ་བཞིན་དུ། སྐབས་འདིར་རྒྱུ་འབྲས་རིགས་མཐུན་དགོས་པའི་རིགས་ལམ་དང་འབྲེལ་ཏེ་ཤེས་དགོས་པའི་གནད་དོན་འགའ་ཞིག་ཡོད་པ་ནི། གནད་དུ་ཆེ་བའི་ལས་རྒྱུ་འབྲས་ངེས་པའི་རིགས་ལམ་ཟེར་བ་དེ་ཡང་། སྤྱིར་དངོས་རྫས་ཡོད་ཚད་ཀྱི་གྲུབ་ཆ་ཅི་ལྟ་བུ་ཞིག་ཡིན་ན། རིགས་མཐུན་གྱི་འབྲས་བུ་ཡང་དེ་ལྟར་འབྱུང་ངེས་པའི་སྤྱི་འགྲོས་ཀྱི་རིགས་ལམ་གལ་ཆེན་པོ་འདི་ལ་བརྟེན་དགོས་ཏེ། དཔེར་ན། ན་ནིང་སྒོ་ཟོག་མང་པོ་བཤས་ནས་ད་ལོར་ལོངས་སྤྱོད་འཕེལ་བའི་དུད་ཚང་ལྟ་བུ་ཡོད་མོད། དེ་ལ་ད་ལོར་ལོངས་སྤྱོད་འཕེལ་བ་ནི་ན་ནིང་སྲོག་གཅོད་པའི་ལས་དེས་བསྐྱེད་པ་མིན་ཏེ། དེ་གཉིས་རྒྱུ་འབྲས་རིགས་མི་མཐུན་པའི་ཕྱིར། འོ་ན། གང་གིས་བསྐྱེད་སྙམ་ན། དེའི་ཤ་འཚོང་བའི་ཚོང་ལས་ལ་བརྟེན་ནས་བྱུང་བ་ཡིན་པ་ལྟ་བུའི་ཞིབ་ཆ་དགོས་པ་གཞན་ཡང་ཡོད་པར་སྣང་ངོ་། ། དེ་ལྟར་བསམ་ན། རང་གིས་གཞན་ལ་ལོངས་སྤྱོད་ཕར་གཏོང་བའི་སྦྱིན་པ་དེས་སེམས་ཅན་གཞན་ལ་ཕན་ཐོགས་པ་ཡོད་མོད། བྱ་བ་དེ་བྱས་པའི་སྟོབས་ཀྱིས་རང་ཉིད་ལ་འབྲས་བུ་ལོངས་སྤྱོད་ཀྱི་བདེ་བ་ལྟ་བུ་ཅིའི་ཕྱིར་འབྱུང་བར་བྱེད་ཅེ་ན། དེ་ནི། ད་ལྟ་སྒྲུབ་བཞིན་པའི་གཞན་ལ་སྦྱིན་པ་གཏོང་བའི་བྱ་བ་ལྟ་བུ་དེའི་ངོས་ནས་དགེ་སྡིག་གང་ཡིན་གྱི་མཚམས་འཛིན་དགོས་ཏེ། སྦྱིན་པ་དེས་སེམས་ཅན་གཞན་ལ་ལོངས་སྤྱོད་ཀྱི་རེ་འདོད་སྐོང་ཐུབ་པ་མྱོང་བས་གྲུབ་ཅིང་། དེའི་སྟོབས་ཀྱིས་ཕྱིས་སུ་རང་ལ་ཡང་རིགས་མཐུན་གྱི་འབྲས་བུ་ཞིག་འབྱུང་རྒྱུ་ཡོད་པ་རྒྱུ་འབྲས་ཀྱི་སྤྱི་འགྲོས་ཡིན་པ་ལ། དེ་ཡང་སྔོན་ཆད་རང་གིས་གཞན་གྱི་རེ་འདོད་སྐོང་བ་བཞིན། ད་ལྟ་རང་གི་རེ་འདོད་སྐོང་ཐུབ་པའི་ལོངས་སྤྱོད་འབྱུང་བ་ལྟ་བུ་ཡོད་པ་ཡང་རྒྱུ་འབྲས་རིགས་མཐུན་དགོས་པའི་དངོས་སྟོབས་ཀྱི་རིགས་ལམ་དང་འབྲེལ་ཏེ་ཤེས་ཐུབ་བོ་སྙམ།
དེ་བཞིན་དུ། དགེ་སྡིག་ཟེར་བའི་བྱ་བ་འདི་ཉིད་ཀུན་སློང་ཡོད་མེད་དང་ཡང་འབྲེལ་བ་ཡོད་དེ། དཔེར་ན། རི་ཞིག་ཉིལ་ནས་མི་ཤི་ན། རི་ལ་སྡིག་པ་མེད་དེ། དེའི་རྒྱུ་མཚན་ནི་རི་བོ་དེ་ལ་སེམས་མེད་པ་ཐུག་ཅིང་། དེ་ཡང་མཐར་གཏུགས་ན་གསོད་སེམས་ཀྱི་ཀུན་སློང་མེད་པའི་གནད་ལ་ཐུག་པ་ཡིན་པས། བྱ་བ་མང་པོ་ཞིག་ནི་ཕན་སེམས་དང་གནོད་སེམས་སོགས་ཀུན་སློང་གི་སྟོབས་ཀྱིས་དགེ་སྡིག་ཏུ་འགྱུར་བཞིན་ཡོད་ལ། ཀུན་སློང་མེད་པར་སྤོས་པའི་གོམ་པ་དེའི་རྐྱེན་གྱིས་རྐང་འོག་གི་འབུ་ཤི་བ་ལྟ་བུ་ཡོད་མོད། དེ་ནི་ཀུན་སློང་ལ་གསོད་འདོད་སོགས་མེད་པར་ཤི་བ་ཡིན་པས། རི་ཞིག་ནས་མི་ཤི་བ་ལྟར། གོམ་པ་སྤོ་མཁན་རང་ལ་སྡིག་པ་མེད་ཅིང་། སྲོག་ཆགས་འབུ་ཡི་ཚེ་སྲོག་ཆད་པ་ནི་འབུ་དེས་གཞན་ཞིག་ལ་སྲོག་ལན་འཇལ་དགོས་པས་མིན་ནམ་སྙམ་པ་ཡང་། རྒྱུ་འབྲས་རིགས་མཐུན་དགོས་པའི་དངོས་སྟོབས་ཀྱི་རིགས་ལམ་དང་འབྲེལ་ཏེ་ཤེས་དགོས་པ་ཞིག་རེད་སྙམ། དེ་ལྟར་སྤྱིའི་ཆ་ནས་དགེ་སྡིག་གི་ཤན་འབྱེད་དེ་ལྟ་བུ་ཞིག་གི་ངོས་ནས་བྱེད་དགོས་ན། ད་ལྟ་སྐབས་སུ་བབས་པ། འདོད་ཆགས་ཟེར་བའི་སེམས་བྱུང་དེ་ཉིད་དགེ་མི་དགེ་གཉིས་ཀྱི་གང་ཡིན་ནམ་ཞེ་ན། མངོན་པ་མཛོད་ལས་བཤད་པ་ལྟར་དུ། འདོད་པའི་འདོད་ཆགས་ནི་མཐའ་གཅིག་ཏུ་མི་དགེ་བ་ཡིན་པར་འདོད་མི་ཐུབ་ལ། འདོད་ཆགས་ནི་མི་དགེ་བ་མ་ཡིན་པ་དང་ཕལ་ཆེ་བ་དགེ་བ་ཡིན་པའི་ལྟ་ཚུལ་བཏོན་པ་ཡིན། དེའི་རྒྱུ་མཚན་ཡང་། འདོད་ཆགས་ཕལ་ཆེ་བའི་ངོ་བོ་ནི་ཡིད་དགའ་བ་ཡིན་ཞིང་། རྒྱུ་ཡིད་དགའ་བ་ལས་འབྲས་བུ་ཡང་ཡིད་དགའ་བའི་བདེ་བ་འབྱུང་དགོས་པར་ངེས་པ་དང་། མངོན་པ་མཛོད་ཀྱི་རང་འགྲེལ་དུ་ཡང་། འདོད་ཁམས་ཀྱི་འཇིག་ལྟ་དེ་དགེ་སྡིག་གང་ཡང་མིན་པའི་སྒྲུབ་བྱེད་དུ། སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་བྱ་བ་དང་མི་འགལ་བར་བདག་སྐྱེ་བ་ཕྱི་མར་བདེ་ཞིང་སྐྱིད་པའི་ཆེད་དུ་དེ་དག་ལ་འཇུག་པ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་ཞིག་གསུངས་ལ། འདོད་ཆགས་ལ་ཡང་དེ་ལྟར་མཚུངས་ཏེ། ལྷ་ཡུལ་གྱི་བུད་མེད་ལ་འདོད་ཆགས་སྐྱེ་བའི་དབང་གིས། དེ་ཐོབ་པའི་དོན་དུ་སྦྱིན་པ་སོགས་ལ་འཇུག་པ་ཉན་ཐོས་གཅུང་དགའ་བོ་ལྟ་བུ་ཡང་ཡོད་པས། རྒྱུ་མཚན་དེ་ཡང་འདོད་ཆགས་ཟེར་བའི་སེམས་བྱུང་འདི་ལ་ཇི་བཞིན་དུ་ཚང་བར་འདུག་པས། འདོད་ཆགས་ནི་མི་དགེ་བའི་གྲས་སུ་མི་གཏོགས་པར་སྣང་ངོ། །
སྤྱིར་བཏང་ནས་ནང་པའི་གཞུང་ལུགས་སྨྲ་བ་མང་པོས་འདོད་ཆགས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའམ་རང་བཞིན་གྱི་སྡིག་པ་ཡིན་པར་བཤད་ཡོད་ལ། དེ་ལ་ཅིའི་ཕྱིར་ན་འདོད་ཆགས་ནི་རང་བཞིན་གྱི་སྡིག་པ་ཡིན་ནམ་ཞེས་དྲིས་ན། ཁོ་ཚོས་རྣམ་སྨིན་ཡིད་དུ་མི་འོང་པ་འབྱིན་པའི་ཕྱིར་ཞེས་པ་ལྟ་བུ་ཞིག་སྨྲ་སྲིད་མོད། དེ་ཡང་བརྟག་དགོས་ཏེ། སྤྱིར་ད་ལྟར་སྒྲུབ་པའི་བྱ་བ་འདིས་རྣམ་སྨིན་ཡིད་འོང་འབྱིན་དང་མི་འབྱིན་ནི། བྱ་བ་རང་གི་ངོས་ནས་ལྟ་བ་དགོས་པ་ལས། རྣམ་སྨིན་གྱི་ངོས་ནས་བལྟ་མི་ཐུབ་སྟེ། དེའི་རྣམ་སྨིན་ད་རུང་མངོན་དུ་མ་གྱུར་པའི་ཕྱིར། དཔེར་ན། ལུས་རྩལ་གྱི་རྣམ་གྲངས་གཞན་ཞིག་ཐོག་མར་བེད་སྤྱད་དེ། ལུས་རྩལ་དེས་ལུས་ཀྱི་བདེ་ཐང་བསྐྱེད་དང་མི་བསྐྱེད་དེ་ད་ལྟ་ཤེས་དགོས་ན། དེས་བསྐྱེད་པའི་ལུས་ཀྱི་བདེ་ཐང་ནི་མངོན་དུ་མ་གྱུར་པས། དེའི་ངོས་ནས་བལྟ་ཐུབ་མེད་ལ། ད་ལྟ་སྒྲུབ་བཞིན་པའི་ལུས་རྩལ་དེའི་ངོས་ནས་བརྟག་དགོས་པ་བཞིན་ཡིན། དེ་ལྟར་ཡིན་ན། འདོད་ཆགས་ལྟ་བུ་ལ་བྱ་བ་རང་གི་ངོས་ནས་ངར་འཛིན་སོགས་དང་མི་འདྲ་བར་དེས་ཡིད་དུ་མི་འོང་བའི་ཁྱད་པར་ཞིག་འབྱིན་ཞེས་རྣམ་བཞག་གསལ་པོར་བརྗོད་དཀའ་ཞིང་། འདོད་ཆགས་ཀྱི་ངོ་བོ་ལ་གནོད་སེམས་འདྲེས་མེད་ཅིང་། དེའི་དབང་གིས་ཐོབ་པའི་རྒྱུ་ནོར་རྙེད་པའི་བདེ་བ་དང་། ཆོས་འགྲུབ་པའི་སེམས་ཀྱི་བདེ་བ་སོགས་ཐོབ་པ་ཡོད་པས། ཇི་ལྟར་ན། འདོད་ཆགས་འདི་ནི་མཐའ་གཅིག་ཏུ་མི་དགེ་བར་འཇོག་ཐུབ་བམ། དེ་བཞིན་དུ། འདོད་ཆགས་ཀྱི་དབང་གིས་སེམས་མི་སྐྱིད་ལྟ་བུ་བཟོ་བ་བཞིན། ངར་འཛིན་གྱི་དབང་གིས་ཀྱང་སེམས་མི་སྐྱིད་པ་བཟོ་བ་ནི་གཅིག་མཚུངས་ལྟ་བུར་འདུག་པས། ངར་འཛིན་པ་དེ་ལུང་མ་བསྟན་ཡིན་པ་དང་འདོད་ཆགས་དེ་ལྟར་མིན་པའི་རྣམ་གཞག་འདི་ནི་ཉམས་མྱོང་དང་གོ་བ་གཉིས་ཀྱི་སྟེང་ནས་གསལ་བཤད་ཡག་པོ་ཞིག་བྱེད་ཐུབ་དཀའ་ལ། མ་མཐའ་རང་ལ་དེ་ལྟ་བུ་ཞིག་ཏུ་འདུག་མོད། བསམ་གཞིག་གི་རྣམ་དཔྱོད་མེད་པས་ཀྱང་ལོས་ཡིན་སྙམ་མོ། །
༢ བྱེ་བྲག་ཏུ་དེས་བསླངས་པའི་འཁྲིག་སྤྱོད་ནི་རང་ངོས་ནས་མི་དགེ་བ་ཡིན་ནམ།
དེ་ལ་སངས་རྒྱས་ཆོས་ལུགས་དང་ཡི་ཤུ་ཆོས་ལུགས་གཉིས་ཀྱིས་ཐུན་མོང་དུ་བཀག་སྡོམ་གནང་བ་ནི། འཁྲིག་སྤྱོད་ཀྱི་ནང་གསེས་ལོག་གཡེམ་ཟེར་བ་དེ་ཡིན་ཞིང་། དེ་ནི་ཀུན་སྤྱོད་ཀྱི་ངོས་ནས་ཚད་བརྒལ་དང་། མི་གཞན་གྱི་ལོངས་སྤྱོད་ལ་འཕྲོག་བཅོམ་བཟོ་བ་ལྟ་བུ་ཡིན་པས། གཞན་ལ་དབང་བའི་ལོངས་སྤྱོད་དེ་གཞན་གྱིས་ཐུན་མོང་དུ་བེད་སྤྱོད་བྱེད་ཆོག་པའི་ངོས་ལེན་མེད་པ་དང་། རྗེས་སུ་རྒྱུ་འབྲས་འཁོར་ཏེ་རང་གི་བུད་མེད་ཀྱང་གཞན་གྱིས་ལོངས་སུ་སྤྱད་པའི་གནས་ཚུལ་འབྱུང་སྐབས། གནས་ཚུལ་དེ་རང་ཉིད་ལ་སྡུག་བསྔལ་དུ་གྱུར་ཡོད་ན། རྒྱུ་འབྲས་རིགས་མཐུན་དགོས་པའི་རིགས་ལམ་ལ་བརྟེན་ནས། ལོག་གཡེམ་དེ་ནི་འབྲས་བུ་སྡུག་བསྔལ་འབྱིན་པའི་མི་དགེ་བའི་གྲས་སུ་གཏོགས་སྲིད་ལ། གལ་ཏེ། གཞན་ལ་དབང་བའི་ལོངས་སྤྱོད་དེ་གཞན་གྱིས་ཐུན་མོང་དུ་བེད་སྤྱོད་ཆོག་པའི་ངོས་ལེན་ཡོད་པའམ། རྗེས་སུ་རང་གི་བུད་མེད་དེ་གཞན་གྱིས་ལོངས་སུ་སྤྱད་པའི་གནས་ཚུལ་འབྱུང་སྐབས། གནས་ཚུལ་དེ་ཉིད་རང་ལ་སྡུག་བསྔལ་དུ་གྱུར་མེད་ན། དེའི་ལན་ཆགས་ཤིག་འབྱུང་སྲིད་ཀྱང་དེ་ནི་རང་ལ་སྡུག་བསྔལ་དུ་མ་གྱུར་བས་ལོག་གཡེམ་དེ་ནི་རང་ལ་མི་དགེ་བ་མིན་པར་སྣང་ལ། གྲུབ་ཐོབ་རྣམས་ཀྱིས་མཛད་པ་ཅི་ཞིག་མཛད་ཀྱང་སྡིག་པ་མེད་པར་སྨྲ་བ་ནི་མཐར་གཏུགས་ན་རྒྱུ་མཚན་འདི་ལ་ཐུག་ནས་ཡོད་པ་མིན་ནམ་སྙམ་མོ། ། དེ་བཞིན་དུ། སྲོག་གཅོད་པ་ལ་ཡང་དེ་དང་འདྲ་བར། གཞན་ཕ་རོལ་པོའི་སྲོག་གཏོང་བ་ལ་འཐད་ཅིང་། འཁོན་ལན་གྱི་བསམ་པ་མེད་ན། སྲོག་མེད་ཅིག་ལ་རྡེག་པ་ལྟ་བུར་སྡིག་པ་མེད་པའམ་ཡང་ན་ཆུང་ངུ་ལྟ་བུར་ཡོད་ཅིང་། དེ་འདྲ་ཞིག་ཡིན་ན། སོར་སྐྱེ་རང་ག་བ་བསད་པ་ལས་ཀྱང་། དགྲ་བཅོམ་པ་རྣམས་བསད་པའི་སྡིག་པ་ཆུང་ཞིང་། ཆུང་ནས་ཀྱང་མེད་པ་ལྟ་བུར་སྣང་བས་ད་དུང་དཔྱད་དགོས་པ་མང་བར་སྣང་སྙམ།
གང་ལྟར། སྐབས་འདིའི་དཔྱད་གཞི་ནི། འཁྲིག་སྤྱོད་ཀྱི་ནང་གསེས་ལོག་གཡེམ་ལ་སྡིག་པ་ཡིན་པ་ཞིག་ཡོད་ན་ཡང་། འདོད་ཆགས་ཀྱིས་བསླངས་བའི་འཁྲིག་སྤྱོད་ཡོད་ཚད་རང་ངོས་ནས་མི་དགེ་བར་འདོད་པ་ནི། ཅུང་ཟད་མི་འཐད་པར་སྙམ་སྟེ། དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས། ངས་ཐོས་བསམ་པ་འགའ་རེ་ལ་དྲི་བ་ཕུལ་བ་ཡིན་མོད། ལན་མི་འདྲ་བ་གཉིས་ཙམ་ལས་མ་བྱུང་ལ། གཅིག་ནི་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་ཞེས་པ་དང་། གཉིས་པ་ནི། སེམས་ཅན་གཞན་ལ་གནོད་བྱེད་ཀྱིན་ཡོད་པའི་ཕྱིར་ཞེས་པ་འདི་གཉིས་ཙམ་ཞིག་རེད། རྒྱུ་མཚན་འདི་གཉིས་ལ་ཅུང་ཟད་བརྟག་ན། དང་པོ། འཁྲིག་སྤྱོད་དེས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་ཞེས་པ་མི་འཐད་དེ། རང་ཉིད་བདེ་བ་ཡིན་ཞིང་། རང་གིས་འབྲས་བུ་བསྐྱེད་པ་ལ་རིགས་མཐུན་གྱི་འབྲས་བུ་ཡང་བདེ་བ་ལྟ་བུ་ཞིག་བསྐྱེད་དགོས་ཏེ། སྲོག་གཅོད་ལྟ་བུ་གཅིག་ལ་སྲོག་ལན་ལྔ་བརྒྱ་འཇལ་དགོས་པར་གསུངས་པ་ལྟར་དུ། འཁྲིག་སྤྱོད་ལྟ་བུ་གཅིག་ལ་ཡང་འཁྲིག་ལན་གྱི་བདེ་བ་ལྔ་བརྒྱ་འཇལ་མ་དགོས་ཀྱང་གཅིག་གཉིས་རེ་འཇལ་དགོས་པ་རྣམ་པ་ཀུན་ཏུ་མཚུངས་ཤིང་། རྒྱུ་འབྲས་རིགས་མཐུན་གྱི་རིགས་ལམ་ནས་བལྟས་ན་ཡང་དེ་ལྟ་བུ་ཞིག་ཡིན་དགོས་པའི་ཕྱིར་རོ། ། གཉིས་པ། འཁྲིག་སྤྱོད་ཀྱིས་སེམས་ཅན་གཞན་ལ་གནོད་བྱེད་ཀྱིན་ཡོད་དེ། འཁྲིག་པའི་སྐབས་སུ། བར་དོའི་སེམས་ཅན་ལུས་ལེན་ས་མི་རྙེད་པ་རྣམས་འཚང་ཀ་བརྒྱབས་ནས་སྡུག་བསྔལ་བསྐྱེད་ཀྱིན་ཡོད་དོ་ཞེ་ན། དེ་ལྟ་ན། འཁྲིག་སྤྱོད་ལ་ཉེས་པ་ཅི་ཙམ་ཡོད་པ་དེ་ལྟར། ཟ་མ་ཟ་བའང་ཡོད་པར་ཐལ་ཏེ། ཟ་མ་ཟ་བའི་སྐབས་སུ་ཟ་མ་མི་རག་པའི་ཡི་དྭགས་མང་པོ་འཚང་ག་བརྒྱབས་ཏེ་སྡུག་ལ་གཏོད་ཀྱིན་མེད་པ་ཅི་ཞིག་གིས་བསྒྲུབ་ཐུབ་བམ། གཞན་ཡང་། བུ་བསྐྱེད་ཀྱི་ནུས་པ་མེད་མཁན་དང་། དེང་སང་མོ་རྟགས་ཀྱི་ནང་དུ་ལྕགས་བཞག་ནས་མངལ་ཆགས་ས་མེད་པར་བྱས་པ་རྣམས་ལ་བར་དོའི་སེམས་ཅན་འཁྲི་ས་མེད་པས། དེ་དག་གིས་འཁྲིག་པ་སྤྱད་ཀྱང་ཉེས་པ་མེད་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པ་དང་། དེ་བཞིན་དུ། འཁྲིག་པའི་སྟོབས་ཀྱིས་ཁུ་བ་ཕྱུངས་བ་ལ་སྡིག་པ་ཡོད་ན། ངལ་བའི་སྟོབས་ཀྱིས་རྔུལ་ཆུ་འབྱིན་པ་ཡང་སྡིག་པ་མེད་དོན་གང་ཡིན་ནམ་ཞེས་དངོས་སྟོབས་ཀྱི་རིགས་པས་ཕུགས་བཙལ་དགོས་པར་སྣང་།
དེ་བས། ཟ་མ་ཟ་བ་ལྟ་བུ་སྡིག་པ་མིན་པ་དེ་སྲིད་དུ་འཁྲིག་སྤྱོད་འདི་ཡང་སྡིག་པ་མིན་པར་ངེས་ཤིང་། ནམ་ཟ་མ་ཟ་བ་ལྟ་བུ་སྡིག་པ་ཉིད་དུ་འཇོག་པའི་ཚེ་ན། འདི་ཡང་རང་བཞིན་གྱི་སྡིག་པ་རུ་འཇོག་དགོས་པ་ལོས་ཡིན་སྙམོ། ། དེ་ལྟར་བཤད་ན། ཐེག་ཆེན་གྱི་ལྟ་གྲུབ་འཆད་པའི་སྐབས་སུ། བདེ་བ་ངོ་མ་ནི་ཐེག་ཆེན་གྱི་མྱང་འདས་ཡིན་ཞིང་། དེ་མི་བསྐྱེད་པའི་ཆ་ནས་ཀུན་རྫོབ་ཀྱི་རྣམ་ཤེས་ཐམས་ཅད་མི་དགེ་བར་བཞག་ནས་འཁྲིག་སྤྱོད་དགག་པའི་སྐབས་[5]ཀྱང་ཡོད་པ་འགལ་བ་མེད་ལ། གཞན་སངས་རྒྱས་ཤཱཀྱ་ཐུབ་པས། མི་ཚངས་པ་སྤྱོད་མི་ཉན་པའི་ཁྲིམས་བཅས་པ་ཡོད་མོད། དེ་ནི་རང་བཞིན་གྱི་སྡིག་པ་ཡིན་པས་མིན་པར། དེའི་སྟོབས་ཀྱིས་དབེན་ཁྲོད་བསྟེན་ནས་ཆོས་སྒྲུབ་པ་སོགས་ལ་མི་ཁོམ་པ་འབྱུང་བའི་གནོད་པ་ལ་བསམ་ནས་བཀག་སྡོམ་གནང་བ་མིན་ནམ་སྙམ་ཡང་། དེ་ནི་འགྲེལ་བཤད་ཙམ་ཞིག་ཡིན་པ་ལས། དོན་དངོས་སུ་ཁོང་གི་དགོངས་བཞེད་གང་ཞིག་ཡིན་མིན་ནི་སངས་རྒྱས་གཞུང་ལ་ཞིབ་མཇལ་བྱས་ནས་རྟོགས་དགོས་པར་ངེས་སོ། །
གང་ལྟར། དེ་ལྟ་བུའི་ཚུལ་དུ། ལས་རྒྱུ་འབྲས་ཞེས་པའི་གླེང་གཞི་གལ་ཆེན་པོའི་འདིའི་ཐད་ནས། ནང་པའི་སློབ་དཔོན་འགའ་ཞིག་གིས་ལས་འབྲས་རྣམས་ལ་སེམས་པ་དགག་པར་མཛད་ཅེས་ཀྱང་གསུངས་མོད། མང་ཚོགས་མང་ཆེ་བ་ཞིག་ལ་བསམ་བློ་གཏོང་ས་མེད་པའི་ལས་འབྲས་ཀྱི་རྣམ་གཞག་དེ་བཤད་པས་ཡིད་ཆེས་པ་ཡོད་སྲིད་དེ། དཔེར་ན། ལུས་རྩལ་དེ་སྦྱངས་པས་བདེ་ཐང་ལ་ཕན་པར་བཤད་པ་ཙམ་གྱིས་ཡིད་ཆེས་པ་ལྟ་བུ་རེད་མོད། ཐོས་བསམ་པ་ཞིག་ལ་མཚོན་ན། མ་བསམ་ན་ཡིད་ཆེས་པར་མི་འགྱུར་ལ། མ་བརྟག་ན་ངེས་ཤེས་ཡག་པོ་རྙེད་པར་མི་འགྱུར་བས། ལུས་རྩལ་སྦྱངས་པས་ཇི་ལྟར་ཕན་ནམ་ཞེས་ཚན་རིག་དང་ཉམས་མྱོང་གི་ལམ་ནས་བརྟག་པ་བཞིན། རང་གི་ནུས་ཚོད་ཀྱིས་དངོས་སྟོབས་ཀྱི་རིགས་ལམ་བེད་སྤྱད་དེ་ལས་རྒྱུ་འབྲས་ཟེར་བའི་མི་ཆོས་དང་ལྷ་ཆོས་གང་ལ་ཡང་མཁོ་བའི་ཀུན་སྤྱོད་ལེགས་བཅོས་ཀྱི་ཐབས་ལམ་འདི་ལ་བསམ་གཞིག་གཏོང་བར་རིགས་འདུག་སྙམ་ནས། དཔྱད་རྩོམ་འདི་དཔྱད་གཞི་ཙམ་དུ་བྲིས་པ་ལས། རང་ལ་རྣམ་དཔྱོད་དང་བསམ་གཞིག་གང་ཡང་དབུལ་པས། ཡིན་མིན་གྱི་ས་མཚམས་འབྱེད་པའི་ངེས་བརྟན་གྱི་རིགས་ལམ་ཞིག་འགོད་ཐུབ་པར་མི་འདུག་གོ །
མཆན་བུ།
[1] མཁས་དབང་སྒོ་དར་གྱིས«ནང་པའི་ལྟ་གྲུབ་དང་ཚན་རིག་རྣམ་བཤད»དུ་གསལ།
[2] མཉེན་ཆས། Tibetan Bibleནང་དུ་གསལ།
[3] མདོ་སྡེ་རྒྱན་ལས། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། ། གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། ། སངས་རྒྱས་ཀྱིས་དེ་དག་ལས། ། ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། ། ཞེས་གསུངས།
[4] དངོས་པོ་རྣམས་སྐྱེ་བའི་ཚེ། རང་གི་རིགས་མཐུན་པའི་རྒྱུ་ཞིག་ལས་སྐྱེ་དགོས་པར་སྟོན་པའི་རིགས་པ་ཞིག་སྟེ། དཔེར་ན། རང་ཉིད་བཤེར་བའི་རིགས་མཐུན་ཞིག་ལས་མི་སྐྱེ་བར་རང་ཉིད་ཆུར་གྲུབ་ཐུབ་མེད་པ་ལྟ་བུའི་རིགས་ལམ་སྟེ། དེ་ཡང་ལུང་དང་གྲགས་པ་ལ་མ་ལྟོས་པའི་རིགས་པ་ཞིག་གོ །
[5] ཁྲི་བརྒྱད་སྟོང་པ་ལས། དེ་འདི་སྐད་དུ་བདག་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཚངས་པར་སྤྱད་པར་བྱའི། མི་ཚངས་པར་སྤྱད་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ལ་བསྟེན་པ་ནི། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་ཡང་བར་དུ་གཅོད་པར་འགྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ། ཞེས་དང་། དྲན་པ་ཉེར་བཞག་ལས། མདོར་བསྡུ་ན་ནི་རྣམ་པ་གཉིས་ཡིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའོ། ། དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཉམས་པ་རྣམས་ནི་དགེ་སློང་མ་ཡིན་ཞིང་འོད་སྲུང་བ་ཡང་མ་ཡིན་ཏེ། སྲོག་གཅོད་པ་དང་། མི་ཚངས་པར་སྤྱོད་པ་དང་། མ་བྱིན་པར་ལེན་པ་ཡང་ཡོངས་སུ་རྫོགས་པ་ནི། ཞེས་གསུངས།
– – – – –