ངར་འཛིན་ལྷན་སྐྱེས་ང་ཡིན་པའི་ལྟ་གྲུབ།

0
876

༈ ང་ཞེས་པའི་ངོས་འཛིན་གཞན་ལ་དོགས་སློང་།

འདི་ན་མང་ཙམ་ཞིག་གིས་ང་གང་ཡིན་ནམ་ཞེས་པའི་དྲི་བ་དེའི་ལན་དུ། ཕལ་ཆེར་མགྲིན་གཅིག་ཏུ་ཕུང་པོ་བཞི་དང་ཡང་ན་ལྔ་ཡི་ཚོགས་པ་འདི་ཉིད་འཇོག་པར་མངོན་ལ། ཕུང་པོ་བཞིའམ་ལྔའི་ཚོགས་པ་ཟེར་ན་ཡང་དོན་དུ་གདོས་བཅས་ཀྱི་ལུས་དང་སེམས་གཉིས་པོ་ཚོགས་འདུག་པ་འདི་ག་རང་ལ་ངོས་འཛིན་མཛད་ཀྱིན་འདུག དེ་ལྟར་བྱས་ན། སྐྱེ་བ་འདིའི་ངར་འཛིན་དང་འབྲེལ་ཏེ། ང་ལ་དོགས་པ་འདི་འོང་སྟེ།  གདོས་བཅས་ཀྱི་ལུས་སེམས་གཉིས་ཀྱི་ཚོགས་པ་འདི་མེད་ན་ང་མེད་དགོས་པ་དང་། འདི་འདྲའི་ཚོགས་པ་དེ་ངར་མི་འཛིན་ན་ངར་འཛིན་མི་འབྱུང་དགོས་པར་ཐལ། ང་ཞེས་པ་ནི་གདོས་བཅས་ཀྱི་ལུས་སེམས་གཉིས་ཚོགས་འདུག་པ་འདི་ཡིན་པ་དང་། ངར་འཛིན་གྱིས་ཀྱང་འདི་ཉིད་ང་ཡིན་པར་འཛིན་པ་ཡིན་པའི་ཕྱིར་རོ། །

གལ་ཏེ་དེ་ལྟར་འདོད་ན། ཤི་བའི་རྗེས་སུ་ང་མེད་པར་ཐལ་བ་དང་། གཟུགས་མེད་ཁམས་ཀྱི་གང་ཟག་གིས་ང་ཞེས་མི་འཛིན་པར་ཐལ་བ་དང་།  ང་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བརྗེ་བར་ཐལ་བའི་སྐྱོན་གསུམ་ཡོད་དེ། དང་པོ་ནི། ཁྱོད་ཀྱིས་ང་ཞེས་པ་དེ་ནི་གདོས་བཅས་ཀྱི་ལུས་སེམས་གཉིས་ཚོགས་འདུག་པ་འདི་ལ་ངོས་འཛིན་གནང་བ་རེད་ལ། དེ་ལྟར་ན། ཤི་བའི་རྗེས་སུ་ལུས་པོ་འདི་བསྐྱུར་ནས་འགྲོ་དུས་ཕྱི་མའི་སེམས་ལ་གདོས་བཅས་ཀྱི་ལུས་པོ་མེད་ལ། ཤུལ་དུ་ལྷག་པའི་ལུས་ལ་སེམས་མེད་པས། དེ་དུས་ལུས་སེམས་གཉིས་ཚོགས་འདུག་པ་ཞིག་ཀྱང་མི་སྲིད་པས། སྐྱེ་བ་ཕྱི་མར་ང་མེད་པར་ཐལ་བ་དང་ལས་འབྲས་སོགས་ཀྱང་མེད་པར་ཐལ་བའོ། །  གཉིས་པ་ནི། གལ་ཏེ་དེའི་ཚེ་ན་གཟུགས་མེད་ཀྱི་ཁམས་ཞེས་པ་ད་ལྟའི་གདོས་བཅས་ཀྱི་ལུས་འདི་འདྲ་མེད་ས་ཞིག་ཏུ་སྐྱེ་བའི་དབང་དུ་བཏང་ན། གནས་དེ་ནས་སྲོག་ཆགས་རྣམས་ལ་ངར་འཛིན་པ་མེད་པར་འགྱུར་ཏེ། གདོས་བཅས་ཀྱི་ལུས་སེམས་ཚོགས་ཙམ་འདི་ལ་ངར་འཛིན་པ་མེད་པའི་ཕྱིར་ཏེ། དེར་དེ་མེད་པའི་ཕྱིར་རོ། ། གསུམ་པ་ནི། ནམ་རྒྱུན་ངར་འཛིན་ལྷན་སྐྱེས་ཀྱིས་ང་རེད་ཅེས་བཟུང་འདུག་རྒྱུ་དེ། ཚེ་ཕྱི་མར་བརྗེ་འགྲོ་བར་ཐལ་ཏེ།  ད་ལྟ་ཕུང་ལྔའི་ཚོགས་པ་ལ་ངར་བཟུང་ནས་ཕྱི་མར་ཕུང་བཞིའི་ཚོགས་པར་ངར་འཛིན་པར་འགྱུར་བའི་ཕྱིར་དང་། དེ་བཞིན་དུ་ད་ལྟ་རྐང་ལག་ཡོད་པ་ཞིག་ལ་ངར་བཟུང་ན་ཕྱི་མར་རྐང་ལག་མེད་པ་ཞིག་ལ་ངར་འཛིན་པ་ཡོད་པའི་ཕྱིར་རོ། ། དེ་ལྟར་འདོད་ན། ང་ཞེས་པ་ནི་གཞན་ཞིག་ཡིན་ལ། དེས་རྟག་ཏུ་རང་མིན་པ་ཏག་ཏག་རང་ཉིད་དུ་རློམ་བཞིན་ཡོད་པ་མཚོན་ཐུབ་པ་མིན་ནམ་སྙམ་སྟེ། དོགས་འདྲི་འདི་དག་ནི་རང་གི་བསམ་ཚུལ་འབྲི་བ་ལ་མཐའ་གཞན་དགག་པའི་ཚུལ་དུ་བྲིས་པ་ཡིན་ལ། བསམ་གཞིག་བྱ་རིན་ཡོད་པ་ཞིག་འདུག་ན་བསམ་པའི་སྐལ་དུ་སྟེར་བའང་ཡིན།

ཡང་དེ་ལ་ཁ་ཅིག་གིས། ང་ཞེས་པ་ནི་ད་ལྟའི་ཕུང་པོ་ལྔའི་ཚོགས་པ་འདི་ཡི་རྒྱུན་ཙམ་ལ་ངོས་འཛིན་བྱེད་པ་ཡིན་པས། ང་ཞེས་པ་དེས་འདི་ནས་ཕྱི་མར་སྐྱེ་བ་ལེན་པ་སོགས་ཀྱི་རྣམ་གཞག་འཐད་དོ་ཞེས་ཞིབ་ཆ་འབྱེད་མཁན་ཡོད་ན་ཡང་། རྒྱུན་ཞེས་པ་ཡང་། ད་ལྟའི་སེམས་འདིའི་རིགས་རྒྱུན་དེ་ཕྱི་མའི་ལུས་རྟེན་གྱི་ནང་དུ་ཞུགས་བཞིན་ཡོད་ན། སེམས་འདིའི་རྒྱུན་ཙམ་ཡོད་པར་གྲུབ་མོད།  ལུས་པོ་འདིའི་རྒྱུན་ནི་ཕྱི་མའི་ལུས་པོ་ལ་མི་འཕོ་སྟེ། ད་ལྟའི་ལུས་འདི་ཤི་བའི་རྗེས་སུ་ཕལ་ཆེར་བྱ་རྒོད་སོགས་ཀྱི་ཁ་ཟས་སུ་འགྱུར་བ་མིག་མཐོང་ལག་ཟིན་དུ་གནས་པའི་ཕྱིར་རོ། ། དེས་ན། ཚོགས་ཙམ་གྱི་རྒྱུན་ཞེས་པ་འང་སྐྱེ་བ་ཕྱི་མར་འགྲོ་བ་དང་ལས་འབྲས་མྱོང་བའི་རྣམ་གཞག་འཐད་དཀའ་བར་སྙམ་ལ། གལ་ཏེ། སེམས་ཀྱི་རྒྱུན་ཙམ་ཡོད་ན་དེ་ཉིད་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་རྟེན་དུ་རུང་ངོ་ཞེ་ན། དེ་ནི་འོག་ནས་འཆད་འགྱུར་གྱི་རང་གི་ལྟ་ཚུལ་དང་ཡང་ཕལ་ཆེར་མཐུན་པར་འོང་བས་དཔྱད་བརྗོད་ཀྱི་སྤྲོས་པ་རེ་ཞིག་བཞག་གོ །

གཞན་ཡང་།  བོད་བརྒྱུད་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་དུ་ང་ཞེས་པ་ལ་ངོས་འཛིན་གཞན་ཞིག་མཛད་ཡོད་པ་ནི། ངར་འཛིན་ལྷན་སྐྱེས་ཟེར་བ་དེས་ད་ལྟའི་རང་རྒྱུད་ཀྱི་ཕུང་པོའི་ཚོགས་ཙམ་ང་རུ་མི་འཛིན་པར། དེ་ལ་བརྟེན་ནས་གཞི་མེད་ཀྱི་ཀློང་དུ་བཏགས་པའི་ང་ཙམ་ཞིག་ཡུལ་དུ་བྱེད་དོ་ཞེས་ཟེར་བ་དང་། ང་ཞེས་པའང་ཚོགས་ཙམ་འདི་མིན་པར་དེ་ལ་བཏགས་པའི་བཏགས་དོན་ཞིག་ལ་ཟེར་ཞེས་འདོད་མཁན་བྱུང་མོད། གོང་དུ་སྨྲས་པའི་དོགས་པ་འགའ་རེ་སོ་ན་གནས་ཏེ།  ད་ལྟ་ངར་འཛིན་ལྷན་སྐྱེས་དེས་རང་རྒྱུད་ཀྱི་ཕུང་ལྔའི་ཚོགས་པ་ཙམ་ལ་དམིགས་ནས་དེ་ལ་བཏགས་པའི་བཏགས་དོན་ཞིག་ཡུལ་དུ་བྱེད་བཞིན་ཡོད་ན། འདི་ནས་ཤི་འཕོས་ཏེ་གཟུགས་མེད་ཁམས་སུ་སྐྱེ་བའི་ཚེ་ན་ངར་འཛིན་དེ་ཉིད་ལྡོག་པར་ཐལ་ཏེ།  དེའི་དུས་སུ་གདགས་གཞིའི་ཕུང་ལྔ་མ་གྲུབ་པས་དེ་ལ་བཏགས་པའི་བཏགས་དོན་ཞིག་ཀྱང་འཛིན་ཚུལ་མེད་པའི་ཕྱིར་རོ། །

དཔེར་ན། སྔར་རྫ་མ་རིལ་བོར་ཡོད་པ་ཞིག་ཕྱིས་སུ་ཕྱེད་ཀ་བཅད་དེ་བཞག་པ་ཡིན་ན་དེའི་སྟེང་དུ་སྔར་གྱི་རྫ་མ་དེ་འཛིན་པའི་རྟོག་པ་ལྡོག་ནས། སྔར་གྱི་རྫ་མ་ལ་བཏགས་པའི་བཏགས་དོན་ཞིག་ཀྱང་དེར་འཛིན་ཚུལ་མེད་པ་བཞིན།  གལ་ཏེ་དེ་ལྟར་འདོད་སྲིད་ན། སྲོག་ཆགས་རྣམས་ཀྱིས་ཐོག་མེད་ནས་འགྱུར་བ་མེད་པ་དང་གཅིག་པུ་ཡིན་པའི་ང་ཞེས་པ་ཞིག་ཡོད་པར་འཛིན་བཞིན་ཡོད་ཅེས་འདོད་པ་དང་འགལ་ཏེ། སྲོག་ཆགས་རྣམས་ཀྱིས་ངར་འཛིན་པའི་གཞི་ཉིད་ཡང་ཡང་བརྗེ་བའི་ཕྱིར་རོ། ། དེའི་ཕྱིར་གནད་འདི་དག་ལ་ཕ་རོལ་པོས་ཁས་ལེན་དང་ཡང་བསྟུན། རང་གི་རྟོག་བཟོ་དང་ཡང་བསྟུན་ནས་བརྒལ་བརྟག་གི་སྨྲ་བ་ཉབ་ཉོབ་ཅིག་བྱས་པ་ཡིན་ལ། བརྒལ་བརྟག་འདི་ཚོ་ནི་ཧ་ཅང་ཐལ་ཆེ་བའི་དཔྱད་པ་ཞིག་ཡིན་སྲིད་མོད།  ཐ་སྙད་དུ་མ་བརྟག་པར་ང་ཞེས་པ་ཕུང་པོ་བཞི་ལྔའི་ཚོགས་པ་ཙམ་དང་དེར་བཏགས་དོན་ཙམ་ལ་འཇོག་ན། ངའི་སྐྱེ་བ་ཕྱི་མ་ང་མིན་ཞེས་པ་ལྟ་བུ་དང་། ད་ལྟ་ཚེ་ཕྱི་མའི་དོན་དུ་དཀའ་སྡུག་རྒྱག་ཚད་པོ་གང་ཟག་གཞན་ཞིག་གི་དོན་དུ་འབད་ཀྱིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་མི་འབྱུང་ཀ་མེད་མིན་ནམ་སྙམ་ནས་བསམ་ཚུལ་ཙམ་བརྗོད་པ་ཡིན་ནོ། །

༈ དབུ་མ་འཇུག་པ་ལས་འཕྲོས་པའི་དོགས་གཞི་གཞན།    

དེ་ལྟར་ན།  ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། འཇིག་རྟེན་གྱི་ཁམས་འདིའི་སྲོག་ཆགས་རྣམས་ཀྱི་ལས་སྐལ་འདྲ་མཉམ་ཡིན་པའི་ལྟ་ཚུལ་འདི་དང་བསྟུན་ན། ང་ཞེས་པ་ནི། སློབ་དཔོན་ཟླ་བ་གྲགས་པས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག ། ཡོན་ཏན་བྱར་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་གྱི་ལུགས་ནི་ཐ་དད་འགྱུར། །ཞེས་གསུངས་པ་ལྟར་ཤར་ནུབ་གཉིས་ནས་ངོས་འཛིན་གནང་ཚུལ་ལ་རྟག་བདག་སོགས་སུ་འདོད་མཁན་གྱི་བསམ་གཞིག་པ་ཤིན་ཏུ་མང་པོ་བྱུང་བ་བགྲང་གིས་མི་ལང་ལ། ཕྱིས་སུ་ཤར་ཕྱོགས་ཀྱི་ལྟ་ཚུལ་མང་པོ་ཞིག་སློབ་དཔོན་འདི་ཉིད་ཀྱིས་ཅུང་རྒྱས་པར་བཀག་པར་མཛད་ཡོད།

གཞན་ཡང་རང་སྡེའི་འདོད་པའི་ཕུང་པོ་ལྔ་ཆར་བདག་ཏུ་འདོད་མཁན་དང་། སེམས་བདག་ཏུ་འདོད་མཁན་དག་ལ་ཁས་བླངས་དང་བསྟུན་ནས་དགག་པ་ལེགས་པར་མཛད་ཡོད་མོད། འདིའི་སྐབས་ཀྱི་དོགས་གཞི་ཆུང་ཆུང་ཞིག་ནི། གོང་གི་ཚོགས་ཙམ་བདག་ཏུ་འདོད་མཁན་དག་ལ་མཁོ་སྙམ་ནས་བཤད་པར་བྱ་སྟེ།  མུ་སྟེགས་གྲངས་ཅན་པ་ཞེས་པའི་རྒྱ་གར་གྱི་གྲུབ་མཐའ་པ་ཕྱི་མོ་འདིས་ངའམ་བདག་གི་ངོས་འཛིན་ལུགས་ལ། བདེན་པ་གཉིས་ལས་ཀྱང་དོན་དམ་པའི་བདེན་པ་ལ་ལྷག་པར་མཁས་པའི་སློབ་དཔོན་ཟླ་བ་གྲགས་པ་ལགས་ཀྱིས། རང་གི་བརྩམས་ཆོས་དབུ་མ་ལ་འཇུག་པ་ལས། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་འང་། ། མི་འདོད་དེ་མི་རིག་པ་འང་བདག་ལྟའི་ཕྱིར། ། ཞེས་གྲངས་ཅན་པས་འདོད་པའི་ཟ་བོ་རྟག་དངོས་སོགས་ཀྱི་ཁྱད་ཆོས་ཅན་དེ་ཆོས་ཅན། བདག་ལྟའམ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་མི་རུང་བར་ཐལ། དེ་མ་མཐོང་བའི་གང་ཟག་ལའང་བདག་ལྟའམ་ངར་འཛིན་ལྷན་སྐྱེས་སྐྱེ་བ་ཡོད་པའི་ཕྱིར་ཞེས་པའི་དགག་པ་གནང་མོད། དེ་ལྟར་ན་ངས་འདི་ལྟར་བརྗོད་པར་འདོད་དེ། ཕུང་པོ་ལྔ་བོའི་ཚོགས་ཙམ་ཆོས་ཅན།  བདག་ལྟའམ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་མི་རུང་བར་ཐལ། དེ་མ་མཐོང་བའི་གང་ཟག་ལའང་བདག་ལྟའམ་ངར་འཛིན་ལྷན་སྐྱེས་སྐྱེ་བ་ཡོད་པའི་ཕྱིར་ཞེས་བརྗོད་སྙིང་འདོད་དོ། ། རྟགས་ནི་གྲུབ་སྟེ། གཟུགས་མེད་ཁམས་ཀྱི་སྲོག་ཆགས་རྣམས་ལ་ངར་འཛིན་སྐྱེ་བ་ཡོད་པའི་ཕྱིར་རོ། ། འདི་ཡི་ལན་ནི་གཅིག་ནས་དེ་ལྟར་དགག་པ་མཛད་སྐབས་ནི་དཔྱད་པ་ཞིབ་མོ་ལ་འཇུག་པའི་སྐབས་ཡིན་པས་འདོད་ལན་འདེབས་ངེས་པ་ཡིན་ལ། མིན་ན། འཇིག་རྟེན་འདིར་འདི་ལྟ་བུའི་སྟོང་ཉིད་རྟོགས་པའི་གང་ཟག་མང་པོ་ཞིག་གི་ཞེ་འདོད་དང་མི་མཐུན་པའི་རིགས་པ་ཡིན་ལ་མིན་ལ་འདྲ་བ་མང་པོ་ཞིག་ཡོད་པས། སློབ་དཔོན་ཁོང་གིས་ཀྱང་དངོས་ཡོད་བསྒྱུར་མི་ནུས་པའི་རིགས་པ་དེ་དག་གི་ཅ་ཅོ་ལ་སུན་ནས་རང་ལ་ཁས་ལེན་མེད་པའི་ཞལ་བཞེས་མཛད་པ་ཡིན་ཡང་སྲིད་དེ། གང་ལྟར་དོགས་པའི་ཅ་ཅོ་འདི་ཚོགས་ཙམ་ངར་འདོད་མཁན་དག་ལ་དྲན་གསོ་ཙམ་དུ་ཕུལ་བ་ལགས།

༈ དོན་ངོ་མར་ང་ཞེས་པ་གང་ཡིན་ནམ། 

དེས་ན། ད་ནི་ཁྱོད་ཀྱིས་རང་གི་སེམས་ལ་འདི་འདྲ་བའི་རྙོག་དྲ་མང་པོ་ཞིག་བཟོས་ནས་དོན་ངོ་མར་རང་གིས་ང་ཞེས་པ་ཅི་འདྲ་ཞིག་ལ་འདོད་ཀྱིན་ཡོད་དམ་ཟེར་ན། ངའི་རིགས་པ་འདི་དང་བསམ་གཞིག་འདི་དག་ནི་ཐ་སྙད་རིགས་པའམ་གོ་ཆོད་པོ་ཞིག་ཡིན་མི་སྲིད་མོད། གང་ལྟར་ཀླད་པ་ཆུང་ཆུང་ནང་གི་རིགས་པ་ཆུང་ཆུང་ཞིག་གི་ངོས་ནས་གཞལ་སྟེ་གླེང་ན།  ང་ཞེས་པ་ནི་ངར་འཛིན་ལྷན་སྐྱེས་རང་ཉིད་ལ་ངོས་འཛིན་དགོས་པར་འདོད་དེ།  ང་ཞེས་པ་ནི་ནམ་རྒྱུན་གང་ཞིག་རང་ཉིད་དོ་སྙམ་དུ་འཛིན་མཁན་དེ་ལས་ལོགས་སུ་མེད་ལ། ནམ་རྒྱུན་ང་ཞེས་འཛིན་མཁན་དེ་ནི་ངར་འཛིན་ལྷན་སྐྱེས་རང་ཉིད་ལས་མ་འདས་པའི་ཕྱིར་རོ། །

དོན་འདི་ལ་གཞན་དང་བརྒལ་བརྟག་གི་རྣམ་པའི་ཚུལ་དུ་རང་གི་ལྟ་ཚུལ་དེ་ཉིད་ཅུང་ཙམ་བཞག་པ་ཡིན་ན་སྟབས་བདེ་ཆེ་བས་བརྒལ་བར་བྱ་སྟེ། ང་ཟེར་བ་དེ་ནི་ང་ཞེས་ནམ་རྒྱུན་རྣམ་པ་མི་གསལ་བའི་ཚུལ་དུ་གཟུང་འདུག་མཁན་དེ་ཡིན་ནམ། གཟུང་འདུག་རྒྱུ་དེ་ཡིན། དང་པོ་ལྟར་ན་ངར་འཛིན་ལྷན་སྐྱེས་ཉིད་ང་ཡིན་པར་གྲུབ་པར་འགྱུར་ལ། གཉིས་པ་ལྟར་ན། ང་མིན་པ་ཞིག་གིས་ང་ལ་ང་ཡིན་ཞེས་འཛིན་བཞིན་ཡོད་པ་རེད་དམ་ཞེས་པའི་དོགས་གཞི་ཡོད། ཡང་བརྟག་པ་འདི་ནི་ཁ་ལ་འང་མཚུངས་ཏེ། ངའི་ཁ་ང་རང་མིན་པས། ང་མིན་པ་ཞིག་གིས་ཟ་མ་ཟ་ཡི་ཡོད་པར་ཐལ་ལོ་སྙམ་པའི་དོགས་པ་ཞིག་སྐྱེས་བྱུང་མོད། ཞིབ་མོར་བྱས་ན། འདི་གཉིས་མི་མཚུངས་བའི་ཁྱད་ཅིག་ནི། གཅིག་ནས་ཐལ་བ་འདི་ལ་འདོད་ལན་འདེབས་ཆོག་པ་འདྲ་སྟེ། འདི་འདྲའི་གྲུབ་མཐའ་ཉ་ཉོག་གིས་ཀླད་པ་མ་བསླད་པའི་མི་རྣམས་ལ་དྲིས་ན་རང་གི་ཁ་དང་རང་ཉིད་གཉིས་ཁ་ཁར་ཤེས་ལ། ངར་འཛིན་ལྷན་སྐྱེས་དང་ང་ཞེས་ཁ་ཁར་ཤེས་ཀྱིན་མེད་སྙམ་སྟེ། དེ་དག་ལ་དྲིས་ནས་ང་ཞེས་འཛིན་མཁན་དེ་སེམས་ཡིན་པ་ལས་ཁྱོད་མ་རེད་ཨང་ཞེས་བརྒལ་ན། སེམས་དེ་ང་རེད་ཅེས་ཞུ་སྲིད་སྙམ། དོན་འདི་ནི་མན་ངག་གི་ལམ་ནས་གང་ཟག་གི་བདག་མེད་ངོས་སྤྲད་ཡུལ་རྣམས་ལ་འདི་འདྲ་བའི་བསམ་ཚུལ་བྱུང་བར་གོ་མྱོང་ཡོད།  གཉིས་ནས། ཁ་མེད་སོང་ཀྱང་ང་ཡོད་པའི་ཚོར་བ་དེ་ད་རུང་ཡོད་ལ། ངར་འཛིན་ལྷན་སྐྱེས་དེ་ཡལ་སོང་དུས་ང་ཡོད་པའི་ཚོར་བ་ཅི་ཡང་མེད་པས་ཁྱད་ཡོད་སྲིད། དཔེར་ན། ད་ལྟ་གཤག་བཅོས་སྐབས་སུ་བཟི་ཁབ་བརྒྱབ་པ་ན་ང་ཡོད་པའི་ཚོར་སྣང་ཅི་ཡང་མི་འབྱུང་བ་བཞིན་ནོ། ། ཡང་གལ་ཏེ། དེ་ལྟར་ན། གཟུགས་ཕུང་འདི་ཡོངས་རྫོགས་མེད་སོང་ན་ཡང་ང་ཡོད་པའི་ཚོར་བ་ཅི་ཡང་མེད་པས་གོང་གི་རྟགས་ལ་ཁྱབ་པ་མི་འདུག་སྙམ་ན། ལུས་ཕུང་འདི་མེད་ཀྱང་ང་ཡོད་པའི་ཚོར་བ་ཡོད་སྲིད་དེ། དཔེར་ན་གཉིད་ལམ་རྨིས་པའི་ནང་དུ་ལུས་ཕུང་མེད་ཀྱང་ངར་འཛིན་སྐྱེ་བ་མྱོང་བས་གྲུབ་པའི་ཕྱིར་རོ། །

དེ་བས་ན། ངར་འཛིན་ལྷན་སྐྱེས་ཞེས་པ་ནི། གཉིད་ན། བསྡད་ན། སོང་ན། ཟོས་ན། རང་གི་ལུས་པོའི་སྟེང་ནས་ཆད་མེད་དུ་རྣམ་པ་གསལ་ལ་མི་གསལ་བའི་ཚུལ་དུ་ངའོ་བསམ་འདུག་མཁན་ཞིག་ཡོད་པ་དེ་ལ་ཟེར་བ་ཡིན་ལ། དེ་ཉིད་ང་ཡིན་ལ། དེ་ནི་འདི་ནས་ཕྱི་མར་འགྲོ་ལ་ཕྱི་མ་ནས་ཕྱི་མར་འགྲོ་བས་ལས་འབྲས་ཀྱི་རྣམ་གཞག་ཤིན་ཏུ་འཐད། སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཀྱང་ཤིན་ཏུ་འཐད་ལྡན་དུ་འཇོག་ནུས་སོ། །   དེ་ལྟར་ཡིན་པར་མ་ཟད། ངའམ་ངར་འཛིན་ལྷན་སྐྱེས་དེས་ད་ལྟ་གདོས་བཅས་ཀྱི་གཟུགས་ཕུང་འདི་ང་ཡིན་པར་འཛིན་བཞིན་ཡོད་ལ། ད་ལྟ་འདིར་སྣང་གི་གཟུགས་ཕུང་འདི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་ཡོད། ཡང་ཤི་བའི་རྗེས་སུ་སླར་ཡང་ཕུང་པོ་གཞན་ཞིག་ལ་དམིགས་ནས་ང་ཡིན་པར་བཟུང་སྟེ་འདི་ནས་ཕྱི་མར་ཕྱི་མ་ནས་ཕྱི་མར་རང་ཉིད་མིན་པ་ཞིག་རང་ཉིད་དུ་བཟུང་ནས་སྲོག་ལྡན་རྣམས་འཁྲུལ་བཞིན་ཡོད་པ་རེད་སྙམ། ཚུལ་དེ་དག་གི་དབང་གིས་གནས་སྐབས་ཡན་ལག་འདི་དག་གི་བྱ་སྤྱོད་མང་པོ་ཞིག་ངས་སྒྲུབ་པར་འཁྲུལ་གྱིན་ཡོད་པ་རེད་དེ། དཔེར་ན། ལག་པས་ཅོག་ཙེ་ལ་རེག་ཚེ་ངས་རེག་གོ་སྙམ་པའི་བློ་འབྱུང་བ་ལྟ་བུ་དང་། དེ་བཞིན་དུ། ངས་གཟུགས་ཕུང་འདི་ངར་བཟུང་བའི་དབང་གིས་དེ་ལ་ཕན་གནོད་བྱས་པ་ལས། ང་ལས་ཆགས་སྡང་སྣ་ཚོགས་ཤིག་འབྱུང་བཞིན་ཡོད། དེ་མིན་ན་ངའི་མགོ་ལ་རྨ་བཟོས་ན་ངའམ་ངར་འཛིན་ལྷན་སྐྱེས་གཟེར་དོན་ཅི་ཞིག་ཡོད།

རྒྱུ་རྐྱེན་དེ་འདྲ་ལ་བརྟེན་ནས་སྔོན་ཆད་བྱོན་ཟིན་པའི་ཞིབ་འཇུག་པ་གང་མཁས་མཁས་ཚོས་ངའམ་ངར་འཛིན་ལྷན་སྐྱེས་ནི་རྩ་བའི་མ་རིག་པ་ཞིག་ཏུ་ངོས་འཛིན་གནང་བ་རེད་དོ་སྙམ།   ལྷག་པར་དུ་ཡང་། སངས་རྒྱས་ཤཀྱ་ཐུབ་པས་ཀྱང་། བདག་ཉིད་ལེགས་པར་ཐུལ་བས་ནི། ། མཁས་པས་ཐོ་རིས་འཐོབ་པར་འགྱུར། ། ཞེས་གསུངས་པའི་སྐབས་ཀྱི་བདག་ཉིད་ཅེས་པ་འང་ངར་འཛིན་ལྷན་སྐྱེས་རང་ལ་གོ་བ་གནང་ན། དེ་ཉིད་འདུལ་བའམ་དེ་ཉིད་ཡུལ་སྣ་ཚོགས་ལ་ཤོར་བའི་འཇུག་སྒོ་བཀག་པ་ཡིན་ན་བདེ་སྐྱིད་ཀྱིས་ཐོ་རིས་ཤིག་འཐོབ་པར་འགྱུར་ཞེས་བཀའ་བསྩལ་བ་ཡང་མིན་ནམ་སྙམ།

༈ ང་དེའི་གྲོལ་འཁྲུལ་གྱི་རྣམ་གཞག

གཞན་ཡང་། ད་ལྟ་ལུས་པོ་འདིའི་ཡན་ལག་རེ་རེ་དང་ཐོབ་དང་འབྱོར་བ་ལ་རྔམ་པའི་འདོད་ཆགས་རེ་རེས། ཉ་འབུ་བསད་པ་དང་ཧམ་སེམས་ཀྱི་ལས་ཇི་འདྲ་ཞིག་བསགས་ན་ཡང་། མཐར་ལས་འབྲས་ཀྱི་སྡུག་བསྔལ་མྱོང་མཁན་དེ་ང་‘‘འདིར་ང་ཞེས་པ་ངར་འཛིན་ལྷན་སྐྱེས་ལ་གོ་དགོས’’ཉིད་ལས་མ་འདས་ལ། དེའི་གནད་དོན་ཡང་ཡན་ལག་འདི་དག་ནི་ངའམ་ངར་འཛིན་ལྷན་སྐྱེས་དེས་རང་ཉིད་དུ་འཁྲུལ་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པའི་གནད་རེད། དཔེར་ན། ཇག་ཚོགས་ཀྱི་འགོ་བ་ཞིག་གིས་རང་གི་འཁོར་རྣམས་ཡུལ་དང་ཡུལ་དུ་བཏང་ནས་རྐུ་འཕྲོག་བཅོམ་གསུམ་བྱས་པས། ཉེན་རྟོག་པས་འཛིན་བཟུང་ཐེབས་པ་ན།  རྐུ་འཕྲོག་བྱེད་མཁན་དངོས་ནི་འགོ་བ་རང་ཉིད་མིན་ན་ཡང་། མཐར་ཉེས་ཆད་ལྕི་བོ་རང་ལ་གཏོད་ངེས་པ་དང་འདྲ་འདྲ་རེད།  དེའི་ཕྱིར་མི་ཞིག་གིས་རྡོ་འཕང་ནས་ཟོག་བསད་ན་ཡང་རྡོ་རང་ལ་སྡིག་པ་མེད་པ་བཞིན་དུ། ངས་ལག་པས་མྱི་བསད་ན་ཡང་ལག་པ་རང་ལ་སྡིག་པ་མེད་པར་རྗེས་སུ་རྣམ་སྨིན་འདི་དག་ངའམ་ངར་འཛིན་ལྷན་སྐྱེས་རང་གིས་མྱོང་དགོས། འདི་ནི་དྲང་མོར་བཤད་ན་ལུས་པོ་འདི་དང་ཕྱི་ཡི་དངོས་པོ་རྡོ་བ་དག་ནི་ངའམ་ངར་འཛིན་ལྷན་སྐྱེས་ལ་མཚོན་ན་འབྲེལ་བ་ཅི་ཡང་མེད་ལུགས་འདྲ་འདྲ་ཡིན་པས་རེད་སྙམ།

འོན་ཀྱང་། ནོར་འཁྲུལ་ཆེས་ཆེ་ཤོས་ནི་ངའམ་ངར་འཛིན་ལྷན་སྐྱེས་ཀྱིས་ལུས་པོ་འདི་ལ་ང་ཡིན་ཞེས་མིན་བཞིན་དུ་འཁྲུལ་བཞིན་ཡོད་པ་ནི་འཁོར་བ་ཞེས་བྱ་བ་འདི་ཡིན་པར་མངོན་ནོ། ། དེ་བཞིན་དུ། དཔེར་ན། ཁྱོད་ཀྱི་ལག་པར་གཞན་ཞིག་གིས་སོ་འབྲེད་བཟོ་དུས། ཁྱོད་ཀྱིས་ང་ལ་སོ་འབྲེད་བཟོ་ཡི་མེད་སྙམ་ནས་སྒོམ་པ་ཡིན་ན། ཚ་གཟེར་སྙོམས་འགྲོ་བ་ལྟ་བུ་དང་། གཞན་ཞིག་ལ་རྨ་ཚབས་ཆེན་བཟོས་ཡོད་ན་ཁྱོས་དེར་དམིགས་ནས་ང་ལ་རྨ་བཟོས་སོང་བར་སྒོམ་ན་ཚ་གཟེར་ལངས་ངེས་པ་འདི་དག་ཐམས་ཅད་ནི། ངའམ་ངར་འཛིན་ལྷན་སྐྱེས་ཀྱིས་ཡུལ་དེ་དང་དེ་ལ་ང་ཞེས་བཟུང་བ་དང་མ་བཟུང་བའི་གནད་ཁོ་ན་ལས་བྱུང་བར་འདོད་པ་ཡིན་ནོ། ། དེའི་ཕྱིར། ལུས་སེམས་ཀྱི་སྡུག་བསྔལ་རགས་པ་འདི་དག་ལས་ཐར་བར་འདོད་ན། ཐོག་མར་རང་ཉིད་དང་རང་གི་ལུས་པོ་གཉིས་ལ་འབྲེལ་བ་ཡོད་མེད་བརྟག་ནས་འབྲེལ་མེད་དུ་སྒོམ་དགོས་ལ། དེ་ཉིད་བརྟག་པའི་རིགས་པ་ཡང་། ལུས་པོ་འདི་ཆོས་ཅན། ཁྱོད་ལ་ཚ་གཟེར་རྒྱུགས་པ་ལྟ་བུའི་སྡུག་བསྔལ་སྣ་ཚོགས་ཡོད་པ་དག་ང་དང་འབྲེལ་བ་མེད་དེ། ངས་ཁྱོད་ལོངས་སུ་སྤྱོད་བཞིན་ཡོད་པའི་ཕྱིར། དཔེར་ན། མདུན་གྱི་ཡི་གེ་ལྟ་བུ་དང་། གཞན་གྱི་ཆུང་མ་ལྟ་བུའོ། ། ཞེས་དཔེ་ལ་སྦྱར་ནས་དཔྱད་པ་ཞུ་དགོས། རིགས་པ་འདི་དང་སྒོམ་ཚུལ་འདི་ནི་ཕྱི་རོལ་གྱི་ཡུལ་བུད་མེད་དང་དགྲ་བོ་ལ་སྦྱར་ཚུལ་ཡང་ཤེས་པར་བྱ་ལ། འདིའི་གོང་མ་ལྟར་ན་གང་ཟག་གི་བདག་མེད་སྒོམ་ཚུལ་རགས་པ་ཡིན་ལ། ཕྱི་མ་ལྟར་ན་ཆོས་ཀྱི་བདག་མེད་སྒོམ་ཚུལ་རགས་པ་ཙམ་ཡིན་ནོ། །

འདི་ཙམ་གྱིས་ནི་ཐར་བ་ཡང་དག་ཅིག་ཐོབ་པ་ལ་ཕན་ཡང་མི་སྲིད་མོད། སྐས་རིམ་ཙམ་ཡིན་ཞེས་ལབ་ན་ཡང་རྫུན་དུ་འགྱུར་སྲིད། གང་ལྟར་ཐ་སྙད་ཀྱི་རྣམ་གཞག་འདི་འཇོག་དུས་སོ་སོ་རང་རང་ལ་དངོས་པོ་རེ་རེའི་སྟེང་ལ་མི་འདྲ་བའི་བསམ་འཆར་རེ་ཡོད་སྲིད་པ་བཞིན། ངས་ཀྱང་སློབ་དཔོན་ཟླ་བ་གྲགས་པའི་བརྩམས་ཆོས་« དབུ་མ་འཇུག་པའི་རང་འགྲེལ་»ལས་གང་ཟག་གི་བདག་དགག་པའི་སྐོར་ལ་རགས་ཙམ་མཇལ་ཚེ། དེའི་ཞོར་དུ་རང་གི་བསམ་ཚུལ་ལྡབ་ལྡིབ་དག་ཤིན་ཏུ་མདོར་བསྡུས་སུ་བྲིས་པ་དགེ་བར་གྱུར་ཅིག །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།