བོད་ཀྱི་བརྡ་སྤྲོད་གཞུང་ལས་ཨ་ཡིག་དབྱངས་སུ་འོས་མིན་གྱི་དོགས་དཔྱོད།

0
954

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིའི་ནང་དུ་བོད་སྔ་རབས་ཀྱི་བརྡ་སྤྲོད་སྨྲ་བའི་ཁྲོད་དུ་དབྱངས་ཀྱི་དབྱེ་བ་འདོད་ཚུལ་ཐད་ལ། དབྱངས་ཡིག་ལྔ་དང་བཞི་རུ་འདོད་པའི་ལུགས་མི་འདྲ་བ་གཉིས་བྱུང་བའི་དགོངས་དོན་ལ་གཞིགས་ནས། སྤྱིར་ཨ་ཡི་གདངས་འདི་དབྱངས་སུ་འདོད་པ་རིགས་པར་མཐུན་པས་དབྱངས་ཡིག་ལྔར་དབྱེ་བ་དོན་ལ་འབྱོར་ཡང་། བོད་ཡིག་ཏུ་ཨ་ཡིག་གི་གཟུགས་འདིས་དབྱངས་ཀྱི་བྱ་བ་མི་བྱེད་པས་དབྱངས་སུ་མི་འདོད་པའང་རྒྱུ་མཚན་དང་ལྡན་ཞིང་། དེའི་དོད་ཀྱི་དབྱངས་ཡིག་གི་བྱེད་ལས་འ་ཡིག་འདིས་བྱེད་བཞིན་པར་དཔོག་སྟེ་འ་ཡིག་འདི་དབྱངས་སུ་བསྡུ་འོས་པར་རིགས་པས་མཐའ་དཔྱད་ཅུང་ཟད་བཏང་བའོ།།

བརྡ་ཆད་གཙོ་བོ།  དབྱངས།  རྗེས་འཇུག  ཨ་ཡིག   འ་ཡིག
དང་བོ། སྐད་ཀྱི་སྒྲ་གདངས་མཚོན་པའི་ཡི་གེར་དབྱངས་གསལ་གཉིས་སུ་ངེས་ཚུལ་སྤྱིར་བཤད་པ།

སྤྱིར་ཡི་གེ་ནི་འགྲོ་བ་མིའི་རིགས་ཀྱི་སྐད་ཆ་དང་ཤེས་རིག་གོང་འཕེལ་དང་བསྟུན་ནས་བྱུང་བ་ཞིག་ཡིན་པ་ན། ཆེས་ཐོག་མའི་ཡི་གེ་ནི་སྐད་ཆའི་དོན་མཚོན་པའི་བརྡ་རྟགས་ཤིག་ཡིན་སྲིད་ཀྱང་། འགྲོ་བ་མིའི་རྣམ་དཔྱོད་དང་བློ་གྲོས་ཀྱི་གོང་འཕེལ། ལོ་རྒྱུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་སྒྲ་དོན་གཉིས་ཀ་མཚོན་པའི་གཟུགས་རིས་ཤིག་སྟེ། འགྲོ་བ་མིའི་རིགས་ཀྱི་ཤེས་རབ་དང་རིག་གནས་འཕེལ་བའི་མཚོན་རྟགས་གཙོ་བོ་ཞིག་ཏུའང་བཟུང་ཡོད། དེ་ན་ཡི་གེ་གང་ཞིག་ཡིན་ཡང་སྐད་ཀྱི་གདངས་དང་གདངས་དེས་སྟོན་པའི་དོན་གཉིས་ནི་ཡི་གེ་དེའི་མཚོན་བྱ་དང་། ཡི་གེ་ནི་དེའི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པ་སྨྲོས་མ་དགོས། འོན་ཀྱང་མཚོན་བྱེད་དེས་མཚོན་བྱ་དེ་ཇི་ལྟར་མཚོན་པའི་ཐད་ལ་ཡི་གེ་རང་ངོས་ནས་སྦྱོར་ཀློག་གམ་སྡེབ་སྦྱོར་བྱ་མི་ནུས་པར། སྐད་ཆའི་མཚོན་དོན་ཞིག་དེ་ལ་རྟོག་པས་བཏགས་པ་ནན་གྱི་སྒོ་ནས་བློ་ལ་ངེས་དགོས་པའི་དོན་མཚོན་ནམ་གཟུགས་མཚོན་གྱི་ཡི་གེ་སྟེ། དབྱངས་གསལ་གྱི་རྣམ་བཞག་ལོག་ཏུ་མེད་པའི་རྒྱ་ནག་ཡི་གེ་ལྟ་བུ་དང་། སྐད་གདངས་ཀྱི་རྒྱུ་གཙོ་བོ་དག་གི་མཚོན་བྱེད་བཟོས་ནས། དེ་དག་གི་སྦྱོར་ཀློག་དང་སྡེབ་སྦྱོར་གྱིས་སྒྲ་དོན་མཚོན་པར་བྱེད་པའི་ཡི་གེ་སྟེ་དབྱངས་གསལ་གྱི་རྣམ་བཞག་གསལ་བོར་ཡོད་པའི་བོད་ཡིག་ལྟ་བུ་རིགས་གཉིས་སུ་གྲངས་ངེས་པ་དང་། མཚོན་བྱ་སྒྲ་ལས་གཞིགས་ན་ཡི་གེ་ཐམས་ཅད་ལ་མིང་གི་གཞིར་གྱུར་བའི་གསལ་བྱེད་དང་། དེ་ལ་འགྱུར་བ་གཏོང་བའི་བྱ་བ་བྱེད་ནུས་པའི་དབྱངས་གཉིས་ལས་ཕུང་གསུམ་པ་ཞིག་འགྲོ་བ་མིའི་རིགས་ཀྱི་སྐད་གདངས་མཚོན་པར་དགོས་པ་མེད་ཕྱིར་དེ་གཉིས་སུ་བསྡུ་ཆོག་པར་སེམས་སོ།།

གོང་གསལ་ཡི་གེ་ལ་རིགས་མི་འདྲ་བ་གཉིས་བྱུང་བས་ཡི་གེ་མཚན་ཉིད་འཇོག་སྟངས་ཐད་ལའང་མི་མཐུན་པ་གཉིས་བྱུང་བ་སྟེ། སྔ་མས་ཡི་གེ་ནི་སྐད་དོད་ཀྱི་གཟུགས་རིས་སམ་མཚོན་རྟགས་ཤིག་ལ་གོ་བ་དང་། ཕྱི་མས་ཡི་གེ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ཤིག་ཡི་གེའི་མཚན་ཉིད་དུ་འཇོག དེའང་རྒྱ་ནག་ཡི་གེ་ལྟ་བུ་གཟུགས་དོན་མཚོན་པའི་ཡི་གེའི་རིགས་ལ་མི་རིགས་རང་གི་སྒྲ་དོན་གྱི་དགོས་མཁོ་སྐོང་བ་ལ་འདང་ངེས་ཡིན་པའི་གཟུགས་རིས་མི་འདྲ་བའི་ཡི་གེའི་གྲངས་ཤིག་མཁོ་བ་དང་། བོད་ཡིག་ལྟ་བུ་སྒྲ་སྦྱོར་ཡི་གེའི་རིགས་ལ་མི་རིགས་རང་གི་སྒྲ་དོན་གྱི་དགོས་མཁོ་སྐོང་བར་འདང་ངེས་ཡིན་པར་སྦྱོར་སྡེབ་བྱ་ཆོག་པའི་མིང་གཞིའི་ཡི་གེ་ཤིག་ཡོད་པས་ཆོག་པ་ཡིན་ཕྱིར་མཚན་ཉིད་འཇོག་སྟངས་མི་འདྲ་གཉིས་བྱུང་བར་སེམས། མཚན་ཉིད་འཇོག་ཚུལ་མི་མཐུན་པ་འདི་གཉིས་ལས་ངེད་ཅག་གིས་དཔོགས་ནུས་པ་ནི། ཡི་གེ་གང་ཞིག་ཡིན་རུང་རྩ་བའི་ཁྱད་ཆོས་གཉིས་དགོས་པ་སྟེ། གཅིག་ནི་སྐད་ཀྱི་སྒྲ་གདངས་ཐམས་ཅད་ཀློག་ནུས་པ་ཞིག་དང་། གཉིས་པ་ནི་གོ་བྱའི་དོན་གྱི་ལྡོག་པ་སོ་སོ་གཞན་དང་མ་འདྲེས་པར་གསལ་བོར་སྟོན་ནུས་པ་ཞིག་ཡིན་དགོས་པ་དེ་ཡིན། དེ་ན་ཡི་གེ་ཞེས་པ་སྒྲ་ཁོ་ནའི་མཚོན་བྱེད་དུ་གྱུར་བས་མི་ཆོག་པར། སྒྲ་གཅིག་གིས་མཚོན་དོན་མི་འདྲ་བ་མང་བོ་ཞིག་སོར་སོར་དབྱེ་ནུས་པ་ཞིག་ངེས་པར་དུ་ཡིན་དགོས་ཕྱིར། སྒྲ་གདངས་སམ་ཀློག་སྟངས་གཅིག་པའམ་ཤིན་ཏུ་ཉེ་ཡང་། མིང་གཞིའི་ཡི་གེའམ་དབྱངས་ཡིག་མི་གཅིག་པའི་ཡི་གེ་མང་པོ་ཞིག་དགོས་པ། དཔེར་ན་སྒྲ་གཅིག་ལ་དོན་མི་འདྲ་བ་མང་བོ་ཞིག་འབྱུང་ཕྱིར་གདའ་དང་བདའ། རྡ། ལྡ། ཟླ། སྡ་སོགས་ཀློག་ཕལ་ཆེར་གཅིག་ལ་ཡི་གེ་མི་འདྲ་བ་འདི་འདྲ་ཤིན་ཏུ་མང་བོ་ཞིག་སྒྲ་སྦྱོར་ཡི་གེ་དག་ལས་འབྱུང་ཐུབ་པ་ཞིག་ཡིན་དགོས་པ་ཇི་བཞིན། གཟུགས་དོན་མཚོན་པའི་ཡི་གེ་དག་ལ་ཀློག་གཅིག་ལ་བྲིས་མི་འདྲ་བའི་ཡི་གེ་ཤིན་ཏུ་མང་བོ་ཞིག་དགོས་པ་ནི་བཤད་མ་དགོས་པའོ།། འོན་ཀྱང་ཡི་གེར་རྩ་བའི་ཁྱད་ཆོས་གཉིས་ཡོད་པ་ལས་སྐད་ཀྱི་གདངས་ཁོ་ན་ལས་གཞིགས་ན།  ཡི་གེ་གང་ཞིག་ཡིན་རུང་བརྗོད་པ་གྲིམ་ཞིང་གསལ་བ་མིང་གི་གཞིར་རུང་བའི་གསལ་བྱེད་དང་།  མིང་གཞིའི་ཡི་གེ་དེ་དག་ལ་སྦྱོར་སྡེབ་ཀྱིས་སྒྲ་གདངས་མང་བོར་འཕེལ་བར་ནུས་པ་བསྐྱེད་ཐུབ་པའི་དབྱངས་ཡིག་གཉིས་སུ་འདུ་ཆོག་པ་རྒྱ་ནག་ཡི་གེ་ལྟ་བུའི་ཡི་གེ་རང་སྟེང་ནས་གསལ་བོར་མེད་ཀྱང་། ཀློག་གི་ཆེད་དུ་སྒྲ་སྦྱོར་ཡི་གེ་བཟོས་པར་དབྱངས་གསལ་གཉིས་སུ་གྲངས་ངེས་པར་མ་ཟད། དེས་ཀློག་གི་སྒྲ་གདངས་ཐམས་ཅད་སྟོན་ནུས་པས་གསལ་བོར་མཚོན་ཡོད། དེའི་ཕྱིར་བོད་རང་གི་སྒྲ་རིག་པའི་ཕྱི་མོ་སུམ་ཅུ་པའི་རྩ་བར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཞེས་པར་གངས་ཅན་མཁས་པའི་གཞུང་འགྲེལ་གྲགས་ཆེ་བར། སྤྱིར་འཇིག་རྟེན་ཁམས་ཀྱི་ཡི་གེ་ལ་དབྱེ་ན་དབྱངས་དང་གསལ་བྱེད་གཉིས་སུ་འདུ་ཞེས་པའི་དོན་དུ་འགྲེལ་བའང་དོན་ལ་གནས་སོ།།

གཉིས་པ། བོད་ཀྱི་ཡི་གེར་དབྱངས་ཡིག་ལྔར་དབྱེ་བ་རིགས་པར་མཐུན་ཡང་ཨ་ཡིག་གིས་དབྱངས་ཀྱི་བྱ་བ་མི་བྱེད་པས་དབྱངས་ཡིག་མཚན་ཉིད་པ་མིན་པར་དཔྱད་པ།

འཛམ་གླིང་འདིའི་སྒྲ་སྦྱོར་ཅན་གྱི་ཡི་གེ་གང་ཞིག་ཡིན་ཡང་དབྱངས་དང་གསལ་གཉིས་ཀྱིས་གྲུབ་པ་ཡིན་ལ། དེ་གཉིས་སྐད་ཆའི་སྒྲ་གདངས་མཚོན་པའི་གྲུབ་ཆ་ཆེས་ཆུང་ཤོས་ཡིན་པས་ཡི་གེ་ལ་དེ་ལས་ཆུང་ངུར་དབྱེ་དུ་མེད།  དེ་ན་དབྱངས་དང་གསལ་བྱེད་གཉིས་ཀའི་དབྱེ་བ་འབྱེད་སྟངས་ཐད་བོད་རང་གི་སྔོན་བྱོན་མཁས་ཆེན་ཚོ་དང་། ད་ལྟའི་རྒྱལ་སྤྱིའི་སྐད་བརྡ་རིག་པའི་མཁས་ཆེན་ཚོ་རྣམ་པའི་ཆ་ནས་སོ་སོར་སྣང་བ་སྟེ། མཚན་ཉིད་འཇོག་སྟངས་ཐ་དད་དུ་ཡོད་པ་འདྲ་ཡང་དོན་གྱི་འབབ་ས་གཅིག་ཏུ་ཡོད་དགོས་པ་ནི་དབྱངས་གསལ་ཅན་ནམ་སྒྲ་སྦྱོར་ཅན་གྱི་ཡི་གེའི་ངོ་བོས་ཐག་བཅད་པ་ཞིག་ལས། མཁས་པ་ག་གེ་མོ་ཞིག་གི་རིག་པའི་རྩལ་ལམ་རིག་པ་བློས་ཐག་གཅོད་ཐུབ་པ་ཞིག་ཡིན་མི་རུང་བ།  བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སུ་བཞག་པའི་དབྱངས་གསལ་ཀྱི་མཚན་ཉིད་དང་རྒྱལ་སྤྱིའི་སྐད་བརྡ་རིག་པས་དབྱངས་གསལ་འབྱེད་པའི་ཁྱད་ཆོས་གཉིས་བཤིབ་བསྡུར་བྱས་ཚེ་ང་ཚོར་ངེས་ཤེས་འདྲོངས་ཐུབ། བོད་ཀྱི་བརྡ་སྤྲོད་པའི་གཞུང་གཙོ་ཆེ་བར་དབྱངས་ཀྱི་ཡི་གེ་ནི། བརྗོད་པ་མི་གསལ་ཞིང་གསལ་བྱེད་ཀྱི་སྲོག་ཏུ་འགྱུར་བའོ་[1]ཞེས་དང་། ཡང་ན། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་ནི། དབྱངས་སམ་ཨཱ་ལིའི་ཡི་གེ་[2]ཞེས་དང་། གསལ་བྱེད་ནི་བརྗོད་པ་གསལ་ཞིང་། དྲག་པོའི་ངོ་བོར་འགྱུར་བའོ་[3]ཞེས་དང་། ཡང་ན། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མིང་དང་ཚིག་དང་བརྗོད་པ་མཚོན་པར་བྱེད་པའི་གཞི་ཡིན་པས་ན་གསལ་བྱེད་[4]ཅེས་པའི་དབྱངས་གསལ་གྱི་མཚན་ཉིད་འདི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་གྲགས་ཆེན་ཐུན་མོང་གི་དགོངས་པ་ཡིན།  སྐད་བརྡ་རིག་པར་ངག་ནས་སྒྲ་འབྱིན་སྐབས་གནས་དང་བྱེད་པའི་དགག་བྱ་དང་མི་འཕྲད་པར་རླུང་ཤར་མར་ཕྱིར་གཏོང་ནུས་པ་དབྱངས་ཡིག་དང་། ངག་ནས་སྒྲ་འབྱིན་སྐབས་གནས་དང་བྱེད་པའི་དགག་བྱ་དང་འཕྲད་པས་རླུང་ཤར་གཏོང་མི་ནུས་པ་གསལ་བྱེད་ཅེས་དབྱངས་གསལ་གཉིས་ལ་རྩ་བའི་ཁྱད་ཆོས་གསུམ་ཚང་དགོས་པ་སྟེ། གཅིག དབྱངས་ཡིག་ངག་ནས་སྒྲ་འབྱིན་ཚེ་མགྲིན་པའི་བྱེད་རྩོལ་ལ་བརྟེན་པ་ལས། སྐྱེ་སོ་མཆུ་སོགས་སྐྱེ་གནས་གཞན་གྱི་དགག་བྱ་དང་མི་འཕྲད་པར་རླུང་ཤར་གཏོང་ནུས་པ་དང་། གསལ་བྱེད་དེ་ལས་ལྡོག་ཏེ་ངག་ནས་སྒྲ་འབྱིན་ཚེ་མགྲིན་པའི་བྱེད་རྩོལ་གཙོ་བོ་མིན་པར་སྐྱེ་གནས་གཞན་གྱི་དགག་བྱ་དང་འཕྲད་པས་རླུང་ཤར་གཏོང་མི་ནུས་པ། གཉིས། དབྱངས་ཡིག་ངག་ནས་སྒྲ་འབྱིན་ཚེ་མགྲིན་པའི་བྱེད་རྩོལ་ཁོ་ནར་བརྟེན་པ་དང་། གསལ་བྱེད་ངག་ནས་སྒྲ་འབྱིན་ཚེ་གནས་དང་བྱེད་པ་གཞན་གྱི་དགག་བྱ་དང་འཕྲད་དགོས་པ། གསུམ། དབྱངས་ཡིག་ངག་ནས་སྒྲ་འབྱིན་ཚེ་གནས་དང་བྱེད་པ་གཞན་གྱི་དགག་བྱར་མི་འཕྲད་པས་སྒྲ་རྩོལ་ཞན་པ་དང་། གསལ་བྱེད་ངག་ནས་སྒྲ་འབྱིན་ཚེ་གནས་དང་བྱེད་པ་གཞན་གྱི་དགག་བྱར་འཕྲད་པས་སྒྲ་རྩོལ་དྲག་པ་ཞེས་གོང་སྨོས་ཀྱི་དགོངས་དོན་གཉིས་ལས། རང་རེའི་སྔོན་བྱོན་སྒྲ་རིག་མཁས་ཆེན་རྣམ་པ་དང་། དེང་གི་སྐད་བརྡ་རིག་པའི་ཆེད་མཁས་ཚོས་དབྱངས་གསལ་གཉིས་ལ་བཟུང་བའི་རྩ་བའི་དགོངས་བཞེད་གཅིག་ཏུ་ཡོད་པ་ནི་དབྱངས་ཡིག་ངག་ནས་བརྗོད་སླ་བ་དང་གསལ་བྱེད་ངག་ནས་བརྗོད་དཀའ་བ། དབྱངས་ཡིག་ངག་ནས་བརྗོད་པའི་སྒྲ་ཞན་པ་དང་གསལ་བྱེད་ཀྱི་སྒྲ་དྲག་པ་སོགས་རྩ་བའི་ཆ་ནས་གཅིག་ཏུ་སོང་ཡོད་པ་མངོན་སུམ་དུ་གྲུབ། བོད་ཀྱི་བརྡ་སྤྲོད་སྨྲ་བ་ཚོས་དབྱངས་ཀྱི་བརྗོད་པ་མི་གསལ་བས་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་དགོས་པ་དང་། གསལ་བྱེད་ཀྱི་བརྗོད་པ་གསལ་བར་འདོན་དགོས་པ་ནི། དེ་གཉིས་ངག་ནས་སྒྲ་འབྱིན་ཚེ་དཀའ་སླ་དང་དྲག་ཞན་ཡོད་པ་ལས་བྱུང་བའི་ལྡོག་མེད་ཀྱི་དངོས་འབྲས་ཡིན་པ་རིགས་པས་གྲུབ་པར་མ་ཟད།  འགྲོ་བ་མིའི་རིགས་ཤིག་ཡིན་ཕྱིན་དབྱངས་ཀྱི་སྒྲ་གདངས་ངག་ནས་འབྱིན་པར་དཀའ་ཚེགས་མེད་པ་དང་། གསལ་བྱེད་ཀྱི་སྒྲ་གདངས་གནས་དང་བྱེད་པ་ཉམས་མ་ཉམས་ཀྱི་དབང་གིས་ངག་ནས་འབྱིན་པར་དཀའ་ཚེགས་ཡོད་ཕྱིར། མི་རིགས་དང་སྐད་རིགས་མི་གཅིག་པ་ཞིག་གིས་དབྱངས་ཀྱི་ང་རོ་ངག་ནས་ཤར་མར་འབྱིན་ཐུབ་པར་མ་ཟད། སྐྱེ་གནས་དང་བྱེད་རྩོལ་གནད་སྨིན་དུ་མ་སོང་བའི་བྱིས་པ་ཉལ་སར་གནས་པ་ཚོའི་ངག་ནས་ཨ་ཨོ་སོགས་ཀྱི་སྒྲ་འབྱིན་ནུས་པ་དང་། གསལ་བྱེད་ཀྱི་ང་རོ་ངག་ནས་འབྱིན་མི་ཐུབ་པ་སོགས་ཀྱིས་མཚོན་ཡོད།  དེ་ལས་ཡི་གེའི་དབྱངས་དང་གསལ་བྱེད་ནི་འགྲོ་བ་མིའི་རིགས་ཀྱི་སྐད་གདངས་ཀྱི་ཆོས་ཉིད་ལ་གཞིགས་ནས་གནའ་དེང་བརྡ་སྤྲོད་རིག་སྨྲ་བ་རྣམས་ཀྱིས་དབྱེ་བ་ཕྱེ་བ་ཞིག་ལས། མི་རིགས་མི་འདྲ་བའི་ཐུན་མིན་གྱི་སྐད་ཆ་དང་། སྐད་ཆ་དེའི་རྨང་གཞིའི་སྟེང་ནས་བཟོས་པའི་ཐུན་མིན་གྱི་ཡི་གེ་ལ་བརྟེན་ནས་བཞག་པ་ཞིག་མ་ཡིན་པའང་རིགས་པས་དཔོག་ནུས་པས།   མིའི་རིགས་ལ་སྐད་རིགས་མི་འདྲ་བ་ཤིན་ཏུ་མང་བོ་ཞིག་ཡོད་ཀྱང་སྐད་ཀྱི་གདངས་ལ་བརྟེན་ནས་ཕྱེ་བའི་དབྱངས་གསལ་གྱི་འཇོག་སྟངས་དང་། ཁྱད་པར་དུ་དབྱངས་གསལ་གྱི་དབྱེ་བ་གཙོར་གྱུར་བའི་སྒྲ་སྦྱོར་ཡི་གེ་ཕལ་མོ་ཆེའི་དབྱངས་གསལ་གྱི་འཇོག་སྟངས་གཅིག་མཐུན་དུ་ཡོད་པའང་གོང་གི་མཚན་ཉིད་འཇོག་སྟངས་དེ་དག་ལས་མཐོང་ཐུབ།།

དབྱངས་ཡིག་ལ་ངག་ནས་སྒྲ་འབྱིན་སླ་བ་དང་ང་རོ་མི་གསལ་བའི་རྣམ་པ་ཅན་གྱི་སྒྲ་གདངས་ཀྱི་རྩ་བའི་ཁྱད་ཆོས་ཐུན་མོང་བ་དེ་ལས་གཞན། ས་སྐྱ་པཎ་ཆེན་གྱིས་དབྱངས་ནི་གསལ་བྱེད་ཀྱི་སྲོག་ཏུ་འགྱུར་བའོ་ཞེས་གསུངས་བ་ཇི་བཞིན། དབྱངས་གང་ཞིག་གསལ་བྱེད་ཀྱི་ཡི་གེ་གང་རུང་ཞིག་ལ་ཞུགས་པ་ན་སྒྲ་གདངས་འགྱུར་བ་གཏོང་བའི་བྱེད་ནུས་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཀྱང་ཡོད་པས། དེ་ལ་བརྟེན་ནས་ཡི་གེས་རང་གི་བརྗོད་ཡུལ་དུ་གྱུར་བའི་སྐད་ཆའི་གདངས་ཡོད་ཚད་འབྱིན་ཐུབ་པར་མ་ཟད། ཁྱད་པར་དུ་སྒྲ་སྦྱོར་ཡི་གེའི་མིང་ཚིག་བརྗོད་པ་ཐམས་ཅད་མཚོན་པར་བྱེད་པའི་ཡི་གེའི་བྱེད་ནུས་ཡོངས་སུ་རྫོགས་པ་ཡིན། དཔེར་ན། དབྱངས་ཡིག་གསལ་བྱེད་ཀྱི་སྔ་རྗེས་སུ་སྦྱོར་སྡེབས་ཀྱིས་བརྗོད་པ་ཚང་བར་བྱེད་པའི་དབྱིན་ཡིག་ལྟ་བུ་དང་། གསལ་བྱེད་ལ་དབྱངས་སྲོག་ཞུགས་ཀྱི་སྒོ་ནས་བརྗོད་པ་ཚང་བར་བྱེད་པའི་ལེགས་སྦྱར་ཡི་གེ་ལྟ་བུ། སྒྲ་སྦྱོར་ཡི་གེའི་མཚན་ཉིད་དངོས་སུ་མི་ཚང་བ་སྟེ། ཡི་གེ་ཡིན་ན་སྒྲ་དོན་གཉིས་ཀ་ཚང་བར་སྟོན་དགོས་པ་ཞིག་ཡིན་མོད། སྒྲའི་ང་རོ་ཙམ་ལས་དོན་སྟོན་མི་ཐུབ་པའི་རྒྱལ་སྤྱིའི་སྒྲ་རྟགས་དང་རྒྱ་ནག་གི་སྦྱོར་ཀློག་ཡི་གེ་ལྟ་བུའང་དབྱངས་ཀྱི་སྦྱོར་བ་ལས་ངག་གི་སྒྲ་གདངས་གཅིག་ཀྱང་མ་ལུས་པར་སྟོན་ཐུབ། དེ་བཞིན་བོད་ཀྱི་ཡི་གེ་འདི་སྒྲ་སྦྱོར་ཡི་གེའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཡིན་པ་སྨོས་མ་དགོས་ཤིང་། དེ་ཡང་སྟེང་འོག་ཏུ་དམིགས་བསལ་གྱིས་སྦྱོར་ནས་གསལ་བྱེད་ཀྱི་སྒྲའི་ང་རོར་འགྱུར་བ་ཐོན་ནུས་པའི་ཨི་སོགས་དབྱངས་བཞི་དང་། དབྱངས་ཨའི་གདངས་ལ་བརྟེན་ནས་མགོ་འདོགས་འཕུལ་རྟེན་སོགས་གསལ་བྱེད་སྦྱོར་སྡེབས་ཀྱིས་སྒྲའི་ང་རོར་འགྱུར་བ་ཐོན་པ་སྟེ། གསལ་བྱེད་ཀྱི་སྲོག་གི་རྣམ་པར་ཞུགས་པའི་དབྱངས་ཀྱི་སྒྲའི་ང་རོ་གཙོ་བོ་ལྔ་ལ་བརྟེན་ནས་བོད་ཀྱི་ཡི་གེའི་སྒྲ་དོན་སྦྱོར་གསུམ་གྱི་བརྗོད་པ་མ་ལུས་པ་ཚང་བར་བྱས་པ་ཞིག་ཡིན།  དེ་ལྟར་གོང་དུ་བརྗོད་པ་ཇི་བཞིན་དབྱངས་ལ་སྒྲའི་ང་རོ་འབྱིན་ཚུལ་གྱི་སྒྲའི་ཆ་ཞིག་དང་།  གསལ་བྱེད་གང་རུང་ལ་སྦྱོར་སྡེབ་ཀྱིས་སྒྲའི་ང་རོར་འགྱུར་བ་གཏོང་ནུས་པའི་བྱེད་ལས་ཀྱི་ཆ་ཞིག་སྟེ་སྦྱོར་ཀློག་ཅན་གྱི་ཡི་གེའི་ཐུན་མོང་ལ་ཡོད་པའི་དབྱངས་ཀྱི་རྩ་བའི་ཁྱད་ཆོས་གཉིས་ཡོད་པ་དང་།  རང་རེའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་གཙོ་གྲགས་རྣམས་སུ་དབྱངས་གསལ་གཉིས་ཀྱི་དགོངས་ཚུལ་མི་འདྲ་བའི་དཔྱད་བརྗོད་མཛད་པ་དག་ཟུང་སྦྲེལ་སྒོས་ཞིབ་དཔྱད་བཏང་འཕྲལ།  ཨ་ཡི་སྒྲའི་ང་རོ་དབྱངས་སུ་འོས་པས་དབྱངས་ཡིག་ལྔར་དགོངས་ཚུལ་རིགས་པ་དང་མཐུན་ཡང་། བོད་ཀྱི་ཡི་གེར་ཨ་ཡིག་གི་གཟུགས་འདིས་དབྱངས་ཀྱི་བྱེད་ལས་ཐོན་མེད་པས་དབྱངས་སུ་མི་འདོད་པའི་དགོངས་པ་དེའང་རིགས་པ་དང་མཐུན་ཚུལ་གཤམ་དུ་གསལ་བོར་བརྗོད་ན།

༡   ཨ་ཞེས་པའི་གདངས་དབྱངས་ཡིག་ཡིན་པར་ལུང་རིགས་ཀྱིས་དཔྱད་པ།

དེ་ཡང་བོད་ཀྱི་ཡི་གེའམ་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་འབྱུང་གནས་སུ་གྱུར་བའི་ལེགས་སྦྱར་ཡི་གེར་ཨ་ཡིག་དབྱངས་སུ་བཞག་ཡོད་པ་དང་། བོད་རང་གི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཕྱི་མོར་གྲགས་པའི་སུམ་རྟགས་གཉིས་སུའང་དབྱངས་ལ་ཨཱ་ལིའི་ཐ་སྙད་སྦྱར་བ། བོད་ཀྱི་གསལ་བྱེད་ཐམས་ཅད་ངག་ནས་བརྗོད་པའི་ཚེ་ཨ་ཡི་ང་རོ་རང་བཞིན་གྱིས་ཤུགས་སུ་ཐོན་པའི་དགོངས་དོན་སོགས་ལ་གཞིགས་ནས། ས་ཆེན་བསོད་ནམས་རྩེ་མོས། སེངྒེ་ལྟ་བུ་ཨ་ཞེས་བྱ།། ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར།། ཡན་ལག་གི་ནི་ཨ་ཞེས་བརྗོད།།[5] ཞེས་གསུངས་པར་ས་སྐྱ་པཎ་ཆེན་གྱིས། ཡོངས་སུ་གྲགས་པའི་ཨ་ནི་རང་ཉིད་ཀྱིས་བརྗོད་བྱ་བརྗོད་བྱེད་དུ་རུང་བས་གྲོགས་མི་དགོས་པའི་ཕྱིར་སེངྒེ་ལྟ་བུའི་ཨ་སྟེ། ཇི་སྐད་དུ་ས་སྟེང་འདི་ན་སེངྒེ་དང་དང་། འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས།། ཞེས་གསུངས་པ་ལྟ་བུའོ།། ཨི་ཨུ་ཨེ་ཨོ་ནི། ཀ་ལ་སོགས་པའི་ལུས་རྣམས་ལ་ཡན་ལག་ཏུ་འགྱུར་བའི་ཕྱིར། ཡན་ལག་གི་ཨ་ཞེས་ཐ་སྙད་དུ་བྱའོ།།[6] ཞེས་གསལ་འགྲེལ་གྱི་སྒོ་ནས་ཨ་གཅིག་པུར་བརྗོད་བྱ་བརྗོད་བྱེད་རང་ཚུགས་པར་ཡོད་པས་དབྱངས་ཡིག་གི་མ་ལྟ་བུའམ་དབྱངས་ཡིག་མཚན་ཉིད་ལྡན་པ་ཞིག་དང་། ཨི་སོགས་གཞན་བཞི་ནི་ཀ་ལ་སོགས་པར་མ་སྦྱར་བར་རང་ཚུགས་ཀྱིས་བོད་ཀྱི་ཡི་གེར་བརྗོད་བྱ་བརྗོད་བྱེད་སྟོན་མི་ཐུབ་པས་དབྱངས་ཀྱི་ཡན་ལག་གམ་དབྱངས་ཡིག་མཚན་ཉིད་ལྡན་པ་ཞིག་མིན་པར་བསྟན་ཡོད། འདི་ལ་བརྟེན་ནས་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས། ཨཱ་བཞི་ནི་མིང་གཞི་ལ་མ་ལྟོས་པར་རང་རང་རྐྱང་བའི་ང་རོ་དབྱུང་དུ་མེད་པའི་རྒྱུ་མཚན་གྱིས་དེ་བཞི་རྐྱང་པ་ཡིན་ན་འཕུལ་རྟེན་གྱི་བྱ་བ་མི་འཇུག་པས་ཁྱབ་པ་དང་། མིང་གཞིའི་ཡན་ལག་ལས་དངོས་མིན་པའི་རྒྱུ་མཚན་ཡང་དེར་ཐུག་པ་ཉིད་དོ།། [7]ཞེས་གསུངས་པ་ལྟར་བོད་ཀྱི་གནའ་དེང་བརྡ་སྤྲོད་སྨྲ་བ་འགས། དབྱངས་ཀྱི་མཚོན་དོན་ི ུ ེ ོ བཞི་མིང་གཞི་གསལ་བྱེད་ལ་མ་སྦྱར་བར་རང་གཅིག་པུར་ཀློག་ཏུ་རུང་བའི་སྒྲའི་ང་རོ་ཞིག་མེད་པས། གུག་གུ་དང་ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་དབྱིབས་ཀྱི་བརྡ་ཆད་བཏགས་པ་ཞེས་པར་ཞིབ་ཏུ་དཔྱད་ཚེ། དབྱངས་བཞི་ལ་རང་གི་ངོ་བོར་གྱུར་བའི་སྒྲའི་ང་རོ་ཞིག་མེད་པར། གསལ་བྱེད་གང་རུང་ལ་སྦྱར་བས་སྒྲའི་ང་རོ་གཞན་དུ་འགྱུར་བར་སེམས་པ་ནི་ཆོས་ཉིད་དང་གཏན་ཚིགས་ལ་འགལ་བའི་དོན་སྐྱོན་ཤོར་ཡོད་དེ། དཔེར་ན། གཅིག་གི་ཐོག་ལ་ཐིག་ཅི་ཙམ་བསྣན་ཡང་གཅིག་ལས་འབྱུང་ཐབས་མེད་པ་ཇི་བཞིན། སྒྲའི་ང་རོ་གཅིག་གི་ཐོག་ལ་ང་རོ་མེད་པ་ཅི་ཙམ་བསྣན་ཡང་ང་རོ་གཞན་ཞིག་སྐྱེས་བ་གཏན་ནས་མི་སྲིད། དེ་བཞིན་ཀ་ལྟ་བུའི་སྒྲའི་ང་རོ་གཅིག་ལ་སྒྲའི་ང་རོ་མིན་པའི་གུག་གི་ཞེས་དབྱིབས་ཀྱི་མིང་བརྡ་ཞིག་སྦྱར་བས་སྒྲའི་ང་རོ་ཀི་སྐྱེས་པར་སེམས་པའང་རིགས་པ་དང་འགལ་ཡོད་དེ། དེ་མིན་འཇིག་རྟེན་འདིའི་མིང་ཡོད་དོ་ཅོག་ཀ་ལ་སྦྱར་ན་ཀིའི་སྒྲ་སྐྱེས་མི་ཆོག་པའི་རྒྱུ་མཚན་ཅི་ཡང་བསྙད་དུ་མེད་པའི་ཕྱིར། དེར་བརྟེན། འཇམ་དཔལ་རིག་པའི་བློ་གྲོས་ཀྱིས། བོད་སྐད་ལ་ཨཱ་ལི་མེད་ཟེར་བ་ནི། དེ་ལ་ཨཱ་ལི་གཉིས་པ་སྦྱར།། ཞེས་སོགས་རྩ་བ་དང་ཅིའི་ཕྱིར་མི་འགལ། གི་གུ་སོགས་སྦྱར་བས་དབྱངས་ཀྱི་བྱ་བ་བྱེད་ཟེར་བ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱིས་སྒྲ་ཡི་སྐྱེ་མཆེད་ཀྱི་བྱ་བ་བྱེད་ཟེར་བར་སྣང་་་་།[8] ཞེས་དགག་བཞག་གནང་བ་རྨད་དུ་བྱུང་བའི་ལེགས་བཤད་དུ་འཁུམས་སོ།། དོན་འགལ་དེར་དགོངས་ནས་ཨ་ལག་ཤ་ངག་དབང་བསྟན་དར་གྱིས། ཨ་ལ་དབྱངས་འཇུག་ཡོད་པས་ན།། གསལ་བྱེད་ཡིན་གྱི་ཨ་མ་གཏོགས།། ལྷག་མ་ཉི་ཤུ་རྩ་དགུ་ནི།། ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར།། ཨ་ཡང་དབྱངས་སུ་འདུ་བར་འདོད།། གལ་ཏེ་ཨ་དབྱངས་མི་འདོད་ན།། ཨ་ཡི་དབྱངས་ངེས་མེད་འགྱུར་ཞིང་།། ཨི་སོགས་གང་རུང་ཞུགས་མིན་པའི།། ཀ་སོགས་བརྗོད་པའི་ཚུལ་ལ་སོགས།། མེད་པར་ཐལ་བ་གང་གིས་བཟློག།[9] ཅེས་ཨ་ལ་དབྱངས་འཇུག་རུང་བས་གསལ་བྱེད་ཡིན་ཡང་། གསལ་བྱེད་གཞན་ཨའི་ང་རོས་བརྗོད་དགོས་ཕྱིར་དབྱངས་ཀྱང་ཡིན་པ་ལས།  གལ་ཏེ་ཨ་དབྱངས་སུ་མི་འདོད་ན་དབྱངས་ཨ་ངེས་ཚུལ་མེད་པར་མ་ཟད་ཨི་སོགས་གང་རུང་མ་ཞུགས་པའི་ཀ་ལ་སོགས་པའི་བརྗོད་པའང་མེད་ཅེས་ཨ་ཡིག་འདི་དབྱངས་གསལ་གང་རུང་ཞིག་ཏུ་བཞག་ཡོད། དེ་བཞིན་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས། བོད་སྐད་བྱིངས་ཀྱི་ཨ་ཡིག་ནི་གསལ་བྱེད་ཡིན་པར་མ་ཟད། གསལ་བྱེད་གཞན་རྣམས་ཀྱི་སྒྲའི་གདངས་བརྗོད་པ་ལ་ཕན་འདོགས་པར་ནུས་པས་དབྱངས་དངོས་ཀྱང་ཡིན།[10] ཞེས་པས་གོང་དང་མཚུངས་བར་ཨ་ཡིག་དབྱངས་གསལ་གཉིས་ཀ་ཡིན་པ་ཞིག་ཏུ་ཁས་འཆེས་པ་ཙམ་ལས། དོན་དངོས་དབྱངས་གསལ་གང་གི་ཚོགས་པར་བསྡུ་དགོས་པ་ལ་ཁ་གསལ་མ་བཏབ་ཕྱིར་ཐེ་ཚོམ་གྱི་འཆིང་རྒྱ་ལས་གྲོལ་མེད། དགོངས་ཚུལ་དེ་འདོན་དགོས་པའི་རྒྱུ་མཚན། གཅིག་ཏུ་གོང་སྨོས་ལྟར་དབྱངས་ལ་སྒྲའི་ང་རོ་ཞིག་མེད་ཕྱིན་གསལ་བྱེད་གཞན་ལ་འཇུག་པ་རྒྱུ་མཚན་མེད་ཕྱིར་ས་ཆེན་རྣམ་གཉིས་ཀྱི་དགོངས་བཞེད་ལྟར་དབྱངས་སུ་འདོད་རིགས་ཀྱང་། གཉིས་སུ་བོད་ཀྱི་ཡི་གེར་དབྱངས་མཚོན་པའི་ིདང་ུསོགས་བཞི་བོ་རང་གཅིག་པུར་བརྗོད་བྱ་རྗོད་བྱེད་དུ་མི་རུང་བ་ལྟ་བུར་སོང་བ་དང་། ཨ་ཡིག་འདི་རང་ངོས་ནས་བརྗོད་བྱ་རྗོད་བྱེད་བསྟན་ཡོད་པས་གསལ་བྱེད་དུའང་འདོད་དགོས་པར་སེམས་པ་དེ་ཡིན། སྤྱིར་དབྱངས་ཡིག་ལ་རང་གི་ངོ་བོར་གྱུར་བའི་སྒྲའི་ང་རོ་ཞིག་ངེས་པར་ཡོད་དགོས་པ་ན། དབྱངས་ཡིག་ཅིག་ཡིན་ཕྱིན་བརྗོད་བྱ་རྗོད་བྱེད་སྟོན་ནུས་པའི་མིང་གི་གཞིར་རུང་བ་ཞིག་ངེས་པར་ཡིན་དགོས་ཤིང་། བོད་ཀྱི་གུག་གུ་སོགས་བཞི་ནི་ཀ་སོགས་ཀྱི་བླ་འོག་ཏུ་སྦྱོར་བདེ་བར་བཟོས་པ་ཡིན་ཕྱིར། དབྱངས་ཡིག་མཚན་ཉིད་ཚང་བ་ཞིག་མིན་པས་ས་པཎ་སོགས་ཀྱིས་ཡན་ལག་གི་དབྱངས་སུ་བཞག་པ་དང་། དེ་དག་མཚན་ཉིད་ལྡན་པའི་དབྱངས་སུ་འཇོག་སྐབས་ཨ་ཡིག་འདིའི་བླ་འོག་ཏུ་སྦྱོར་དགོས་པ་ན། ཨ་ཡིག་དབྱངས་ཀྱི་མ་རུ་བཞག་པའང་ཡིན་པར་སེམས་སྟེ། གསེར་ཏོག་སུམ་རྟགས་སུ་ཨི་སོགས་བཞི་ནི་ཨའི་ཡན་ལན་ཡིན་པའི་རྒྱུ་མཚན་གྱིས། གུག་གུ་སོགས་བཞི་ཨ་ཡིག་གི་བླ་འོག་ཏུ་བཏགས་ཏེ་བྲིས་ན་ཨི་སོགས་ཡན་ལག་གི་དབྱངས་བཞི་བརྗོད་དུ་ཡོད་པའོ།།[11] ཞེས་པས་དངོས་སུ་མཚོན་ནོ།། དེ་ལྟར་བོད་ཀྱི་དབྱངས་ཡིག་གི་མཚན་ཉིད་ཡོངས་སུ་ཚང་བ་ཨ་ཨི་ཨུ་ཨེ་ཨོ་ལྔ་ནི་བརྗོད་བྱ་རྗོད་བྱེད་སྟོན་པའི་མིང་གི་གཞིར་རུང་བར་བརྗོད་མ་དགོས་སོ།།  གསེར་ཏོག་མཁན་པོས། བོད་ཀྱི་དབྱངས་ཀྱི་ཡན་ལག་དངོས་ནི། གུག་གུ། ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་བཏགས་པའི་བརྡ་ཡིན་པར་གོ་ཞིང་། གོ་བ་ལ་བརྟེན་ནས་དཔེར་མཚོན་ན། མ་ཞེས་པའི་དབྱངས་ཨའི་གདངས་ཀྱིས་ཡི་གེ་བརྗོད་པ་དང་། དེ་ལ་གུག་གུ་ཀླད་དུ་བཞག་པས་མི་ཞེས་་་་་་་་་་མིང་ཐ་དད་ལྔ་སྟོན་པ་ནི་དབྱངས་ཀྱི་ནུས་པ་ཡིན་ཡང་གུག་གུ་སོགས་བཞི་ཡི་དབྱངས་ཨ་ཡིག་དེ་དབྱི་བར་བྱ་དགོས་ཏེ། སི་ཏི་པཎ་ཆེན་གྱི་འགྲེལ་བ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལས། དེས་ན་ཀཱ་ལི་སུམ་ཅུ་པ་ལ་ཨཱ་ལི་དང་པོ་སྦྱར་བས་ཨི་ཡིག་ཏུ་འགྲུབ་པ་སོགས་ཡིན་པས་དེ་དག་གི་ཨ་ཡིག་བརྗོད་དོན་རྗེས་འབྲེལ་དུ་བྱས་པའི་ཕྱིར་དབྱི་བར་བྱ་བ་ཉིད་དོ།། ཞེས་པའི[12] གོང་འོག་ཚང་མ་སྡེབས་ཏེ་དཔོགས་ཚེ། ཡན་ལག་གི་དབྱངས་གུག་གུ་སོགས་བཞི་མའི་དབྱངས་ཨ་ལ་སྦྱར་ནས་དབྱངས་དངོས་སུ་གྲུབ། དེ་དག་ཀ་སོགས་ལ་སྦྱར་ན་ཨྐི་ཞེས་འགྲུབ། དབྱངས་ཨ་ཡིག་དེ་དབྱི་བས་ཀི་ཞེས་འགྲུབ་པ་ཡིན་ཞེས་སི་ཏི་པཎ་ཆེན་གྱི་ལུང་སྒྲུབ་བྱེད་དུ་དྲངས་ནས་ཤིན་ཏུ་བསྐོར་བའི་སྒོ་ནས་བརྗོད་དགོས་དོན། ཀ་ལ་གི་གུ་སྦྱར་ནས་ཀི་ཞེས་པ་གོང་སྨོས་ལྟར་ཆོས་ཉིད་དང་རིགས་པར་འགལ་བའི་རྐྱེན་གྱིས་ཡིན།  དེ་ལ་ཉེ་དུས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་གིས་གོང་དུ་དྲངས་པའི་སི་ཏི་པཎ་ཆེན་གྱི་དགོངས་ཚུལ་ལ་དགག་བཞག་མཛད་དེ་ཀཱ་ལི་སུམ་ཅུ་པ་ལ་ཨཱ་ལི་དང་བོ་སྦྱར་ནས་ཨི་ཡིག་ཏུ་འགྲུབ་ཅེས་པར་ཚིག་སྐྱོན་ཡོད་པ་དང་། ཨ་ཡིག་བརྗོད་དོན་རྗེས་འབྲེལ་ཕྱིར་དབྱི་བར་བྱ་བ་ཞེས་ལེགས་སྦྱར་གྱི་སྒྲ་མདོའི་ལུང་དྲངས་ནས་བོད་ཀྱི་གི་གུ་སྒྲུབ་པ་དེ་བས་ཀྱང་མི་འཐད་པ་ཤེས་སླ་ཞིང་། སྒྲ་ལ་མ་སྦྱང་བའི་གསར་ཞུགས་པ་ཞིག་མགོ་རྨོངས་པའི་རྐྱེན་དུ་འགྱུར[13]ཅེས་དགག་བཞག་མཛད་ཡོད་མོད།  ཞིབ་ཏུ་གཞིག་ན་ཨ་ཡིག་དབྱངས་སུ་མི་འདོད་པའི་སི་ཏི་པཎ་ཆེན་གྱིས་ཀྱང་མིང་གི་རྣམ་པའི་གི་གུ་སྦྱར་ནས་ཀ་སོགས་ཀྱི་སྒྲའི་ང་རོ་འགྱུར་བ་རིགས་པ་དང་མི་མཐུན་ཕྱིར། ཨཱ་ལི་དང་བོ་སྟེ་གི་གུ་ཀཱ་ལི་སུམ་ཅུ་བ་སྟེ་ཨ་ཡི་སྟེང་དུ་སྦྱར་ནས་ཨི་འགྲུབ། དེ་ཉིད་ཀ་ལ་སོགས་པར་སྦྱོར་དགོས་པ་ཁས་བླངས་པས། དེའི་ཤུགས་སུ་ཨ་ཨི་ཨུ་ཨེ་ཨོ་སོགས་ཀྱི་སྒྲའི་ང་རོའམ་གདངས་དེ་དབྱངས་སུ་ཁས་མི་ལེན་རང་ལེན་དུ་གྱུར་བ་དཔོགས་ཐུབ།  དེ་ན་བོད་ཀྱི་དབྱངས་ལ་གི་གུ་དང་ཞབས་ཀྱུ་སོགས་སྦྱོར་བ་ནི་དབྱངས་ལ་ངེས་ཤེས་ཐོབ་ཕྱིར་མིང་བཏགས་པ་ཙམ་ལས་དབྱངས་ཀྱི་སྒྲ་གདངས་མིན། བོད་ཡིག་གི་དབྱངས་ཀྱི་སྒྲ་གདངས་དབྱངས་ཡིག་གི་གུ་མཚོན་པའི་རྟགས་ིའདི་ལས་མི་ཐོན་པར་དེ་ལ་ཨ་སྦྱར་ནས་ཐོན་དགོས་ཕྱིར། ཨ་ཨི་ཨུ་ཨེ་ཨོ་བཅས་ནི་བོད་ཡིག་གི་དབྱངས་ཀྱི་སྒྲ་གདངས་དངོས་ཡིན་པ་དང་། དེ་དག་གསལ་བྱེད་གང་རུང་ལ་སྦྱོར་བས་གདངས་གཞན་དུ་འགྱུར་བའི་ནུས་པ་དངོས་སུ་བསྐྱེད་ནུས་པ་དཔེར་ན། ཀཀའ་།  ཀཨིཀི  ཀཨུཀུ  ཀཨེཀེ  ཀཨོཀོ་ལྟ་བུའི་གདངས་རང་ཤུགས་ཀྱིས་འབྱུང་། དེ་ནི་བོད་ཡིག་ཁོ་ན་མ་ཡིན་པར་དབྱངས་གསལ་ཡི་གེ་སྤྱིའི་གྲུབ་ལུགས་ཤིག་ཏུའང་རིགས་སྟེ། རྒྱལ་སྤྱིའི་སྒྲ་གདངས་ཀྱི་ཡི་གེ་དང་། དབྱིན་ཡིག   རྒྱ་ནག་ཡི་གེའི་སྒྲ་གདངས་འདོན་པའི་སྦྱོར་ཀློག་ཡི་གེ་ཚང་མ་གཅིག་མཚུངས་སུ་ཡོད།  ཨ་ཨི་ཨུ་ཨེ་ཨོ་བཅས་ནི་དབྱངས་ཀྱི་ང་རོ་ལྔ་ཡིན་པ་ན།  དབྱངས་ཨའི་ང་རོའི་ཐོག་ལ་ིསོགས་ཀྱི་དབྱིབས་འདི་དག་སྦྱར་ནས་ང་རོ་ཨི་སོགས་བྱུང་པ་མིན་པར་རང་རང་གི་སྒྲའི་ང་རོའམ་ངོ་བོ་དེ་དག་ཡིན་དགོས་པ་གོང་གི་རིགས་པས་རྗེས་སུ་དཔོག  འོན་ཀྱང་བོད་ཡིག་ཏུ་ཨི་སོགས་བཞི་ལ་ང་རོ་མཚོན་པའི་གཟུགས་གཉིས་བྲིས་པས་སོ་སོར་འབྲལ་རུང་བ་དང་།  དབྱངས་ཡིག་གསལ་བྱེད་ལ་འཇུག་ཚུལ་བླ་འོག་ཏུ་འབྲི་བ་སྲོལ་གཏོད་ཚེ་དབྱངས་ཀྱི་ང་རོ་བཞི་མ་གཏོགས་འཇུག་གནས་མེད་ལ།  དེར་འཇུག་བདེ་བའི་སྒྲའི་ང་རོ་མཚོན་པའི་གུག་གུ་སོགས་བཞི་བཟོས་པ་དང་། དེ་དག་རང་རང་གི་ངོ་བོར་གྱུར་བའི་སྒྲའི་ང་རོ་འདོན་སྐབས་རང་དང་ཚོགས་པ་མཚུངས་པའི་དབྱངས་ཨ་ཡིག་གི་བླ་འོག་ཏུ་བཏགས་པ་ཡིན་པར་སེམས་སོ།། (འདི་སྐབས་སུ་ལེགས་སྦྱར་དབྱངས་ཡིག་གི་འཕྲི་སྣོན་ལས་བོད་ཀྱི་དབྱངས་ཡིག་བཟོས་པའི་ཞིབ་བསྡུར་གྱིས། བོད་ཀྱི་དབྱངས་ཡིག་ནི་ལེགས་སྦྱར་གྱི་དབྱངས་ཡིག་ཐུང་བ་ལྔ་སྟེ།  ཨ་ཨི་ཨུ་ཨེ་ཨོ་བཅས་ལ་རིགས་བགྲེ་ནས་བཟོས་པ་ཡིན་པ་དང་། དེ་དག་གསལ་བྱེད་ཡི་གེ་ལ་སྦྱོར་བའི་སྐབས་སུ་ལེགས་སྦྱར་ལའང་དབྱངས་ཡིག་ཆ་ཤས་སུ་འཕྲལ་དགོས་པ་ཇི་བཞིན་བོད་ལའང་ཆ་ཤས་སུ་འཕྲལ་བ་དང་།  ལེགས་སྦྱར་གྱི་དབྱངས་ཨ་ཡིག་གསལ་བྱེད་ཡི་གེ་ལ་ཕྱི་རྐང་གི་རྣམ་པས་གྲུབ་ཡོད་ཅིང་།  གང་ཨིད་ཀྱི་མིང་ཅན་དེ་དབྱིའོ་ཞེས་གསལ་བྱེད་ཀྱི་སྲོག་ཏུ་གྱུར་བའི་དབྱངས་ཀྱི་མཚོན་དོན་ཕྱི་རྐང་ཕྱིས་ན། གསལ་བྱེད་སྲོག་མེད་དུ་གྱུར་ནས་བརྗོད་ཐབས་མེད་པར་འགྱུར་མོད། བོད་ལ་གསལ་བྱེད་ཀྱི་ཕྱི་རྐང་གིས་དབྱངས་ཨའི་དོད་མི་བྱེད་ཕྱིར་དབྱངས་ཨའི་དོད་ཀྱི་འབྲི་ཚུལ་སྐྱུང་བའི་གཟུགས་རིས་འ་ཡིག་བཟོས་པར་འདོད་དོ།།  འདིའི་སྐོར་ཅུང་ཇེ་རྒྱས་སུ་གཏོང་དགོས།།  )

མདོར་ན།   ལུང་གི་ཕྱོགས་ནས་ས་པཎ་གྱི་བསྟན་བཅོས་མཁས་པའི་ཁ་རྒྱན་དུ་དབྱངས་རྣམས་ནི་ལྔའོ་ཞེས་དང་། དཔལ་ཁང་ལོ་ཙཱ་བའི་དག་ཡིག་སྒྲོན་དུའང་། དབྱངས་ལྔ་ཡ་ར་ལ་ཝའི་འདོགས།། ཞེས་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་ཀྱང་། དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ།། ཞེས་པ་སོགས་དབྱངས་ལྔའི་དགོངས་བཞེད་དངོས་སུ་བཏོན་པ་དང་།   གཞན་ཨ་ལག་ཤ་ངག་དབང་བསྟན་དར་དང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་ཆེན་མང་བོས་ཨ་ཡིག་དབྱངས་གསལ་གོ་གཉིས་ཆོད་ཅན་ཞིག་ཏུ་དགོངས་པའང་སྒྲའི་ང་རོའི་ཆ་ནས་དབྱངས་སུ་འདོད་པ་ཡིན་པར་མ་ཟད། གཟུགས་ཀྱི་ཆ་ནས་བོད་ཡིག་ལ་དབྱངས་ཡིག་བཞི་ལས་མི་འདོད་པའི་སི་ཏུ་དང་པྲ་ཏི་སོགས་ཀྱིས་ཀྱང་སྒྲ་ཡི་ང་རོའི་ཆ་ནས་བོད་ལ་དབྱངས་ཡིག་ལྔ་ཤུགས་སུ་ཁས་བླངས་ཚུལ་ནི། དབྱངས་ཡིག་དེ་དག་གི་སྒྲའི་ང་རོའི་རྣམ་པ་མཚོན་པའི་དྲང་པོ་དང་། བཀུག་པ། སྨད་པ། བསྒྲེང་བ། བསྟོད་པ་བཅས་ལྔའི་རྣམ་བཞག་ཁས་མི་ལེན་པའི་མཁས་དབང་ད་སྔར་སུའང་བྱུང་མེད་དེ། དབྱངས་ཨ་ཨི་ཨུ་ཨེ་ཨོ་བཅས་ངེས་པའི་སྙན་ངག་གི་བྱ་དཀའ་བའི་རྒྱན་འགོད་ཚུལ་ཐུན་མོང་གིས་ཁས་ལེན་པའི་ཕྱིར་དང་།།  མཁས་དབང་ཚེ་ཏན་ཞབས་དྲུང་གིས་བོད་ལ་དབྱངས་ལྔར་མི་འོས་ཚུལ་རིགས་པས་སྒྲུབ་ཡོད་མོད། སྒྲའི་ང་རོའི་ཆ་ནས་དབྱངས་ལྔ་ཁས་ཚུལ་ནི། རང་གི་ཐོན་མའི་ཞལ་ལུང་དུ་ཡི་གེ་ནི་དབྱེ་གཞི་ཡིན་ལ། དབྱེ་ན་ཨཱ་ལི་ཀཱ་ལི་གཉིས་སོ།། དེ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ནི། སྐྱེ་བོའི་སྐད་ཀྱི་གདངས་ལ་དབྱངས་གསལ་གྱི་སྒྲ་གཉིས་སུ་ངེས་ཏེ། ང་རོའི་ཚུལ་གྱིས་འབྱིན་པའི་མི་གསལ་བའི་གདངས་ནི་དབྱངས་དང་། ཡི་གེ་རང་རང་གི་སྐྱེ་གནས་ལས་སྒྲ་དག་གསལ་གསུམ་ཚང་བའི་ཚུལ་གྱིས་འབྱིན་པའི་གདངས་ནི་གསལ་བྱེད་དེ་སྐད་གདངས་དེ་གཉིས་སུ་གྲངས་ངེས་པའི་ཕྱིར་རོ།།[14] ཞེས་པས་ཨའི་གདངས་དབྱངས་ཡིག་ཏུ་ཁས་མི་ལེན་རང་ལེན་ཡིན། རིགས་པའི་ཆ་ནས་གནའ་དེང་སྒྲ་རིག་སྨྲ་བའི་དབྱངས་གསལ་དབྱེ་སྟངས་ཀྱི་དགོངས་པ་གཞིར་བཞག་ཚེ་ཨ་ཡིག་གི་གདངས་དབྱངས་ཀྱི་སྒྲའི་ང་རོ་ཡིན་པ་གོང་དུ་བཤད་ཟིན་པ་ལྟར་རོ།།  གཞན་རྩ་བར་ཨཱ་ལི་གསལ་བྱེད་ཨི་སོགས་བཞི་ཞེས་པ་བོད་ཀྱི་སྐད་ལ་དབྱངས་ཡིག་བཞི་ལས་མེད་པའི་ལུང་གི་སྒྲུབ་བྱེད་དུ་མཁས་པ་མང་བོས་འགོད་མོད། དེ་ལ་བཤད་པར་བྱ་བ་འདི་ཡོད་དེ། བོད་ཡིག་གི་གསལ་བྱེད་ཐམས་ཅད་དབྱངས་ཨའི་གདངས་ལས་གྲུབ་པ་ཡིན་ཕྱིར། གསལ་བྱེད་རྐྱང་བར་ཨ་ཞུགས་དགོས་པའི་རྒྱུ་མཚན་མེད་པར་མ་ཟད།  ཨ་ཡི་གཟུགས་འདི་གསལ་བྱེད་རྣམས་ལ་འཇུག་པའི་བྱར་ཡང་མེད་པ་དང་། ཨི་སོགས་དབྱངས་གཞན་ནི་ཀ་སོགས་གསལ་བྱེད་རྐྱང་བར་དངོས་སུ་ཞུགས་ནས་དབྱངས་ཀྱི་གདངས་གསལ་བར་བྱེད་དགོས་ཕྱིར་དེ་ལྟར་གསུངས་པ་ལས།  དབྱངས་བཞི་ཁོ་ནས་ལས་མི་འདོད་པ་མ་ཡིན་ཏེ། དེ་ན་མཁན་པོས་ཨཱ་ལི་གསལ་བྱེད་ཅེས་གསལ་བྱེད་ཀྱི་ཚིག་ནན་དུ་བསྣན་དགོས་པར་དོན་མེད་པ་མ་ཡིན་ནམ་སྙམ། གང་ལྟར་ཨ་ཡིག་འདི་སྒྲའི་ང་རོའི་ཆ་ནས་དབྱངས་ཡིག་ཡིན་པར་ལུང་རིགས་གཉིས་ཀྱིས་གྲུབ་པ་ལས་འོལ་ཚོད་དང་རྟོག་བཟོ་བྱས་པ་ཞིག་མིན་པར་བསྙོན་དུ་མེད་དོ།།

༢  ཨ་ཡིག་གིས་དབྱངས་ཀྱི་བྱ་བ་མི་བྱེད་པས་དབྱངས་ཡིག་མཚན་ཉིད་པ་མིན་པར་དཔྱད་པ།

ཨ་ཡི་སྒྲ་གདངས་འདི་སྒྲའི་ང་རོའི་ཆ་ནས་དབྱངས་སུ་ངོ་བོས་ཐག་བཅད་ཚུལ་གོང་དུ་སྨྲོས་ཟིན་པ་དང་།  ཨ་ཡི་གཟུགས་འདིས་དབྱངས་ཀྱི་བྱེད་ལས་མི་འདོན་པས་བོད་ཀྱི་བརྡ་སྤྲོད་སྨྲ་བ་འགས་དབྱངས་སུ་མི་འདོད་པ་ལའང་རྒྱུ་མཚན་ལྡན། སྤྱིར་དབྱངས་གསལ་གྱི་དབྱེ་བ་འབྱེད་པའི་རྩ་བ་གོང་དུ་བརྗོད་པའི་སྒྲའི་ང་རོ་ལས་གཞན། བྱེད་ལས་གསལ་བྱེད་ལ་འཇུག་པའམ། གསལ་བྱེད་ཕན་ཚུན་སྦྱོར་སྡེབས་ལའང་མཚམས་སྦྱོར་བའི་བྱེད་ནུས་ཅན་ཞིག་ཡིན་དགོས་ཏེ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བརྗོད་དུ་མེད་པའི་སྲོག་མེད་རྐྱང་བ་འདིར་མི་འདོད་ཅིང་ཨ་ཡིག་དེ་ཀ་ལ་སོགས་པར་ཞུགས་པའི་ཐ་སྙད་བྱར་མེད་པས་དེས་དེ་དག་ལ་ཨཱ་ལིའི་བྱ་བ་གསལ་བར་བྱེད་མ་ནུས་པའི་ཕྱིར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པར་མཛད་པ་ཡིན་ནོ།།[15]ཞེས་ཨ་ཡིག་དབྱངས་མིན་པའི་རྒྱུ་མཚན་ཀ་ལ་སོགས་པའི་གསལ་བྱེད་གཞན་ལ་ཞུགས་མི་ཐུབ་པ་དེ་བསྟན་ཡོད་པ་དང་། འབྲས་སྤུངས་ཚོགས་ཆེན་ཁྲི་ཟུར་སྒོ་མང་གུང་རུ་བསྟན་འཛིན་གྱིས་བོད་ཀྱི་ཡི་གེ་ཨ་དེ་ཨི་སོགས་བཞི་ལྟར་ཀ་སོགས་གསལ་བྱེད་རྣམས་དང་སྦྱར་དེ་གདངས་ཀྱི་ང་རོའི་ཚུལ་དུ་བརྗོད་དུ་མེད་པས། དབྱངས་ཀྱི་བྱ་བ་གསལ་བར་མི་བྱེད་པས་ཨཱ་ལིའི་སྡེ་ཚན་དུ་མ་བགྲང་ཤིང་། རང་ཉིད་ལ་ཀ་སོགས་གསལ་བྱེད་གཞན་ལྟར་ཨི་སོགས་བཞི་སྦྱར་བས་ཀཱ་ལིའི་བྱ་བ་གསལ་བར་བྱེད་པས་ཀཱ་ལིའི་སྡེ་ཚན་དུ་བཞག་པ་[16]ཞེས་དང་། ཚེ་དབང་ལྷ་མོ་དང་དགེན་ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ་དུའང་སྦྱོར་ཀློག་ཅན་གྱི་ཡིག་རིགས་ཤིག་ཡིན་ཕྱིན། དབྱངས་ཡིག་ཡིན་ན་གསལ་བྱེད་ཀྱི་ཡི་གེ་རྣམས་ཀྱི་ཁོངས་སུ་ཞུགས་པ་མ་ཟད་སྟེང་འོག་རྣམས་སུ་དབྱངས་ཀྱི་ཆ་ཤས་མངོན་པའི་སྒོ་ནས་དོན་སྟོན་པ་རྒྱ་གར་གྱི་ཡི་གེ་ལ་སོགས་པ་དང་།  སྔོན་རྗེས་སུ་ཞུགས་ནས་དོན་སྟོན་པ་དབྱིན་ཡིན་ལྟ་བུ་དང་། ་་་་གསལ་བྱེད་ཀྱི་ཡི་གེ་གང་ལ་མི་ཞུགས་པའི་དབྱངས་ཡིག་འཇིག་རྟེན་འདིར་མཐོང་མ་མྱོང་།[17] ཞེས་པ་སོགས་ལས་དབྱངས་ཡིག་ཅིག་ཡིན་ཕྱིན་ངེས་པར་གསལ་བྱེད་ལ་ཞུགས་པའི་ཁྱད་ཆོས་ཚང་དགོས་མོད། བོད་ཀྱི་ཨ་ཡིག་ལ་ཁྱད་ཆོས་དེ་མི་ཚང་བས་དབྱངས་སུ་མ་བཞག་ཚུལ་གསལ་བོར་བསྟན།  དེ་ལས་དབྱངས་ཡིག་ལ་སྒྲའི་ང་རོའི་ཁྱད་ཆོས་ཕུད་པའི་རྩ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་གསལ་བྱེད་སོགས་ལ་ཞུགས་ནས་སྒྲའི་ང་རོ་འགྱུར་བར་བྱེད་ནུས་ཐོན་དགོས་པ་དེ་ཡིན་པ་ཤིན་ཏུ་གསལ། དེ་མིན་བོད་ཀྱི་གནའ་དེང་སུམ་རྟགས་སྨྲ་བ་མང་བོས་དབྱངས་རང་ལ་དབྱངས་གཞན་འཇུག་མི་རུང་བ་དང་། དབྱངས་གཅིག་པུས་བརྗོད་བྱ་རྗོད་བྱེད་སྟོན་པའི་མིང་གི་གཞི་བྱེད་མི་ནུས་པ་སོགས་ཀྱང་ཨ་ཡིག་དབྱངས་སུ་མི་འོས་པའི་སྒྲུབ་བྱེད་དུ་བཀོད་ཡོད་མོད། ཞིབ་ཏུ་གཞིགས་ན་དེ་ནི་སྦྱོར་ཀློག་ཡི་གེར་དབྱངས་གསལ་ཕྱེ་བའི་རྩ་བའི་ཁྱད་ཆོས་ཤིག་མིན་པར་མ་ཟད། སྦྱོར་ཀློག་ཅན་གྱི་ཡི་གེ་ཕལ་མོ་ཆེའི་དབྱངས་ཡིག་རང་ངོས་ནས་མིང་གཞི་བྱས་ཆོག་པ་བོད་ཡིག་གི་ཕྱི་མོར་གྱུར་བའི་རྒྱ་གར་ཡི་གེ་རང་ལ། ཨ་ཁྱབ་འཇུག་གི་མིང་དང་ཨེ་འབྲུབ་ཁུང་གི་མིང་། རཱྀ་སྨད་པའི་མིང་སོགས་གསལ་བྱེད་ཡི་གེ་མི་དགོས་པར་དབྱངས་ཡིག་ཁོ་ན་མིང་གི་གཞིར་གྱུར་བའི་མིང་ཚིག་མང་བོ་ཞིག་ཡོད་པ་དང་། དེ་བཞིན་དབྱིན་ཡིག་དང་རྒྱ་ནག་གི་སྒྲ་སྦྱོར་ཡི་གེ  ལ་ཏིང་ཡི་གེ་སོགས་དབྱངས་གསལ་གྱི་ཡི་གེ་མང་ཆེ་ཤོས་ཀྱི་དབྱངས་ཡིག་གཅིག་པུ་མིང་གི་གཞིར་རུང་བ་ཁ་ཐོག་མིག་ཐོག་ཏུ་ཤར་ཡོད།  འོན་ཀྱང་བོད་ཀྱི་ཡི་གེར་ཡན་ལག་གི་དབྱངས་བཞི་རྣམ་པའི་ཆ་ནས་རང་ཉིད་འཇུག་བྱེད་ལས་འཇུག་བྱར་མི་རུང་བ་ལྟ་བུ་ཞིག་ཏུ་ཡོད་པ་འདྲའང་། ངོ་བོའི་ཆ་ནས་རང་ཡང་མིང་གཞི་རང་མཚན་པ་ཞིག་ཏུ་འདོད་དགོས་པ་ནི་དཔེར་ན།   ཨ་མ་དང་འ་ཅག  ཨི་ཐི་བ་དང་འབྲེལ་སྒྲའི་འི། ཨུ་དུམ་བཱ་ར་དང་འུ་ལག ཨེ་མ་དང་འེ་ཅག ཨོ་རྒྱན་དང་འོ་ན་སོགས་ལས་དབྱངས་རང་རང་གི་སྒྲའི་ང་རོ་མིང་གི་གཞིར་གྱུར་བ་ཞིག་ལས། དེ་དག་གསལ་བྱེད་ཀྱི་ཨ་དང་འའི་སྟེང་དུ་སྦྱར་ནས་ང་རོ་ཐོན་པར་འདོད་པ་མི་འཐད་ཚུལ་གོང་སྨོས་ལྟར་དང་། ཨག་འག ཨིང་འིང་། དེ་བཞིན་ཨུན་འུན། ཨེབ་འེབ། ཨོད་འོད་སོགས་དབྱངས་རང་ཉིད་གསལ་བྱེད་གཞན་གྱི་འཇུག་བྱར་གྱུར་ཆོག་པའང་བརྗོད་མ་དགོས། དེ་ལས་དབྱངས་ཡིག་གིས་མིང་གི་གཞི་བྱེད་མིན་དང་དབྱངས་ཡིག་རང་ཉིད་ཡི་གེ་གཞན་གྱི་འཇུག་བྱར་རུང་མིན་སོགས་ནི་དབྱངས་གསལ་ཕྱེ་བའི་ངོ་བོ་མིན་པ་ཤེས་སོ།། དེ་ན་དབྱངས་ཀྱི་ཐུན་མིན་ཁྱད་ཆོས་ནི་སྒྲའི་ང་རོ་ལས་གཞན་གསལ་བྱེད་གཞན་ལ་འཇུག་བྱེད་ཅིག་ངེས་པར་དུ་ཡིན་དགོས་པ་ན། བོད་ཀྱི་ཨ་ཡིག་འདིས་འཇུག་བྱེད་ཀྱི་ནུས་པ་ཐོན་པའི་སྲོལ་བོད་ཡིག་ལ་མ་གཏོད་པས་དབྱངས་ཡིག་གི་མཚན་ཉིད་ཡོངས་སུ་མི་ཚང་བ་སྟེ། རང་དབྱངས་ཡིག་ཡིན་ཡང་དབྱངས་ཡིག་གི་བྱེད་ལས་མི་བྱེད་པ་དང་། ཡན་ལག་གི་དབྱངས་ལྟ་བུར་རང་གཅིག་པོས་མིང་གི་གཞི་མི་ཆོག་པའང་མ་ཡིན་པས་ཁྱད་ཆོས་གཉིས་ཀྱི་སྒོ་ནས་སུམ་རྟགས་ཀྱི་རྩ་བར་གསལ་བྱེད་ཀྱི་མཐར་བགྲང་བ་དང་། རྗེས་ཀྱི་བརྡ་སྤྲོད་མཁས་ཆེན་སི་ཏུ་པྲ་ཏི་སོགས་ཀྱིས་དབྱངས་ཡིག་བཞི་ལས་ཨ་ཡིག་དབྱངས་སུ་འདོད་མི་འོས་པའི་དགོངས་དོན་འདི་བྱུང་། དེར་བསྟུན་མཁས་དབང་ཚེ་ཏན་ཞབས་དྲུང་གིས་བོད་ཡིག་ཕྱི་མོ་ལེགས་སྦྱར་ཡི་གེ་ཡིན་ནའང་བོད་མིའི་སྐད་ཀྱི་དབང་གིས་དེ་གཉིས་ཆ་ཐམས་ཅད་ནས་འདྲ་མཚུངས་སུ་བཟོ་མི་ཐུབ་པ་དང་། བོད་ཀྱི་ཡི་གེར་འཕུལ་རྟེན་མགོ་འདོགས་ཀྱི་སྲོལ་གཏོད་པས་ལེགས་སྦྱར་གྱི་ཡི་གེའི་རྣམ་བཞག་དང་ཁྱད་པར་ཆེས་ཆེར་བྱུང་བ་དང་། མིང་མཐར་རྗེས་འཇུག་བཅུ་བོ་གང་རུང་མ་ཞུགས་པར་མིང་དང་དོན་གཞན་ལ་འཇུག་མི་སྲིད་པའི་རྣམ་བཞག་མཛད་པ་དང་། ཡིག་འབྲུ་རེ་རེ་བའམ་འཕུལ་རྟེན་མིང་གསུམ་སོ་སོར་མི་འདྲེ་བའི་ཆེད་དུ་བར་ཚེག་གསར་བཟོ་མཛད་པ་སྟེ་རྒྱུ་མཚན་བཞིའི་སྒོ་ནས་བོད་ཀྱི་ཡི་གེར་སྲོག་ཅན་སྲོག་མེད་ཀྱི་རྣམ་བཞག་མ་མཛད་པ་ཡིན་ནོ།།[18]ཞེས་གནས་ལུགས་བཞིའི་སྒོ་ནས་ཨ་ཡིག་དབྱངས་སུ་མི་རུང་ཚུལ་བསྒྲུབས་པ་དང་།  དཀོན་མཆོག་ཡེ་ཤེས་ཀྱི་དཔྱད་རྩོམ་ཡི་གེ་དང་ལ་དོན་ཞེས་པ་ལས། ཨ་ཡིག་གསལ་བྱེད་ཡིན་པའི་རྒྱུ་མཚན་རང་གྲོགས་དབྱངས་དང་སྦྱར་ན་རང་གི་བརྗོད་དོན་གསལ་བར་བྱེད་དེ། དཔེར་ན། ཨི་ཐི་བ། ཨུ་ཚུགས། ཨེ་མ། ཨོ་བོ་སོགས་རིམ་བཞིན་སྙིང་བོ་དང་། ནན་ཏན། ངོ་མཚར། ཐམས་ཅད་ཀྱི་དོན་ཏེ། ཨ་ཡིག་དབྱངས་ཡིན་ན་རིགས་པའི་སྒོ་ནས་གནོད་བྱེད་ཡོད་[19]ཅེས་དང་།  རྩ་བ་ལས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི།། ཀཱ་ལི་སུམ་ཅུ་ཐམས་པའོ།། ཞེས་པའི་ལུང་དང་འགལ་ཚུལ་སྒྲུབ་བྱེད་དུ་དྲངས་ནས་བརྡ་སྤྲོད་སྨྲ་བ་མང་བོ་ཞིག་གིས་ཨ་ཡིག་དབྱངས་སུ་མི་འོས་ཚུལ་བརྗོད་ཡོད།།

སྤྱིར་བོད་ཀྱི་ཡི་གེར་ི་སོགས་བཞི་དང་ཨ་བཅས་དབྱངས་ཀྱི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་མིན་པར་སེམས། རྒྱུ་མཚན་གི་གུ་སོགས་བཞི་ལ་རང་དང་ཚོགས་པ་མཚུངས་པའི་ཨ་དང་འའི་སྟེང་དུ་མ་སྦྱར་བར། རང་ངོས་ནས་རང་གི་ངོ་བོར་གྱུར་སྒྲའི་ང་རོ་འབྱིན་མི་བདེ་བ་ལྟ་བུར་ཡོད་པས། སྒྲའི་ང་རོ་དེས་མཚོན་པའི་བརྗོད་བྱ་རྗོད་བྱེད་སྟོན་མི་ནུས་པས་ས་པཎ་སོགས་ཀྱིས་ཡན་ལག་གི་དབྱངས་སུ་གསུངས་པ་ཤིན་ཏུ་མད་པར་འདོད་པ་དང་། དེ་བཞིན་ཨ་ཡིག་འདིས་རང་ངོས་སུ་དབྱངས་ཀྱི་སྒྲའི་ང་རོ་དངོས་སུ་ཐོན་ཕྱིར་། སྒྲའི་ང་རོ་དེས་མཚོན་པའི་ཨ་མ་དང་། ཨ་ན་མ་ན་སོགས་བརྗོད་བྱ་རྗོད་བྱེད་དངོས་སུ་བསྟན་ཡང་། གསལ་བྱེད་གཞན་ལ་ཞུགས་ཏེ་སྒྲའི་ང་རོ་འགྱུར་བར་བྱེད་པའི་དབྱངས་ཀྱི་བྱ་བ་མི་བྱེད་པས་ན་དེའང་དབྱངས་ཡིག་མཚན་ཉིད་ཚང་བ་ཞིག་མིན་པར་རིགས།  འོན་ཀྱང་ཁོ་བོས་བསམ་ན་ཨ་ཆེན་གྱི་ཡི་གེ་འདིས་དབྱངས་ཀྱི་བྱ་བ་མི་བྱེད་པ་ཙམ་ལས་འདིའི་ངོ་བོར་གྱུར་བའི་ཨ་ཡི་གདངས་དེས་བོད་ཡིག་ཏུ་དབྱངས་ཀྱི་བྱ་བའང་བྱེད་བཞིན་པ་གཤམ་དུ་འཆད་པར་བྱེད། དེར་བརྟེན་བོད་ཀྱི་ཡི་གེར་དབྱངས་ཀྱི་ང་རོ་ལྔར་དབྱེ་ཚུལ་དོན་ལ་འབྱོར་ཞིང་། ཨ་ཡིག་འདིའང་གདངས་ཀྱི་ཆ་ནས་དབྱངས་ཡིག་ཏུ་བསྡུ་བ་ལས་འོས་སུ་མེད་པར་འདོད་དོ།།

༣ འ་ཡིག་ལ་སྒྲ་འཇུག་གཉིས་ཀའི་ཆ་ནས་དབྱངས་ཀྱི་མཚན་ཉིད་ཚང་བར་དཔྱད་པ།

གོང་དུ་ཨ་ཡིག་དབྱངས་ཡིན་མིན་ལ་རིགས་པས་དཔྱད་པ་དེ་ལས། ཨ་ཡི་ང་རོ་དབྱངས་ཡིན་པར་མ་ཟད་ང་རོ་དེས་བོད་ཀྱི་ཡི་གེར་དབྱངས་ཀྱི་བྱ་བའང་འདོན་བཞིན་ཡོད་མོད། འོན་ཀྱང་དེ་ནི་ཨ་ཡིག་འདི་ཡི་གེ་གཞན་ལ་འཇུག་པའི་རྣམ་བཞག་གཏན་ནས་མེད་ཕྱིར། དེ་གསལ་བྱེད་གཞན་ལ་མི་མངོན་པའི་ཚུལ་གྱིས་སྲོག་ཞུགས་ཀྱི་རྣམ་པར་གནས་པ་སྟེ། གླང་རི་བ་ཐུབ་བསྟན་སྦྱིན་པས་ཨ་ཡིག་གསལ་བྱེད་ཀྱི་མཐར་འཇོག་ལ། དེའི་གནད་ནི་བོད་སྐད་ཀྱི་གསལ་བྱེད་ཀ་ཁ་སོགས་ཐམས་ཅད་ངག་ནས་བརྗོད་པའི་ཚེ་དེ་རྣམས་ལ་དབྱངས་ཨའི་སྒྲ་སྲོག་ཏུ་ཞུགས་ཏེ་སྨྲ་དགོས་པ་མཚོན་པར་སྟོན་པའི་ཕྱིར་ཡིན། དེའི་ཕྱིར་དོན་གྱི་ཆ་ནས་ཨ་ཡིག་ཀྱང་དབྱངས་སུ་འགྲོ་ངེས[20]ཞེས་པ་ལྟར་སྔ་རབས་མཁས་ཆེན་མང་བོས་ཨ་སྲོག་ཞུགས་ཀྱི་རྣམ་བཞག་འདོད་མོད། དེ་ཙམ་གྱིས་རྟ་མོག་མོག་གི་སྤུ་ལྟར་སུ་ཞིག་གིས་ཀྱང་དོན་གསལ་ཐག་ཆོག་པ་ཞིག་མཐོང་ཐབས་བྲལ་བས། བོད་ལ་དབྱངས་ལྔའི་རྣམ་བཞག་འབྱེད་པའང་ངེས་ཤེས་འདྲོང་དཀའ།  ཚུལ་དེ་ལ་ཞིབ་མོ་རྣམ་འཐག་གིས་དཔྱད་པ་བཏང་འཕྲལ། ཁོ་བོས་སྔོན་བྱོན་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཐུགས་ཉམས་མ་བཞག་པའི་འདོད་ཚུལ་གསར་བ་ཞིག་ས་འཕྱར་རྡོ་འབུད་ཀྱི་ཚུལ་དུ་ལྷང་ལ་བུད་པར་འདོད་པ་ནི། སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོའི་སྐབས་སུ་ཨའི་གདངས་ཀྱི་ང་རོ་དང་ཡོངས་སུ་མཐུན་པར་མ་ཟད། གསལ་བྱེད་གཞན་ལ་ཞུགས་བདེ་བའི་ཆེད་དུ་འ་ཡིག་འདི་གསར་དུ་གཏོད་ནས།  བོད་ཀྱི་ཡི་གེར་དབྱངས་ཀྱི་ངོ་བོའི་རང་བཞིན་སྒྲ་འཇུག་གཉིས་ལས་དབྱངས་ཀྱི་བྱ་བ་འདོན་བཞིན་པར་ལུང་རིགས་གཉིས་ཀྱིས་ཅུང་ཟད་དཔྱད་པར་བྱ།

༡ འ་ཡིག་དབྱངས་སུ་འདོད་པ་སུམ་རྟགས་ཀྱི་རྩ་བའི་དགོངས་པར་མི་འགལ་བ།

གཅིག  ཨ་དང་འའི་སྒྲའི་ང་རོ་གཅིག་ཏུ་སོང་བ་ལུང་རིགས་གཉིས་དང་མི་འགལ་བ།  ཡོངས་གྲགས་ལྟར་ན་དུས་རབས་བདུན་པར་སློབ་དཔོན་ཐོན་མིས་ལེགས་སྦྱར་གྱི་ཡི་གེར་དཔེ་མཛད་ནས་བོད་ཡིག་གསར་གཏོད་བྱེད་སྐབས། བོད་ཀྱི་སྐད་ལ་མཁོ་བའི་དབྱངས་གསལ་འཕྲི་བསྣོན་བྱས་ཏེ། བོད་ཡིག་གི་ཕྱི་མོར་གྱུར་བའི་ལེགས་སྦྱར་ཡི་གེར་མེད་ཀྱང་བོད་ཡིག་ལ་གཏན་ནས་མེད་དུ་མི་རུང་བའི་ཡི་གེ་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་མཁན་པས་གསར་དུ་བཟོས།  དེ་ཡང་ཡི་གེ་དེ་དག་ཚུལ་ཇི་ལྟར་བཟོས་ཚུལ་ཐད་ད་སྔར་ཨ་ལ་ཤའི་ཡིག་བཤད་མཁས་པའི་ཁ་རྒྱན་དུ་བཀོད་པའི་སློབ་དཔོན་ཐོན་མིས་ལམ་འགྲོ་བ་ཞིག་ལ་གཏམ་དྲིས་པའི་ཚིག་ཟུར་ལས་བརྙེད་པར་འདོད་པའི་གཏམ་བརྒྱུད་དང་། ཐོན་མིའི་ཞལ་ལུང་དུ་མར་བ་ལོ་ཙཱའི་སྐུ་དུས་སུ་བྲིས་ངེས་པའི་ཡིག་རྙིང་ཞིག་ཏུ་ཡུལ་དྲུག་གི་མིང་ཟུར་ལས་བརྙེད་པར་འདོད་པའི་གཏམ་བརྒྱུད་གཉིས་ཙམ་ལས་སུས་ཀྱང་གནད་ལ་འཁེལ་བའི་དཔྱད་བརྗོད་མཛད་པ་ཞིག་ཁོ་བོའི་མིག་ལམ་དུ་མ་ཐོག་ལ་སྐབས་འདིའི་སྒྲུབ་བྱའང་མིན་མོད།  བོད་ཡིག་གི་འབྱུང་ཁུངས་སུ་གྱུར་བའི་ལེགས་སྦྱར་གྱི་དབྱངས་གསལ་ལྔ་བཅུའི་ནང་དུ་ཅ་ཆ་ཇ་གསུམ་དང་། ཞ་ཟ་བཅས་ཡི་གེ་ལྔའི་གདངས་ཀྱི་ང་རོ་མེད་པ་གསལ་ཞིང་། དེ་དག་བོད་ཀྱི་སྐད་ལའང་མེད་དུ་མི་རུང་བའི་ཕྱིར་ན་མཁན་པོས་བོད་སྐད་ཀྱི་གདངས་ལ་དཔོགས་ནས་གསར་དུ་བཟོས་པར་གོར་མ་ཆག འོན་ཀྱང་། དེ་ལ་བརྟེན་ནས་འའི་གདངས་འདིའང་ལེགས་སྦྱར་ཡི་གེར་མེད་པས་མཁན་པོས་གསར་དུ་བཟོས་ཞེས་བརྗོད་པ་རིགས་པ་དང་འགལ་བར་སེམས་ཏེ། ལེགས་སྦྱར་ཡི་གེའི་གསལ་བྱེད་སོ་བཞིའི་ནང་དུ་འའི་གདངས་མེད་པ་བདེན་ཡང་། དབྱངས་བཅུ་དྲུག་གི་རྩ་བ་གྱུར་བའི་ཨ་དང་འ་གཉིས་ལ་གདངས་ཀྱི་ཁྱད་པར་ཡོད་པའི་རྒྱུ་མཚན་ཞིག་འདྲེན་དུ་མེད་པའི་ཕྱིར། སྤྱིར་བོད་ཀྱི་ཡི་གེར་དེང་སང་གདངས་གཅིག་འདྲར་ཀློག་པའི་ཡི་གེ་ཀ་དང་ག  ཅ་དང་ཇ། ཏ་དང་ད། པ་དང་བ་སོགས་རང་རང་གི་གདངས་ཀྱི་ང་རོ་གཅིག་མཚུངས་མི་རུང་ཚུལ་ཡི་གེ་དེ་དག་ལ་འཕུལ་རྟེན་མགོ་གསུམ་ཞུགས་པས་སྒྲའི་ང་རོ་མི་འདྲ་བ་འབྱིན་དགོས་པ་སྒྲུབ་བྱེད་དུ་བཟུང་ནས།  འ་དང་ཨའི་ང་རོའང་མི་གཅིག་པ་ཞིག་ཏུ་ཨུ་ཚུགས་ཀྱིས་བསྒྲུབས་ན་མ་གཏོགས་འ་དང་ཨ་གཉིས་རང་ཐོག་ནས་དཔེ་མངོན་གསལ་ཞིག་འདྲེན་དུ་མེད་པར་མ་ཟད། གལ་སྲིད་དེ་གཉིས་ཀྱི་སྒྲ་གདངས་གཏན་ནས་སོ་སོ་བ་ཞིག་ཏུ་འདོད་དགོས་ཚེ། ལེགས་སྦྱར་ཡི་གེ་མཚོན་ཕྱིར་ཐོན་མིས་གསར་དུ་བཟོས་པའི་སྒྲ་ཚབ་ཡི་གེའམ་ཡོངས་གྲགས་སུ་སྔགས་ཡིག་ཏུ་གྲགས་པ་དེར།  ལེགས་སྦྱར་ཡི་གེར་དབྱངས་ཡིག་སྲོག་ཞུགས་དང་དབྱངས་ཡིག་འདུས་མའི་རྣམ་བཞག་ཡོད་པ་སྟེ། དཔེར་ན། ཨ་དང་ཨ་འདུས་པའི་ཨཱ་དང་། ཨི་དང་ཨི་གཉིས་འདུས་པའི་ཨཱི་ལྟ་བུ་དབྱངས་རིང་ཆ་ཅན་དང་། དེ་མི་ཀཱ་དང་ཧཱ་སོགས་ལ་དབྱངས་ཨ་ཞུགས་པའི་དོད་དུ་བོད་ཀྱི་སྔགས་ཡིག་ཏུ་འ་ཆུང་གིས་འཐུས་པར་བྱས་པའི་སྲོལ་ཤིན་ཏུ་སྔ་མོ་ཞིག་ནས་དར་བ་ཏུན་ཧོང་ཡིག་རྙིང་སོགས་ཀྱིས་བདེན་དཔང་བྱས་ཡོད་དེ།    ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ལས་གདུགས་དཀར་བོད་ཡིག་ཏུ་བསྒྱུར་བའི་སྔགས་རིང་དུ། ཏད་དྱ་ཐཱ། ཨཱོཾ་ཨ་ན་ལེ་ཨ་ན་ལེ། ་་་་ཧུའུམ་ཧུའམ་ཕཊ་ཕཊ་སྭཱ་ཧཱ་[21]ཞེས་འ་ཆུང་རྒྱ་ཁྱབ་ཏུ་བཏགས་པས་མཚོན་ནོ།།(འདི་སྐབས་སུ་ཀྲུང་གོའི་བོད་རིག་པ༢༠༡༢ལོའི་དེབ༡བོར་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་བྲིས་པའི་དཔྱད་རྩོམ་གཞིར་བཟུང་ནས། ཏུན་ཧོང་ཡིག་རྙིང་དང་གནའ་བོ་ལེགས་སྦྱར་དབྱངས་ཡིག་འགོད་ཚུལ་དུ་ཨཻ་ཨཽ་ཀྱཻ་ལྟ་བུ་དབྱངས་ཀཻ་ཤ་ཅན་གྱིན་དོད་དུ། ཨའི་དང་ཨའུ། ཀྱེའི་བྲིས་པ་ལས། དབྱངས་བརྩེགས་མ་ནི་ཕྱིས་ཀྱི་བཟོ་བཅོས་ཞིག་ཡིན་པ་དེས་ཁ་སྐོང་དགོས།) དེ་ལས་དཔོག་པར་གལ་སྲིད་ཨ་དང་འ་གཉིས་ཀྱི་གདངས་གཏན་ནས་མི་འདྲ་བ་ཞིག་ཡིན་ཕྱིན། སྔགས་ཡིག་ཏུ་ལེགས་སྦྱར་གྱི་གདངས་ལ་དངོས་སུ་ཡོད་པའི་ཨ་ཡིག་རང་ཉིད་མི་འདོགས་པར།  ལེགས་སྦྱར་ཡི་གེར་སྒྲའི་ང་རོ་གཏན་ནས་མེད་པའི་འ་ཆུང་འདོགས་པ་སྒྲའི་ཆོས་ཉིད་དང་གཏན་ཚིགས་གཉིས་ཀར་འགལ་བ་ཞིག་མ་ཡིན་ནམ། དེར་བརྟེན་འ་ཆུང་འདི་མཁས་པོས་ཨའི་སྒྲ་གདངས་ཡི་གེ་གཞན་ལ་འཇུག་བདེ་བའི་ཕྱིར་དུ་བཟོས་པ་རིགས་པས་གྲུབ་ཡོད་སྙམ་མོ།།

གཞན་བསྟན་འགྱུར་སོགས་སུ་འཁོད་པའི་རྟགས་ཀྱི་འཇུག་པའི་རྩ་གཞུང་རྙིང་གྲས་རྣམས་སུ། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་བ་ཕྱེད་དང་བརྒྱད་གནས་པ། །སྡེ་ཚན་ལྔ་རུ་དྲིལ་བྱས་ཏེ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་བ་བཞི་བ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་བོད་ཡིག་གི་གསལ་བྱེད་སུམ་ཅུ་ལ་ཡི་གེ་ཉེར་དགུའི་རྟགས་ཀྱི་སྡེ་ཚན་དབྱེ་སྟངས་གསལ་བོར་བསྟན་པ་ཙམ་ལས། ཡི་གེ་གཅིག་ཤུགས་བསྟན་དུ་གོ་དགོས་པ་དེ་ལས་འཕྲོས་ཏེ་སྔོན་བྱོན་མཁས་པའི་ཚོགས་སུ་འདོད་ཚུལ་མི་མཐུན་པ་ཅི་རིགས་ཏེ།  དཔེར་ན། ལོ་ཆེན་ནམ་མཁའ་བཟང་བོས་ཨ་ཡིག་རྟགས་མེད་དང་། དག་ཡིག་ཟ་མ་ཏོག་ཏུ་སུམ་ཅུ་བ་ནི་ཕྱོགས་ལྷུང་མེད་ཅེས་ཨ་ཡིག་ལ་རྟགས་ཀྱི་དབྱེ་བ་མི་འཇུག་པར་དགོངས་བ་དང་། སི་ཏུ་མཁན་པོས་གཞུང་གི་ཡི་གེ་ཉམས་པ་ལས་དོན་གྱིས། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པར་སྡེབ་བཅོས་ནས་ཨ་ཡིག་མོ་གཤམ་ལས་ཀྱང་མཚན་མེད་ཡིན་ཞེས་དང་། ཡིག་གཟུགས་ལས་ཀྱང་མ་ནིང་དང་ཨ་ནི་ཞེས་པ་ལ་འཁྲུལ་གཞི་འབྱུང་རིགས་པར་རྟོགས་སླ་བ་ཡིན་ཞེས་[22] རང་ལུགས་བཞག་པའི་ཞོར་དུ། ཨ་ཡིག་རྟགས་མེད་དུ་འདོད་ན་རྩ་བར་སྡེ་ཚན་ལྔ་རུ་དྲིལ་བ་དང་འགལ་བ་ཞིང་། མ་ནིང་མཚན་མེད་ཅེས་ན་མོ་གཤམ་དང་མ་ནིང་གི་གཞི་མཐུན་ཁས་ལེན་དགོས་པས་འགལ་བ།  ར་ལ་ཧ་གསུམ་མོ་གཤམ་དུ་བཤད་པས་ཨ་ཡིག་མོ་གཤམ་དུ་ཤུགས་ཀྱིས་གོ་ནུས་པའི་ཕྱིར།  སྙམ་ནའང་མི་འཐད་དེ་ཡི་གེ་གཞན་ཐམས་ཅད་ཞིབ་མོར་ཕྱེ་ནས་བཤད་ཅིང་ཨ་ཡིག་གཅུག་པུ་ཤུགས་བསྟན་དུ་བཞག་པ་ལ་ཉན་པ་པོ་ཐེ་ཚོམ་སྐྱེད་པ་སོགས་ཀྱི་སྐྱོན་ལས་དགོས་པ་གཞན་ཅི་ཡང་མེད་པའི་ཕྱིར་རོ་ཞེས་སོགས་གཞན་ལུགས་ལ་དགག་བཞག་རྒྱ་ཆེར་མཛད་ཀྱང་།  རང་གིས་ཨ་ནི་མཚན་མེད་ཅེས་ཀྱང་བྱ་ཞེས་རྩ་བའི་སྡེབས་བཅོས་པ་དེའང་མཁན་པོ་རང་གི་རིག་རྩལ་གྱིས་འགྲེལ་བ་ཙམ་ལས་རྒྱུ་མཚན་འཐད་ལྡན་ཞིག་ཏུ་མཐོང་དཀའ་པར་སྙམ། ཁོང་གིས་ཨ་ཡིག་མཚན་མེད་དུ་འདོད་ན་གོང་དུ་རྟགས་མེད་ལ་འདོད་པ་རང་གིས་དགག་པ་དང་འདྲ་བར་རྩ་བའི་སྡེ་ཚན་ལྔར་དྲིལ་ཚུལ་དང་མི་འགལ་བའི་སྒྲུབ་བྱེད་འཐད་ལྡན་མེད་པར་མ་ཟད། ཨ་ནི་དང་མ་ནིང་གཉིས་ཡི་གེ་ནོར་བར་སྨོས་པ་ལ་དེ་བས་ཀྱང་ཡིད་ཆེས་དཀའ་སྟེ། སྐབས་ཐོག་གཅིག་ཏུ་མ་དང་ནིང་ཞེས་ཡི་གེ་གཉིས་འཁྲུལ་རྒྱུ་གནས་ལུགས་དང་མི་མཐུན་ཞིང་། བསྟན་འགྱུར་སོགས་གནའ་བོའི་ཁུངས་ཐུབ་ཀྱི་གཞུང་ཚད་ལྡན་ཚང་མར་ཡི་གེ་དེ་གཉིས་འཁྲུལ་ཞེས་བརྗོད་དཀའ། དེའི་རྒྱུ་མཚན་གྱིས་པྲ་ཏི་དང་སུ་ཏི་རང་གི་རྗེས་འཇུག་གི་མཁས་པ་མང་བོ་ཞིག་གིས་མ་ནིང་མཚན་མེད་ཅེས་འཐད་ལྡན་དུ་མཁས་འཆེས་ནས་དེ་ལ་བབ་བསྟུན་གྱི་དཔྱད་འགྲེལ་བཟོས་དགོས་སོང་། དེ་ན་ཁོ་བོས་རྩ་བའི་དགོངས་པར་ཞིབ་ཏུ་དཔྱད་ན། ལྷག་མ་དྲུག་ཅེས་སྤྱི་ལ་ཁྱབ་པའི་སྒྲ་ཞིག་བརྗོད་པ་ཙམ་ལས། ལྷག་མ་དེ་དག་ཞ་ཟ་འ་ཡ་ཤ་ས་བཅས་ཡིན་ཞེས་དམིགས་སུ་བཟུང་བ་མེད་པས། ལྷག་མའི་ནང་དུ་ཨ་ཡིག་མེད་པའང་བློ་རྩལ་གྱིས་འགྲེལ་བ་ཙམ་ལས་རྒྱུ་མཚན་གཞན་འདྲེན་དུ་མེད་པ་དང་། བོད་ཀྱི་ཡི་གེ་ལ་ཕོ་མོ་མ་ནིང་གི་རྣམ་བཞག་བསྟན་པ་ནི་ངག་ནས་བརྗོད་པའི་སྒྲ་རྩོལ་དྲག་ཞན་གྱིས་ཡིན་པ་དགོངས་བཞེད་གཅིག་ཏུ་ཡོད་ཀྱང་ཡི་གེའི་གཟུགས་གཅིག་མི་གཅིག་ལ་འབྲེལ་བ་མ་གྲུབ་ཕྱིར།  ལྷག་མ་དྲུག་ཅེས་པ་ནི་ཡི་གེ་དྲུག་ལ་བསྟན་པ་མ་ཡིན་པར་སྒྲ་རྩོལ་དྲག་ཞན་གཅིག་ཏུ་གནས་པའི་ཡི་གེ་སྐྱེ་གནས་མི་འདྲ་བ་དྲུག་ལ་བསྟན་པ་ཡིན་ཙ་ན། འ་དང་ཨ་གཉིས་ཡིག་གཟུགས་མི་གཅིག་ཀྱང་སྒྲ་རྩོལ་དྲག་ཞན་གཅིག་ཡིན་པར་མ་ཟད་སྐྱེ་གནས་ཀྱང་གཅིག་ཏུ་སོང་བ་གོང་སྨོས་ལྟར་མཁན་པོས་ཨའི་དོད་དུ་འ་ཆུང་གསར་དུ་བཟོ་བ་ཡིན་པ་ན་རྗེས་སུ་དཔག་ཕྱིར། དོན་དངོས་སུ་ཞ་ཟ་འ་ཡ་ཤ་ས་ཨ་བཅས་ཡི་གེ་དབང་དུ་བྱས་ན་བདུན་དང་། སྐྱེ་གནས་ཀྱི་དབང་དུ་བྱས་ནས་དྲུག་ཏུ་བསྟན་པ་ཡིན་སྙམ།  དེའི་ཕྱིར་ཁོ་བོས་རྒྱ་ཡིག་ལྔ་བཅུ་ལས་བོད་ལ་མཁོ་བའི་གདངས་དག་བླངས་ནས་གཏན་ལ་ཕབ་རྗེས།  བོད་ཡིག་ལ་དབྱངས་ཨའི་འཇུག་པ་རྒྱ་ཆེན་པོར་དགོས་པ་དང་། རྒྱ་ཡིག་ལ་དཔེར་མཛད་དེ་བཟོས་པའི་ཨ་ཡིག་འདི་འབྲི་ཚེགས་ཆེ་ཞིང་ཡི་གེ་གཞན་ལ་འཇུག་མི་བདེ་བའི་རྒྱུ་མཚན་ལ་དམིགས་ནས་དེ་དང་གདངས་ཀྱི་ངོ་བོ་གཅིག་པ་ཡིན་ཡང་། འབྲི་བདེ་ལ་འཇུག་ཀྱང་བདེ་བའི་ཆེད་དུ་འ་ཡིག་འདི་གསར་དུ་བཟོས་པ་མིན་ནམ་སྙམ་མོད། ད་ལྟའི་བར་མཁས་པའི་དབང་བོ་སུས་ཀྱང་རོ་འཛིན་གཡོ་བ་མིག་ཏུ་མ་ཐོགས་པས་ན་ཁོ་བོ་ལྟ་བུས་ཁ་ཚོན་བཅད་པ་མིན་པར་གཟིར་གནས་རྣམས་ལ་དཔྱད་གཞིར་ཕུལ་བའོ།།

གཉིས།  འ་ཡིག་དབྱངས་སུ་བགྲང་བ་རྩ་བའི་གཞུང་དང་མཐུན་ཚུལ།  སྤྱིར་བོད་ཀྱི་ཡི་གེར་ཐུན་མིན་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྒྲའི་ང་རོ་དང་ཡི་གེ་གཞན་ལ་དབྱངས་ཀྱི་བྱེད་ནུས་ཐོན་པའི་ཆ་ནས་ཨ་(འ)ཨི་ཨུ་ཨེ་ཨོ་བཅས་ལྔ་ཡོད་ཀྱང་། དབྱངས་ཡིག་གཅིག་པོས་མིང་གཞིའི་ནུས་པ་ཐོན་མཁན་ལ་ཨའི་གདངས་ཀྱི་ཨ་འ་གཉིས་ལས་མེད་ཕྱིར། དེ་གཉིས་གསལ་བྱེད་ཀྱི་གྲས་སུ་བཞག་ཡོད་རུང་། བོད་ཡིག་གི་གསལ་བྱེད་ཐམས་ཅད་དབྱངས་ཨའི་རྣམ་པས་བརྗོད་དགོས་པ་མངོན་སུམ་དུ་གྲུབ་ཕྱིར། རྩ་བར། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཞེས་པར་གསལ་བོར་གསུང་ཡོད། འོན་ཀྱང་དབྱངས་ཡིག་བཞི་ལས་མི་འདོད་པའི་སི་ཏུའི་འགྲེན་ཆེན་དུ་མོ་ཡི་ཡི་གེ་གི་གུ་སོགས་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ་ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་[23]ཞེས་མོ་ཡིག་དབྱངས་བཞི་མེད་པས་ཕོ་ཡིག་གསལ་བྱེད་སུམ་ཅུས་བོད་ཡིག་གི་བརྗོད་པ་ཐམས་ཅད་མི་ཚང་བར་འགྲེལ་བ་དེ་མཁན་པོ་རང་གིས་ཨ་ཡིག་གསལ་བྱེད་གཞན་ལ་འཇུག་པ་གཏན་ནས་མེད་པའི་རྒྱུ་མཚན་གྱིས་དབྱངས་སུ་མི་འདོད་པའི་དགོངས་བཞེད་ལྟར་འགྲེལ་བ་ཡིན་ཡང་།  རྩ་བའི་དངོས་བསྟན་དུ་མོ་ཡིག་དབྱངས་ཀྱི་ཡི་གེ་ཞིག་མེད་ཕྱིན། ཕོ་ཡིག་གསལ་བྱེད་རྣམས་བརྗོད་པའི་གདངས་དང་བྲལ་བས་བརྗོད་ཐབས་མེད་ཅེས་རྟག་པ་མཐའ་བཟུང་གི་ཚིག་གིས་བརྗོད་པ་ལས། དེའི་ཤུགས་ནས་མོ་ཡིག་དབྱངས་ལ་བརྟེན་པའི་བརྗོད་པ་མི་ཚང་བ་ཞིག་ཏུ་འགྲེལ་ཐབས་དཀའ་ཕྱིར།  འགྲེལ་བཤད་སྔ་མ་མང་བོ་ཞིག་ཏུ་མོ་ཡིག་དབྱངས་མེད་ན། ཕོ་ཡིག་གསལ་བྱེད་རྐྱང་བ་གདངས་ཀྱི་ང་རོ་དང་བྲལ་བས་བརྗོད་པ་མེད་པར་འགྱུར་[24]ཞེས་ཨ་སྲོག་ཞུགས་ཀྱི་རྣམ་བཞག་ཞིག་ཁས་མི་ལེན་རང་ལེན་དུ་གྱུར་བའམ།     ཡང་ན་ཞ་ལུ་ལོ་ཙཱ་བས་ངག་ཏུ་གྲུབ་པ་ནི་རྗེས་འཇུག་མོ་ཡིག་ལ་རག་ལས་པ་ཉིད་ཀྱི་ཕྱིར་མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར།[25] ཞེས་མོ་ཡི་ཡི་གེ་དེ་རྗེས་འཇུག་ཏུ་འདོད་པ་སོགས་འགྲེལ་ཚུལ་མི་མཐུན་པ་ཅི་རིགས་ཤིག་བྱུང་། དེ་དག་ཀྱང་ཨའི་གཟུགས་འདི་གསལ་བྱེད་ལ་འཇུག་པའི་རྟགས་ཙམ་མི་མཐོང་བ་དང་། མོ་ཡིག་ཅེས་པ་རྗེས་འཇུག་ལ་གོ་ན་རྩ་བར་དེ་མ་ཐག་ཏུ་ཕོ་ཡི་གེ་རྣམས་ལའང་། །འཇུག་པར་བཅས་པ་མེད་ན་ཞེས་འཇུག་པའི་ཡི་གེ་བསྐྱར་བཟློས་ལ་དགོས་པ་མེད་པ་སོགས་གཅིག་གིས་གཅིག་ལ་རིགས་པས་དགག་བཞག་སྤྲོས་བ་ཙམ་ལས། དོན་དངོས་སུ་ལའང་ཁུངས་ཐུབ་ཀྱི་ལུང་འདྲེན་དུ་མེད་པར་མ་ཟད། མཐའ་གཅིག་ཏུ་འདི་བདེན་འདི་རྫུན་གྱི་ཤན་འབྱེད་ཐབས་ཀྱང་བྲལ་བས། ཉེ་དུས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་གིས་མོ་ཡིག་གི་དབྱངས་བཞིའམ་རྗེས་འཇུག་གི་འ་མཐའ་མ་ཞུགས་ན་གསལ་བྱེད་རྐྱང་བ་ལ་གདངས་ཀྱི་ང་རོ་མེད་པས་བརྗོད་ཐབས་མེད་ཅེས་པའམ།  ཡང་ན། མོ་ཡི་ཡི་གེ་གི་གུ་སོགས་མེད་ན་ཕོ་ཡིག་ཀ་ཁ་སོགས་སུམ་ཅུ་ཁོ་ནས་སྤྱིར་བཏང་ལ་བརྗོད་བྱ་ཡོངས་སུ་རྫོགས་པའི་དོན་མི་སྟོན་ཅེས་འགྲེལ་ཚུལ་གཉིས་ཡོད་ཅེས་[26]དོན་གྱིས་གནའ་རབས་མཁས་ཆེན་ཚོའི་འགྲེལ་ཚུལ་ཡོད་དོ་ཅོག་ལ་བདེན་ཁ་སྟེར་ཡོད། དེ་ལ་ཁོ་བོས་དཔྱད་ན་རྟགས་འཇུག་གི་རྩ་བར་དབྱངས་ཡིག་མོ་མེད་ན་ཕོ་ཡིག་གསལ་བྱེད་རྣམས་བརྗོད་པའི་གདངས་དང་བྲལ་བ་ཞེས་པ་དང་། སུམ་ཅུ་བའི་རྩ་བར་སྔོན་འཇུག་ཡོད་དམ་མེད་ཀྱང་རུང་།། མིང་གཞིའི་ཡི་གེ་གང་ཡིན་ལ།། གཉིས་སྦྲེལ་ཡོད་དམ་སུམ་སྦྲེལ་ཡོད།། ཨ་ལི་བཞི་ལས་གང་ལྡན་ཡང་།། རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་རྗེས་འཇུག་བཅུ་བོའི་གང་རུང་ཞིག་མེད་པས་བོད་ཡིག་ལ་མིང་གི་སྦྱོར་ཚུལ་ཡོད་མི་སྲིད་ཅེས་པ་དང་། གནའ་བོའི་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ཡི་གེ་སོགས་སུ་འཇྀག་རྟེན་ལས་འདའས་པའ་དང་། འཇྀག་རྟེན་གྱི་ལྷ་དང་། མྱྀ་མ་ཡིན་པའ་[27]ཞེས་ཡི་གེ་རྐྱང་བར་འ་མཐའ་འབྲི་བའི་སྲོལ་ཡོད་པ་དང་། སྔོན་བྱོན་སྒྲ་རིག་སྨྲ་བ་ཚང་མས་ཡི་གེ་ཟོར་ཡང་པའི་ཆེད་དུ་སྐད་གསར་བཅད་སྐབས་འ་མཐའ་བསྡུས་པ་ཙམ་ལས། མིང་གཞི་རྐྱང་བ་ཐམས་ཅད་ལ་འ་མཐའ་མེད་པར་བརྗོད་དུ་མེད་པ་སོགས་གོང་སྒྲིག་ན། མཁན་པོས་བོད་ཀྱི་ཡི་གེར་ལེགས་སྦྱར་ཇི་བཞིན་དབྱངས་ཨའི་གདངས་ཀྱི་ང་རོ་སྲོག་ཞུགས་ཀྱི་རྣམ་བཞག་མཛད་པར་མ་ཟད། ཨ་ཡི་ཡི་གེ་འདི་འབྲི་ཚེགས་ཆེ་ཞིང་གསལ་བྱེད་གཞན་ལ་འཇུག་ཀྱང་མི་བདེ་བས་དེའི་དོད་དུ་འ་ཡིག་འདི་གསར་དུ་བཟོས་ནས་གསལ་བྱེད་རྐྱང་བ་ཐམས་ཅད་ལ་ངེས་པར་སྦྱོར་དགོས་པའི་སྲོལ་གཏོད་པ་རྗེས་སུ་དཔོག་ནུས་སྙམ། དེ་ལ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པས། ཡི་གེ་གཉིས་འདུས་ནས་བརྗོད་བྱའི་དོན་གྱི་ངོ་བོ་རྗོད་པར་བྱེད་པ། སཾསྐྲྀཏ་ལ་ཀུ་ནེས་པ་ཀ་དང་ཨུ་འདུས་པས་ས་གཞིའི་མིང་དང་། བོད་ལའང་ཁ་དང་ཨ་འདུས་པས་ཁའི་བུ་གའི་མིང་དང་། ཉ་ཞེས་པ་ཉ་ཡིག་དང་ཨ་འདུས་པས་སེམས་ཅན་གྱི་བྱེ་བྲག་གི་མིང་ཡིན་པ་ལྟ་བུའོ་[28]ཞེས་པའི་ཨ་སུམ་རྟགས་ཀྱི་རྩ་བར་བསྟུན་ན་འ་ཡིན་པ་ཤིན་ཏུ་གསལ་ཞིང་། དེ་དག་གིས་འ་ཡིག་འདི་ཨའི་དབྱངས་ཀྱི་དོད་དུ་བཟོས་པར་ཐེ་ཚོམ་མི་དགོས་པར་སེམས་སོ།།

འོ་ན་འ་ཡིག་དབྱངས་སུ་འདོད་པས་བོད་ཀྱི་ཡི་གེར་དབྱངས་ཡིག་དྲུག་འབྱུང་བ་མིན་ནམ་སྙམ་པ་དང་གསལ་བྱེད་ལའང་ཉེར་བརྒྱད་ལས་མེད་དམ་སྙམ་ན་དོགས་མི་དགོས་ཏེ།  དང་བོ་ཨ་དང་འ་གཉིས་ཡི་གེའི་གཟུགས་མི་གཅིག་པ་ཙམ་ལས་སྒྲའི་ང་རོ་གཅིག་ཏུ་འདོད་པས། དབྱངས་གསལ་ཕྱེ་བའི་རྩ་བ་སྒྲའི་ང་རོར་བརྟེན་པ་ལས་ཡི་གེའི་གཟུགས་གཙོ་བོ་མིན་ཚུལ་གོང་དུ་བརྗོད་པ་ཇི་བཞིན། བོད་ལ་དབྱངས་ཀྱི་ངོ་བོར་གྱུར་བའི་ང་རོའི་རྩ་བ་དྲང་བ་དང་། བཀུག་པ། བསྒྲེང་བ། བསྟོད་པ། སྨད་པ་བཅས་ལྔ་ལས་མེད་པ་མངོན་གསལ་ཡིན་པ་དང་། གསལ་བྱེད་ཀྱི་ཐད་ནས་མཁན་པོས་དང་ཐོག་ལེགས་སྦྱར་གྱི་ཡི་གེར་དཔེར་མཛད་ནས་བོད་ཡིག་གི་གསལ་བྱེད་གསར་བཟོ་བྱེད་སྐབས། ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལ་བསྟུན་ནས་ཨ་ཨི་ཨུ་ཨེ་ཨོ་བཅས་ལྔ་གསར་བཟོ་མཛད་པ་དང་།  གསལ་བྱེད་སོ་བཞི་ལ་བསྟུན་ནས་ཀ་སོགས་གསལ་བྱེད་ཉེར་གསུམ་གསར་བཟོ་མཛད་ཅིང་། དབྱངས་ཡིག་ཏུ་རང་ཉིད་གཅིག་པུར་མིང་གི་གཞིར་མི་ནུས་པའི་ཡན་ལག་བཞི་ལོགས་སུ་བཞག་སྟེ། རང་ཉིད་གཅིག་པུ་མིང་གི་གཞིར་རུང་བའི་ཨ་ཡིག་གསལ་བྱེད་ཀྱི་མཐར་དྲངས། དེ་ནས་ལེགས་སྦྱར་དུ་མི་མཁོ་ཡང་བོད་སྐད་ལ་མེད་དུ་མི་རུང་བའི་ཡི་གེ་ཅ་ཆ་ཇ་ཞ་ཟ་བཅས་གསར་དུ་བཟོས་པར་མ་ཟད།  ཡི་གེ་སྦྱོར་འཇུག་སྐབས་སུ་དབྱངས་ཀྱི་བྱེད་ནུས་ཐོན་དགོས་པའི་ཨ་ཡིག་འདི་སྦྱོར་ཚེགས་དང་འབྲི་ཚེགས་ཆེ་བས་མི་ལེགས་པའི་སྐྱོན་མང་དུ་མཐོང་སྟེ། དེའི་དོད་དུ་སྦྱོར་བདེའི་འ་ཡིག་འདི་གསར་དུ་གཏོད་པ་ཞིག་ཡིན་ངེས། དེ་ལས་དཔོག་ཚེ་བོད་སྐད་ལ་མཁོ་བའི་སྒྲའི་ང་རོའི་རྩ་བ་ལྟར་ན་གསལ་བྱེད་ཉེར་བརྒྱད་དང་དབྱངས་ལྔ་བཅས་སྡོམ་པས་དབྱངས་གསལ་སོ་གསུམ་ལས་དགོས་པ་མེད་དེ། སྒྲ་སྦྱོར་ཡི་གེ་གང་ལ་བལྟས་རུང་སྒྲའི་ང་རོ་གཅིག་ཏུ་སོང་བའི་དབྱངས་གསལ་འདྲ་བ་གཉིས་གཏན་ནས་དགོས་དོན་མེད་པའི་ལྷག་མ་ཞིག་ཡིན། དེའི་ཕྱིར་ང་རོ་གཅིག་ཁོ་ནར་སོང་བའི་ཨ་དང་འ་གཉིས་ལས་བེད་སྤྱོད་ཀྱི་ཁྱབ་རྒྱ་དང་སྦྱོར་འཇུག་གི་དགོས་པ་གང་ལ་གཞིགས་ཀྱང་ཨ་ཡིག་འདི་དགོས་གལ་མི་ཆེ་བ་ཞིག་ཏུ་གྱུར་ཡོད་པར་སྣང་རུང་། མཁན་པོས་ལེགས་སྦྱར་ལ་དཔེར་མཛད་དེ་དང་ཐོག་བཟོས་པའི་ཨ་ཡིག་དེའང་རང་སོར་བཞག་ནས་བོད་ཀྱི་ཡི་གེར་དབྱངས་གསལ་སོ་བཞིར་གྲངས་ངེས་པའི་རྣམ་བཞག་མཛད་དེ། ཡི་གེ་ལ་ཨཱ་ལི་དང་ཀཱ་ལི་ཞེས་དབྱངས་གསལ་འབྱེད་སྐབས་སྔར་བཞིན་ལེགས་སྦྱར་གྱི་དབྱངས་ཡིག་ལྟར་བཟོས་པའི་ཨ་ཡིག་འདི་སྤྱོད་རྒྱུ་སྲོལ་དུ་ཆགས་པར་མ་ཟད། ཨ་ཡི་གདངས་མིང་གཞིར་གྱུར་བའི་མིང་གི་བརྗོད་པ་འགའ་ཨ་འདིས་མཚོན་པར་བྱས་པའམ་འཕེལ་བ་ཞིག་ཏུ་འཁུམས་པས་སྐྱོན་མེད་སྙམ་མོ།།

༢ བྱེད་ལས་ཀྱི་ཆ་ནས་འ་ཡིག་ལ་དབྱངས་ཀྱི་ཁྱད་ཆོས་ལྡན་པ།

སྤྱིར་སྒྲ་སྦྱོར་ཡི་གེ་གང་ཞིག་ཡིན་རུང་དབྱངས་གསལ་གྱི་སྦྱོར་བར་བརྟེན་ནས་རང་གི་མཚོན་བྱར་གྱུར་བའི་སྐད་ཆ་དེ་ཕྱོགས་གཉིས་ཀྱི་སྒོ་ནས་མཚོན་པར་བྱེད་པའི་ཁྱད་ཆོས་གཉིས་ཚང་བ་ཞིག་ཏེ།  གཅིག་ཏུ་སྐད་ཆ་དེའི་སྒྲ་གདངས་ཐམས་ཅད་ཡི་གེའི་སྦྱོར་བས་སྟོན་དགོས་པ་དང་། གཉིས་སུ་སྐད་ཆ་དེའི་བརྗོད་དོན་ཐམས་ཅད་ཡི་གེའི་སྦྱོར་བས་སྟོན་ཐུབ་དགོས་པར་མ་ཟད་ཚད་ལོངས་དགོས་པ་ཞིག་ཀྱང་ཡིན། དེའི་ཕྱིར་དབྱིན་ཡིག་ལྟ་བུ་དབྱངས་ཡིག་གི་བྱེད་ནུས་ལ་བརྟེན་ནས་གསལ་བྱེད་སྦྱོར་སྡེབ་སྒོས་མིང་ཚིག་གི་བརྗོད་པ་ཐམས་ཅད་མཚོན་ནུས་པ་དང་། ལེགས་སྦྱར་གྱི་ཡི་གེ་ལྟ་བུ་དབྱངས་ཀྱི་སྡེབ་སྦྱོར་གཙོར་བཟུང་ནས་མིང་ཚིག་བརྗོད་པ་ཐམས་ཅད་མཚོན་པར་བྱེད་པ་བཞིན། མདོར་ན་སྦྱོར་ཀློག་ཅན་གྱི་ཡི་གེ་ཕལ་ཆེ་བ་དབྱངས་ཀྱི་བྱེད་པས་གསལ་བྱེད་སྦྱོར་སྡེབ་ཅན་ཞིག་ཡིན་པ་ན་བོད་ཀྱི་ཡི་གེའང་དེ་ལས་མ་འདས་པར་སེམས་ཏེ།  འཕུལ་རྟེན་མགོ་འདོགས་བཞི་བོ་ཡང་དབྱངས་དྲང་བའི་རྣམ་པས་གསལ་བྱེད་ལ་སྦྱོར་སྡེབ་ཅན་ཡིན་ཕྱིར་སྔ་རབས་མཁས་ཆེན་རྣམས་ཀྱིས་དབྱངས་ཨ་ངེས་པར་ཁས་འཆེས་པ་ལྟར་རོ།། དེ་ན་སྒྲ་སྦྱོར་ཡི་གེའི་གསལ་བྱེད་ཀྱི་སྒྲའི་ང་རོ་འབྱིན་པར་བཀུག་པ་སོགས་དབྱངས་ཀྱི་ང་རོ་ལྔ་བོ་གང་རུང་ཞིག་སྲོག་ཞུགས་ཀྱི་རྣམ་པས་གྲུབ་པ་ཞིག་ཡིན་པས། དབྱིན་ཡིག་དང་རྒྱ་ནག་སྒྲ་སྦྱོར་ཡི་གེའི་གསལ་བྱེད་སོགས་དབྱངས་ཀྱི་ང་རོ་དེ་དག་ལས་གཅིག་ཁོ་ནས་གྲུབ་པ་མ་ཡིན་པར། དྲང་བཀུག་བསྒྲེང་བསྟོད་སྨད་བཅས་གང་རུང་ཞིག་གིས་གྲུབ་པ་ཡིན་ཚུལ་ངག་ནས་སྒྲ་འདོན་སྐབས་ཤིན་ཏུ་སླ་མོས་རྟོགས་ནུས་པ་དང་།  བོད་ཀྱི་གསལ་བྱེད་ཀྱི་སྒྲའི་ང་རོ་ཐམས་ཅད་དབྱངས་ཀྱི་ང་རོ་དྲང་བ་སྟེ་ཨ་ཡི་གདངས་ཁོ་ནས་བརྗོད་པ་ཡིན་ཕྱིར། ཨ་ཡི་གདངས་ཁོ་ནས་འདོན་དགོས་པ་རྒྱལ་སྤྱིའི་སྒྲ་རྟགས་ཀྱིས་བོད་ཀྱི་གསལ་བྱེད་ཡོད་དོ་ཅོག་མཚོན་སྐབས་ཀ﹝ka﹞ཁ﹝kha﹞ག﹝ga﹞ང་། ﹝ηηa﹞ལྟ་བུ་སྒྲ་རྟགས་ཐམས་ཅད་ལ་དབྱངས་aཞུགས་ནས་བརྗོད་དགོས་པས་བདེན་དཔང་མངོན་སུམ་བྱས་ཡོད། དེའི་ཕྱིར་མཁན་པོས་བོད་ཀྱི་གསལ་བྱེད་ཐམས་ཅད་ལ་འ་མཐའ་མ་ཞུགས་པར་བརྗོད་དུ་མི་རུང་བའི་རྣམ་བཞག་གཏོད་པ་ཡིན་ཡང་། རིམ་གྱིས་གསལ་བྱེད་རྐྱང་བར་འ་མཐའ་དངོས་སུ་མ་བཞག་ཀྱང་འ་སྲོག་ཞུགས་ཅན་དུ་ཡོད་པ་གོ་ནུས་པས། མེད་ན་མིང་གཞིར་འཁྲུལ་བ་མི་འབྱུང་བའི་ཡི་གེ་ཐམས་ཅད་ལ་ཡི་གེ་ཟོར་ཡང་ཕྱིར་སྐད་གསར་བཅད་སྐབས་བསྡུས་པར་ཟད། དེ་ལས་བོད་ཡིག་གི་འཕུལ་རྟེན་མགོ་འདོགས་ཚང་མ་དབྱངས་འའི་གདངས་ཀྱིས་བརྗོད་པ་ཡིན་པ་ཤུགས་ལ་རྟོགས་ནུས། འདིའི་ཐད་ལ་དེང་དུས་ཀྱི་བརྡ་སྤྲོད་གསར་སྒྲིག་སྨྲ་སྒོའི་སྡེ་མིག་ཅེས་པར་དབྱངས་དང་འབྲེལ་བའི་གནད་དོན་གཞན་ཞིག་ཤེས་དགོས་པ་ནི། བོད་སྐད་ལ་གཤམ་དུ་བཤད་པའི་འདོགས་ཅན་དུ་བྱས་པའི་འདོགས་ཀྱི་ཡི་གེ  ཡ་བཏགས་དང་། ར་བཏགས། ལ་བཏགས། ཝ་བཏགས་བཞི་ཡོད་པའང་། སྐབས་ཐོབ་ཀྱིས་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་བཀོད་པའི་ཚེ་ཡི་གེ་དེར་རིམ་པ་བཞིན་ཡའི་སྒྲ་དང་། ར་སྒྲ ལ་སྒྲ ཝ་སྒྲ་ཅུང་ཟད་ཐོན་དགོས་པ་ཞིག་སྟེ། དཔེར་ན། ཀྱ། ཞེས་པར་ཡི་གེ་ཀ་དང་དེའི་འཇུག་ཏུ་ཡའི་སྒྲ་ཐོན་ཏེ་ཀ་ཡ་བཏགས་ཀྱ་ཞེས་སྨྲོས་དགོས་པར་བརྟེན། བོད་སྐད་ལ་ཡ་བཏགས་སོགས་འདོགས་ཀྱི་ཡི་གེ་བཞི་རྣམས་དབྱངས་ཡིག་ཕྱེད་པར་བརྩི་ན་ལེགས་[29]ཞེས་གསུངས་མོད། དེ་ལྟར་སྒྲུབ་ན་མགོ་ཅན་གསུམ་ལ་ར་ལ་སའི་སྒྲའི་ཟུར་ཞིག་ཐོན་དགོས་པར་མ་ཟད། འཕུལ་ཡིག་ལྔ་དང་རྗེས་འཇུག་བཅུའང་དེ་ལས་མ་འདས་པས། དེ་དག་ཚང་མ་དབྱངས་ཡིག་ཕྱེད་ཙམ་དུ་མི་འདོད་དགོས་པའི་རྒྱུ་མཚན་དང་སྒྲུབ་བྱེད་མེད་པར་སེམས།   ཁོ་བོས་བསམ་ན་སྦྱོར་ཀློག་ཅན་གྱི་ཡི་གེས་སྐད་ཆའི་སྒྲ་གདངས་ཐམས་ཅད་བརྗོད་ནུས་པ་ཙམ་གྱིས་མི་འཐུས་པར། དོན་གྱི་གོ་བ་ཐ་སྙད་ཀྱི་བརྗོད་པ་ཇི་སྙེད་ཀྱང་མཚོན་དགོས་པའི་རྐྱེན་གྱིས་དབྱངས་གཅིག་པུའི་སྦྱོར་སྡེབ་བམ་ཡང་ན་སྦྱོར་སྡེབ་ཉུང་ངུ་ཙམ་གྱིས་སྐད་དེའི་གདངས་ཐམས་ཅད་མཚོན་ཐུབ་ཀྱང་། ཡི་གེའི་བྱེད་ནུས་འགྲུབ་མི་ཐུབ་པ་རྒྱ་ནག་ཡི་གེ་འདོན་པར་ཆེད་དུ་བཟོས་པའི་སྒྲ་སྦྱོར་ཡི་གེ་དང་རྒྱལ་སྤྱིའི་སྒྲ་རྟགས་ཡི་གེ་ལྟ་བུས་གསལ་བྱེད་བྱས་ཡོད། བོད་ཡིག་ནི་སྒྲ་དོན་གཉིས་ཀ་འཐུས་པར་མཚོན་པའི་ཡི་གེ་མཚན་ཉིད་ལྡན་པ་ཞིག་ཡིན་ཕྱིར། དབྱངས་ཁོ་ནའི་སྦྱོར་སྡེབ་ཙམ་མམ་གསལ་བྱེད་ཀྱི་སྦྱོར་སྡེབ་ཉུང་ངུ་ཙམ་གྱིས་དོན་གྱི་བརྗོད་པ་ཐམས་ཅད་མཚོན་ཐབས་བྲལ་ཕྱིར་སྦྱོར་སྡེབ་ཀྱི་རྣམ་བཞག་ཅུང་རྙོག་འཛིང་ཅན་ཞིག་གསར་དུ་གཏོད་དགོས་ཏེ། དཔེར་ན་སྒྲ་གཅིག་ལ་དོན་མི་འདྲ་བའི་ཐ་སྙད་བརྗོད་ཀྱིས་མི་ལོང་བ་ཡོད་དགོས་པ། དཔེར་ན། རྐ་སྐ་ལྐ་དཀའ་བཀའ་སོགས་སྒྲའི་གདངས་གཅིག་གི་རྣམ་པར་སོང་བའི་ཡི་གེའི་སྦྱོར་སྡེབ་ཤིན་ཏུ་མང་བོ་ཞིག་མེད་དུ་མི་རུང་བ་ལྟ་བུའོ།། དེར་བརྟེན་དབྱངས་ཡིག་ཅེས་པ་རང་ཉིད་སྦྱོར་སྡེབ་ལས་གསལ་བྱེད་གཞན་སྦྱོར་སྡེབ་བྱེད་པར་བྱེད་ནུས་ཐོན་པ་ཅན་ཞིག་ཡིན་དགོས་པས། བོད་ཀྱི་འཕུལ་རྟེན་མགོ་འདོགས་བཞིའི་གསལ་བྱེད་སྦྱོར་སྡེབ་བྱེད་པར་དབྱངས་འས་བྱེད་ནུས་ཐོན་པ་སྟེ།  དཔེར་ན།  ར་འ་ཞུགས་ལ་དེར་ཀ་འ་ཞུགས་ཅན་བཏགས་པས་རྐ་ཞེས་པ་དང་། དེ་བཞིན་ཀ་འ་ཞུགས་ཅན་ལ་ར་འ་ཞུགས་ཅན་བཏགས་པས་ཀྲ  ཡང་ན། ཀ་འ་སྲོག་ཅན་ལ་ག་འ་སྲོག་ཅན་སྦྱར་བས་ཀག་ཅེས་པ་ལྟ་བུར་བརྗོད་དགོས་སྙམ་སྟེ།  ཏུན་ཧོང་ཡིག་རྙིང་སོགས་སུ་དབའས་དབྱྀ་ཚབ་དང་དབའས་མྱེས། ་་་  བཀའས་མྱྀ་གཆད་ར།་་་བཙན་པོས་བཀའ་ཇྀ་སྩའད་པ་གཟུངས་སུ་མྱྀ་འཛིན་རེ་ཞེས་བྲོ་སྩའད་ཏོ་་་ ཚེས་པོང་ནག་སེང་གི་བྱ་དགཱར།་་་[30]་ཞེས་པ་སོགས་རྗེས་འཇུག་གི་སྔུན་དུ་འ་ཡིག་བྲིས་པའམ་མིང་གཞིའི་འོག་ཏུ་འ་ཆུང་བཏགས་པ་མང་བོ་ཞིག་མཐོང་དུ་ཡོད་པ་འདི་དག་གིས་བདེན་དཔང་བྱས་ཡོད་མོད། ཡི་གེའི་འཕེལ་རིམ་དང་ཁྱད་པར་དུ་བཀས་བཅད་སོ་སོའི་སྐབས་སུ་ཡིག་ཚོགས་བསྐྱུངས་བ་དང་ཟོར་ཡང་བའི་ཆེད་དུ་མི་མཁོ་བར་གཏན་འབེབ་བྱས་པ་ཞིག་ལས། དང་ཐོག་མིང་གཞི་རྐྱང་བ་ཙམ་མ་ཟད་གསལ་བྱེད་ཀྱི་རྗེས་འཇུག་ཐམས་ཅད་ཀྱང་དབྱངས་འས་སྦྱོར་དགོས་པ་ཞིག་མིན་ནམ་སྙམ་མོ།།

བསྡུ་ཚུལ་གྱི་དབང་དུ་བཏང་ན་བོད་ཀྱི་འ་ཡིག་འདི་རྗེས་འཇུག་ནང་དུ་བསྡུས་ཡོད་མོད། དེ་རྗེས་འཇུག་གཞན་ལྟར་གསལ་བྱེད་ཀྱི་རྣམ་པས་འཇུག་པ་མིན་པ་འཇུག་ཚུལ་མི་འདྲ་བས་ཀྱང་ར་སྤྲོད་བྱས་ཡོད་པར་འདོད་དེ།  རྗེས་འཇུག་གཞན་དག་གསལ་བྱེད་དང་སྦྱར་བས་གདངས་ཀྱི་ང་རོ་གཞན་དུ་བསྐྱེད་པ།  དཔེར།  ཀག་ཁག་གག་ངག   ཅང་ཆང་ཇང་ཉང་།  ཏད་ཐད་དད་ནད་ལྟ་བུ་རྗེས་འཇུག་མི་འདྲ་བས་སྒྲ་གདངས་གཏན་ནས་མི་འདྲ་བ་འདྲེན་པ་མངོན་གསལ་ཡིན་པ་དང་། འ་ཡིག་གིས་ཀ་སོགས་སུམ་ཅུར་སྒྲ་གདངས་མི་འདྲ་བ་མི་བསྐྱེད་པའི་རྒྱུ་མཚན་གྱིས་དགའ་བདའ་གནའ་སོགས་མིང་གཞི་འཁྲུལ་རུང་བར་རང་སྒྲ་དངོས་སུ་འདོན་ནུས་ཕྱིར་འ་མཐའ་བཞག་པ་ཙམ་ལས། མིང་གཞི་མི་འཁྲུལ་བ་ཐམས་ཅད་ལ་བསྡུས་ཆོག་པས་ཡིག་རྙིང་འགར་བཀ་དང་དཀ   བཙ་ལྟུ་བུ་མིང་གཞི་མི་འཁྲུལ་བར་འ་མཐའ་མ་བྲིས་པའང་མཐོང་དུ་ཡོད། དེ་དག་གིས་གོང་སྨོས་ཇི་བཞིན་བོད་ཡིག་གི་གསལ་བྱེད་རྐྱང་བ་ཚང་མ་དབྱངས་འའི་སྒྲས་བརྗོད་པ་ཡིན་པའི་རྒྱུ་མཚན་གྱིས་མིང་གཞི་རང་གི་སྒྲ་འབྱིན་ནུས་ན་འ་མཐའ་མ་སྦྱར་ཀྱང་ཆོག་པ་དང་།  གལ་ཏེ་མིང་གཞི་རང་ཉིད་རྗེས་འཇུག་དུ་འཁྲུལ་རུང་ཕྱིར་འ་མཐའ་ངེས་པར་སྦྱོར་དགོས་པ་ཙམ་ལས།  འ་ཡིག་གིས་གསལ་བྱེད་སྦྱོར་སྡེབ་ཀྱི་རྗེས་འཇུག་གཞན་དང་མཚུངས་པའི་ནུས་པ་ཐོན་གྱིན་མེད་པ་ཤིན་ཏུ་གསལ་ལོ།། (དེའི་ཕྱིར་ས་ཆེན་བསོད་ནམས་རྩེ་མོའི་བྱིས་པ་འཇུག་བདེ་རུ་བོད་ལ་བརྗོད་དུ་རུང་བའི་ཡི་གེ་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་བརྗོད་པའི་སྐབས་སུ་རྗེས་འཇུག་དགུ་ལས་བཅུའི་སྦྱོར་ལུགས་མ་མཛད་པའི་རྒྱུ་མཚན་ཡང་འ་ལ་རྗེས་འཇུག་གི་ནུས་པ་མེད་པའི་རྐྱེན་གྱིས་ཡིན་སྙམ། འདི་ཁ་སྐོང་གིས་འབྲི་དགོས) ཕྲད་སྦྱོར་བའི་སྐབས་སུའང་འ་ཡིག་ཕུད་པའི་རྗེས་འཇུག་གཞན་མིང་མཐར་གནས་ཚེ་གཏན་ནས་བསྡུ་ཐབས་བྲལ་བ་དང་། འ་ཡིག་ཁོ་ན་བསྡུས་ཆོག་པ་སྟེ། དཔེར་ན།  ནམ་མཁའ་རུ་བྱ་འཕུར་ལ་ནམ་མཁར་འཕུར་ཞེས་པ་ལྟ་བུའོ།།  དེའང་ཚིག་ཕྲད་ར་ཡིག་གི་ནུས་པ་མིན་པར་འ་ཡིག་རྗེས་འཇུག་ཏུ་ཞུགས་པའི་ནུས་པ་ཡིན།  རྒྱུ་མཚན་རྗེས་འཇུག་འ་ཡིག་ཁོ་ན་གསལ་བྱེད་རྐྱང་འདོགས་ཅི་རིགས་མཐར་བསྡུ་རུང་བ་ལས།  རྗེས་འཇུག་གཞན་བསྡུ་ཐབས་བྲལ་བའམ་སྐོང་ཡིག་སོགས་སུ་བསྡུ་བའི་དབང་དུ་བཏང་རུང་རྗེསུ་དང་དོདུ་ལྟ་བུ་ཕྲེད་བསྡུ་བ་ལས་རྗེས་འཇུག་བསྡུ་ཐབས་གཏན་ནས་བྲལ་བ་སོགས་ལས་རིགས་པས་དཔག་གོ།

འ་ཡིག་ལ་རྗེས་འཇུག་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་གཞན་ཞིག་ནི། རྗེས་འཇུག་གཞན་དག་དབྱངས་ཀྱི་ནུས་པར་བསྟེན་ནས་སྒྲའི་ང་རོ་གཞན་དུ་བསྐྱེད་ནུས་པ་སྟེ། དཔེར་ན།  ཀག་ཁང་གད་ངན་རྣམས་ལ་དབྱངས་གཞན་དག་སྦྱར་བས་ཀིག་ཁུང་གེད་ངོན་ལྟ་བུ་སྒྲའི་ང་རོ་དྲང་བ་ནས་རིམ་པ་བཞིན་བཀུག་པ་དང་སྨད་པ། བསྒྲེང་བ། བསྟོད་པ་རྣམས་ལ་རྗེས་འཇུག་མི་འདྲ་ཞུགས་པས་སྒྲའི་ང་རོ་མི་འདྲ་བར་འགྱུར་བཞིན་ཡོད་པ་གཞན་དག་ཀུན་ལ་རིགས་བསྒྲེ་ཞིང་།   དེ་དག་གི་ཚབ་ཏུ་རྗེས་འཇུག་འ་ཡིག་ཞུགས་ན་ཀིའ་ཁུའ་གེའ་ངོའ་ལྟ་བུར་དབྱངས་ཀྱི་ང་རོ་རང་རང་ཁོ་ན་ཙམ་ལས་གཞན་པའི་རྗེས་འཇུག་གི་གདངས་ཤིག་འདོན་ཐབས་མེད་པར་མ་ཟད།  སྦྱོར་ཀློག་ཀྱང་མི་བདེ་བའི་རྣམ་པ་མངོན་གསལ་ཡིན་ལ། དེ་ནི་བོད་ཀྱི་ཡི་གེར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་གསལ་བྱེད་ཡི་གེ་ཐམས་ཅད་དབྱངས་འའི་ང་རོ་ཅན་ཡིན་པས། དབྱངས་ཀྱི་ང་རོ་དྲང་བ་ཁོ་ནས་དབྱངས་ཀྱི་ང་རོ་བཀུག་པ་དང་སྨད་པ། བསྒྲེང་བ། བསྟོད་པ་བཅས་འདྲེན་ནུས་པ་དང་།  དབྱངས་ཀྱི་ང་རོ་གཞན་དག་གིས་ཀྱང་གསལ་བྱེད་གཞན་ལ་མཚམས་སྦྱོར་བའི་བྱེད་ནུས་འདོན་ཐུབ་པ་ཞིག་ལས། དབྱངས་ཀྱི་ང་རོ་བཀུག་སྨད་བསྒྲེང་བསྟོད་བཞིས་དབྱངས་གཞན་དག་གི་ང་རོ་ཞིག་མིང་གཞི་གཅིག་གི་སྟེང་ནས་གཏན་ནས་འདྲེན་ཐབས་མེད་པ་སྟེ། དཔེར་ན། གསལ་བྱེད་ཡི་གེ་རྗེས་འཇུག་ཏུ་སྦྱོར་བས། བཀག བཀིག  ལྟ་བུ་དབྱངས་དྲང་བ་དང་བཀུག་པའི་ང་རོས་གསལ་བྱེད་ཀྱི་རྗེས་འཇུག་དྲངས་ཚེ་སྒྲའི་ང་རོ་གཞན་ལ་འགྱུར་ནུས་པ་ཆོས་ཉིད་དང་ལྡན་ཞིང་། བཀིུ  བཀེུ་ལྟ་བུ་གཞི་གཅིག་གི་སྟེང་ལ་དབྱངས་བཀུག་སྨད་ཀྱི་ང་རོ་གཉིས་སྦྱར་ན་ངག་ནས་སྒྲ་ཞིག་འབྱིན་ཐབས་མེད་པའི་རྒྱུ་མཚན་ཡང་དབྱངས་ཀྱི་ང་རོ་གཞན་པས་དབྱངས་གཞན་དག་འདྲེན་ཐབས་མེད་པ་མཚོན་ཡོད་ཅིང་། དེ་བཞིན་བཀིའ་བཀོའ་ལྟ་བུར་ དབྱངས་ཀྱི་ང་རོ་བཀུག་སྨད་གཉིས་ཀྱི་སྒྲ་ཐོག་མར་འབྱིན་ནས། དེའི་རྗེས་སུ་འའི་གདངས་གཏན་ནས་སྦྱོར་མི་བདེ་བའི་རྒྱུ་མཚན་དབྱངས་དྲང་བའི་ང་རོ་ལས་དབྱངས་གཞན་པ་དག་གིས་དབྱངས་ཀྱི་ང་རོ་འདྲེན་ཐབས་བྲལ་ཚུལ་དེར་རེག་པ་ལས། གསལ་བྱེད་རྗེས་འཇུག་ [31] ལྷག་མ་རྣམས་ཀྱིས་དབྱངས་ཀྱི་ང་རོ་ལྔ་བོ་ཁྱད་མེད་དུ་འདྲེན་རུང་བར་མ་ཟད། རང་རང་གི་སྒྲའི་ང་རོ་མི་འདྲ་བ་བསྐྱེད་ནུས་པའང་གོང་སྨྲོས་བཞིན་ནོ།། དེས་ཀྱང་འ་ཡིག་འདིས་དབྱངས་ཀྱི་བྱེད་ནུས་ཙམ་ལས་གསལ་བྱེད་རྗེས་འཇུག་གི་བྱེད་ནུས་ཤིག་འདོན་ཐུབ་མེད་པ་མཚོན་ཡོད།  འོན་ཀྱང་།  དབྱངས་གཞན་ལ་འ་ཡིག་སྦྱོར་ཐབས་མེད་ཟེར་ན། ཏུན་ཧོང་ཡིག་རྙིང་དང་གནའ་བོའི་རྡོ་རིང་ཡི་གེ་རྣམས་སུ་མྱི་མཁོའ་བ་འི་ལས་ཀྱི་སྣ་གྲངས་ནྀ་མངས་སོ།། ་་་་་རྗོ་བོ་ཉེས་དགུའ་བྱེད་པའ།།[32]ཞེས་པ་ལྟ་བུ་མང་བོ་ཞིག་མཐོང་དུ་ཡོད་པ་ཅིའི་ཕྱིར་སྙམ་ན། ཁོ་བོས་དཔོག་ན་བོད་ཡིག་གི་གསལ་བྱེད་ཐམས་ཅད་དབྱངས་དྲང་བའི་ང་རོ་ཅན་ཡིན་ཕྱིར།  ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འ་མ་ཞུགས་པར་བརྗོད་དུ་མེད་ཚུལ་གོང་སྨོས་ལྟར། འདིར་ཡང་མཁ་དང་དག་གི་རྗེས་སུ་དབྱངས་འ་ཞུགས་ནས་མཁའ་དང་དགའ་སྟེ་མིང་གཞིའི་གསལ་བྱེད་རང་གི་བརྗོད་པ་དངོས་སུ་བྱུང་བ་དང་།  དེ་ལ་དབྱངས་འོ་དང་འུ་ཞུགས་པས་རང་རང་གི་སྒྲའི་ང་རོ་བསྟོད་པ་དང་སྨད་པའི་རྣམ་པ་ཅན་གྱི་སྒྲ་བྱུང་བ་སྟེ། དཔེར་ན། མམཁའའོམཁོ། དདགའའུདགུ་ལྟ་བུ་གོ་རིམ་འདི་བཞིན་བྱས་ན།   ངག་ནས་མཁོ་དང་དགུ་ཡི་སྒྲ་འབྱིན་པར་རིགས་པས་གནོད་པ་ཅི་ཡང་མེད་པས། དབྱངས་དྲང་བའི་ང་རོས་བསྟོད་པ་དང་སྨད་པའི་ང་རོ་དྲངས་པ་ཞིག་ལས། གལ་ཏེ་ཐོག་མར་མཁོ་དང་དགུའི་ང་རོ་བསྟོད་པ་དང་སྨད་པ་གཉིས་ཀྱིས་ང་རོ་དྲང་བའི་རྣམ་པ་ཅན་གྱི་འ་དྲངས་པར་སེམས་ན་ངག་ནས་སྒྲའི་ང་རོ་ཞིག་འབྱིན་ཐབས་མེད་པ་མངོན་སུམ་དུ་གྲུབ་པའི་ཕྱིར།  དེ་དག་ཐམས་ཅད་ཀྱིས་བོད་ཡིག་ལ་དབྱངས་ཡིག་ལྔའི་རྣམ་བཞག་འཐད་པ་དང་འ་ཡིག་འདིས་དབྱངས་ཀྱི་སྒྲ་དོན་གཉིས་ཀའི་བྱེད་ནུས་འདོན་བཞིན་པ་རྟོག་པས་བཏགས་པ་ཙམ་མིན་པ་ར་སྤྲོད་བྱས་ཡོད་པར་སྙམ་མོ།།

འདོར་ན། ཁོ་བོས་དཔོག་ན་འ་ཡིག་དབྱངས་དུ་བསྡུ་བ་འ་རང་སྟེང་དུ་དབྱངས་ཡིག་གི་བྱེད་ནུས་དང་ཁྱད་ཆོས་ཚང་བར་མ་ཟད། འཛམ་གླིང་སྤྱིའི་བརྡ་སྤྲོད་སྨྲ་བའི་དགོངས་དོན་དང་མཐུན་ཞིང་། བོད་རང་གི་སུམ་རྟགས་གཉིས་ཀྱི་ཕྱི་མོ་ལའང་རྩ་བའི་ཆ་ནས་མི་འགལ་བར་འདོད་པས་འདིར་རང་གིས་ཅི་ལྕོགས་ཤིག་དཔྱད་པ་བཏང་བ་ཞིག་ཡིན་མོད། འདིས་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་བོད་སྐད་ཀྱི་རྩ་བའི་ཆོས་ཉིད་དང་མཐུན་པའི་བྱེད་འབྲེལ་སོགས་ཚིག་འཕྲད་མང་བོ་ཞིག་དགོས་མེད་དུ་བཟོས་ཏེ་བརྡ་སྤྲོད་རིག་པའི་སྤྱིའི་རྣམ་བཞག་ལ་གཏོར་བཤིག་བཏང་བ་ཞིག་ཏུ་གཏན་ནས་མི་སེམས་པར་ཞུ།  དེར་བརྟེན་དོགས་དཔྱོད་འདི་ཙམ་གྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་དར་རྒྱས་དང་ཞིབ་འཇུག་ཕྱོགས་ལ་ཕན་པའི་རྒྱུ་རུ་གྱུར་ཨེ་འགྲུབ་པའི་ལྷག་སེམས་ཀྱིས་སྐུལ་བ་ཙམ་ལས། བློ་གྲོས་ཀྱི་ནོར་གྱིས་དབུལ་བའི་མིའུ་ཆུང་ཁོ་བོར་མ་རྟོགས་ལོག་རྟོག་གི་སྐྱོན་ཤིན་ཏུ་མང་བོ་ཡོད་ངེས་པ་ན་མཐའ་གཅིག་ཏུ་མཁྲེགས་འཛིན་གྱི་འདུ་ཤེས་དེ་བས་ཀྱང་མེད་པས།  གཟུར་གནས་རྣམ་པའི་རིགས་པའི་དགོངས་འཆར་དང་དུ་ལེན་པའི་འདུན་པ་བཅོས་མིན་དུ་ཡོད་དོ།།

དཔྱད་ཡིག་དང་ཞབས་མཆན། 

[1] ས་སྐྱ་པཎ་ཆེན་གྱི་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་བོ། ཤོག་ངོས536། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992ལོའི་པར་ཐེངས་དང་བོ།

[2] ཨ་ལག་ཤ་ངག་དབང་བསྟན་དར་གྱི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། བོད་ཀྱི་བརྡ་སྤྲོད་གསུང་རྩོམ་ཕྱོགས་སྒྲིག  པོད་བཅུ་བ། ཤོགས་ངོས16།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་པར་ཐེངས་དང་བོ།

[3] ས་སྐྱ་པཎ་ཆེན་གྱི་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད། ཤོག་ངོས538། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992ལོའི་པར་ཐེངས་དང་བོ།

[4] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག ཤོག་ངོས་33། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1981ལོའི་པར་ཐེངས་དང་བོ།

[5] ས་ཆེན་བསོད་ནམས་རྩེ་མོའི་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བའི་བསྟན་བཅོས། དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་གཉིས་པ། ཤོག་ངོས152། མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་ཐེངས་དང་བོ།

[6] ས་པཎ་གྱི་བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད།  ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་བོ།ག་ངོས540། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1992ལོའི་པར་ཐེངས་དང་བོ།

[7] ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱི་སུམ་རྟགས་བཤད་སྦྱར་ལེགས་བཤད་གཅེས་བསྡུས། སུམ་ཅུ་བའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན། ཤོག་ངོས91། ཀིརྟིའི་བྱེས་པ་གྲྭ་ཚང་གིས་2009ལོར་བསྡུ་སྒྲིག་བྱས་ཏེ་པར་དུ་བཏབ།

[8] འཇམ་དཔལ་རིག་པའི་བློ་གྲོས་ཀྱི་སུམ་འགྲེལ་ཟླ་སྣང་། སུམ་ཅུ་བའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན། ཤོག་ངོས83། ཀིརྟིའི་བྱེས་པ་གྲྭ་ཚང་གིས་2009ལོར་བསྡུ་སྒྲིག་བྱས་ཏེ་པར་དུ་བཏབ།

[9]  ཨ་ལག་ཤ་ངག་དབང་བསྟན་དར་གྱི་སུམ་རྟགས་འགྲེལ་བ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛོད།  སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་མཛེས། ཤོག་ངོས101། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2006ལོའི་པར་ཐེངས་དང་བོ།

[10] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚའི་སུམ་རྟགས་མཆན་འགྲེལ་ངོ་མཛར་འཕྲུལ་གྱི་ལྡེ་མིག།ཤོག་ངོས29།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་པར་ཐེངས་དང་བོ།

[11] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚའི་སུམ་རྟགས་མཆན་འགྲེལ་ངོ་མཛར་འཕྲུལ་གྱི་ལྡེ་མིག། ཤོག་ངོས31། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་པར་ཐེངས་དང་བོ།

[12] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚའི་སུམ་རྟགས་མཆན་འགྲེལ་ངོ་མཛར་འཕྲུལ་གྱི་ལྡེ་མིག། ཤོག་ངོས28། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1981ལོའི་པར་ཐེངས་དང་བོ།

[13] ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ །  ཤོག་ངོས་67ནས68བར།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་པར་ཐེངས་བཞི་བ།

[14] ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་། ཤོག་ངོས་77།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་པར་ཐེངས་བཞི་བ།

[15] ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ཤོག་ངོས35ནས36བར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2012ལོའི་པར་ཐེངས་གཉིས་པ།

[16] ཁྲི་ཟུར་སྒོ་མང་གུང་རུ་བསྟན་འཛིན་གྱི་སུམ་རྟགས་དཀའ་གནད་གསལ་བྱེད་ཉི་ཟླ་ཟུང་འཇུག  སུམ་ཅུ་བའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན། ཤོག་ངོས103། ཀིརྟིའི་བྱེས་པ་གྲྭ་ཚང་གིས་2009ལོར་བསྡུ་སྒྲིག་བྱས་ཏེ་པར་དུ་བཏབ།

[17] ཚེ་དབང་ལྷ་མོ་དང་དགེན་ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ། ཤོག་ངོས48  མི་རིགས་དཔེ་སྐྲུན་ཁང་། 2009ལོའི་པར་ཐེངས་དང་བོ།

[18] ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་། ཤོག་ངོས་78།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་པར་ཐེངས་བཞི་བ།

[19] དཀོན་མཆོག་ཡེ་ཤེས་ཀྱི་དཔྱད་རྩོམ་ཡི་གེ་དང་ལ་དོན།    སུམ་ཅུ་བའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན། ཤོག་ངོས110། ཀིརྟིའི་བྱེས་པ་གྲྭ་ཚང་གིས་2009ལོར་བསྡུ་སྒྲིག་བྱས་ཏེ་པར་དུ་བཏབ།

[20] གླང་རི་བ་ཐུབ་བསྟན་སྦྱིན་པའི་སྨྲ་སྒོའི་ལྡེ་མིག   ཤོག་ངོས61།   བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་པར་དུ་བཏབ། 2010ལོའི་པར་ཐེངས་དང་བོ།

[21] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་གྱི་བཤུས་ཡིག་ཕྱོགས་བསྒྲིགས།  དེབ་དང་བོ། ཤོག་ངོས172།  གཙོ་སྒྲིག་པ།   ཁ་སྒང་བཀྲ་ཤིས་ཚེ་རིང་དང་སྟོབས་ལྡན་སོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི་པར་ཐེངས་དང་བོ།

[22] ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ཤོག་ངོས127ནས128བར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2012ལོའི་པར་ཐེངས་གཉིས་པ།

[23] ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ཤོག་ངོས247བར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་པར་ཐེངས་གཉིས་པ།

[24] དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་རྟགས་འཇུག་གི་དགོངས་འགྲེལ་རབ་གསལ་སྣང་བ་ཞེས་བྱ་བ་ལས།    སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་མཛེས། ཤོག་ངོས202ནས203། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2006ལོའི་པར་ཐེངས་དང་བོ།

[25] ཞ་ལུ་ལོ་ཙཱ་བའི་སློབ་དཔོན་ཨ་ནུས་མཛད་པའི་བོད་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་བའི་རྣམ་འགྲེལ་ལས།  སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་མཛེས། ཤོག་ངོས74། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2006ལོའི་པར་ཐེངས་དང་བོ།

[26] ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ལས། ཤོག་ངོས་282།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1988ལོའི་པར་ཐེངས་བཞི་བ།

[27] བསམ་ཡས་རྡོ་རིང་ཡི་གེ  སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་སློབ་གསར་སྟོང་གི་འཇུག་སྒོ  གོང་བ་ཀླུ་འབུམ་རྒྱལ།  ཤོག་ངོས21།  མི་རིགས་དཔེ་སྐྲུན་ཁང་། 2006ལོའི་པར་ཐེངས་དང་བོ།

[28] དཔང་ལོ་ཙཱ་བའི་ཚོགས་གསུམ་གསལ་བ། དག་ཡིག་ཕྱོགས་སྒྲིག་མུ་ཏིག་ཚོམ་བུ། ཤོག་ངོས15།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1998ལོའི་པར་ཐེངས་དང་བོ།

[29] གླང་རི་བ་ཐུབ་བསྟན་སྦྱིན་པས་བརྩམས་པའི་སྨྲ་སྒོའི་ལྡེ་མིག ཤོག་ངོས63།   བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་པར་དུ་བཏབ། 2010ལོའི་པར་ཐེངས་དང་བོ།

[30] གཉའ་གོང་དཀོན་མཆོན་ཚེ་བརྟན་གྱི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།  ཤོག་ངོས44ནས46བར།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་པར་ཐེངས་དང་བོ།

[31] མཆན།   གསལ་བྱེད་རྗེས་འཇུག་ཅེས་པ་འ་ཡིག་ཕུད་པའི་རྗེས་འཇུག་རྣམས་གསལ་བྱེད་ཀྱི་ཡི་གེ་ཡིན་པ་བསྟན་པའོ།།

[32] སྟག་རི་གཉན་གཟིགས།  གཉའ་གོང་དཀོན་མཆོན་ཚེ་བརྟན་གྱི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།  ཤོག་ངོས25ནས26བར།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2001ལོའི་པར་ཐེངས་དང་བོ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།