ཕར་ཕྱིན་སྐབས་བཞི་པའི་མཚམས་སྦྱར་ནས་བརྩམས་ཏེ་སྦྱོར་བཞིའི་སྒོམ་རིམ་ལ་དཔྱད་པ།

0
932

མཁྱེན་རབ་ཡེ་ཤེས་རབ་རྫོགས་ཆོས་ཀྱི་སྐུ།།
རྣམ་དག་གཟུགས་སྐུའི་རྣམ་རོལ་ལོངས་སྤྱོད་སྐུ།།
ཐབས་མཁས་ཤཱཀྱའི་རིགས་འཁྲུངས་སྤྲུལ་བའི་སྐུ།།
འཕྲིན་ལས་ཀུན་ཁྱབ་རྒྱལ་བའི་སྐུ་ལ་འདུད།།

གང་གིས་ལུང་བསྟན་ས་བཅུའི་སེམས་དཔའ་མཆོག།
སློབ་དང་མི་སློབ་བགྲོད་པའི་ལམ་པོ་ཆེ།།
ཀུན་ཏུ་མི་གཏོང་བྱམས་པའི་མཚན་ཅན་ལ།།
མི་ཕྱེད་གུས་པས་འདུད་དོ་དགེ་ལེགས་སྩོལ།།

རིག་པ་སྟོང་གསལ་དབྱིངས་ཀྱི་མེ་ལོང་ངོར།།
མདོ་སྔགས་ངེས་གསང་འབུམ་གྱི་སྙིང་པོ་ཀུན།།
ཅིག་ཅར་གསལ་བའི་ལེགས་བཤད་ཆེར་སྒྲོག་པའི།།
མི་ཕམ་འཇམ་པའི་དབྱངས་ཀྱིས་ཤིས་པ་སྒྲུབས།།

དེ་ཡང་སློབ་དཔོན་གྱི་བརྒྱད་སྟོང་འགྲེལ་ཆེན་དུ།  ཡོངས་སུ་ཤེས་པར་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་དང་ལམ་དང་གཞི་ཤེས་པ་ཐམས་ཅད་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པ་ཡིན་པས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པར་བྱའོ།། ཞེས་དང་། འགྲེལ་ཆུང་དོན་གསལ་དུ།  ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་གསུངས་པས་སྐབས་བཞི་པར་མཚམས་སྦྱར་བ་དང་། སྡུད་པ་རྒྱན་སྦྱར་ལས།  དེ་ལྟར་ཡུལ་མཁྱེན་གསུམ་བཤད་ནས་དེ་ཉམས་སུ་ལེན་པ་ལ་སྦྱོར་བ་བཞི་གསུངས་ཏེ། ཞེས་པ་ལས་མཚམས་སྦྱར་ལ། དེའི་དོན་ནི། སྐབས་དང་པོ་གསུམ་དུ་མཚོན་བྱེད་ཀྱི་ཆོས་སུམ་ཅུས་མཁྱེན་པ་གསུམ་པོ་དེ་ཐོབ་བྱ་དང་ཐོབ་བྱེད་དང་གོལ་ས་མི་མཐུན་ཕྱོགས་དང་བཅས་ཏེ་ཤེས་པར་བྱ་བ་ཐོས་བསམ་གྱི་ཡུལ་དུ་གཏན་ལ་ཕབ་པ་དང་། སྐབས་བཞི་པ་ནས་སྐབས་བདུན་པའི་བར་དུ། ཐོབ་བྱེད་དེ་ལ་བརྟེན་ནས་ཐོབ་བྱ་དེ་མངོན་དུ་བྱེད་ཚུལ་གྱི་ལམ་ཉམས་སུ་ལེན་ཚུལ་ལམ། མཁྱེན་གསུམ་གྱི་ཡུལ་གཞི་ལམ་རྣམ་གསུམ་སྐྱེ་མེད་ཀྱི་དོན་དེ་ཇི་ལྟར་ཉམས་སུ་ལེན་པའི་སྒོམ་ལ་སྦྱར་ཏེ་འཆད་པ་སྐབས་སུ་བབ་པ་ཡིན་ཏེ། སློབ་དཔོན་ཆོས་བཤེས་ཀྱི་ཚིག་གསལ་ལས། དབང་དུ་བྱ་བའི་ཕྱིར་ཞེས་བྱ་བ་ནི་བསྒོམས་པས་རང་གི་རྒྱུད་ལ་བསྐྱེད་པས་རང་དབང་ཐོབ་པའི་ཕྱིར་ཏེ། ཐོས་པ་དང་བསམ་པའི་ཤེས་རབ་དག་ནི་མི་བརྟན་པས་ན་ཡོན་ཏན་རང་དབང་ཅན་མ་ཡིན་ལ། བསྒོམ་པ་ལས་ནི་རང་དབང་དུ་འགྱུར་བས་སོ།། ཞེས་གསུངས་པ་ལྟར། རྣམ་ཀུན་ནས་བརྩམས་ཏེ་འཇུག་པ་སྦྱོར་བཞིའི་སྒོམ་རིམ་གྱི་དབང་དུ་བྱས་ཏེ་གསུངས་སོ།།

འདིས་ནི་བསྟན་བཅོས་མངོན་རྟོགས་རྒྱན་ལས་གཞི་ཐོས་བསམ་བྱ་བའི་གནས་ཙམ་གཏན་ལ་ཕབ་པ་ཙམ་མ་ཡིན་པར་ལམ་བསྒོམ་པའི་ཉམས་ལེན་དང་སྦྱར་ཏེ་གསུངས་ཡོད་པའང་གོ་བས་བསྟན་བཅོས་ཀྱི་ཆེ་བ་ཡིན་ངེས་སོ།།  དེས་ན་འདིར་ཅིག་ཅར་བ་དང་རིམ་གྱིས་པའི་སྦྱོར་བ་གཉིས་ཀྱི་སྒོམ་པ་དངོས་དང་དེའི་རྟེན་དང་བཅས་པའི་ཚུལ་ལ་དཔྱད་པ་སྟེ་ས་བཅད་གཉིས་སུ་དགར་ཏེ་བརྗོད་པ་ལས། དང་པོ་ནི། མངོན་རྟོགས་རྒྱན་གྱི་སྐབས་བཞི་པ་ནས་བཟུང་སྟེ་སྐབས་བདུན་པའི་བར་དུ་ཉམས་ལེན་སྦྱོར་བ་བཞིའི་རྣམ་གཞག་བྱུང་བ་ལ་དེ་དག་གི་རང་བཞིན་མདོར་བསྡུས་ན། སྡུད་པ་རྒྱན་སྦྱར་ལས། མཁྱེན་གསུམ་དུ་གཏན་ལ་ཕབ་པའི་རྣམ་པ་མཐའ་དག་བསྡུས་ཏེ་སྒོམ་པ་རྣམ་རྫོགས་སྦྱོར་བ་དང་། སྦྱོར་བ་དེ་གོམས་ནས་གྲུབ་པའི་ཚད་དུ་གྱུར་པ་དྲོད་ནས་སྐད་ཅིག་མའི་བར་གྱི་གནས་སྐབས་བསྟན་པ་ནི། སྐབས་སོ་སོའི་གོམས་པ་རྫོགས་པའི་རྩེ་མོ་ཡིན་ལ། ཞེས་དང་། སློབ་ལམ་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་གྲུབ་པའི་ཆེད་དུ་ལམ་གྱི་རྣམ་པ་གྲངས་དང་གོ་རིམ་ངེས་ཅན་དུ་ཕན་ཚུན་གཅིག་གིས་ཀུན་འདྲེན་པའི་ཚུལ་གྱིས་སྒོམ་པ་མཐར་གྱིས་པ། དེ་ཡོངས་སུ་གྲུབ་པ་མཐར་ཕྱིན་ནས་སྐད་ཅིག་གཅིག་ལ་ཟག་མེད་ཀྱི་ཆོས་ཀུན་ཚང་བར་སྒོམ་པ་སྐད་ཅིག་མའི་སྦྱོར་བ་དང་བཞི་ལས། ཞེས་པས་བསྟན་པ་ལྟར་ཡིན་ནོ།། དཔལ་སྤྲུལ་སྒོམ་རིམ་ལས།  ཐེག་པ་ཆེན་པོའི་ལམ་གྱི་སྦྱོར་བ་ལ་གཉིས་ཏེ། རྟོགས་པ་རང་དབང་དུ་བྱ་བ་རྣམ་རྫོགས་སྦྱོར་བ་དང་། རྟོགས་པ་བརྟན་པར་བྱ་བ་རིམ་གྱིས་པའི་སྦྱོར་བའོ།། ཞེས་གསུངས་པ་ལྟར། ལམ་སྒོམ་པའི་རིམ་པ་གཉིས་བསྟན་ཏེ་རྟོགས་པ་རང་དབང་དུ་བྱ་ཕྱིར་རྣམ་ཀུན་བསྒོམ་པ་དང་། རྟོགས་པ་བརྟན་པར་བྱ་ཕྱིར་མཐར་གྱིས་པ་བསྒོམ་པའོ།། ཆེད་དུ་བྱ་བ་དེ་གཉིས་ཀྱི་ཚད་གང་ཞེ་ན། སྒོམ་རིམ་ལས།  དཔེར་ན་ཕྱུག་པོ་ཆེན་པོ་ཞིག་གི་ལོངས་སྤྱོད་ཐམས་ཅད་བྲན་ཁོལ་དབུལ་བོ་དེས་ཤེས་ཤིང་རྩི་བགྲང་བྱེད་ཀྱང་རང་དབང་དུ་ལོངས་སྤྱོད་ཆོག་པ་ནི་ཁབ་ཙམ་ཡང་མེད་པ་བཞིན་ནོ།། དེས་ན་དང་པོ་མི་རྟག་པའི་རྣམ་པ་ནས་བཟུང་སྟེ་མཐར་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་ཐམས་ཅད་བདེན་གཉིས་ཟུང་འཇུག་གི་ཚུལ་དུ་བསྒོམས་ཏེ་རྟོགས་པ་མ་སྐྱེས་པ་སྐྱེད་པར་བྱེད་པ་ལ་རྟོགས་པ་དབང་དུ་བྱ་བ་ཞེས་བྱའོ།། ཞེས་པ་ལྟར་བསྒོམ་བྱའི་ཡུལ་སྤྲོས་བྲལ་ལ་གསལ་སྣང་ཐོབ་པའི་རང་ལ་དབང་བའི་རྣལ་འབྱོར་གྱི་ལམ་མ་སྐྱེད་པ་སྐྱེད་པ་དེ་རྣམ་རྫོགས་སྦྱོར་བ་བསྒོམ་པའི་ཆེད་དུ་བྱ་བ་དང་། སྐྱེས་ཟིན་གྱི་ལམ་དེ་ཡང་ཡང་བསྒོམ་སྟོབས་ཀྱིས་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཀུན་མངོན་དུ་བྱེད་ནུས་པའི་ཏིང་ངེ་འཛིན་གྱི་རྩལ་ལ་བརྟན་པ་ཐོབ་པ་དེ་མཐར་གྱིས་པའི་སྦྱོར་བ་བསྒོམ་པའི་ཆེད་དུ་བྱ་བ་ཡིན་ནོ།།

དེ་ལྟར་རྟོགས་པ་རང་དབང་དུ་བྱས་པའི་ཚད་ལ་སྟོང་ཉིད་ལ་གསལ་སྣང་ཐོབ་དགོས་ཏེ། རྣམ་རྫོགས་སྦྱོར་བ་དེ་རྟོགས་པ་རང་དབང་དུ་བྱ་བའི་ཆེད་དུ་བསྒོམས་ནས་དེ་ཐོབ་པ་ལ་རྩེ་མོའི་སྦྱོར་བ་འབྱུང་ཞིང་། རྩེ་མོ་དང་པོའི་ས་མཚམས་སྦྱོར་ལམ་དྲོད་ནས་འཇོག་དགོས་པ་ཡིན་པའི་ཕྱིར་རོ།། ཨར་བྱང་ཆུབ་ཡེ་ཤེས་ཀྱི་རྒྱན་འགྲེལ་རྣམ་འབྱེད་དུའང་།  མཁྱེན་པ་གསུམ་གྱི་རྗེས་ལ་རྣམ་ཀུན་མངོན་རྫོགས་སྟོན་པའི་གོ་རིམ་གྱི་རྒྱུ་མཚན་སྟོན་པ་ནི། ཐམས་ཅད་ཤེས་པ་ཉིད་གསུམ་ཐོས་པ་དང་བསམ་པས་ཡོངས་སུ་ཤེས་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་ཞེས་འབྲེལ་ལོ།། དེ་དགོས་པ་གང་གི་ཆེད་དུ་སྙམ་པ་ལ། རང་གི་རྒྱུད་ལ་ལྷུན་གྲུབ་ཏུ་སྐྱེ་བའི་དབང་དུ་གྱུར་པ་ཐོབ་པར་བྱ་བའི་ཕྱིར་རོ།། ཞེས་སོ།། བརྟན་པ་ཐོབ་པ་ལ་ཆོས་ཀུན་མངོན་དུ་བྱེད་ནུས་པའི་ཏིང་ངེ་འཛིན་གྱི་རྩལ་ལ་བརྟན་པ་ཐོབ་དགོས་ཏེ།  དེ་ཐོབ་པ་ནི་སྐད་ཅིག་མའི་སྦྱོར་བའི་སྐབས་ཏེ་སློབ་པ་མཐར་ཐུག་པའི་ཏིང་ངེ་འཛིན་གྲུབ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སྐད་ཅིག་གཅིག་གིས་ཆོད་པ་ཙམ་ཡིན་པའི་ཕྱིར་རོ།། དེ་ལྟར་སྡུད་པ་རྒྱན་སྦྱར་ལས།  སློབ་ལམ་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་གྲུབ་པའི་ཆེད་དུ་ལམ་གྱི་རྣམ་པ་གྲངས་དང་གོ་རིམ་ངེས་ཅན་དུ་ཕན་ཚུན་གཅིག་གིས་ཀུན་འདྲེན་པའི་ཚུལ་གྱིས་སྒོམ་པ་མཐར་གྱིས་པ། དེ་ཡོངས་སུ་གྲུབ་པ་མཐར་ཕྱིན་ནས་སྐད་ཅིག་གཅིག་ལ་ཟག་མེད་ཀྱི་ཆོས་ཀུན་ཚང་བར་སྒོམ་པ་སྐད་ཅིག་མའི་སྦྱོར་བ་དང་བཞི་ལས། ཞེས་སོ།། རྒྱུ་རྣམ་རྫོགས་སྦྱོར་བ་བསྒོམ་པ་ལ་བརྟེན་ནས་གནས་སྐབས་ཀྱི་འབྲས་བུ་རྩེ་མོའི་སྦྱོར་བ་དང་། མཐར་ཐུག་སྒྲིབ་གཉིས་ཟད་པར་སྤངས་པའི་ཇི་ལྟ་བ་གཟིགས་པའི་རྣམ་མཁྱེན་ཡེ་ཤེས་བསྐྱེད་པ་དང་། རྒྱུ་མཐར་གྱིས་པའི་སྦྱོར་བས་རྣམ་པ་མང་པོ་བསྒོམ་པ་ལ་བརྟེན་ནས་གནས་སྐབས་ཀྱི་འབྲས་བུ་ཆོས་ཀུན་འདྲེན་པའི་ནུས་པ་དང་ལྡན་པའི་སྐད་ཅིག་མའི་སྦྱོར་བ་འགྲུབ་ཅིང་། མཐར་ཐུག་ཆོས་ཀུན་དངོས་སུ་རྟོགས་པའི་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་ཡེ་ཤེས་བསྒྲུབ་པའི་ཆ་ནས་སོ་སོར་ཤེས་པར་བྱ་སྟེ། སྒོམ་རིམ་ལས།  ཆོས་ཐམས་ཅད་སྟོང་ཉིད་དུ་སྒོམ་པའི་རྣམ་རྫོགས་སྒོམ་པ་མེད་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པའི་སངས་རྒྱས་ཉིད་མི་ཐོབ་ལ། རྗེས་ཐོབ་ཤེས་བྱ་ཐམས་ཅད་ལ་དབང་བསྒྱུར་བའི་མཐར་གྱིས་པ་སྒོམ་པ་མེད་ན་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཐམས་ཅད་མངོན་དུ་འགྱུར་བའི་རྣམ་མཁྱེན་ཉིད་མི་ཐོབ་པར་གསུངས་ཏེ། རྒྱུད་བླ་ལས། གློ་བུར་ཉོན་མོངས་དག་པ་ནི།། མདོར་ན་མི་རྟོག་ཡེ་ཤེས་ཀྱི།། འབྲས་བུ་ཡིན་པར་རབ་ཏུ་བརྗོད།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། ཆོས་ཀྱི་སྐུ་ནི་ངེས་ཐོབ་པ།། དེ་ནི་རྗེས་ལས་ཐོབ་པ་ཡི།། ཡེ་ཤེས་འབྲས་བུ་ཡིན་པར་བསྟན།། ཞེས་པ་དང་དོན་གཅིག་གོ། ཞེས་གསུངས་པས་སོ།།

སྤྱིར་ཤེས་བྱ་མཐའ་དག་གི་རྣམ་པ་མཐའ་ཡས་ཤིང་བགྲངས་བར་མི་ནུས་མོད། མཁྱེན་པ་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱིས་ཆོས་ཀུན་གྱི་གནད་བསྡུས་ཤིང་། དེ་དག་རྗེས་ཐོབ་ཏུ་རྒྱུ་འབྲས་བྱེད་གསུམ་མ་འདྲེས་པར་བསྒོམ་ཞིང་མཉམ་བཞག་ཏུ་སྐྱེ་མེད་གསུམ་དུ་བསྡུས་པ་སྟེ་སྤྲོས་བྲལ་གཅིག་གི་ངོ་བོར་བསྒོམ་པར་བྱེད་པའི་སྦྱོར་བ་ནི་རྣམ་རྫོགས་སྦྱོར་བ་ཡིན་ཏེ། སྡུད་པ་རྒྱན་སྦྱར་ལས།  དེ་ལྟར་རྣམ་པ་བརྒྱ་དོན་གསུམ་པོ་དེ་དག་ཏུ་གཞི་ལམ་འབྲས་བུའི་ཆོས་རྣམས་གནད་བསྡུས་ཏེ་བསྟན་པས། དེ་དག་ཡིད་ལ་བྱེད་ཚུལ་ཡང་རྗེས་ཐོབ་ཏུ་དེ་དང་དེའི་ངོ་བོ་རྒྱུ་དང་བྱེད་ལས་སོགས་མ་འདྲེས་པར་ཤེས་ཤིང་སྒྲུབ་པའི་རྣམ་པ་ཅན་དུ་བསྒོམས་ལ། མཉམ་བཞག་ཏུ་མི་དམིགས་པའི་རྣམ་པ་ཅན་དུ་བསྒོམ་པའོ།། ཞེས་དང་།  གཞི་ལམ་རྣམ་གསུམ་ཀུན་རྫོབ་ཏུ་ཤེས་ཤིང་དོན་དམ་པར་མི་དམིགས་ངང་བསྒོམ་པ་ཙམ་དུ་ཟད་པས་ན་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་བསྒོམ་པ་ལ་ལྡོག་ཆ་ནས་བསྟན་པའི་རྣམ་པ་ཚད་མེད་པ་སྙེད་ཟད་པར་འདུའོ།། ཞེས་གསུངས་པས་སོ།། སྤྱིར་རྣམ་རྫོགས་སྦྱོར་བ་དང་མཐར་གྱིས་པ་གཉིས་ལ་མཉམ་རྗེས་གཉིས་ཀྱི་སྒོམ་ཡོད་ཀྱང་། རྣམ་རྫོགས་སྦྱོར་བ་གཙོ་བོར་མཉམ་གཞག་སྒོམ་རིམ་གྱི་དབང་དུ་བྱས་ནས་བཤད་པ་དང་། མཐར་གྱིས་པ་ནི་རྗེས་ཐོབ་ཉམས་ལེན་གྱི་དབང་དུ་བྱས་པ་ཡིན་ཏེ།  སྒོམ་རིམ་ལས།  རྣམ་རྫོགས་སྦྱོར་བ་ནི་གཙོ་བོ་མཁྱེན་གསུམ་གྱི་རྣམ་པས་མཚོན་པའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་བསྒོམ་པ་ཡིན་ལ། རིམ་གྱིས་པ་ནི་གཙོ་བོར་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་གྱི་རྩལ་སྦྱང་བ་ཡིན་པ་དང་། གཞན་ཡང་རྣམ་རྫོགས་སྦྱོར་བ་ནི་མཉམ་བཞག་དང་། རིམ་གྱིས་པ་ནི་རྗེས་ཐོབ་ཀྱི་སྒོམ་པ་གཙོ་ཆེ་བ་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།། སྤྱིར་མཉམ་བཞག་དང་རྗེས་ཐོབ་ཀྱི་ལམ་གཉིས་ཀྱི་ཚད་ནི། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་བྱེད་པ་ཤས་ཆེར་ལྡན་པའི་སྒོམ་བྱུང་གི་ལམ་དེ་མཉམ་བཞག་དང་། མཉམ་བཞག་དེ་ལས་ལངས་པའི་སྐབས་ཀྱི་ཐབས་ཀུན་རྫོབ་ཀྱི་རྣམ་པའི་ཉམས་ལེན་དེ་རྗེས་ཐོབ་ཀྱི་ལམ་མོ།།  འ

དིར་རྣམ་རྫོགས་སྦྱོར་བ་དང་མཐར་གྱིས་པ་གཉིས་ལ་གཙོ་ཆེ་ཆུང་དུ་བཞག་པའི་མཉམ་རྗེས་ནི་གོང་ནས་འཇོག་ཚུལ་གྱི་བྱེ་བྲག་ཅིག་སྟེ། སྒོམ་རིམ་ལས།  དེ་ཡང་སྦྱོར་བ་འདི་གཉིས་མཉམ་རྗེས་སུ་གསུངས་པའི་དོན། ད་ལྟ་སེམས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་གནས་སྐབས་ལ་མཉམ་བཞག་དང་། དེ་ལས་ལངས་ནས་སྤྱོད་ལམ་བྱེད་པའི་གནས་སྐབས་ལ་རྗེས་ཐོབ་ཏུ་བཞག་པ་དེ་ནི་མ་ཡིན་ཏེ། འཕགས་པ་ས་ཐོབ་པ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་མ་དང་བྲལ་བའི་དབྱིངས་ལ་མཉམ་པར་འཇོག་པ་ནི་མཉམ་བཞག་དང་། དེའི་རྗེས་སུ་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་ལ་རྩལ་སྦྱོང་བ་ལ་རྗེས་ཐོབ་ཏུ་བཞག་པ་ཡིན་ནོ།། ཞེས་གསུངས་སོ།། བོད་སྤྲུལ་གྱི་མ་ཕམ་ཞལ་ལུང་ལས། དེ་ལྟ་བུའི་རྣམ་པ་མཐའ་དག་མཉམ་བཞག་སྣང་མེད་ཀྱི་ཏིང་ངེ་འཛིན་གྱིས་སྐྱེ་མེད་གཅིག་ཏུ་སྒོམ་པ་ནི་ངོ་བོའི་སྒོ་ནས་ཟག་མེད། རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པ་སོ་སོར་རྫོགས་པར་སྒོམ་པ་ནི་རྣམ་གྲངས་ཀྱི་ཟག་བཅས་སུ་བཞེད་པ་ལ་ཁྱད་པར་མེད་ཀྱང་། ཞེས་གསུངས་པ་ལྟར་རྣམ་རྫོགས་སྦྱོར་བ་ལ་མཉམ་རྗེས་གཉིས་ཀྱི་སྒོམ་ཚུལ་སོ་སོར་ཡོད་ཅིང་། ཡང་དེ་ཉིད་ལས།  རྣམ་པ་བརྒྱ་དོན་གསུམ་རིམ་དང་ཅིག་ཅར་སྒོམ་པའི་ཚུལ་གཉིས་སུ་ངེས་པས། རེ་ཞིག་ལམ་རིམ་གྱིས་སྒོམ་པ་མཐར་གྱིས་པ་ལ། མཉམ་རྗེས་གཉིས་ལས། ཞེས་རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱི་སྒོམ་ཚུལ་དང་། མཉམ་བཞག་སྣང་མེད་ཀྱི་ཏིང་ངེ་འཛིན་ཏེ་མཉམ་རྗེས་གཉིས་ཀྱི་སྒོམ་ཚུལ་དེ་མཚོན་བྱེད་ཀྱི་ཆོས་སོ་སོ་ལ་སྦྱར་ཏེ་གསུངས་པས་མཐར་གྱིས་པ་ལའང་མཉམ་རྗེས་གཉིས་ཡོད་པའི་ཚུལ་ནི་གསལ་བོར་བྱས་སོ།།

བརྒྱད་སྟོང་པར། སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ།། ཞེས་པ་དེས་མཐར་གྱིས་པའི་སྦྱོར་བ་བསྟན་པར་སློབ་དཔོན་གྱིས་བཞེད་པ་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་དུ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ནི་སོ་སོ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་རིམ་པས་བཀོད་ནས་བསྟན་པར་བྱ་བའི་ཕྱིར་བསྒོམ་པ་ཡིན་པས་ན་མཐར་གྱིས་པའི་མངོན་པར་རྟོགས་པའི་དོན་ནི། སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། ཞེས་སོ།།  དེ་འདྲའི་མཐར་གྱིས་སྦྱོར་བའི་མཚན་ཉིད་ནི། མཁྱེན་གསུམ་གྱི་རྟོགས་པ་ལ་བརྟན་པ་ཐོབ་ཕྱིར་དུ། རྗེས་ཐོབ་སྣང་བཅས་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པ་བརྒྱ་དང་དོན་གསུམ་གྲངས་དང་གོ་རིམ་ངེས་ཅན་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དང་། མཉམ་བཞག་སྣང་མེད་ཀྱི་ཏིང་ངེ་འཛིན་གྱིས་ཀུན་ཀྱང་སྟོང་ཉིད་སྤྲོས་བྲལ་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་གང་རུང་དུ་གྱུར་པ་དེའོ།། དེ་ལྟར་ཡིན་ཏེ།  སྡུད་པ་རྒྱན་སྦྱར་ལས།  རྗེས་ཐོབ་ཏུ་གོ་རིམ་ངེས་པ་ཅན་ནམ་སོ་སོར་དམིགས་ཕྱེད་པའི་ཚུལ་གྱིས་ཉམས་ལེན་སྦྱིན་པ་སྣ་གཅིག་ལའང་ཕར་ཕྱིན་ཀུན་ཚང་བའི་ཚུལ་གྱིས་མངོན་ཞེན་མེད་པར་སྒྲུབ་ཅིང་། མཉམ་བཞག་ཏུ་ཆོས་ཐམས་ཅད་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་གོམས་པའི་མཐུས། ཉམས་ལེན་གཅིག་གི་སྟེང་དུའང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་གྱིས་མཚོན་པའི་ཉམས་ལེན་མཐའ་དག་རིམ་གྱིས་འདྲེན་ཞིང་འཆར་ཐུབ་པའི་གནད་ཁྱད་པར་ཅན་ལ་མྱོང་བ་དང་ངེས་པ་ཇེ་བས་ཇེ་འཕེལ་ལ་སོང་བ་ནི་མཐར་གྱིས་པ་ཞེས་བྱ་སྟེ། ཞེས་གསུངས་པས་སོ།།

དེ་ལ་མཉམ་བཞག་མཐར་གྱིས་པའི་སྦྱོར་བ་ནི་མཉམ་བཞག་རྣམ་རྫོགས་སྦྱོར་བ་དང་ཆེད་དུ་བྱ་བ་ཙམ་གྱི་ལྡོག་པ་ནས་སོ་སོར་ཡོད་ཀྱི་བསྒོམ་ཚུལ་ལ་ཁྱད་པར་ཅི་ཡང་མེད་དེ། གཉིས་ཀ་སྟོང་ཉིད་སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པས་སོ།། འོན་ཀྱང་རྗེས་ཐོབ་གཉིས་ལ་ཁྱད་པར་ཡོད་དེ།  རྗེས་ཐོབ་མཐར་གྱིས་པའི་བསྒོམ་ཚུལ་འདི་ལྟར་ཡིན་ཏེ། སྡུད་པ་རྒྱན་སྦྱར་ལས།  དེ་ཡང་རྣམ་རྫོགས་སྦྱོར་བའི་སྐབས་སུའང་མཁྱེན་གསུམ་གྱི་རྣམ་པ་ཆ་ཚང་བར་བསྒོམས་ཀྱང་། དཀྱུས་ཐོག་གཅིག་ཏུ་ཚང་བའི་གོ་རིམ་ངེས་ཅན་དུ་སྒོམ་པའི་ངེས་པ་མེད་དེ། མི་རྟག་པའི་རྣམ་པ་ལྟ་བུ་སོགས་གང་རུང་རེ་རྩལ་དུ་བཏོན་ནས་སྒོམ་པའང་ཡོད་ལ། འདིར་(མཐར་གྱིས་པའི་སྐབས)ཐམས་ཅད་དཀྱུས་ཐོག་གཅིག་གི་ཉམས་ལེན་གྱི་ནང་དུ་ཚང་བར་སྒོམ་པ་སྟེ། དེ་ཡང་མཐར་གྱིས་པའི་སྐབས་ན་བསྟན་པའི་ཆོས་གསུམ་པོས་ཟིན་པའི་སྒོ་ནས་དཀྱུས་གཅིག་ལ་གོ་རིམ་ངེས་ཅན་དུ་བསྒོམ་པ་ཡིན་ལ། གོ་རིམ་ངེས་ཅན་ཞེས་པ་ནི་ངེས་པ་མེད་ན་ཚང་མ་ཚང་གི་རྣམ་དབྱེ་འབྱེད་དཀའ་བའི་སླད་དུའོ།། ཞེས་གསུངས་པའི་ཕྱིར་རོ།།

དེའི་ཕྱིར་རྣམ་རྫོགས་སྦྱོར་བས་རྣམ་པ་གཅིག་ལོགས་སུ་བཀར་ཏེ་བསྒོམ་པའང་ཡོད་ལ། མཐར་གྱིས་པའི་དཀྱུས་ཐོག་གཅིག་གི་ཉམས་ལེན་ལ་རྣམ་པ་བརྒྱ་དོན་གསུམ་ཀུན་ཚང་བར་ངེས་པའི་ཕྱིར་རོ།།  དེ་ལྟར་སྦྱོར་བ་དེ་གཉིས་ལ་མཉམ་རྗེས་གཉིས་ཀྱི་ཆ་ཡོད་པ་དང་། གཉིས་ཀའི་མ་མཐའི་ས་མཚམས་ཚོགས་ལམ་ནས་འཇོག་དགོས་པ་ལ་མཚུངས་ཀྱང་རྣམ་རྫོགས་སྦྱོར་བ་མཉམ་བཞག་གི་ལྡོག་པ་ནས་དང་། མཐར་གྱིས་པ་རྗེས་ཐོབ་ཀྱི་དབང་དུ་གཙོ་བོར་བྱས་ཏེ་འཆད་དགོས་པའི་རྒྱུ་མཚན་ནི། ཚོགས་ལམ་དུ་གཞན་དོན་དོན་གཉེར་གྱི་འདུན་པ་ཡོད་ཀྱང་། རང་གཞན་བརྗེ་བའི་དམིགས་པ་སྲབ་པ་དང་། རྒྱུད་བདེན་ཞེན་གྱིས་བཅིངས་པ་དམ་པོ་དང་ལྡན་པས། བདེན་དོན་རྟོགས་པའི་ལམ་ལ་འབད་པ་ཆེན་པོས་འཇུག་པའི་ཕྱིར་དེའི་དམིགས་རྣམ་དང་མཐུན་པའི་རྣམ་ཀུན་བསྒོམ་པ་ལྷུར་ལེན་ལ། རྩེ་མོ་ཐོབ་པ་ནས་ཞི་ལྷག་ཆ་མཉམ་པའི་ཏིང་འཛིན་གྱིས་བདེན་དོན་ལ་གསལ་སྣང་ཐོབ་པ་ཡིན་པས། དེ་ནས་བཟུང་གཞན་དོན་གཙོ་བོར་བྱས་ཏེ་ཏིང་ངེ་འཛིན་ལ་རྩལ་སྦྱོང་བའི་ཕྱིར། རྣམ་པ་བརྒྱ་དང་དོན་གསུམ་གྱིས་མཚོན་པའི་ཤེས་བྱའི་རྣམ་པ་ཀུན་བསྒོམ་པར་བྱ་བའི་ཕྱིར་མཐར་གྱིས་པའི་སྦྱོར་བ་བསྒོམ་པ་ཡིན་ནོ།།

དེ་ལྟར་ཡིན་ཏེ།  དོན་གསལ་དུ། མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པ་རྣམས་རང་གི་རྒྱུད་ལ་སྐྱེད་པར་མཁས་པ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་འདི་ལ་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དོ།། ཞེས་ཚོགས་ལམ་དུ་རང་དོན་དོན་གཉེར་གྱི་བྱེད་པས་འཇུག་པར་གསུངས་པ་དང་། སྒོམ་རིམ་ལས།  དེ་ཡང་ཚོགས་སྦྱོར་དུ་ནི་རང་རྒྱུད་བདེན་ཞེན་གྱིས་བཅིངས་ཤིང་ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བའི་ཕྱིར་སྟོང་ཉིད་རྣམ་རྫོགས་གཙོ་བོར་བསྒོམ་དགོས་ལ། ས་ཐོབ་ནས་ནི་གཞན་དོན་གཙོ་བོར་བྱ་ཞིང་རྣམ་མཁྱེན་ཡེ་ཤེས་ཀྱི་རྒྱུར་རིམ་སྒོམ་གཙོ་བོར་བྱ་དགོས་པས། རྩེ་མོ་ཐོབ་ནས་མཐར་གྱིས་པ་སྒོམ་པར་གསུངས་པ་དང་། དེ་རབ་དེ་ཡི་གོ་རིམ་དང་།། ཞེས་པའི་དོན་ཡང་དེ་ལྟར་དུ་འགྲེལ་རུང་ངོ་།། ཞེས་གསུངས་པས་སོ།།

དེ་ལྟར་རྗེས་ཐོབ་མཐར་གྱིས་པའི་སྦྱོར་བ་དེས་རྣམ་པ་རྣམས་བསྒོམ་པའི་ཚེ་གཅིག་གིས་ཀུན་འདྲེན་པའི་ཚུལ་དུ་བསྒོམ་ཚུལ་ནི། སྒོམ་རིམ་ལས།  དེ་ལྟར་རྣམ་པ་ཅི་རིགས་རྒྱུད་ལ་སྐྱེས་པའི་སྐབས་སུ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་སོགས་གོ་རིམ་བཞིན་དུ་བྱ་རྫོགས་སྐད་ཅིག་གཅིག་གིས་རང་རྒྱུད་ལ་གསལ་འདེབས་པའི་ཚུལ་དུ་ཡང་ཡང་བྱང་བར་བྱེད་ཅིང་། ཡང་རྣམ་པ་གཞན་གསུམ་ཡང་མི་རྟག་པ་ཁོ་ནའི་ནང་དུ་བསྡུ་སྟེ། མི་རྟག་པ་ཉིད་ཀྱིས་ན་སྡུག་བསྔལ་བའོ་ཞེས་བཤད་པའི་ཕྱིར་དང་འདུས་བྱས་རྒྱུན་གྱི་ཕྲེང་བ་ཡིན་པས་ན་དེ་ཁོ་ནར་སྟོང་པ་དང་བདག་མེད་པ་ཡང་ཡིན་པ་སོགས་ཕན་ཚུན་རེ་རེའི་ནང་དུ་ཐམས་ཅད་འདུས་པའི་ཚུལ་དུ་བློ་བཞག་ཅིང་གོམས་པར་བྱེད་པའོ།། ཞེས་གསུངས་པ་ལྟར་རྣམ་པ་དང་པོ་རྣམས་ཡིད་ལ་བྱས་ནས་དེ་རྒྱུ་མཚན་དུ་བཟུང་ནས་རྣམ་པ་གཞན་རྣམས་ཀྱང་རིམ་པ་ལྟར་འདྲེན་པའི་ཚུལ་དུ་བསྒོམ་པའི་ཕྱིར་རོ།། དེས་རྣམ་པ་བརྒྱ་དོན་གསུམ་ཚང་བར་བསྒོམ་པར་ངེས་ཀྱང་། རྣམ་པ་བརྒྱ་དོན་གསུམ་ལས་མང་བར་མི་བསྒོམ་པ་མ་ཡིན་ཏེ།  རྣམ་པ་དེ་དག་གིས་ཤེས་བྱའི་ཆོས་ཀུན་གྱི་གནད་བསྡུས་པས་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི་འདིར་གྲངས་ངེས་པ་མ་ཡིན་པ་དང་། དེ་དག་བསྒོམ་པའི་སྟེང་དུ་རྣམ་པ་གཞན་ཡང་བསྒོམ་པ་ཡིན་ཏེ། ཉམས་ལེན་གཅིག་གི་སྟེང་དུའང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་གྱིས་མཚོན་པའི་ཉམས་ལེན་མཐའ་དག་རིམ་གྱིས་འདྲེན་ཞིང་འཆར་ཐུབ་པའི་གནད་ཁྱད་པར་ཅན་ལ་མྱོང་བ་དང་ངེས་པ་ཇེ་བས་ཇེ་འཕེལ་ལ་སོང་བ་ནི་མཐར་གྱིས་པ་ཞེས་བྱ་སྟེ། ཞེས་གོང་དུ་དྲངས་པའི་ལུང་དེ་དང་།  ཡང་སྡུད་པ་རྒྱན་སྦྱར་ལས།  དེས་ན་ཕར་ཕྱིན་གཅིག་གི་ཉམས་ལེན་ལའང་ཕར་ཕྱིན་གཞན་འདྲེན་ཐུབ་པས་མཚོན་ནས་གཞི་ལ་སྒྲོ་འདོགས་ཆོད་པ། ལམ་ཉམས་སུ་ལེན་པ། འབྲས་བུ་ཐོབ་པར་བྱ་བའི་དམིགས་རྣམ་མཐའ་དག་དཀྱུས་གཅིག་གི་ཉམས་ལེན་དེར་རིམ་གྱིས་འདྲེན་ཐུབ་པ་ལ་མཐར་གྱིས་པའི་སྤྱོད་པ་ཞེས་བྱ་ཡི། གྲངས་ཀྱི་ངེས་པ་བཟུང་ནས་འདི་ཙམ་ཞིག་འཆར་ཐུབ་དགོས་པ་ཡིན་ཞེས་བསམ་པར་མི་བྱ་སྟེ། དང་པོ་ཕྱིན་དྲུག་གི་རྣམ་པ་ཙམ་ནས་དེ་གོམས་པ་ལས་རྣམ་པ་བརྒྱ་དོན་གསུམ་དང་། དེ་ནས་རྣམ་པ་ཚད་མེད་པའི་ཆོས་ཀྱི་སྒོ་མ་ལུས་པའི་དམིགས་རྣམ་མཐའ་ཡས་པ་འཆར་བའི་བར་དུ་འཕེལ་བ་ཡིན་ཏེ། སྐད་ཅིག་མའི་སྐབས་སུ་ཟག་མེད་ཀྱི་ཆོས་ཀུན་མངོན་དུ་བྱེད་པར་གསུངས་པའི་བར་དུའོ།། ཞེས་པ་ལྟར་རྣམ་པ་མ་ལུས་པའི་བར་དུ་བསྒོམ་པའང་ཡོད་པས་རྣམ་པ་བརྒྱ་དོན་གསུམ་ཁོ་ན་བསྒོམ་ཞེས་གྲངས་ངེས་པར་མི་གཟུང་བར་གསུངས་པ་ལས། གཞུང་དོན་འདི་མཉམ་བཞག་གི་བསྒོམ་ཚུལ་དང་སྦྱར་ཏེ་བཤད་པ་ནི་སྡུད་པ་རྒྱན་སྦྱར་གྱི་གཞུང་གི་བབ་དང་མི་མཐུན་ཏེ། རྣམ་ཀུན་དང་མཐར་གྱིས་པ་གཉིས་རིམ་པ་ལྟར་མཉམ་རྗེས་སོ་སོར་བཞག་སྟེ་དེའི་སྒོམ་རིམ་འཆད་པ་སྐབས་སུ་བབ་པའི་ཕྱིར་རོ།།

དེ་འདྲའི་མཐར་གྱིས་པའི་སྦྱོར་བ་ནི་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་དེ། མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐར་གྱིས་བགྱི་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་བསྒྲུབ་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཞེས་སོགས་ཀྱི་མདོའི་དོན་དེ་འཕགས་པས་བཀྲལ་བ་ན་མཐར་གྱིས་པའི་སྦྱོར་བ་དེ་སློབ་ལམ་ཐམས་ཅད་ན་ཡོད་པར་གསུངས་ཏེ། ཉི་སྣང་ལས། བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་བཟུང་བའི་དོན་དུའོ།། བསླབ་པ་སྨོས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པའི་དོན་དུའོ།། སྒྲུབ་པ་སྨོས་པ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་ཤེས་པའི་དོན་དུའོ།། གསུམ་སྨོས་པ་ནི་མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པར་བྱ་བའི་དོན་དུ་ཡིན་ནོ།། ཞེས་གསུངས་པས་སོ།།  སྒོམ་རིམ་ལས།  རྩེ་མོ་དང་སྐད་ཅིག་མ་གཉིས་ནི་སྦྱོར་བ་སྔ་མ་གཉིས་པོ་འདི་གོམས་པ་རབ་ཏུ་གྱུར་པའི་ལམ་གྱི་ཚད་འཛིན་ལྟ་བུ་ཡིན་པས་སྒོམ་ཚུལ་ལོགས་སུ་མེད་དོ།། ཞེས་པ་ལྟར་སྦྱོར་བ་སྔ་མ་གཉིས་ཀྱི་བསྒོམ་པ་ཁྱད་པར་དུ་ཕྱིན་པའི་སྐབས་སོ་སོའི་ལམ་ལ་འཇོག་དགོས་པ་ཡིན་ནོ།།

གཉིས་པ་ལམ་དེའི་སེམས་རྟེན་ཁྱད་པར་ཅན་ལ་དཔྱད་པ་ནི། བཤེས་སྤྲིངས་ལས། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད།། ཅེས་ཞི་བར་གནས་པའི་སེམས་མེད་པར་ཡང་དག་རྟོགས་པའི་ལྷག་མཐོང་མེད་པར་གསུངས་པ་ལྟར་དང་། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།། ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས་པ་ལྟར་བྱང་སེམས་ལམ་གྱི་སྒོམ་གྱི་རིམ་པ་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་སྟེ་ཆ་མཉམ་པ་དང་ལྡན་དགོས་པ་སྟེ།  དེ་ཡང་བྱང་སེམས་རྣམས་ཀྱི་བསྒོམ་བྱའི་ལམ་རྣམས་ནི་བསམ་གཟུགས་གང་རུང་གི་དངོས་གཞིའི་སྙོམས་འཇུག་གི་སེམས་ལས་གཙོ་བོར་བསྒོམ་པར་བྱེད་ཅིང་། དེ་དག་ཀྱང་དང་པོར་ཉེར་བསྡོགས་ཀྱི་སེམས་ལས་ཐོབ་པར་བྱ་དགོས་པས་ཉེར་བསྡོགས་ཡིད་བྱེད་བདུན་ལ་བརྟེན་ནས་རང་རང་གི་ཐོབ་བྱའི་དངོས་གཞིའི་སྙོམས་འཇུག་དག་བསྒྲུབ་པ་ཡིན་ལ། ཉེར་བསྡོགས་དེ་ཡང་། མདོ་སྡེའི་རྒྱན་དང་ཀུན་བཏུས་ལས་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སྒྲུབ་ཚུལ་དང་། དབུས་མཐའ་ལས་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ལ་བརྟེན་ནས་སྒྲུབ་ཚུལ་དང་། ཉན་ས་ལས་སྟོབས་དྲུག་ལ་བརྟེན་ནས་སྒྲུབ་ཚུལ་སོགས་གསུངས་ཀྱང་གནད་གཅིག་ལས་མ་འདས་སོ།།

དེས་ན་ཞི་གནས་དང་ལྷག་མཐོང་གི་ངོ་བོ་ནི། མདོ་སྡེའི་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས།། སེམས་ལ་སེམས་ནི་འཇོག་ཕྱིར་དང་།། ཆོས་རབ་རྣམ་པར་འབྱེད་པའི་ཕྱིར།། ཞི་གནས་དང་ནི་ལྷག་མཐོང་ཡིན།། ཞེས་གསུངས་པ་ལྟར། སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་བྱེད་པ་ཆེས་ཆེར་ཞུགས་པའི་ལམ་ནི་ཞི་གནས་ཡིན་ཏེ། སྒོམ་རིམ་བར་བ་ལས། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ།།  ཞེས་གསུངས་སོ།།  དེ་ལྟ་བུའི་ཞི་གནས་ཁོ་ན་བསྒོམ་པས་ལམ་མཐར་ཐུག་སྐྱེད་པ་དང་ཉོན་མོངས་རྩད་ནས་སྤངས་པ་མི་འབྱུང་བས་ལྷག་མཐོང་བསྒོམ་དགོས་པ་ཡིན་ཏེ།  སྒོམ་རིམ་བར་བ་ལས། ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་བ་རྣམས་ཀྱི་སྒྲིབ་པ་ནི་མི་སྤོང་གི་རེ་ཞིག་ཉོན་མོངས་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་བྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ།། དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ནོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ།། ཞེས་བཀའ་བསྩལ་ཏོ།། ཞེས་སོ།། འོད་གསལ་སྙིང་པོ་ལས། རྒྱུད་ཀྱི་དངོས་པོ་གཉིས་པ་ཏིང་ངེ་འཛིན་བཤད་པའི་ས་བཅད་གསུམ་པ་ལས་ཞི་གནས་སྒྲུབ་ཚུལ་འདི་མན་ངག་གི་སྒོ་ནས་རྒྱས་པར་བཤད་པའོ།། ལྷག་མཐོང་གི་ངོ་བོ་ནི། དཔྱད་སྟོབས་ཡང་དག་པས་དྲངས་ཤིང་བདེན་དོན་བསྒོམ་པ་ལ་ཤིན་སྦྱངས་དང་ལྡན་པའི་ཤེས་རབ་གསལ་བའི་བྱེད་ལས་ཆེས་ཆེར་ཞུགས་པའི་ལམ་དེའོ།།

དེ་ལྟར་སེམས་བྱིང་རྒོད་ཀྱི་མི་མཉམ་པ་མེད་པའི་ཞི་གནས་ཀྱི་མཉམ་གཞག་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན་ཡང་དག་པའི་དོན་ཤེས་པར་འགྱུར་བ་ལ་དགོངས་ཏེ། ཆོས་ཡང་དག་པར་སྡུད་པ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ།། ཞེས་སོ།། བྱང་ཆུབ་ལམ་རིམ་ཆེན་མོ་ལས་ཀྱང་།  ཇི་སྲིད་དུ་ལུས་སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་མི་ནུས་པ་དེ་སྲིད་དུ་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་བྱེད་ཡིན་ལ། དེ་ལས་ཤིན་སྦྱངས་སྐྱེས་པ་ན་ལྷག་མཐོང་དུ་གསུངས་པས། ཞི་གནས་མ་ཐོབ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་ཅི་ཙམ་བྱས་ཀྱང་དེས་མཐར་ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་སྐྱེད་པར་མི་ནུས་ལ། ཞེས་དང་། དེ་ལྟར་ལྷག་མཐོང་སྐྱེད་པའི་ཚུལ་ནི་སོ་སོར་རྟོག་པའི་དཔྱད་སྒོམ་གྱིས་ཤིན་སྦྱངས་སྐྱེད་པ་ལ་མི་བྱེད་ན་ཞི་གནས་སྔོན་དུ་བཙལ་ནས་དེ་ལ་བརྟེན་ནས་ལྷག་མཐོང་སྒོམ་པ་ལ་རྒྱུ་མཚན་ཅུང་ཟད་ཀྱང་མེད་ལ། ཞེས་སོ།།

ཡང་དེ་ཉིད་ལས། སྤྱིར་ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་དུ་སེམས་དགུ་ལ་ཞི་གནས་དང་རྣམ་པར་འབྱེད་པ་སོགས་བཞི་ལ་ལྷག་མཐོང་དུ་གསུངས་པ་ཡོད་ཀྱང་ཞི་ལྷག་དངོས་ནི་འཆད་པར་འགྱུར་བ་ལྟར། ཤིན་སྦྱངས་སྐྱེས་པ་ནས་གཞག་དགོས་སོ།། ཞེས་གསུངས་པས་སོ།། དེས་ན་ཤིན་སྦྱངས་ཐོབ་དགོས་པ་ལ་དེའི་ངོ་བོ་ནི། ཀུན་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ།། ཞེས་སོ།། དེ་ཡང་མཚན་མོའི་མུན་ཁྲོད་ཀྱི་བྲིས་སྐུ་ལ་ལྟ་བ་ན་མར་མེའི་འོད་གསལ་བ་དང་རླུང་གིས་གཡོ་བ་མེད་པ་གཉིས་ཚོགས་ན་བྲིས་སྐུ་གསལ་བོར་མཐོང་ཞིང་། རེ་རེ་མ་ཚོགས་ན་གསལ་བོར་མི་མཐོང་བའི་དཔེས་ཞི་ལྷག་ཟུང་འཇུག་གི་རང་བཞིན་བསྟན་པ་ལྟར། ལམ་རིམ་ཆེན་མོ་ལས།   དེས་ན་སེམས་དམིགས་པ་ལས་མི་གཡེང་བར་གར་བཞག་ཏུ་ལྷན་ལྷན་སྡོད་པ་ནི་ཞི་གནས་ཀྱི་ལག་རྗེས་ཡིན་ལ། བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་ནས་བདག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་ངན་པ་རྣམས་སྤངས་ཏེ་ཕས་ཀྱི་རྒོལ་བས་སྒུལ་མི་ནུས་པའི་རི་དང་འདྲ་བ་ནི་ལྷག་མཐོང་གི་ལག་རྗེས་ཡིན་པས་དེ་རྣམས་སོ་སོར་ཕྱེད་པར་བྱའོ།།

དེ་གཉིས་ཐོག་མར་བསྒྲུབ་པའི་གོ་རིམ་ནི། མདོ་སྡེའི་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྟེ།། དམན་དང་མཆོག་ཏུ་གནས་ཕྱིར་དང་།།  རགས་པ་དང་ནི་ཕྲ་བའི་ཕྱིར།། ཞེས་ཕྱིན་དྲུག་ལས་བསམ་གཏན་དང་ཤེས་རབ་ཀྱི་རིམ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་རིམ་པ་རྣམས་ཞི་གནས་སྔོན་དུ་བསྒྲུབ་ནས་ལྷག་མཐོང་བསྐྱེད་པའི་གོ་རིམ་དུ་གསུངས་སོ།། དེ་གཉིས་ཀྱི་སྒྲ་བཤད་དུ་དབང་དུ་བྱས་ན། དེ་ཡང་སེམས་ཕྱི་རོལ་གྱི་ཡུལ་ལ་རྒྱུག་པ་ཞི་ནས་ནང་དུ་དམིགས་པ་ལ་གནས་པས་ན་ཞི་གནས་ཞེས་བྱ་ལ། ལྷག་པ་སྟེ་ཁྱད་པར་དུ་མཐོང་བས་ན་ལྷག་མཐོང་ཞེས་བྱའོ།། ཞེས་པ་ལྟར་རོ།། དེ་འདྲ་བའི་ཞི་ལྷག་ཟུང་དུ་འཇུག་པ་སྟེ།  སེམས་ཞི་བར་གནས་པའི་ཏིང་ངེ་འཛིན་དང་བདེན་དོན་ལ་འཇུག་པའི་ཤེས་རབ་གཉིས་དང་ལྡན་པའི་སྒོ་ནས་སྟོང་ཉིད་བསྒོམ་པ་ན། མངོན་རྟོགས་རྒྱན་ལས། གཟུགས་ལ་སོགས་ལ་མི་གནས་ཕྱིར།། དེ་ལ་སྦྱོར་བ་བཀག་པའི་ཕྱིར།། ཞེས་པས་བསྟན་པའི་མི་གནས་པའི་སྦྱོར་བ་དང་མི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་གཉིས་འགྲུབ་ལ། དེ་གཉིས་ཀྱི་དོན་ནི། ཡུལ་གང་ཡང་ཞེན་བྱའི་ཡུལ་དུ་མི་གནས་པ་དང་། ཡུལ་ཅན་གྱིས་གང་དུའང་མི་སྦྱོར་མི་བརྩོན་པར་འཇུག་པ་ནི་ཡུམ་བསྒོམ་པ་ཡིན་པའི་ཕྱིར་སྦྱོར་བའོ།།

དེས་ན་ཡུལ་ཆོས་དབྱིངས་སྤྲོས་པ་མཐའ་དག་དང་བྲལ་བའི་གནས་ལུགས་དེ་ཉིད། ཡུལ་ཅན་ཡེ་ཤེས་ཀྱིས་སོ་སོ་རང་རིག་པའི་ཚུལ་གྱིས་མངོན་དུ་བྱེད་པ་ན་ཡུལ་གང་ལ་ཡང་མི་གནས་པ་དང་ཡུལ་ཅན་གྱིས་ཅིར་ཡང་མི་འཛིན་པར་ལྷག་མཐོང་གསལ་བའི་རང་བཞིན་དུ་གནས་པ་ནི་ཟབ་མོ་སྟོང་ཉིད་སྒོམ་པའི་གནད་མཐར་ཐུག་ཡིན་པའི་ཕྱིར་རོ།། དེ་ཡང་སྡུད་པ་རྒྱན་སྦྱར་ལས།  ཡུལ་གང་ལའང་མི་གནས་པའི་སྦྱོར་བ། ཡུལ་ཅན་གྱིས་གང་དུའང་མི་འཛིན་པའམ་མི་སྦྱོར་བའི་སྦྱོར་བ་གཉིས་ནི་ཤེར་ཕྱིན་བསྒོམ་པའི་སྦྱོར་བ་དངོས་ཡིན་ལ། ཞེས་གསུངས་པས་སོ།། དེ་ཡང་འཇམ་མགོན་བླ་མའི་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བར་གསུངས་པ་ལྟར།  ཡུལ་དང་ཡུལ་ཅན་གང་དུའང་མི་གནས་མི་སྦྱོར་བ་དེ་རྣམ་པར་མི་རྟོག་པའི་དོན་དུ་གསུངས་པ་དང་། དེ་ཡང་འཇིག་རྟེན་ཐ་སྙད་ཀྱི་སྤྲོས་པ་རྣམས་མིང་དོན་བསྲེས་པའི་རྟོག་པས་ཡིད་ལ་མི་བྱེད་པ་ཙམ་དང་། རྩིང་ཞིབ་ཀྱི་རྣམ་པ་ཅན་གྱི་རྟོག་དཔྱོད་ལས་འདས་པ་དང་། རྣམ་རྟོག་རགས་པ་ཉེ་བར་ཞི་བ་དང་། རྟོག་བྲལ་རྟོག་མེད་ཀྱི་དོན་ཅན་དང་། ཅི་ཡང་རྣམ་པར་རྟོག་པར་མི་བྱའོ་སྙམ་དུ་མངོན་རྟགས་སུ་བྱེད་པ་བཅས་མི་རྟོག་ཅེས་པའི་སྒྲ་འཇུག་པའི་ཡུལ་རྣམ་པ་ལྔ་པོ་དེ་དག་གང་ཡང་མིན་པར། མཐའ་དང་སྤྲོས་པའི་རྣམ་པ་གང་ཅིར་ཡང་མི་རྟོག་ཀྱང་། གནས་ལུགས་དམིགས་སུ་མེད་པའི་དོན་ལ་ཐེ་ཚོམ་གྱི་རབ་རིབ་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྣང་བ་ཁོང་ནས་ཤར་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དུ་གསུངས་པ་ལྟར་ཤེས་པར་བྱའོ།།  སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱང་ཡུལ་དང་ཡུལ་ཅན་ལ་ཞེན་པ་ཕྲ་མོ་དང་བཅས་པ་ཡིན་པས་ཞེན་མེད་ཀྱི་ལམ་མཚན་མེད་པ་གཉིས་ཀྱིས་བསྒོམ་པ་ནི་འཕགས་པའི་ས་ནས་ཡོད་པ་ཡིན་ནོ།།

སྡུད་པ་རྒྱན་སྦྱར་ལས།  གཉིས་སྣང་གི་བག་ཆགས་དྲུངས་ནས་འབྱིན་པ་རྒྱུན་མཐའི་ཡེ་ཤེས་སྐྱེས་པའི་ཚེ་མཉམ་པ་ཉིད་ཀྱི་དོན་མཐར་ཐུག་པ་གཟིགས་པས་ན། མཉམ་པ་ཉིད་ཀྱིས་བསྡུས་པའི་ཆོས་ཤེས་བྱ་མ་ལུས་པའང་དེ་དང་རོ་མཉམ་དུ་གཟིགས་ཤིང་དེ་ལས་གཡོ་བའང་མི་སྲིད་པར་བདེན་གཉིས་ཅིག་ཅར་དུ་གཟིགས་པ་ཤེས་བྱ་སྟེ། ཞེས་པས་སློབ་ལམ་དུ་བདེན་གཉིས་ཅིག་ཅར་དུ་གཟིགས་པ་ཡོད་པ་ལྟར་གསུངས་ཤེ་ན། དེ་ནི་རྒྱུན་མཐའི་ཡེ་ཤེས་ཏེ་སྐད་ཅིག་མའི་སྦྱོར་བ་ནི་སློབ་ལམ་མཐར་ཐུག་པའི་ཆ་ནས་བདེན་གཉིས་དབྱེར་མེད་དུ་གཞལ་བའི་ནུས་པ་ཐོབ་པས་རྗེས་མཐུན་པ་ཙམ་ཡིན་ཏེ། འཇམ་མགོན་བླ་མའི་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བར།  བདེན་གཉིས་དབྱེར་མེད་རོ་གཅིག་ཏུ་ཐུགས་སུ་ཆུད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དེ་ཇི་ལྟ་བ་བཞིན་དུ་གཟིགས་ལ་སློབ་ལམ་ན་དེ་ཡི་རྗེས་སུ་མཐུན་པ་ཡོད་པའོ།། ཞེས་གསུངས་པའི་ཕྱིར་རོ།། ཅི་ཡང་མི་འཛིན་ན་ཧྭ་ཤང་གི་ལྟ་བ་དང་མཚུངས་པར་འགྱུར་སྙམ་ན། མ་ཡིན་ཏེ། སྦྱོར་བ་འདི་གཉིས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཕྱིར་ལམ་རང་གི་ངོ་བོ་ནས་མི་འདྲ་བ་དང་། དང་པོ་ནས་དབུ་མའི་རིགས་པ་ལ་བརྟེན་ནས་བསྒོམ་དོན་དཔྱད་སྟོབས་ཀྱིས་གཏན་ལ་ཕབ་པའི་གཞི་ཡོད་པས་སོ།།

ཧྭ་ཤང་གི་ལྟ་བ་ནི་དང་པོ་ཡིད་ལ་བྱེད་པ་ནས་རྟོག་པའི་འཕྲོ་འདུ་གཅོད་ཕྱིར་རྣམ་རྟོག་ནན་གྱིས་བཀག་ནས་སེམས་ཙེ་ནེར་གནས་པའི་ཞི་གནས་ཡན་གར་བ་ཙམ་ཡིན་པའི་ཕྱིར་རོ།། དེ་ལྟར་ཡང་ཡིན་ཏེ། ངེས་ཤེས་སྒྲོན་མེ་ལས།  ཅིར་ཡང་མི་འཛིན་ཞེས་པའི་དོན།། ལེགས་པར་རྟོགས་དང་ལོག་རྟོག་གཉིས།། དང་པོ་མཐའ་བཞིའི་སྤྲོས་བྲལ་ཏེ།། འཕགས་པའི་ཡེ་ཤེས་ཀྱི་མདུན་ན།། གང་ཡང་གནས་པ་མེད་མཐོང་ནས།། འཛིན་སྟངས་ངང་གིས་ཞུགས་པ་སྟེ།། སྟོང་གསལ་མཁའ་ལ་ལྟ་དང་མཚུངས།། གཉིས་པ་དྲན་མེད་ཧྭ་ཤང་ལུགས།། མ་དཔྱད་ཙེ་ནེར་བཞག་པ་ཡིས།། ལྷག་མཐོང་གསལ་བའི་ཆ་མེད་པར།། མཚོ་གཏིང་རྡོ་བཞིན་ཐ་མལ་གནས།། དཔེར་ན་ཅི་ཡང་མེད་ཅེས་པ།། དབུ་མས་མེད་པར་མཐོང་བ་དང་།། གཟུགས་མེད་མེད་པར་མོས་པ་ལྟར།། ཚིག་ཙམ་མཚུངས་པ་འདི་དག་ཀྱང་།། དོན་ལ་མི་མཚུངས་གནམ་ས་བཞིན།། ཞེས་གསུངས་པ་ལྟར་རོ།།

 དེ་ཡང་སྒོམ་ལམ་ལས་གསུངས་པ་ལྟར།  མདོར་ན་མཐར་ཐུག་སངས་རྒྱས་ཀྱི་སྐུ་གཉིས་ཐོབ་པའི་རྒྱུ་ཐེག་ཆེན་ལམ་གྱི་ཉམས་ལེན་མཐར་ཐུག་པ་ནི་འདི་གཉིས་པོ་ཡིན་པས་འདིའི་ཁོངས་སུ། སྟོང་ཉིད་དང་སྙིང་རྗེ། ཤེས་རབ་དང་ཐབས། ལམ་དང་ས། མཐོང་ལམ་དང་སྒོམ་ལམ། ཟབ་པ་དང་རྒྱ་ཆེ་བ། ཤེས་རབ་དང་ཏིང་འཛིན། མཉམ་བཞག་དང་རྗེས་ཐོབ། འཇོག་སྒོམ་དང་དཔྱད་སྒོམ། སྤངས་པ་དང་རྟོགས་པ། ཇི་ལྟ་དང་ཇི་སྙེད། ཆོས་སྐུ་དང་གཟུགས་སྐུ་སོགས་ནི། ངོ་བོ་གཅིག་པ་དང་ཕྱོགས་མཚུངས་པ་དང་། ཤས་ཆེ་ཆུང་དང་རྒྱུ་འབྲས་སུ་གྱུར་པའི་ཚུལ་དུ་གནད་ཀུན་འདུས་པ་ཡིན་པས། དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་བསྒོམ་པའི་ཚུལ་ཅིག་ཅར་བ་དང་རིམ་གྱིས་པ་གཉིས་ལ་ཅུང་ཟད་དཔྱད་པའི་ཁུལ་དུ་བགྱིས་པ་འདི་རེ་ཞིག་མཇུག་བསྡུ་བར་བྱའོ།།

སླར་སྨྲས་པ།

དཔྱད་སྟོབས་རིགས་པའི་རྡུལ་ཚོན་འཁོར་ལོ་ལས།།
རྣམ་པར་འཕོས་པའི་ཤེས་བྱའི་ལྡིང་ཁང་གི།
ལེགས་བྱས་འོད་སྣང་གསལ་བའི་སྤོབས་པ་འདི།།
རྟག་ཏུ་མི་ཉམས་གཟུངས་ཀྱི་ཡི་གེར་བྱས།།

རྒྱ་བོད་གཞུང་བཟང་གསེར་གྱི་ཐང་མ་ལ།།
རྣམ་དཔྱོད་ཆུ་སྐྱེས་འཛུམ་པའི་དགེ་ལེགས་ཀྱིས།།
ཚེ་རབས་ལས་ཀྱི་ཆུ་ཕྲན་བཞུར་བའི་འགྲམ།།
ཐོས་བསམ་མེ་ཏོག་དཀར་པོ་བཞད་གྱུར་ཅིག།

མང་ཐོས་རིག་འཛིན་འབུམ་གྱི་ཚོགས་གྲལ་དུ།།
འཆད་རྩོད་དྲི་མེད་ཉམས་བརྒྱའི་གཟི་མདངས་དང་།།
དཔྱད་པ་ཀུན་རྩོམ་ཚངས་པའི་ཐིག་ལེ་ཡིས།།
མི་ཤེས་རྨོངས་པ་རྩད་ནས་དག་གྱུར་ཅིག།

དེ་ལྟར་ཐོས་བསམ་སྦྱངས་པ་སྔོན་སོང་གིས།།
ཟབ་གནད་ལྟ་གྲུབ་རྙེད་པའི་ཤེས་རབ་དང་།
མཐར་ཐུག་སྒོམ་པ་ཏིང་འཛིན་རོལ་མོ་ཡིས།།
བདེ་གཤེགས་རྒྱལ་བའི་དགོངས་པ་ཟིན་གྱུར་ཅིག།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།