༄༅།།མདའ་གཅིག་གིས་བཙན་པོ་གཉིས་བཀྲོངས།
བོད་རྗེ་གྲི་གུམ་བཙན་པོ་དང་ཁྲི་དར་མ་འུ་དུམ་བཙན་གྱི་ལོ་རྒྱུས་ལ་བཀྲོལ་ཀློག་བྱས་པ།
〖ནང་དོན་གནད་བསྡུས〗བོད་རྗེ་གྲི་གུམ་བཙན་པོ་དང་ཁྲི་དར་མ་འུ་དུམ་བཙན་གཉིས་ནི་རྙོག་འཛིང་གི་སྲིད་དབང་འཕྲོག་རྩོད་བྱེད་པ་ཞིག་ནས་འཁྲུངས་ཏེ། མངའ་འབངས་སྐྱིད་ཅིང་རྒྱལ་སྲིད་བདེ་བའི་ཆེད་དུ་རང་གིས་ནུས་པ་བླ་ལྷག་བཏོན་མོད། ལོ་རྒྱུས་ཐོག་ཏུ་ཁོང་རྣམ་གཉིས་ལ་ངན་དམོད་ཀྱི་མཚན་ལོག་བཏགས་པ་མ་ཟད། ཆོས་དང་སྲིད་ལ་ཉམས་ཆག་ཤོར་བ་དང་རྒྱལ་སྲས་གཉིས་འཁྱམ་ཞིང་འཐོར་བ་དང་། བཙན་པོ་གཉིས་བཀྲོངས་རྗེས་བང་སོ་ཡུན་རིང་ལུས་པ་སོགས་གཅིག་མཚུངས་ཀྱི་ལོ་རྒྱུས་དེར་བཀྲོལ་ཀློག་ཐེངས་གཅིག་བྱས་ཏེ་དོན་དངོས་ཀྱི་ལོ་རྒྱུས་ཞིག་གླེང་ཡོད།
〖བརྡ་ཆད་གཙོ་བོ〗གྲི་གུམ་བཙན་པོ། ཁྲི་དར་མ་འུ་དུམ་བཙན། མཚན་ལོག ཆོས་བསྣུབས་པ། སྲས་གཉིས། བཀྲོངས་པ། བང་སོ།
གླེང་གཞི།
སྤུར་རྒྱལ་བཙན་པོའི་རྒྱལ་རབས་ལས། “མི་རོ་ས་གཏིང་ན་ཡོད་རུང་གཏམ་ངན་ས་ཁར་བསྐྱོད” པའི་བཙན་པོ་གཉིས་ཡོད་པ་ནི། དུས་རབས་དང་པོར་འཁྲུངས་པའི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོ་དང་གདུང་རབས་ཞེ་གཉིས་པ་ཁྲི་དར་མ་འུ་དུམ་བཙན་གཉིས་ཡིན། ཁོང་རྣམ་གཉིས་ཀྱིས་བོད་བཙན་པོའི་ལོ་རྒྱུས་ཀྱི་གར་སྟེགས་སྟེང་། ཆབ་སྲིད་ཀྱི་དམིགས་ཡུལ་རིང་དུ་བསྲིངས་ཆེད་རང་ནུས་ཡོད་དགུའི་ཐབས་རྩལ་སྣ་ཚོགས་བཏོན་ཏེ། སྲིད་དབང་སྲ་བརྟན་དང་མངའ་འབངས་བདེ་སྐྱིད་འོངས་བར་རླབས་ཆེན་གྱི་མཛད་རྒྱས་མི་དམན་པ་བཞག་ཡོད་མོད། སྔོན་གྱི་ལོ་རྒྱུས་མཁན་པོ་ཚོས་དྲང་བདེན་གྱི་དཔྱད་བརྗོད་ཅིག་སྤེལ་མེད་པ་མ་ཟད། ད་དུང་འཁྱོག་བརྗོད་དང་སྐུར་འདེབས་ཀྱི་གཏམ་མང་པོ་ཞིག་ཀྱང་བརྗོད་འདུག་པར་དམིགས་ནས། ཁོ་བོས་སྔོན་གྱི་ལོ་རྒྱུས་ཡིག་ཆ་ཁུངས་དག་རྣམས་ལ་གཞིར་བཅོལ་ཏེ། ཁོང་རྣམ་གཉིས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་དེ་དངོས་ཐོག་བདེན་འཚོལ་གྱིས་སྒོ་ནས། རང་གི་ནུས་ཚོད་ཀྱིས་ཡང་བསྐྱར་བཀྲོལ་ཀློག་ཐེངས་ཤིག་བྱ་བསམ་པ་ལགས།
གཅིག། བཙན་པོ་འཁྲུངས་དུས་ཀྱི་གནས་བབས།
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཉིད་བོད་ཤེས་བ་ཅན་བཅུ་གཉིས་ཀྱིས་བོད་ཀ་གཡག་དྲུག་གི་རྗེར་དྲངས་པ་ནས་བཟུང་། བཙན་པོའི་སྐུ་གཤེན་ནི་འཚེ་དམུ་རྒྱལ་དང་གཅོའུ་ཕྱག་དཀར་གཉིས་ཀྱིས་བྱས་ཤིང་། དེ་ནས་བཟུང་སྤུར་རྒྱལ་བཙན་པོ་རེ་ལ་སྐུ་གཤེན་རེ་ཡོད་པ་ལྟར། སྲས་ཀྱི་ཆིབས་ཁ་ཐུབ་པའི་བར་དུ་སྐུ་གཤེན་རྣམས་ཀྱིས་སྲིད་སྐྱོང་གི་ལས་སྒྲུབ་ཀྱིན་ཡོད། སྐུ་གཤེན་རྣམས་ཀྱི་འདོད་བློ་དང་མ་མཐུན་ན་བཙན་པོའི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེ་སྟེ། གཉའ་ཁྲི་བཙན་པོའང་སུམ་པའི་བོན་པོ་ཨོ་ཡོང་གི་བཀྲོངས་བ་ནང་བཞིན། གཉའ་ཁྲི་ནས་གྲི་གུམ་བཙན་པོའི་བར་གྱི་བཙན་པོ་རྣམས་ཀྱི་ཚེ་ཚད་ནི་ཆ་སྙོམས་ཀྱི་དགུང་ལོ་སོ་གཅིག་ལྷག་ལས་བཞུགས་ཐུབ་མེད་པས་ན། སྐུ་གཤེན་རྣམས་ཀྱི་དབང་ཐང་ཧ་ཅང་ཆེ་བ་གསལ།
གྲི་གུམ་བཙན་པོའང་སྐུ་གཤེན་རྣམས་ཀྱི་སྐུ་དབང་ཆེ་ཞིང་རྒྱལ་སྲིད་ལ་ཕོག་ཐུག་ཆེ་བའི་དུས་དེར། ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་གནམ་གྱི་རྒྱལ་མོ་ཟི་ལིང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། ཡབ་དགུང་དུ་གཤེགས་རྗེས། རྣོ་ངར་གྱི་སྲིད་དབང་འགལ་ཟླ་དེ་ཇེ་དྲག་ཏུ་གྱུར་ཡོད་པ་ནི། བོན་གྱི་མཛོད་སྒྲ་འགྲེལ་ལས་འབྱུང་བ་ལྟར་ན། “གཤེན་ངག་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་ཐེངས་གསུམ་མ་བླངས་པར། རྒྱལ་བློན་གླུ་བྲོ་མི་རོལ།”ཞེས་པ་བཞིན་སྐུ་གཤེན་རྣམས་ཀྱི་སྐུ་དབང་བཙན་པ་ཧ་ཅང་གསལ་བས། མ་མ་དྲོ་ཞལ་སྐྱིད་ལྷིང་མས་ཁོང་ལ་མཚན་གནང་སྐབས་ཀྱང་བཙན་པོའི་སྐུ་ཚེ་མི་རིང་པ་རྟོགས་ཏེ་མཚན་ལོག་ཅིག་བཏགས་པ་དང་། དེ་བས་བཙན་པོའི་ཚེ་སྲོག་ནི་ཉེན་ཁ་ཆེ་བའི་རྙོག་འཛིང་གི་སྤྱི་ཚོགས་དང་སྲིད་དབང་གི་འགལ་ཟླ་རྣོ་ངར་ལྡན་པ་ཞིག་ནས་འཁྲུངས་པ་རེད།
ཁྲི་དར་མ་འུ་དུམ་བཙན་ནི་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ལ་སྤུན་མཆེད་ལྔ་ཡོད་པ་ལས་ལྷ་རྗེ་དང་ལྷུན་གྲུབ་གཉིས་ཆུང་དུས་ནས་སྐུ་གྲོངས་པར་གྲགས་ལ། ལྷ་སྲས་གཙང་མ་རབ་ཏུ་བྱུང་ཞིང་ནང་བློན་གྱིས་གཡོ་སྒྱུ་ལ་བརྟེན་ནས་རྒྱང་ཕུད་དུ་བཏང་བ་རེད། གཅེན་པོ་ཁྲི་རལ་བ་ཅན་གསེར་ཁྲིར་མངའ་གསོལ་མོད། དགུང་ལོ་སོ་དྲུག་པ་ལྕགས་མེ་བྱའི་ལོ་ལ་འབྲས་ཆང་གསོལ་ནས་གཟིམས་པ་ལ་སྦས་སྟག་རྣ་ཅན་དང་ཅོག་རོ་ལྷ་ལོད་གཉིས་ཀྱིས་བཙན་པོའི་ལྟག་པ་བསྐོར་ནས་བཀྲོངས།
ཁྲི་དར་མ་འུ་དུམ་བཙན་ནི་རྗེ་བློན་ཚོས་སྲིད་དབང་གི་འགལ་ཟླ་རྣོ་ངར་ཆེས་ཆེར་ལྡན་ཞིང་། ཁྱོད་ཤི་ང་གསོན་གྱི་མདུང་རྩེ་རེ་རེ་བཞིན་ཁོང་ལ་གཏད་དེ། རང་གི་ཚེ་ཚད་དེ་གཞན་གྱི་ལག་ན་འཇོ་བས་དུས་ཤིག་ན་ཡོད་པས། བཙན་པོའི་ལས་དབང་དེ་རྙོག་འཛིང་གི་དུས་ཤིག་ནས་འཁྲུངས་བ་ལགས།
གཉིས། བཙན་པོར་ངན་དམོད་ཀྱི་མཚན་ལོག་བཏགས་པ།
གྲི་གུམ་བཙན་པོའི་སྔོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་མཚན་མིང་སྣ་ཚོགས་ཤིག་འབྱུང་སྟེ།《བཀའ་ཐང་སྡེ་ལྔ》ལས། གྲི་གུམ་བཙན་པོ་དང་།《དར་རྒྱས་གསལ་སྒྲོན》ལས། གྲི་རུམ་བཙན་པོ།《ཏུན་ཧོང་ཡིག་རྙིང་》ལས། དྲི་གུམ་བཙན་པོ།《བཀའ་ཆེམས་ཀ་ཁོལ་མ》ལས། གྲི་གུང་བཙན་པོ་སོགས་མང་པོ་ཞིག་འཁོད་འདུག་པ་ལ། ཡོངས་གྲགས་ཀྱི་གྲི་གུམ་བཙན་པོའི་མཚན་བྱུང་ལུགས་ཀྱི་གཏམ་རྒྱུད་དེ། དུས་རབས་བཅུ་གཉིས་པའི་དུས་དཀྱིལ་དུ་བརྩམས་པའི《ལྡེའུ་ཆོས་འབྱུང་》ལས་འབྱུང་བ་ནི། “སྲས་མཚན་ལ་ཅིར་གདགས་མ་མ་དྲོ་ཞལ་སྐྱིད་ལྷིང་མ་ལ་དྲིས་ལ་ཤོག་བྱས་ནས་འདྲིར་ཕྱིན་པས། མ་མའི་མཆིད་ནས་རྗེའི་བླ་མཚོ་སྐམ་མམ་མ་སྐམ། བྲག་གི་བྲག་མར་ཉིལ་ལམ་མ་ཉིལ། བླ་སྤང་དྭངས་མ་འབྲི་སྤང་མེས་ཚིག་གམ་མ་ཚིག ལྟོས་ལ་ཤོག་བྱས་པས། བོད་འབངས་ཆ་དགུས་བལྟས་པས། མཚོ་ཡང་མ་སྐམ། བྲག་ཀྱང་མ་ཉིལ། སྤང་ཡང་མ་ཚིག་པར་གདའ་བས་དེ་སྐད་བརྗོད་པས། མོ་རྣ་བ་འོན་པས་ལོག་པར་ཐོས་ནས། ཆུ་གུམ་སྤང་གུམ་བྲག་གུམ་ན་རྒྱལ་སྲིད་མི་ཟིན་པས། མཚན་གྲི་གུམ་བཙན་པོར་ཐོགས་ཤིག་གསུངས་ནས་གྲི་གུམ་བཙན་པོར་བཏགས་སོ།”[①]ཞེས་འབྱུང་བ་དེ་མ་མ་དྲོ་ཞལ་སྐྱིད་ལྷིང་མ་དེ་བཙན་པོའི་ནང་འཁོར་གྱི་བུད་མེད་མཚན་སྙན་ལྡན་པ་ཞིག་ཡིན་པ་གསལ་ལ། ཁོ་མོ་ནི་གཉའ་ཁྲི་དུས་ནས་བྱུང་ཡོད་དེ། “ལྷ་འོད་གྲགས་ཀྱི་བུ་གུང་གཟིགས་བྱ་བས་རྗེ་གཉའ་ཁྲི་བཙན་པོའི་ལྷ་བོན་བྱས། མ་མ་དྲོ་ཞལ་སྐྱིད་ལྡིང་གིས་མར་མེ་བཏགས་ཏེ། སྤྱན་མངར་འོད་ལྟེམས།”[②]ཞེས་པ་ལྟར་ཁོ་མོའི་སྲིད་དབང་ནང་ཁུལ་གྱི་འགལ་བ་ལས་བཙན་པོ་རྣམས་ཀྱི་ཚེའི་བར་ཆད་ཀྱི་གསང་བ་རྣམས་རྟོགས་ཡོད་ཕྱིར། གྲི་གུམ་བཙན་པོ་ལའང་བར་ཆད་དེ་འབྱུང་བའི་སྔ་ལྟས་སུ་མཚན་ལོག་དེ་འདྲ་ཞིག་བཏགས་པས། ཕྱིས་སུ་དེ་ཉིད་རྒྱུན་འབྱམས་སུ་གྱུར་བ་རེད།
དོན་དངོས་སུ་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོས་རུས་རྒྱུད་ནི་རུས་གནམ་གྱི་ཁྱིམ་ལས་བསུས་པའི་བཙུན་མོ་གནམ་མུག་མུག་ལ་སྲས་མུ་ཁྲི་བཙན་པོ་ཞེས་པའི་མིང་བཏགས་པ་བཞིན། གྲི་གུམ་བཙན་པོའང་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་གནམ་གྱི་རྒྱལ་མོ་ཟི་ལིང་ཤོལ་མར་འཁྲུངས་ཤིང་།《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ལས། དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱི་རྡོལ་བོན་བྱུང”[③]ཞེས་པ་ལྟར་ན་བཙན་པོའི་མཚན་ལ་གནམ་ཕྲུ་བོ་གཞུང་བཙན་དུ་གསོལ་བ་ནི་ཁོང་གི་མཚན་དངོས་ཡིན་པ་རེད།
ཁྲི་དར་མ་འུ་དུམ་བཙན་ལའང་སྔོན་གྱི་ཆོས་འབྱུང་མང་པོར་བ་ལང་གི་ཤ་ཚུགས་འདྲ་བ།མཁྱེན་པ་ཆུང་ལ་རྒྱུད་གྱོང་བ། ཐེའུ་རང་གི་སྤྲུལ་བ་ཡིན་པ། སྨོན་ལམ་ལོག་ལྟ་ཅན་བཏབ་པས་རྒྱལ་བོ་གདུག་པ་ཅན་དུ་སྐྱེས་པ། བོན་ལ་དགའ་བས་གཅུང་སྲིད་ཁྲིར་འཁོད་པ་སོགས་ཕྱོགས་ཞེན་གྱི་ལྟ་བ་མང་པོ་ཞིག་བྱུང་བ་ལས། ངན་དམོད་ཀྱི་མཚན་ལོག་ཀྱང་སྣ་ཚོགས་ཤིག་འཁོད་ཡོད་དེ།《ལེགས་བཤད་གཏེར་མཛོད》ལས། དར་མ་སྤྲེའུ་མགོ《དེབ་ཐར་སྔོན་པོ》ལས། གླང་དར་མ།《རྒྱ་བོད་ཡིག་ཚང་ཆེན་མོ》ལས། ཁྲི་དར་མ།《ཏུན་ཧོང་ཡིག་རྙིང》ལས། འུའི་དུམ་བརྟན་སོགས་མང་པོ་ཞིག་བཀོད་ཡོད་ནའང་། དོན་དངོས་སུ“བཙན་པོ་འདིའི་མཚན་དངོས་ལ་ཁྲི་དར་མ་འུ་དུམ་བཙན་ཞེས་བྱ་ནའང་། ཁོང་གི་མཚན་རྒྱ་ཁྱབ་ཏུ་གྲགས་པ་ནི་གླང་དར་མ་ཞེས་བྱ་བ་དེ་ཡིན”[④]པ་ལྟར་རེད་ལ། འདི་ལ་དེང་གི་ལོ་རྒྱུས་སྨྲ་བ་རྣམས་ཀྱང་ཞལ་གཅིག་མཐུན་དུ་སྣང་བ་རེད། ཁོང་ལ་ཐུན་མོང་དུ་མ་གྲགས་པའི་སྐུ་གཤེན་གྱིས་མིང་གསོལ་བ་ནི། གསང་རྣམ་རྒྱལ་བོ་ཡིན་པ་སྟེ། “ཨུ་ཞེས་པ་དེ་བོད་སྐད་དུ་གསང་བ་ཞེས་པ་དོན་དང་། དུམ་ཞེས་པ་ནི་རྣམ་པ་ཞེས་པའི་དོན་ལ་འཇུག་པ་སྟེ། དོན་དུ་གསང་རྣམ་རྒྱལ་པོ་ཞེས་བྱ་བ་ཡིན།”[⑤]དེ་བས་བཙན་པོ་ལ་ངན་དམོད་ཀྱི་མཚན་ལོག་བཏགས་ཡོད་པ་ཧ་ཅང་གསལ་བ་རེད།
གསུམ། བཙན་པོས་ཆོས་བསྣུབས་པའི་སྐོར་གྱི་དོགས་དཔྱོད།
བཙན་པོ་གཉིས་ཀྱིས་དུས་སྐབས་མི་འདྲ་བ་གཉིས་ནས་ཆོས་བསྣུབས་ཟེར་པ་ལ། ཕྲན་ལ་འདི་འདྲའི་དོགས་དཔྱོད་ཅིག་འདུག་སྟེ།《རྩ་རྒྱུད་ཉི་སྒྲོན》ལས། གྲི་གུམ་བཙན་པོ་ཆོས་ལ་དད་ཅིང་ཐུགས་དམ་དགུ་ཁྲི་མཆོད་འབུལ་གྱི་ལྷ་ཁང་སོགས་བཞེངས་བར་གསུངས་པ་དེས། བཙན་པོ་ཆོས་ལ་དད་གུས་ཆེན་པོ་ཡོད་པ་ཧ་ཅང་གསལ་བོར་གསུངས་ཡོད་ལ། དེ་བཞིན“སྐུ་གཤེན་གཅེའུ་ཚེམས་དཀར་གྱིས་མཛད། གསས་མཁར་དང་ས་ལེ་བྱེའུ་ཚང་བཞེངས།”[⑥]པ་ལས་གཞན། ད་དུང“གྲུ་གུམ་བཙན་པོའི་སྐབས་སུ་སྟག་གཟིག་ཡུལ་ནས་གསང་སྔགས་ཀྱི་ཆོས་ནི་སྣ་ཚོགས་བོད་དུ་བསྒྱུར་ནས་གཡུང་དུང་བོན་དང་ལྷན་ཅིག་ཏུ་འདྲེས་ཏེ་བོད་ཡུལ་འདིར་དྲངས”[⑦]བ་སོགས་གསལ་བ་ལས། ཁོ་རང་ཆོས་ལ་དད་གུས་ཚད་མེད་ཡོད་པ་རྟོགས་ཐུབ་མོད། ཡིན་ནའང་སྐུ་གཤེན་རྣམས་ཀྱིས་སྲིད་ལ་ཐེ་གཏོགས་བྱས་བ་ཆེས་དྲགས་སྟབས་རང་གི་མངའ་ཐང་ཤོར་ཉེན་ཆེ་བར་དོགས་ནས། ཁོང་གིས་སྐུ་གཤེན་རྣམས་ལ“ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས། ལྷ་བོན་སྒོ་བཞི་དང་། གེ་ཁོད་ཐིས་འཕེན་དང་། གཙོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་བཙལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་བར་གཤེགས་ཤིག”[⑧]ཅེས་གསུངས་པ་དང་།《གཡུང་དྲུང་བོན་གྱི་རྒྱུད་འབུམ》ལས། “དབུའི་ཞྭ་ཆེས་ན་ལུས་པོ་རྔུལ་ཏེ་འཆི།ཟས་ཞིམ་པོ་ཟོས་གྲགས་ན་སྐྱུག་བྲོ། ཤིག་འཁྱེམས་རྐང་ཞུགས་ན་སྤྱི་བོའི་ཅུག་སྙོག བོན་པོ་མགོ་མཐོས་པ་འདིས། རྗེའི་མངའ་ཐང་ཕྲོགས་པར་འཆིའོ།”ཞེས་གསུངས་ནས། རྒྱལ་སྲིད་ཤོར་བར་ཧ་ཅང་ཉག་ཕྲ་བའི་དུས་སུ། སྐུ་སྲུང་བོན་གཤེན་བཞི་བཞག་པ་ལས་གཞན་ཚང་མ་བོད་རུ་བཞིའི་མཐའ་རུ་སྤྱུགས་པ་ལ། སྐུ་གཤེན་རྣམས་དང་བཙན་པོའི་བར་གྱི་ཆབ་སྲིད་ཀྱི་འགལ་བ་དེ་རྣོ་ངར་ལྡན་པ་ལ། བཙན་པོ་འུ་ཐུག་སྟེ་སྲིད་ལ་ཐེ་གཏོགས་བྱེད་མཁན་གྱི་སྐུ་གཤེན་སྐོར་ཞིག་ཕར་སྤྱུགས་པ་ཡིན། དེ་ཡང་ལྷ་བོན་སྒོ་བཞི་དང་དེ་བཏོད་མཁན་གེ་ཁོད་ཐིས་འཕེན་དང་གཅོ་གྱིམ་བུ་ལན་ཚ་གཉིས་མུ་འབྲེལ་དུ་བཙན་པོའི་སྐུ་གཤེན་གྱི་དོད་བྱེད་ཆོག་བསྒྲགས་པའི་ནང་གསེས་ལྷའི་བོན་སྒོ་བཞི་ཞེས་པ་དེ་སྟོན་པ་གཤེན་རབ་ཀྱིས་བཏོད་པའི་གཡུང་དྲུང་བོན་གྱི་ནང་ཚན་ཞིག་ཡིན་པར་ཐུའུ་བཀྭན་གྱིས་གསུངས་པས། དེས་ན་བཙན་པོས་བོན་ཆོས་ཀྱི་ནང་ཚན་ཞིག་དར་བར་མ་བཅུག་པ་འདྲ་ལ། དར་ཡང་དུས་དེར་བོན་ཆོས་ཆེས་ཆེར་དར་མེད་པ་འདྲ། གང་ལྟར་ཡང“ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མངའ་རིས་འདི་ལ་མི་ཤོང་བ་འདྲ”བས་བཙན་པོའི་སྲིད་ལ་ཐེ་གཏོགས་བྱས་པ་ཆེས་དྲགས་པས་སྐུ་གཤེན་རྣམས་ཕ་མཐར་སྤྱུགས་པ་ནི་དོན་དངོས་ཡིན། དུས་དེར་སྐུ་གཤེན་རྣམས་མཐར་སྤྱུགས་པས། ཆབ་སྲིད་ལ་བཀག་རྒྱ་བྱེད་མཁན་མེད་པར་བཟོས་པ་ལས། རྒྱལ་སྲིད་ཀྱི་སྒྲིག་གཞིའི་ཚགས་ཇེ་དམ་ལ་བཏང་བ་མ་ཟད། མངའ་རིས་རྒྱ་བསྐྱེད་བཏང་སྟེ་གནའ་བའི་རྒྱ་གར་དང་སྟག་གཟིག་གི་མཚམས་ལ་སླེབས་པར་བྱས་སོ།།
དེ་ལྟ་ནང་བཞིན་ཁྲི་དར་མ་འུ་དུམ་བཙན་ཀྱང་ཆོས་ལ་ཤིན་ཏུ་དད་མོས་བ་ཆེ་སྟེ། ཏུན་ཧོང་གི་ཤོག་དྲིལ་p.t..999ལས།“བཙན་པོ་འུའི་དུན་བརྟན་གྱི་ཞ་སྔ་ནས་ཀྱང་། ཚེ་བར་ཆད་གྱི་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐང་ཐོབ་པར་སྨོན་ནོ། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོས་པ་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ། དམ་པའི་ཆོས་མྱིའི་འཇིག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་གྱི་གཞིར་གྱུར་ཅིག”ཅེས་དང་ཆོས་མི་ནུབ་ཤིང་ཡུན་རིང་གནས་བའི་ཆེད་དུ། དམ་པའི་ཆོས་ཀྱི་གཙུག་ལག་ཁང་དང་མཆོད་རྟེན་གསར་བཞེངས་དང་རྙིང་བ་ཞིག་གསོ་མཛད་པ་གསལ་བོར་མཐོང་ཐུབ། དེ་མིན་ལྷ་ཁང་ནི“དར་མའི་ལྷ་ཁང་གཅིག ཇོ་མོས་བཞེངས་པ་གཙུག་ལག་ཁང་གཅིག ལྷ་ཁང་དགུ མཆོད་གནས་ཀྱིས་བཞེངས་བ་གཙུག་ལག་ཁང་གཅིག ལྷ་ཁང་ཉེར་གཉིས”[⑨]བཞེངས་བ་སོགས་ལས་ཁོང་ནི་ཆོས་ལ་མོས་ཤིང་དད་གུས་ཆེ་བ་མངོན།
ནང་ཆོས་ནི་སྲོང་བཙན་ནས་བཟུང་ཆབ་སྲིད་ལམ་ལུགས་ལ་ཆོས་ལུགས་ཀྱི་བསམ་བློ་གསར་བའི་དགེ་མཁོ་བྱུང་བ་དང་བསྟུན་ནས་དར་སྤེལ་བྱུང་བ་ཡིན་མོད། ཆབ་སྲིད་འཛིན་པའི་བཙན་པོའི་ནང་ཁུལ་དུ། ད་དུང་སྐུ་གཤེན་བསྟེན་པའི་སྔར་སྲོལ་མ་ཉམས་པར་ཞང་ཞུང་ར་རིང་དང་། སྐུ་གཤེན་ཞང་ཞུང་ཁྱུང་སྐར་སོགས་སྲོང་བཙན་གྱི་བུ་རབས་ཚ་རྒྱུད་ཀུན་ལ་སྐུ་གཤེན་རེ་ཡོད། ཁྲི་དར་མ་འུ་དུམ་བཙན་གྱི་དུས་སུ་ཆབ་སྲིད་ལ་ཐེ་གཏོགས་བྱེད་པའི་ཆོས་ལུགས་ཀྱི་ལྟ་བ་གཉིས་ལ་འགལ་བ་ཛ་དྲག་ཏུ་གྱུར་ཡོད། དེ་བཞིན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་འཚོ་བ་བླ་ནས་སྦྱོར་བའི་ལམ་ལུགས་ཚུགས་པ་དེས། ཆོས་ལུགས་པའི་དབང་ཆ་ལྷག་པར་ཇེ་ཆེ་དང་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་འགལ་བ་དེ་ལས་རྣོ་ངར་ཅན་དུ་གྱུར་ཕྱིན། འབངས་ཀྱི་འཚོ་བར་དཀའ་ཁག་ཆེན་པོ་བྱུང་ཡོད། དུས་སྐབས་དེ་ནས་བཟུང་ད་དུང་མངའ་ཁོངས་རྒྱ་བསྐྱེད་བཏང་པ་ལ་བརྟེན། ཁྲི་དར་མ་འུ་དུམ་བཙན་གྱི་སྐབས་ལ་སླེབས་དུས། སྲུང་དམག་ལ་འགྲོ་གྲོན་མང་བ་དང་འཚོ་བ་བླ་ནས་སྦྱོར་བ་ལ་སོགས་པའི་རྐྱེན་བྱས། བོད་ཁམས་ཡོངས་རྫོགས་དབུལ་བོར་གྱུར་ཡོད། སྤྱི་ལོ869ལོའི་འབངས་གྱེན་ལོག་བྱུང་བའང་འབངས་མིའི་འཚོ་བ་ཆེས་སྡུག་པའི་རྐྱེན་ལས་བྱུང་པ་ར་སྤྲོད་གསལ་བོར་བྱེད་ཐུབ། དེ་བས་ཁོང་གིས་འབངས་ཀྱི་སྐྱིད་སྡུག་དང་རྒྱལ་སྲིད་འཐོར་བར་ཉེན་ཁ་ཆེ་བར་དམིགས་ནས། འཚོ་བ་བླ་ནས་སྦྱོར་བའི་རྒྱུན་བཅད་ཤིང་། ན་གཞོན་རབ་ཏུ་བྱུང་བ་བཀག ། སྔོན་ཡོད་ཀྱི་གྲྭ་བ་ཁ་ཤས་ཁྱིམ་དུ་ཕབ། དེ་བས་ཆོས་པ་མང་པོ་ཞིག་གི་འཚོ་བ་རང་གི་རྩོལ་བ་ལ་བརྟེན་དགོས་པ་བྱུང་། སྲིད་བསྐྱངས་ནས་ལོ་གཉིས་ཀྱི་མཚམས་སུ“ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་།རྒྱ་སྟག་ར་མོ་ཆེ། བསམ་ཡས་མི་འགྱུར་ལྷ་ཁང་སོགས་གནས་ཁྱད་པར་ཅན་གྱི་སྒོ་ལ་ཞལ་བ་བྱས།”[⑩]པ་རེད། འདི་ལས་བཙན་པོས་གནས་ཁྱད་པར་ཅན་རྣམས་ལ་བདག་གཉེར་བཟང་པོ་བྱས་ཏེ་ཆོས་བྱེད་མི་སྣ་རྣམས་ཁྱིམ་ལ་བཏང་སྟེ། དཔལ་འབྱོར་གོང་འཕེལ་དང་། སྲིད་དབང་སྲ་བརྟན་དུ་སོང་ཞིང་། འབངས་མིར་བདེ་སྐྱིད་ལྡན་བསྐྲུན་པ་ལ། “ལྷ་སྲས་ལྷའི་དྲིན་རེ་ཆེ།བཀའ་ལུང་གཞུང་དང་འཐུན(མཐུན)པའི་ཚེ། ཕྱི་ནང་གཉིས་ཀྱི་སློབ་དཔོན་དང་། ལས་ཀྱི་རྡོ་རྗེ་མཁས་པ་གསུམ། མ་འདྲེས་སྤྱོད་ལམ་འདི་ལྟ་བུ། མཁས་བཙུན་སྤྱོད་ལ་འཁྲུག་པ་མེད། བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད། ལྷ་སྲས་དར་མ་མན་ཅད(ཆད)དང་། འོད་སུས(སྲུང)དབོན་སྲས་མན་(ཡན)ཆད་དུ།སྤྱི་ནི་དར་ཅིང་རྒྱས་ཅེས(ཆེས)པས།མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད།”[11]པར་གསལ། དེ་ལས་དམ་ཆོས་དར་ཞིང་བོད་ཁམས་སྐྱིད་པར་འདུག་པ་ལས། ཁོང་གིས་དམ་པའི་ཆོས་ཀྱི་བསྟན་པ་མ་བསྣུབས་པ་གསལ། དེ་བས་ཁྲི་དར་མ་འུ་དུམ་བཙན་ནི་བོད་ཀྱི་ལོ་རྒྱུས་ཐོག་འབངས་ལ་བཀའ་དྲིན་ལྷག་པར་ཆེ་བའི་བཙན་པོ་ཞིག་ཡིན་པ་གསལ།
བཞི། བཙན་པོ་སྐུ་བཀྲོངས་པའི་གནས་ཚུལ།
གྲི་གུམ་བཙན་པོ་སྐུ་བཀྲོངས་ཚུལ་ནི“ས་རི་ས་ག་རླུང་སྐར་དུ་སོང་བས་རླུང་དམར་ཆེན་པོ་བྱུང་། བསོ་བཏབ་དུས་བ་ལང་འདྲོགས་ཏེ་ཐལ་སྒྲོ་རྣམས་རལ་ཐལ་འཚུབ་ཀྱིས་མིག་འགྲིབས། དར་ནག་གི་ཐོད་དང་ཝ་རོ་དང་། ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ། རལ་གྲི་བསྐོར་བས་རྨུ་ཐག་ཆད། ལོ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་འཕངས་ནས་བཀྲོངས་སྐད།”[12]འདི་ལས་གནམ་གྱི་ཁྲི་བདུན་སོགས་རྨུ་ཐག་ལ་འཇུས་ཏེ་ནམ་མཁར་གཤེགས་པའི་ཆོས་ལུགས་ཀྱི་ལྟ་བ་མངོན་པར་མཚོན་ཡོད་ལ།《རྒྱལ་རབས་གསལ་བའི་མེ་ལོང》ལས།“རྒྱལ་པོ་གྲི་གུམ་བཙན་པོ་དེ། ཐུགས་གདོན་གྱིས་བསླུས་ཏེ། ཁྱོད་ཀྱིས་ངའི་འཐབ་ཡ་བྱེད་དགོས།”ཟེར་ནས་འཐབ་པས་རྒྱལ་པོའི་དཔྲལ་བར་མདའ་འཕངས་ཏེ་བཀྲོངས་ཚུལ་བརྗོད་ཡོད་པ་ལ་གཞིགས་ན། བཙན་པོ་ནི་བདུད་རྒྱལ་ཞིག་དང་ང་རྒྱལ་ཨུ་ཚུགས་ཆེ་བ་ཞིག་ཡིན་པ་སོགས་ཆོས་བྱེད་མི་སྣ་རྣམས་ཀྱི་རང་ངོས་ནས་བརྗོད་པ་ལས། དོན་དངོས་ཐོག་དེ་འདྲ་ཞིག་མིན་པ་ཧ་ཅང་གསལ་ཏེ། “གྲི་གུམ་གྱི་དུས་སྐབས་དེར་སྤུར་རྒྱལ་གྱི་མངའ་ཁོངས་སུ་ཡོད་པའི་རྒྱལ་ཕྲན་རྣམས་ཀྱིས་སྟོབས་ཤུགས་ཆེན་པོར་ཆགས་སྟབས།གཙང་གི་རྒྱལ་ཕྲན་ལོ་ངམ་དང་དེ་ཕྱོགས་ཀྱི་བོན་པོ་རྣམས་ཀྱིས་རྒྱལ་སྲིད་ལ་ཐེ་གཏོགས་བྱས་པས།རྒྱལ་པོས་གཡུང་དྲུང་བོན་བསྟན་བསྣུབས”[13]པ་དང་། ཆོས་ལ་དད་པའི་སྐུ་གཤེན་རྣམས་ཞང་ཞུང་སོགས་ཡུལ་གཞན་ལ་སྤྱུགས་པ་ནི། རང་གི་མངའ་རིས་རྒྱ་བསྐྱེད་དང་མངའ་ཁོངས་ཆེ་རུ་གཏོང་ཆེད་ཡིན། དེར་བརྟེན། བཙན་པོས་རྒྱ་གར་དང་སྟག་གཟིག་སོགས་རྒྱལ་ཁབ་གཞན་ལ་དཔུང་འཇུག་བྱས་ཏེ་རྒྱལ་ཁའི་ངང་། ཕྱིར་ལོག་པའི་ལམ་བར་དུ་སྐུ་གཤེན་རྣམས་ཀྱི་ཚབ་བྱེད་མི་སྣ“ལོ་ངམ་གྱིས་གཡོ་ཐབས་བསུ་བའི་མཛད་སྒོའི་ཁྲོད་དུ་མདའ་འཕངས་སྟེ་རྒྱལ་པོ་བཀྲོངས”[14]པར་བརྗོད་པ་ནི་གྲི་གུམ་བཙན་པོའི་བཀྲོངས་རྐྱེན་ངོ་མ་ཡིན་པ་གསལ་ཐག་ཆོད་པ་ཡིན།
བཙན་པོའི་གདུང་རབས་ཐ་མ་ཁྲི་དར་མ་འུ་དུམ་བཙན་ལའང་གོང་དང་འདྲ་བའི་དུག་མདའ་ཞིག་གིས་བཀྲོངས་ཚུལ་སྐྱོ་བོ་ཞིག་བྱུང་པ་ལས། བོད་ཁམས་ཡོངས་རྫོགས་སིལ་བུར་འཐོར་བ་ཡིན། དེ་ཡང་བློན་སྦས་སྟག་སྣ་སོགས་ཀྱིས་བཙན་པོའི་རྒྱལ་སྲིད་དེ་རང་ལ་འཐོབ་པའི་ཕྱིར།“བློན་འབངས་འགའ་ཞིག་གིས་བཙན་པོ་གདུག་པ་ཅན་ཁྲི་དར་མ་བཀྲོང་རྒྱུའི་ཐབས་གྲོས་ཐེངས་མང་བྱས”[15]པ་ལ། མཐར་ཁོ་རང་ཚོའི་ཚབ་ཏུ། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན། “དཔལ་མགོན་པོ་དང་མ་གཅིག་དཔལ་ལྷ་དང་གྲིབ་ཀྱི་རྫོང་བཙས་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་ཕྱིར་རྒྱལ་བོ་སྡིག་པ་ཅན་དགྲོལ་ཞིག་བདག་ཅག་གིས་གྲོགས་བྱའོ་ཞེས་ཡང་ཡང་དུ་བསྐུལ། ཕོད་ཀ་དང་ཞྭ་ནང་དཀར་ཕྱི་ནག་པོ་གྱོན། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག རྟ་དཀར་སོལ་བ་བྱུགས་པ་ལ་ཞོན་ནས་ཕྱིན། དེའི་ཚེ་བློན་འབངས་ཆོས་ལ་དགའ་བ་ཐམས་ཅད་འདུས་ནས་ངུ་འབོད་དང་མྱ་ངན་བྱས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འདི་ལྟ་བུ་མཛད་པ་མི་རིགས།”[16]ཞེས་དང་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ལྷ་ལུང་དཔལ་རྡོར་གྱིས། ཕྱག་དང་པོ་ལ་ཕུ་ཐུང་གི་ནང་དུ་མཐེབ་ལྟོང་སྤྲད།གཉིས་པ་ལ་མདའ་བཀང། གསུམ་པ་ལ་འཕངས་པས་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང”སྟེ་བཀྲོངས་པ་ལས་ལྷ་ལུང་དཔལ་རྡོར་ནི་ཆོས་བྱེད་མི་སྣ་རྣམས་ཀྱི་ཚབ་དང་། བློན་འབངས་སྐོར་ཞིག་གི་དམིགས་འདུན་དང་འདོད་བློ་ཡིན་པ་ཧ་ཅང་མངོན་གསལ་དོད་པོ་རེད།
དེར་བརྟེན། ཆོས་བྱེད་མི་སྣའི་ཚབ་བྱེད་དམ་བློན་འབངས་འགའ་ཞིག་གིས། འབངས་མིའི་དགེ་སྡུག་དང་ཡུན་རིང་གི་ཕུགས་འདུན་ལ་མ་བསམ་པར། བཙན་པོ་གཉིས་ཀྱི་དཔྲལ་བར་མདའ་འཕངས་ཏེ་བཀྲོངས་པའདིས། སྤུར་རྒྱལ་ཆེན་པོའི་སྲིད་དབང་གཏོར་བཤིག་བཏང་པ་ལ། བོད་ཁམས་ཡོངས་རྫོགས་སིལ་བུར་འཐོར་བར་བྱས་པ་ལགས་སོ།།
ལྔ། བཙན་པོའི་སྲས་གཉིས་ཀྱི་གནད་དོན།
སྔོན་གྱི་ཆོས་འབྱུང་དང་ལོ་རྒྱུས་རྣམས་སུ་གྲི་གུམ་བཙན་པོའི་སྲས་ཀྱི་སྐོར་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཤིག་མཆིས་སྟེ།《བཀའ་ཐང་སྡེ་ལྔ》ལས། “བྱ་ཁྲི་ཤ་ཁྲི་ཉ་ཁྲི་རྣམས་གསུམ།”[17]ཞེས་སྲས་གསུམ་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན》 ལས།[18]“སྤོ་བོའི་ཡུལ་ནས་འབྲིང་བོ་བྱ་ཁྲི་བྱོན།” ཞེས་པར་གཞིགས་ན་སྲས་ཆེ་འབྲིང་ཆུང་གསུམ་སོགས་ཡོད་པར་གསུངས་ཤིང་། འོན་ཀྱང《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་སྒྲིག》ལས། “ སྲས་གཉིས་ཀྱང་ཤ་ཁྱི་དང་ཉ་ཁྱིར་བཏགསྟེ་རྐོང་ཡུལ་དུ་སྤྱུགསྟེ་བཀྱེའོ།”[19]ཞེས་པས་སྲས་གཉིས་ཡོད་པར་སྨྲ་བ་དང་། དེ་བཞིན་དུ།《ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མ》ལས།“གཅེན་ཉ་ཁྱི་དང་གཅུང་ཤ་ཁྱི་གཉིས”[20]ཞེས་སྲས་གཅེན་གཅུང་གཉིས་དང་།《ལེགས་བཤད་གཏེར་མཛོད》ལས།“སྲས་ལྡེའུ་དང་ཉ་ཁྲི་གཉིས།”[21]ཞེས་བྱུང་ལ།《དར་རྒྱས་གསལ་སྒྲོན》ལས། “སྲས་སྤུ་ལྡེ་དང་ཧ་ཁྲི་གཉིས”[22]ཞེས་པ་སོགས་ཀྱི་བཤད་ཚུལ་ཧ་ཅང་མང་པོ་ཞིག་འདུག་མོད། དེ་ལ་ཞིབ་ཏུ་བསམ་བློ་བཏང་པ་ཡིན་ན། ཚང་མའི་གཅིག་མཐུན་གྱི་ལྟ་བ་ཞིག་རྟོགས་ཐུབ་པར་འོང་པ་ནི། སྤུར་རྒྱལ་བཙན་པོའི་གདུང་རབས་དགུ་བ་སྤུ་དེ་གུང་རྒྱལ་དེ་ཉིད་བྱ་ཁྲི་དང་ཤ་ཁྲི་ལ་འདོད་མཁན་ཆེས་མང་ལ། ཉ་ཁྲི་ལ་འདོད་མཁན་རེ་གཉིས་ལས་མེད་པར་མཐོང་བས། དེ་ནི་སྔོན་དུས་སུ་བཙན་པོའི་མཚན་གྱི་སྒྲ“བྱ”དང“ཤ”གཉིས་ཁ་ནས་བརྗོད་པའི་ཚེ་ན། སྒྲ་ཧ་ཅང་འདྲ་ཞིང་ཐག་ཉེ་བའི་རྐྱེན་གྱིས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་མང་པོས་དེ་ཉིད་ཡི་གེར་འགོད་པའི་དུས་ན། མི་གཉིས་སུ་འཁྲུལ་ནས་དེང་གི་འབྲི་སྲོལ་འདི་འདྲ་ཞིག་བྱུང་བ་ལགས་མོད། དོན་ལ་སྲས་གཅིག་གི་མཚན་ཡིན་པ་ང་ཚོས་དཔྱད་ན་ཤེས་ངེས་པ་ཡིན། དཔེར་ན། མྱང་ཆུ་དང་ཉང་ཆུ་ཟེར་བ་ལྟ་བུ་ལས་ཀྱང་རྟོགས་པས། ང་ཚོའི་ལོ་རྒྱུས་ཀྱི་ཡིག་ཚང་སྔ་མ་བོན་གྱི་བསྟན་འབྱུང་ཁག་དང་ཏུན་ཧོང་གི་གནའ་བའི་ཡིག་རྙིང་རྣམས་བཞིན་སྲས་གཉིས་ཡིན་པ་ལྟར་བྱས་ན་ལོ་རྒྱུས་ཀྱི་ཁུངས་དངོས་དང་མཐུན་པ་ཡིན།
དེ་བཞིན་ཁྲི་དར་མ་འུ་དུམ་བཙན་གྱིས་སྔ་རྗེས་སུ་བཙུན་མོ་ཆེན་ཆུན་གཉིས་བཞེས་པ་ལས་སྲས་གཉིས་བྱུང་ཞིང་། གཅིག་ནི་སྲས་འོད་བསྲུངས་ཡིན་པ་ཀུན་ལ་གྲགས་ཤིང་། ཅིག་ཤོས་ནི་གདུང་རྒྱུད་རྫུན་མར་གྲགས་པའི་སྲས་ཡུམ་བརྟན་དུ་གྲགས་པ་ལྟར་ན། བཙན་པོར་སྲས་གཉིས་ཡོད་པ་སྔོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་ཕལ་ཆེར་ཞལ་མཐུན་པ་ཡིན། “ཕྱི་ལོ་མེ་མོ་ཡོས་ལ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་བཙན་མོ་འཕན་ལ་ལྟོ་བོར་སྲས་གཅིག་བྱུང་བ་ཆེན་མས་བསད་དམ་ཕྲོགས་ཀྱིས་དོགས་ནས་འོད་དང་མ་བྲལ་བར་བསྲུངས་པས་གནམ་ལྡེ་འོད་སྲུང་དུ་ཐོགས། དེ་ཚེའི་ཆེན་མ་སྣ་ནམ་བཟས་ཀྱང་བུ་ཆུང་སོ་སྐྱེས་པ་ཞིག་ང་ལ་མདང་སྐྱེས་སོ་ཞེས་བསྟན་པས་བློན་རྣམས་ན་རེ་མདང་སྐྱེས་ཀྱི་བུ་ཆུང་སོ་ནི་ཙེག་གེ་ཙེག འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་ཁྲི་ལྡེ་ཡུམ་བརྟན་དུ་ཐོགས།”[23]པ་ལྟར་ཡིན་མོད། འོན་ཀྱང་སྔོན་གྱི་ཡིག་ཚང་རྣམས་སུ་འོད་བསྲུངས་གཅིག་པུ་ལས་ཡུམ་བརྟན་གྱི་མཚན་བཀོད་མེད་ལ། མཚན་འདིའང་རྗེས་ཀྱི་དུས་རབས་བཅུ་གཉིས་བའི་ནང་བྱུང་ལ། འཁྲུངས་འདས་སོགས་ལའང་གསལ་ཁ་མེད་པས། སྲས་འདི་བ་དངོས་ནས་ཡོད་མེད་ནི་ཧ་ཅང་དོགས་པའི་གནས་ཤིག་ཡིན་སྟེ། “སྐབས་དེར་ནང་བློན་རྣམས་ཀྱི་དབང་ཤུགས་ཕྱོགས་གཉིས་སུ་གྱེས་ཡོད་སྟབས།ཡུན་རིང་མ་འགོར་བར་བཙུན་མོ་ཆེ་བའི་སྲས་ཡུམ་བརྟན་དང་ཁོང་གཉིས་རྒྱལ་སྲིད་ལ་གང་འགོད་པར་ཁ་མ་འཆམས་པའི་རྩོད་པ་ཤོར་ཏེ་འོད་སྲུངས་ཕྱོགས་ཀྱིས་གཡོ་རུ།ཡུམ་བརྟན་ཕྱོགས་ཀྱིས་དབུ་རུ་བཟུང་ནས་དབུ་གཡོ་འཁྲུག་པ་བྱུང་།”[24]བ་ནི་དེ་བཙུན་མོ་རྒན་གཞོན་གཉིས་རྒྱབ་བརྟེན་དུ་བཅོལ་ཏེ་གནའ་བའི་རུས་རྒྱུད་འབྲོ་དང་དབས་ཀྱི་ཕྱོགས་ཁག་ཆེན་པོ་གཉིས་བར་གྱི་སྲིད་དབང་འཕྲོག་རྩོད་བྱས་པ་འདི་ནི། སྲས་ཀྱི་གྱོད་གཞི་མིན་པར་རུས་རྒྱུད་ཕྱོགས་ཁག་གཉིས་བར་གྱི་རྩོད་པ་ཡིན། དུས་དེར་བཙན་པོ་སྐུ་ན་ཕྲ་བས། སྲིད་དབང་དབས་ཀྱི་ཕྱོགས་ཁག་བཙན་པོའི་མ་ཡུམ་གྱིས་བཟུང་ཡོད་པ་ལ། འབྲོའི་ཕྱོགས་གཏོགས་རྣམས་ཡིད་མ་རངས་བས། འབྲོ་དབས་འཁྲུག་པ་ཡི་གྱོད་གཞི་འདི་བྱུང་བ་རེད། གྱོད་གཞི་དེ་རིམ་གྱིས་ཁམས་དང་ཨ་མདོ་བརྒྱུད་དེ་གཞི་རྒྱ་ཇེ་ཆེ་ནས་ཇེ་ཆེར་སོང་བས། བཙན་པོའི་སྲིད་དབང་དེ་རླུང་ཁའི་མར་མེ་བཞིན་འཐོར་བཤིགས་སུ་སོང་བ་རེད།
དྲུག། བཙན་པོའི་བང་སོ་བཏབ་ཚུལ།
གྲི་གུམ་བཙན་པོ་སྐུ་བཀྲོངས་རྗེས། སྐུ་གདུང་ཟངས་ཀྱི་གའུར་བཅུག་སྟེ་ལྕགས་གཟེར་བརྒྱབ་ནས་མྱང་ཆུར་བསྐྱུར་ཏེ། སྲས་གཉིས་ཀོང་ཡུལ་དུ་སྤྱུགས་ནས་ལོ་བཅུ་གསུམ་རིང་བསྡད་པས། བཙན་པོས་བང་སོ་བརྩིགས་མ་ཐུབ་པར་ཀླུ་སྲིན་བྱེ་མ་ལག་རིང་གིས་ཁོང་གི་རྗེ་མོའི་བང་མཛོད་དུ་སྦས་ནས་བཞག་པ་ལ། རུ་ལས་སྐྱེས་ནར་སོན་རྗེས། སྲས་གཉིས་དང་མཇལ་ཏེ་པུར་འཚོལ་དུ་ཕྱིན་པ་ལ།པུར་འཛིན་གྱི་ལག་ནས་བསླངས་ཀྱང་མ་བྱིན་པས། བརྐུས་ཀྱང་མ་ཐོབ།ཐ་མར་པུར་བླུས་ཏེ་ལག་ཏུ་སོན་པ་ལ་བཙན་པོའི་བང་སོ་ཐོག་མ་དེ་བརྩིགས་པ་རེད། “སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ”[25]ཞེས་པ་བཞིན“ཡར་ལུང་གི་དྲང་མོ་དྲང་ཆུང་གི་གཡའ་ལ་བང་སོ་བཏབ”[26]པ་དང་། དེ་ནས་འཕྱོངས་རྒྱས་ཀྱི་གྲང་མོ་གྲང་ཆུང་གི་ཟོམ་ལ་གདན་དྲངས་པ་ནི“རྐོང་ཡུལ་སེན་མོ་ཕུག་ཏུ་བང་སོ་སྔོན་མ་གཅིག་རྩིགས་ནའང་དེར་མ་བཞུགས”[27]པ་རེད་ལ། དེ་བས་གྲི་གུམ་བཙན་པོའི་བང་སོ་ཐེངས་གཉིས་ལ་བརྩིགས་པ་སོགས་ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་པ་མངོན་གསལ་རེད།
ཁྲི་དར་མ་འུ་དུམ་བཙན་ཡང་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་རྗེས། བཙུན་མོ་ཆེན་ཆུན་གཉིས་ཀྱི་ཕྱོགས་ཁག་གིས་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་ལངས་ཏེ། བང་སོ་བརྩིགས་མ་ཐུབ་པར་ཡུན་རིང་ལུས། “དུས་དེར་བོད་ཀྱི་རྒྱལ་ཁམས་ཡོངས་སུ་ཁེངས་ལོག་བྱུང་བར་བརྟེན། ཁྲི་དར་མ་འུ་དུམ་བཙན་གྱི་བང་སོ་བཞེངས་པའི་གོ་སྐབས་མེད་པ་ལྟ་ཅི།”[28]སྲིད་དབང་ཀྱང་ཕལ་ཆེར་འཐོར་ལ་ཉེ་བས།“དར་མའི་བང་སོ་འཕྲུལ་དང་རྒྱལ་ཆེན་བར། དེའི་མིང་ནི་བང་རིམ་འཁོར་ལོ་ཅན་ཟེར་ཏེ་རྩིག་པའི་འཕྲོ་ལ་ལུས་སོང་སྐད།”[29]དེ་ལྟར་རྐྱེན་དབང་སྣ་ཚོགས་ཀྱིས་བགེགས་མང་པོའི་བང་སོ་རྩིག་འཕྲོར་ལུས་སོང་བར་གྲགས་ལ། བརྩིགས་ཀྱང་ཡུན་རིང་མ་འགོར་བའི་སྤྱི་ལོ885ལོར། སྲས་འོད་བསྲུངས་དགུང་ལོ་སོ་དགུ་པ་ལ་དགོངས་པ་རྫོགས་ཏེ། བང་སོ་འཕྲུལ་རྒྱལ་རྒྱབ་ཏུ་བརྩིགས་ཤིང་བང་སོ་འདི་ནི་བཙན་པོའི་བང་སོ་ཐ་མ་དེ་ཡིན།
བཙན་པོའི་བང་སོ་ཐོག་མ་གྲི་གུམ་བཙན་པོའི་བང་སོ་ནས། བཙན་པོའི་བང་སོ་ཐ་མ་ལྷ་སྲས་འོད་བསྲུངས་ཀྱི་བང་སོ་བར་བསྡོམས་ན་བང་སོ་ཞེ་གཅིག་ཡོད་པ་རེད། བང་སོ་འདི་དག་ནི་བོད་མི་རིགས་ཀྱི་རིག་དངོས་རྩ་ཆེན་ཏག་ཏག་ཡིན་མོད། འབྲོ་དབས་འཁྲུག་པ་ལ་བརྟེན་ནས།འབངས་གྱེན་ལོག་བྱུང་སྟེ། སྤྱི་ལོ་877ལོར། ཤུད་པུད་སྟག་རྩེ་སོགས་ཀྱིས་བང་སོ་མང་པོ་ཞིག་བྲུས་ཏེ་བགོ་བཤའ་བྱས་པ་ལས། བཙན་པོའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་ཞིང་བོད་ཡོངས་སིལ་བུར་འཐོར་ཏེ་སྤུར་རྒྱལ་བཙན་པོ་དེ་མིང་གི་ལྷག་མ་ལྟར་གྱུར་ཏོ།།
དཔྱད་ཡིག་དང་ཞབས་མཆན།
[①] 《ལྡེའུ་ཆོས་འབྱུང་》མཁས་པ་ལྡེའུས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་1987ལོར་པར་གཞི་དང་པོ་བཏབ། P244
[②] 《ལྡེའུ་ཆོས་འབྱུང་》མཁས་པ་ལྡེའུས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་1987ལོར་པར་གཞི་དང་པོ་བཏབ།P236
[③] 《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ལས། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་1988 ལོར་པར་གཞི་དང་པོ་བཏབ། P160
[④] 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོའི་ཟླ 5 བར་ཐོག་མར་བཏོན། P511
[⑤] 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོའི་ཟླ 5 བར་ཐོག་མར་བཏོན། P512
[⑥] 《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ལས། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་1988 ལོར་པར་གཞི་དང་པོ་བཏབ། P155
[⑦] 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོའི་ཟླ 5 བར་ཐོག་མར་བཏོན། P198
[⑧] 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོའི་ཟླ 5 བར་ཐོག་མར་བཏོན། P183
[⑨] 《བོད་སིལ་བུའི་བྱུངབ་བརྗོད་པ་ཤེལ་དཀར་ཕྲེང་བ) ནོར་བྲང་ཨོ་རྒྱན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྟུན་ཁང་གི་ 1991ལོའི་ཟླ་7 པའི་པར་གཞི་དང་པོ། P58
[⑩] 《དེབ་ཐར་ཀུན་གསལ་མེ་ལོང) ཕུན་ཚོགས་ཚེ་རིང་གིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་1992ལོའི་11པའི་པར་ཐེངས་ 2པའི་ཤོག་ངོས་ P129ན་གསལ།
[11]《མདའ་དང་འཕང》མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།(སྟོད་ཆ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན། 2007ལོའི་ཟླ་9པའི་པར་ཐེངས་དང་པོའི་ཤོག་ངོས་12པར་གསལ།
[12] 《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2006 ལོའི་ཟླ་1 པོའི་ཐེངས་ 1དཔར། ཤོག་ངོས88 ན་གསལ།
[13] 《བོད་ཀྱི་་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རྭ་གའི་ལྡེའུ་མིག》 ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་1996 ལོའི་11པའི་པར་ཐེངས་དང་པོའི་ཤོག་ངོས P155ན་གསལ།
[14] 《བོད་ཀྱི་་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རྭ་གའི་ལྡེའུ་མིག》 ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་1996 ལོའི་11པའི་པར་ཐེངས་དང་པོའི་ཤོག་ངོས P155ན་གསལ།
[15] 《དེབ་ཐར་ཀུན་གསལ་མེ་ལོང) ཕུན་ཚོགས་ཚེ་རིང་གིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་1992ལོའི་11པའི་པར་ཐེངས་ 2པའི་ཤོག་ངོསP129 ན་གསལ།
[16] 《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2006 ལོའི་ཟླ་1 པོའི་ཐེངས་ 1དཔར། ཤོག་ངོས་224 ན་གསལ།
[17] 《བཀའ་ཐང་སྡེ་ལྔ) གུ་རུ་ཨོ་རྒྱན་གླིང་པ། མི་རིགས་དཔེ་སྐྲུན་ཁང་གི་1986 ལོའི་ཟླ 12པའི་པར་གཞི་དང་པོ། P114
[18] 《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2006 ལོའི་ཟླ་1 པོའི་ཐེངས་ 1དཔར། ཤོག་ངོས88ན་གསལ།
[19] 《བོད་ཀྱི་བརྡ་རྟིང་ཡིག་ཆ་བདམས་སྒྲིག》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་ 2001ལོའི་ཟླ་ 4པའི་པར་གཞི་དང་པོ P189
[20] 《བོད་ཀྱི་བརྡ་རྟིང་ཡིག་ཆ་བདམས་སྒྲིག》 གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་ 2001ལོའི་ཟླ་ 4པའི་པར་གཞི་དང་པོP189
[21] 《ལེགས་བཤད་གཏེར་མཛོད》 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1985 ལོའི་ཟླ་ 9པའི་པར་གཞི་དངཔོ།P1 9 2
[22] 《 དར་རྒྱས་གསལ་སྒྲོན》 སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་1991 ལོའི་པར་གཞི་དང་པོ།P154
[23] 《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2006 ལོའི་ཟླ་1 པོའི་ཐེངས་ 1དཔར། ཤོག་ངོས225ན་གསལ།
[24] 《བོད་ཀྱི་་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རྭ་གའི་ལྡེའུ་མིག》 ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་1996 ལོའི་11པའི་པར་ཐེངས་དང་པོའི་ཤོག་ངོས414ན་གསལ།
[25] 《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2006 ལོའི་ཟླ་1 པོའི་ཐེངས་ 1དཔར། ཤོག་ངོས་89 ན་གསལ།
[26] 《 དར་རྒྱས་གསལ་སྒྲོན》 སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་1991 ལོའི་པར་གཞི་དང་པོ།P157
[27] 《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1985 ལོའི་ཟླ་ 6པའི་པར་ཐེངས་དང་པོ། P133
[28] 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོའི་ཟླ5 བར་ཐོག་མར་བཏོན། P520
[29] 《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1985 ལོའི་ཟླ་ 6པའི་པར་ཐེངས་དང་པོ། P208
– – – – –
གང་ལྟར་བསམ་ཚུལ་ཅུང་ཙམ་ཞུས་ཡོད།