ཚ་ཁོ་པ་ངག་དབང་གྲགས་པ་མདོ་སྨད་དུ་ནམ་བྱོན་ལ་དཔྱད་པ།

0
648

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་རྗེ་བླ་མ་ཙོང་ཁ་པའི་དངོས་སློབ་མང་པོའི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བའི་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་བླ་མ་ཙོང་ཁ་པའི་བཀའ་དགོངས་བཞིན་མདོ་སྨད་དུ་བསྟན་པའི་གནས་གཞི་སྐྱོང་སླད་ཕེབས་པའི་ལོ་ཚིགས་ཀྱི་ཐད་ལ་བཞེད་པ་མི་འདྲ་བ་ཁ་ཤས་འདུག་པར་དཔྱད་ཞིབ་གང་ཐུབ་བྱས་ཏེ་རང་གི་འདོད་ཚུལ་བརྗོད་ཡོད།

[བརྡ་ཆད་གཙོ་བོ།] རྗེ་ཙོང་ཁ་པ། ངག་དབང་གྲགས་པ། མདོ་སྨད་རྒྱལ་རོང་། ཆབ་ཤོག

བོད་རབ་བྱུང་དྲུག་པའི་ནང་བྱོན་པའི་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་མཆོག་ནི། སྤྱི་ལོའི་དུས་རབས་ནམ་འཁྲུངས{རྗེ་བླ་མ་དང་དགུང་མཉམ་ཡིན་ཟེར་མཁན་ཡང་འདུག}ཀྱི་ཐད་ནས་གསལ་ཐག་ཆོད་པ་ཞིག་རྟོགས་དཀའ་མོད། འོན་ཀྱང་། རྗེ་བླ་མ་ཙོང་ཁ་ཆེན་པོ་མདོ་སྨད་ནས་དབུས་གཙང་དུ་བྱོན་ཏེ་མདོ་ཕྱོགས་ཀྱི་གཞུང་ལུགས་བརྒྱ་ཕྲག་མང་པོར་སློབ་གཉེར་དཔྱིས་ཕྱིན་པ་གནང་སྟེ། དབུས་གཙང་གི་གདན་ས་ཆེ་ཁག་དག་ཏུ་གྲྭ་སྐོར་དམ་བཅའ་ལེགས་པར་མཛད་པའི་སྐབས་ཤིག་ཏུ། རྒྱལ་རོང་ཚ་ཁོ་རྒྱལ་པོའི་རིགས་སུ་འཁྲུངས་པའི་མཁན་ཆེན་ངག་དབང་གྲགས་པ་མཆོག་རྗེ་ཙོང་ཁ་པའི་དྲུང་དུ་འབྱོར་ཏེ་ཞབས་རྗེས་སུ་འབྲངས་པར་མངོན་ཞིང་། རབ་བྱུང་དྲུག་པའི་བགྲང་བྱ་ང་བཞི་པ་ལྕགས་སྤྲེལ {1380} ལོར་རྗེ་ཐམས་ཅད་མཁྱེན་པ་འོན་གྱི་ལྷ་ཁང་ཀེ་རུར་བྱོན་ཏེ་ཕར་ཚད་དང་དབུ་མ་སོགས་ཀྱི་ཆོས་བཀའ་མང་པོ་གནང་བའི་སྐབས་སུ་ཚ་དབོན་ངག་དབང་གྲགས་པའང་ཡོད་པར་གསལ་ལ་རིམ་བཞིན་རྗེ་བླ་མ་གར་ཕེབས་ཀྱི་ཞབས་རྗེས་སུ་འབྲངས་ཏེ་ཐུགས་ཀྱི་བུ་ཆེན་ཟླ་མེད་པར་གྱུར། རྗེ་བླ་མ་དགུང་གྲངས་ཉེར་ལྔ་ནས་ཉེར་དགུ་པའི་བར་དུ་བཞུགས་གནས་གཙོ་བོ་ཚལ་གུང་ཐང་དུ་བྱས་ཏེ། རྒྱལ་བའི་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ལ་གཟིགས་རྟོག་མཛད་ཅིང་གཞུང་ཤེར་ཕྱིན་གྱི་བསྟན་བཅོས་ཆེན་པོ་ལེགས་བཤད་གསེར་གྱི་ཕྲེང་བ་གསར་རྩོམ་མཛད་པའི་སྐབས་དེ་དག་ཏུའང་ཚ་ཁོ་པ་ཁོང་ཡང་རྗེ་བླ་མའི་ཉེ་འཁོར་གཙོ་བོའི་གྲས་སུ་ཡོད་པར་མངོན་ཏེ། མཁས་གྲུབ་རིན་པོ་ཆེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ལས། ཚ་ཁོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད། དེ་དུས་ནུབ་གཅིག་གི་ཚེ་དཔོན་སློབ་གཉིས་ཀྱིས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས། ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ། དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུག དེ་ལག་ཏུ་བླངས་ནས་བུས་པས་སྒྲ་ཆེན་པོ་དཔག་ཏུ་མེད་པ་གྲག་པ་ཞིག་རྨིས་འདུག་སྟེ། ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ་འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པ་འདྲ། ཞེས་གསུངས་སོ། །

རྗེ་བླ་མ་ཙོང་ཁ་པ་དགུང་གྲངས་ཉེར་དགུ་པའི་དགུན་ཆོས་ལ་བདེ་བ་ཅན་དུ་བྱོན་ཏེ་མཁས་མང་འདུས་པ་རྒྱ་མཚོར་སྡེ་སྣོད་ཀྱི་ཆོས་མང་པོ་གསུངས་པའི་དུས་སུའང་ཚ་དབོན་པ་ཁོང་ཉིད་ཡོད་ངེས་ཏེ། སྐབས་དེར་བརྩམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པའི་མཛད་བྱང་དུ་འདི་ལྟར་གསལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་འདི་ནི། དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང་། ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ། དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མས་བསྐུལ་ནས། མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡན་ཞིང་། ཚུལ་ཁྲིམས་དང་ཐོས་པའི་རྒྱན་གྱིས་མཛེས་པ་དགེ་བའི་བཤེས་གཉེན་འཇམ་དཔལ་གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོས་ལེན་ཅིང་། སྐད་གཉིས་སྨྲ་བའི་དབང་པོ་ནམ་མཁའ་བཟང་པོ་དང་། ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་པ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས། སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་པའི་ཡི་གེ་པ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ། ། ཞེས་སྐུལ་བ་པོ་དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མ་ཡིན་པ་དང་ཡི་གེ་པ་ནི་ཚ་དབོན་པ་ཡིན་པ་གསལ་བོར་འབྱུང་མོད། ལས་ཆེན་པའི་བཀའ་གདམས་ཆོས་འབྱུང་དུ། ཚ་ཁོ་དབོན་པོ་ངག་དབང་གྲགས་པས་བསྐུལ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་ཞེས་བྱ་བ་མཛད། ཅེས་རྩོམ་སྐུལ་ཞུ་བ་པོ་ནི་ཚ་ཁོ་པ་ཡིན་པར་བཤད་འདུག་པ་ནོར་བར་མངོན།

རྗེ་ཙོང་ཁ་པ་དགུང་གྲངས་སུམ་ཅུ་པ་མེ་ཕོ་སྟག་ལོའི་དཔྱིད་ཆོས་ལ་དབུ་སྟོད་བྱ་ཡུལ་དུ་ཕེབས་ཤིང་དབུ་ཕར་ཚད་གསུམ་གྱིས་མཚོན་པའི་ཆོས་བཀའ་ཅི་རིགས་གསུངས། སྐབས་འདི་ཤོད་ཅིག་ཏུ། ཚ་ཁོ་པ་མཁན་ཆེན་ངག་དབང་གྲགས་པ་མཆོག་གིས་མདོ་དང་སྔགས་ཀྱིས་བསྡུས་པའི་གཞུང་ལུགས་མང་པོའི་སྦྱངས་རྟོགས་ཀྱི་མཁས་པའི་གོ་འཕང་ཡོངས་སུ་བརྙེས་པ་དང་། སྔར་རྗེ་བླ་མ་ཡབ་སྲས་གཉིས་ཀ་ལྷ་ལྡན་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་མདུན་དུ་སྨྱུང་གནས་ལ་ཡུན་རིང་བཞུགས་ཏེ་མཚན་ལམ་བརྟགས་པའི་ལུང་སོགས་ཀྱིས་བསྐུལ་ཏེ། རྗེ་བླ་མ་ཙོང་ཁ་པའི་བཀའ་དགོངས་བཞིན་འཁྲུལ་བྲལ་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་ཕྱོགས་མཐར་སྤེལ་བའི་ཆེད་དུ་ཆིབས་ཞལ་མདོ་སྨད་རྒྱལ་རོང་གི་ཕྱོགས་སུ་བསྒྱུར་བར་མངོན།

བྲག་དགོན་པའི་མདོ་སྨད་ཆོས་འབྱུང་དང་ཚེ་ཏན་ཞབས་དྲུང་པའི་བསྟན་རྩིས། དུང་དཀར་བའི་ལོ་ཚིགས་དྭངས་ཤེལ་མེ་ལོང་སོགས་དང་། ཚ་ཁོ་པ་དང་འབྲེལ་བའི་རྣམ་ཐར་དང་ཡིག་ཆ་མཐོང་བ་ཚང་མར་ལྕགས་སྟག {1410} ལོར་མདོ་སྨད་དུ་ཕེབས་ཞེས་གསལ་མོད། འོན་ཀྱང་བདག་གི་ལག་ཏུ་ཚུད་པའི་རྣམ་ཐར་དང་ཆོས་འབྱུང་ཁག་གུང་བསྒྲིགས་ཏེ་ཞིབ་ཏུ་བརྟགས་ན། གལ་ཏེ་སྟག་ལོ་ཞིག་ལ་ཕེབས་པའི་དབང་དུ་བྱས་ན། ལྕགས་སྟག་ལོ་མིན་པར་རབ་བྱུང་དྲུག་པའི་ལོ་ཐ་མ་མེ་སྟག {1386} ལོ་སྟེ། རྗེ་བླ་མ་དགུང་ལོ་སུམ་ཅུ་པའི་དུས་སུ་མདོ་སྨད་དུ་ཕེབས་པར་བྱས་ན་ལོ་རྒྱུས་ཀྱི་རྐང་དང་འགྲིག་གམ་སྙམ་མོ། ། རྒྱུ་མཚན་ནི། རྗེ་བླ་མ་དགུང་གྲངས་ཞེ་གསུམ་པའི་དབྱར་གྱི་དུས་སུ་བོ་དོང་ཨེའི་ས་ཕྱོགས་དབེན་གནས་ཏེའུ་ར་ན་བཞུགས་སྐབས། ཐུགས་ཀྱི་བུ་ཆེན་ཚ་ཁོ་པ་འདིའི་ཆེད་དུ་བརྩམས་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཞེས་པའི་ལེགས་བཤད་རྨད་དུ་བྱུང་བ་དེ་དང་ལྷན་དུ་ཕྱག་འཕྲིན་བསྩལ་བ་རྣམས་ནི། རྗེ་བླ་མའི་རྣམ་ཐར་དག་དང་གསུང་འབུམ་ཁྲོད་དུ་གསལ་ཏག་ཏག་ཡིན་པས། སྐབས་དེར་སྤྲིངས་པའི་དཔོན་སློབ་རྣམ་གཉིས་ཀྱི་ཆབ་ཤོག་ལས་ཚ་ཁོ་མཁན་ཆེན་པས་མདོ་སྨད་དུ་ཆོས་སྡེ་མང་པོ་ཕྱག་བཏབ་སྟེ་བསྟན་དོན་ཆེས་ཆེར་རྒྱས་ཡོད་པ་མཐོང་ཐུབ་སྟེ། ཆབ་ཤོག་ལས། བློ་ལྡན་ཁྱོད་ཀྱིས་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། ། ཞེས་གསུངས་པའི་ཕྱིར་ན། རབ་བྱུང་བདུན་པའི་ལྕགས་སྟག་ལོ་མིན་པ་གསལ་བོར་རྟོགས་ཐུབ། གཞན་ཡང་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་རྗེས་ཚ་ཁོ་མཁན་ཆེན་པར་ཆབ་ཤོག་དང་ལམ་རིམ་ཆེན་མོ་སོགས་བསྩལ་པ་ཚ་ཁོ་པའི་ཕྱག་ཏུ་འབྱོར་ཏེ། ཞུ་ལན་དང་འབུལ་རྫས་སོགས་རྗེའི་ཕྱག་ཏུ་འབྱོར་བའི་ལན་དུ་ཆབ་ཤོག་བསྩལ་པའང་གསུང་འབུམ་ཐོར་བུར་གསལ་བས། ལམ་རིམ་ཆེན་མོ་ནི་རྗེ་བླ་མ་དགུང་གྲངས་ཞེ་དྲུག་པ་ཆུ་རྟ {1402} ལོར་བརྩམས་པ་ཡིན།

སྤྱིར་ཚ་དབོན་མཁན་ཆེན་ངག་དབང་གྲགས་པ་འདི་ཉིད་རྗེ་ཙོང་ཁ་པའི་ཐུགས་ཀྱི་སྲས་ཆེན་ཟླ་མེད་པ་ཞིག་ཡིན་པ་ནི། རྗེ་བླ་མའི་བཀའ་རྩོམ་བྱིན་ཅན་དག་ལ་མཇལ་ན་གསལ་བར་ཤེས་ལ། འོན་ཀྱང་། རྗེ་བླ་མ་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་བྱ་བྲལ་ལ་ཐེགས་པའི་སྐབས་ཀྱི་རྫིང་ཕྱིའི་བྱམས་ཆེན་ཞིག་གསོས་དང་། གཉལ་ཕྱོགས་སུ་འདུལ་བསྟན་རྨང་ནས་གསོས་པ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་དང་། འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་པ་སོགས་ཀྱི་སྐབས་སུ་ཚ་ཁོ་མཁན་ཆེན་པའི་མཚན་ཙམ་ཡང་རྣམ་ཐར་དག་ཏུ་མི་གསལ་བ་དང་། གཞན་རྗེ་བླ་མའི་དངོས་སློབ་ཁྲོད་ཀྱི་སྔ་ཚར་བཞི་དང་ཕྱི་ཚར་བཞི་ཞེས་འབྱུང་བའི་སྔ་ཚར་བཞིའི་ནང་དུ་ཚ་ཁོ་པ་དྲངས་ཡོད་པར་དཔགས་ནའང་དགའ་ལྡན་བཏབ་པའི་ཕྱི་ལོ་བར་དུ་མ་བཞུགས་པ་གསལ་བོར་རྟོགས་ཐུབ་སྟེ། སྔ་ཚར་དང་ཕྱི་ཚར་ནི་རྗེ་བླ་མ་བྱ་བྲལ་ལ་བྱོན་པའི་སྔ་ཕྱི་ལྟར་འགྲེལ་དགོས་ཏེ། ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་རྗེའི་རྣམ་ཐར་ལས། རི་ཁྲོད་དུ་འབྱོན་པའི་སྔ་རོལ་གྱི་སྲས་བཞི་ནི། ཚ་ཁོ་ངག་དབང་གྲགས་པ། ཨ་མདོ་གྲགས་པ་བློ་གྲོས། ལྡོང་སྟོན་ཡེ་ཤེས་དཔལ། ཤ་སྟོན་དགེ་བཤེས་སོ། ། ཞེས་དང་། འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ། ཚ་ཁོ་དབོན་པོ་ངག་དབང་གྲགས་པ། མདོ་སྨད་པ་གྲགས་པ་བློ་གྲོས། ལྡོང་སྟོན་་ན་། དགེ་བཤེས་ཤ་སྟོན་ཏེ། བྱ་བྲལ་ལ་མ་ཐེགས་གོང་གི་སྲས་སྔ་ཚར་བཞི། ཞེས་གསལ་བར་གསུངས་པས་སོ། །

མདོ་སྨད་ཆོས་འབྱུང་དང་རོང་ཆེན་ལྗགས་ནག་པའི་རྣམ་ཐར་ཁ་ཤས་སུ། རྗེ་རོང་ཆེན་པ་འདི་བ་དགའ་ལྡན་འདེབས་དུས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་པའི་དྲུང་དུ་ཕེབས་ཏེ། མཁན་ཆེན་པས་ཀྱང་རང་ཉིད་ཀྱི་ཕྱག་དྲིལ་དང་ལྕགས་ཀྱི་རྡོ་རྗེ། ཕྱག་རྡོར་སྐུ་ཐང་རྣམས་བསྩལ་བར་གསལ་མོད། འོན་ཀྱང་། འབྲོག་རི་བོ་ཆེར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་དུས་བླ་མ་ལྷོ་བྲག་པ་སྐུ་མྱ་ངན་ལས་འདས་ཏེ་ལོ་བརྒྱད་སོང་བར་ངེས་ཤིང་། འདི་ག་ནང་བཞིན་ཆ་ཧར་རྣམ་ཐར་དུའང་དགོན་ས་གང་བཟང་བརྟག་པའི་ཕྱིར་ལྷོ་བྲག་གྲུབ་ཆེན་ལ་ལུང་བསྟན་ཞུས་ཞེས་གསལ་བས། འདི་དག་ལ་དོགས་སེལ་ཇི་ལྟར་བྱ་དགོས། རོང་ཆེན་པ་དང་ཚ་ཁོ་པ་གཉིས་རབ་བྱུང་བདུན་པའི་ལྕགས་སྟག་དང་ལྕགས་ཡོས {1410-1411} ལོ་སྔ་ཕྱིར་མདོ་སྨད་དུ་བྱོན་ཞེས་རོང་ཆེན་པའི་རྣམ་ཐར་ཁ་ཤས་སུ་གསལ་བས་དེ་ལའང་བརྟག་བྱ་ཆེར་མེད་པ་གོང་གི་འདི་དག་ལས་མཐོང་ཐུབ་སྙམ་ལ། རྗེ་རོང་ཆེན་པ་འདི་བ་རབ་བྱུང་བསྒྲུབས་སྐབས་ཀྱང་ཚ་དབོན་པ་ཡོད་པར་རོང་པོའི་རྣམ་ཐར་དུ་གསལ་མོད། དེ་དུས་ཚ་དབོན་མཁན་ཆེན་པ་མདོ་སྨད་དུ་བྱོན་ནས་ཆོས་སྡེ་ཁག་བཏབ་སྟེ་བསྟན་དོན་འཕེལ་བཞིན་པའི་སྐབས་ཤིག་ཏུ་སེམས་པས་དཔྱད།

ཚ་དབོན་མཁན་ཆེན་ངག་དབང་གྲགས་པ་འདི་བས་རྗེ་རིན་པོ་ཆེས་དཀའ་བཞིའི་གྲྭ་སྐོར་མཛད་པའི་སྐབས་ནས་བཟུང་ཞབས་འབྲང་བ་རྒྱུན་རིང་དུ་མཛད་དེ། མཉེས་པའི་ཐབས་གསུམ་གྱི་སྒོ་ནས་མཉེས་པར་མཛད་ཅིང་། མདོ་དང་སྔགས་ཀྱིས་བསྡུས་པའི་བླ་མེད་ཀྱི་དབང་དང་རིམ་གཉིས་ཀྱི་མན་ངག་རྣམས་ལེགས་པར་གསན་ཏེ་ཐུགས་ཉམས་སུ་བསྟར་པས་རིམ་གཉིས་རྣལ་འབྱོར་གྱི་ཏིང་ངེ་འཛིན་བརྟན་པོ་ཐུགས་རྒྱུད་ལ་འཁྲུངས་ཏེ། མཁས་གྲུབ་ཀྱི་རྟོགས་པ་ཚད་དུ་འཁྱོལ་བའི་སྐབས་ཤིག་ན། རྗེ་རིན་པོ་ཆེ་དང་རྒྱལ་སྲས་འདི་གཉིས་ཀྱིས་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་མདུན་དུ་སྨྱུང་གནས་མང་དུ་མཛད་ཅིང་། དེའི་ཚེ་དཔོན་སློབ་གཉིས་ཀས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་པས། རྒྱལ་སྲས་འདིའི་སྐུ་ཚེའི་མཇུག་ལ་འཕྲིན་ལས་རྒྱ་ཆེན་པོ་ཡོང་བའི་མཚན་ལྟས་ཤར། དེ་ནས་རིམ་གྱིས་རྗེ་རིན་པོ་ཆེས་ཀྱང་བཀའི་གནང་བ་ཁྲོལ་ཏེ། རབ་བྱུང་དྲུག་པའི་སྨད་ཙམ་ལ་ཡུལ་མདོ་སྨད་ཀྱི་ཕྱོགས་སུ་བྱོན་ནས་རྗེ་བླ་མའི་རིང་ལུགས་འཛིན་པའི་དགོན་སྡེ་མང་དུ་བཙུགས་པར་གསལ་ཏེ། ཇ་ཕུ་སྟོད་དུ་ད་ཚང་ལྷུན་གྲུབ་གླིང་དང་། ཇ་ཕུའི་སྐེད་དུ་བ་མགོ་དགོན་པ་དང་། ཇ་ཕུའི་སྨད་དུ་སུམ་མདོ་དགོན་པ། དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ལོའི་དགོན་པ་རྣམས་བཏབ་པས་མཚོན་དགོན་པ་བརྒྱ་རྩ་བརྒྱད་བཏབ་པར་གྲགས། དེའི་ཕྱིར་ན། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་འཁྲུལ་བྲལ་བསྟན་པའི་གདུགས་དཀར་གྱེན་དུ་འདེགས་པའི་ཐུགས་ཀྱི་སྲས་ཆེན་དག་གི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་། རྗེ་བླ་མའི་རྣམ་ཐར་ཁག་མང་པོར་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་གྱི་ཡ་གྱལ་དང་། དགེ་ལྡན་པའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བརྒྱད་ཀྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་སོགས་སུ་བགྲངས་ཡོད་པས་སོ། །

བླ་མ་ཙོང་ཁ་པའི་ཐུགས་ཀྱི་བུ་ཆེན་དག་གི་ཁྲོད་ན་གསང་གསུམ་ཡོན་ཏན་གྱིས་མངོན་པར་མཐོ་བའི་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་མཆོག་གི་རྣམ་པར་ཐར་བ་ཆ་ཚང་བ་ཞིག་གང་དུ་ཡང་མཐོང་དཀོན་པས་ན། རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་ཁག་ལས་འཚོལ་ཞིབ་བྱས་ཏེ་རྙེད་པ་ནི་འདི་ཙམ་ལས། ཁུངས་ཐུབ་ཀྱི་ཡིག་ཆ་གཞན་ནི་ཅི་ཡང་མ་རྙེད་པར་ལུས། ཚ་ཁོ་པ་ཁོང་ཉིད་རྗེ་བླ་མའི་ཐུགས་རྩིས་ཆེས་ཆེ་བའི་བུ་ཆེན་ཞིག་ཡིན་པ་ནི། ལེགས་པར་བཤད་པའི་བསྟན་བཅོས་རྨད་དུ་བྱུང་བ་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཞེས་པའི་རྩ་ཚིག་གི་མཇུག་ཏུ་འདི་ལྟར་གསལ་ཏེ། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ལ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། ། ཞེས་དང་། ཡང་ཁོང་ལ་གནང་བའི་ཆབ་ཤོག་ཅིག་ལས། གཅིག་ཏུ་བདེ་གཤེགས་བསྟན་ལ་གུས། །རྣམ་དཔྱོད་ནུས་པ་མི་དམན་ཞིང་། །སྐྱེས་བུ་ཆེན་པོའི་རྗེས་སུ་སློབ། །བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང་། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། ། ཞེས་འཁོར་གྱི་ཐོག་མར་བསྔགས་པའི་ཞལ་བཞེས་བསྩལ་པ་སོགས་ཀྱིས་མཚོན་ཏེ་ཤར་རྒྱལ་མོ་རོང་གི་ཚ་ཁོ་རྒྱལ་པོའི་རིགས་སྲས་འདི་ལ་མཉེས་གཤིན་བརྩེ་བའི་གཟིགས་པ་བླ་ན་མེད་པ་མཛད་པའི་གསུང་བྱིན་རླབས་ཅན་དེང་སང་མཇལ་དུ་ཡོད་པ་འདི་དག་ལགས་སོ། །

དེ་ལྟར་རྣམ་ཐར་དང་ལོ་རྒྱུས་ཁག་ལས་བཏུས་པའི་ཚ་ཁོ་མཁན་ཆེན་པ་ངག་དབང་གྲགས་པ་མཆོག་མདོ་སྨད་དུ་ནམ་བྱོན་ལ་དཔྱད་པའི་ཁུལ་ཙམ་བགྱིས་པའི་ཞོར་དུ་དྲན་ཚོར་གཞན་ཞིག་སྐྱེས་ཡོང་བ་ནི། ང་ཚོའི་བྱུང་བ་དང་རྣམ་ཐར། ཆོས་འབྱུང་སོགས་ཡིག་ཆ་མང་ཆེ་བ་བཤུས་འགོད་དང་ལད་འབྲི་བྱས་པ་ཧ་ཅང་གསལ་ཏེ། རྗེའི་རྣམ་ཐར་ཁག་ཏུ་བྱུང་བ་ལྟར་སྐུ་ཚེའི་སྟོད་དུ་ཚ་དབོན་མཁན་ཆེན་པར་བསྩལ་བའི་གསོལ་རས་དང་ཆབ་ཤོག་གི་སྐོར་སོགས་ཧ་ཅང་གསལ་ནའང་ཅི་མི་སྙམ་པར། ཚ་ཁོ་པ་ཁོང་ཉིད་དགེ་ལྡན་བཏབ་པའི་ཕྱི་ལོར་མདོ་སྨད་དུ་བྱོན་ཞེས་གོང་དུ་དྲངས་མ་ཐག་པའི་ལོ་རྒྱུས་དེ་དག་གིས་མཚོན་པའི་ཡིག་ཆ་ཕལ་ཆེ་བ་ཞིག་ཏུ་ཁ་གཅིག་གྲག་ལྟ་བུར་གྱུར་འདུག་པས་སོ། །

དཔྱད་གཞིའི་རྒྱུ་ཆ།

 

2012 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྗེ་ཙོང་ཁ་པའི་གསུང་འབུམ་པོད་ཁ་བ།

2015 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས།

2015 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྗེ་བླ་མའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས།

2007 ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཚེ་ཏན་ཞབས་དྲུང་པའི་བསྟན་རྩིས་ཀུན་ལས་བཏུས་པ།

2002 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དུང་དཀར་པའི་ལོ་ཚིགས་དྭངས་ཤེལ་མེ་ལོང་།

2011 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།

2015 ལོར་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གིས་པར་དུ་བསྐྲུན་པའི་འཇམ་བཞད་འཇིགས་བྱེད་ཆོས་འབྱུང་།

2003 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ལས་ཆེན་པའི་བཀའ་གདམས་ཆོས་འབྱུང་།

1982 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བྲག་དགོན་པའི་མདོ་སྨད་ཆོས་འབྱུང་།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།