བརྗོད་བྱ། ཇོ་སྲས། ལོ་རྒྱུས། སློབ་གཉེར། བརྒྱུད་རིམ།
གླེང་སློང་བ།
བོད་ཀྱི་འདས་པའི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་རིང་མོའི་ཀློང་དུ་ཕྱི་མིག་ལྟ་ཐེངས་རེ་རེར། ངའི་གངས་དཀར་སེམས་ཀྱི་ངོས་སུ་བོད་ཀྱི་ཆོས་དང་རིག་གནས་གཉིས་ཀའི་ཕྱོགས་སུ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་བའི་རང་རེའི་ཇོ་སྲས་རྣམ་པ་གཅིག་རྗེས་གཉིས་མཐུད་དུ་ཤར་ཡོང་། ཁོང་རྣམ་པའི་ཁྲོད་ཀྱི་མང་ཆེ་བ་སྔགས་འཆང་ངམ་ཁྱིམ་ན་བཞུགས་པའི་གྲས་སུ་གཏོགས་ཤིང་། ཡང་ཇོ་སྲས་ལ་ལ་ནི་རབ་བྱུང་ངུར་སྨྲིག་འཆང་བའི་ཁོངས་སུ་གཏོགས།
ཇོ་སྲས་ཞེས་པའི་ཐ་སྙད་འདི་ནི་བསྟན་པ་ཕྱི་དར་སྐབས་སུ་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོའི་ཁྲོད་དུ་ཡང་ཡང་མཐོང་རྒྱུ་ཡོད་པའི་ཐ་སྙད་རླབས་ཆེན་ཞིག་ཡིན་ཞིང་། བོད་ཀྱི་གནའ་རབས་ལོ་རྒྱུས་ཁྲོད་རྗེ་བོ་དང་བླ་མ་སོགས་བཀུར་འོས་ཀྱི་མི་དག་ལ་ཇོ་བོ་དང་དེ་དག་གི་སྲས་སྲས་མོ་དག་ལ་ཇོ་སྲས་དང་ཇོ་མོ་ཞེས་འབོད་སྲོལ་ཞིག་ཤུགས་ཆེན་དར་འདུག་ལ། སྐབས་འགར་རྒྱལ་པོའི་སྲས་ལ་ཡང་ཇོ་སྲས་ཞེས་འབོད་སྲོལ་འདུག་པ་སྟེ། བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པའི་རྗེས་སུ། མདོ་སྨད་དུ་དུས་རབས་རེ་ཟུང་གི་རིང་རྒྱལ་ཕྲན་རྒྱལ་ཁབ་བཙུགས་ཏེ་མངའ་ཐང་དར་རྒྱས་གང་འཚམ་བྱུང་བའི་བཙན་པོའི་གདུང་རྒྱུད་ཁག་ཅིག་ལ་ཇོ་སྲས་ཞེས་འབོད་སྲོལ་བྱུང་ཡོད་པ་བཞིན་ནོ།།
ལོ་རྒྱུས་ཡིག་ཆའི་ནང་དངོས་སུ་ཇོ་སྲས་ཀྱི་མཚན་བཏགས་ཡོད་པའི་མི་སྣ་ཧ་ཅང་མང་པོ་ཞིག་བྱུང་ཡོད་ལ། དེ་དག་གི་དཔེ་མཚོན་ཙམ་ཞིག་ནི། ཁྱུང་པོ་ཇོ་སྲས། ལ་ཡག་ཇོ་སྲས། ལྡེའུ་ཇོ་སྲས། ཇོ་སྲས་ངོམ་པ། ཇོ་སྲས་དར་མ་སེང་གེ ཇོ་སྲས་གཞོན་ནུ་དཔལ། ཁྲོམ་བཞེར་ཇོ་སྲས་རིན་ཆེན་སེང་གེ རིན་པོ་ཆེ་ཇོ་སྲས་པ། སྔགས་འཆང་རྙི་བ་ཇོ་སྲས། འཛེང་ཇོ་སྲས། ཇོ་སྲས་དར་མ་མདོ་སྡེ། དགེ་བཤེས་ཇོ་སྲས། ཇོ་སྲས་པདྨ་གླིང་པ། ཇོ་སྲས་དཀར་པོ། འབྲོག་མི་ཇོ་སྲས། ས་སྐྱའི་ཇོ་སྲས་ཀུན་དགའ་སྙིང་པོ། འོ་ལ་ཇོ་སྲས། མ་ཅིག་ལབ་སྒྲོན་གྱི་མཚན་ལ་ཇོ་མོ་ཞེས་བོས་ཡོད།
ཇོ་སྲས་འདི་དག་གི་ཁྲོད་ཀྱི་མང་པོ་ཞིག་ནི་དཔོན་ཆེན་བཙན་ཕྱུག་འཛོམས་པའི་གཅེས་ཕྲུག་ཡིན་ཞིང་། ལ་ལ་ཞིག་ནི་རིག་སྔགས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོའི་གདུང་སྲས། ལ་ལ་ནི་ཤེས་ལྡན་པའི་ཁྱིམ་རྒྱུད་དུ་སྐྱེས་པའི་སློབ་གཉེར་བ། འགའ་རེ་ནི་རྒྱལ་ཁམས་ཕྱོགས་མེད་དུ་འགྲིམས་པའི་བྱ་བྲལ་བའི་བུ་ཕྲུག་ཡིན་པ་སོགས། ཇོ་སྲས་དག་གི་རིགས་རུས་སྐྱེས་ཁུངས་དཔལ་འབྱོར་སློབ་གཉེར་བྱེད་ཡུལ་སོགས་རྒྱབ་ལྗོངས་སྣ་ཚོགས་ཤིག་འདུག ཇོ་སྲས་འདི་དག་གིས་སློབ་གཉེར་བྱེད་དགོས་པའི་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་པ་སྟེ། ཇོ་སྲས་ལ་ལས་རང་རང་གི་ཕ་ཆོས་གང་ཡིན་གྱི་བརྒྱུད་པ་འཛིན་པའི་ཆེད་དུ་སློབ་གཉེར་བྱེད་པ་དང་། ལ་ལས་འཁོར་བ་ལས་ཐར་བའི་གོ་འཕང་དོན་དུ་གཉེར་ཏེ་སློབ་གཉེར་བྱེད་པ། ལ་ལས་མཁས་པའི་གོ་འཕང་ཐོབ་ཆེད་དུ་སློབ་གཉེར་བྱེད་པ། ལ་ལས་རང་རང་གི་སློབ་དཔོན་དག་གི་ཤུགས་རྐྱེན་ནམ་སྐུལ་མ་ཡིས་སློབ་གཉེར་བྱེད་པ། ལ་ལས་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་ཚེ་འདིའི་འཚོ་ཐབས་ཀྱི་ཆེད་དུ་སློབ་གཉེར་བྱེད་པ་སོགས། མདོར་ན་ཇོ་སྲས་སོ་སོའི་སློབ་གཉེར་གྱི་རྒྱབ་ལྗོངས་ཀྱང་འདྲ་མིན་དུ་མ་ཞིག་མཆིས།
ཇོ་སྲས་རོང་ཟོམ་ཆོས་བཟང་གི་སློབ་གཉེར་བརྒྱུད་རིམ། (༡༠༤༠-༡༡༥༩)
བོད་རིགས་གཞུང་ཆེན་རྩོམ་པའི་ཤིང་རྟའི་སྲོལ་འབྱེད།
རོང་ཟོམ་ཆོས་ཀྱི་བཟང་པོའི་འཁྲུངས་ཡུལ་གྱི་མིང་གི་ཐད་དུ་རྣམ་ཐར་ཡིག་ཆ་ཁག་ཏུ་མི་འདྲ་བ་འགའ་བྱུང་ཞིང་། དེ་ཡང་གཙང་གི་སྣར་རོང་ལུང་རོང་གི་སྣར་ལུང་པ། གཙང་རོང་སྣང་། སྣར་ཀླུང་རོང་། གནང་ལུང་རོང་ཞེས་པའི་འབྲི་སྲོལ་སྣ་ཚོགས་ཤིག་ཡོད་པ་མ་ཟད། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ངོས་འཛིན་ཕྱོགས་སུ་ཡང་མི་མཐུན་པ་དུ་མ་མཆིས་ཀྱང་། ༡༠༤༠ ལོར་འཁྲུངས་ཏེ་༡༡༥༩ ལོར་གཤེགས་པ་འཐད་ལྡན་ཡིན་[1]ཞེས་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་དང་པོ། <<རོང་ཟོམ་ཆོས་ཀྱི་བཟང་པོའི་མཛད་རྣམ་དང་། སྣང་བ་ལྷར་སྒྲུབ་ཆེན་མོའི་ཞིབ་དཔྱད་ཞུ་དག དེའི་བརྗོད་བྱ་རྗོད་བྱེད་ལ་བརྟག་པ>>་ཞེས་པའི་དེབ་ཏུ་གསུངས་འདུག་ཅིང་། དེ་ལྟར་ན་ཁོང་དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་འདུག
རོང་ཟོམ་ཆོས་བཟང་ནི་གོང་གསལ་ས་གནས་སུ་སྤྱི་ལོ་ ༡༠༤༠ ལོར། གྲུབ་པའི་སྔགས་རྒྱུད་ཁྱད་པར་ཅན་གྱི་རིགས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་པའི་སྲས་སུ་འཁྲུངས། ཁོང་གི་ཡབ་སོགས་ཀྱིས་པཎ་ཆེན་སྨྲི་ཏིའི་སྐྱེ་བ་དང་། གཞན་དག་གིས་པཎྜི་ཏ་ཕྲ་ལ་རིང་མོ་ཞེས་པའི་ཁམས་སུ་གྲོངས་པ་དེའི་སྐྱེ་བར་གླེང་། ཇོ་བོ་རྗེས་གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་དེ་མ་ཐག་ཡིན་པར་གསུངས་ཞེས་ལོ་རྒྱུས་ཡིག་ཆ་ཁག་ཏུ་འབྱུང་། དེར་མ་ཟད་བྱིས་པ་མ་ཡི་པང་དུ་བཞུགས་པའི་དུས་ནས་ཀྱང་ལེགས་སྦྱར་གྱི་སྐད་དང་ཆོས་གཏམ་སྣ་ཚོགས་མཛད་པ་ཞིག་ཡིན་པས། ཁོང་གི་མ་དང་གཉེན་ཉེ་འགས་ཇོ་བོ་རྗེ་རོང་གི་ཆུ་ཚན་ཁར་བཞུགས་པ་དང་མཇལ་ནས། བྱིས་པ་འདི་སྐྱེས་ཙམ་ནས་རྒྱ་སྐད་དང་ཆོས་གཏམ་སྣ་ཚོགས་སྨྲ་བ་ཞིག་འདུག་པ་འདི་ཇི་འདྲ་ཞིག་ཡིན། ཞེས་ཞུས་པས། ཇོ་བོའི་ཞལ་ནས། ཨཱ་ཙརྱ་དག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་ཀྱི་གཏམ་བྱ་ག་ལ་ཐུབ། ཅེས་བསྔགས་ཤིང་གུས་པ་མཛད་པས་སྤྲུལ་པའི་སྐུ་རྩོད་མེད་དུ་ཐམས་ཅད་ལ་གྲགས་པར་གྱུར། [2] ཅེས་བྱུང་བར་བརྟགས་ན། བོད་ཀྱི་སྤྲུལ་སྐུའི་ཐོག་མ་ཡང་རོང་ཟོམ་ཆོས་བཟང་འདི་ཉིད་ལ་ངོས་འཛིན་བྱས་ན་ཧ་ཅང་འཐད་ལྡན་དུ་སེམས་ཀྱང་། ཁོང་བོད་པའི་བླ་མ་བོད་དུ་གཤེགས་པ་ཞིག་གི་སྤྲུལ་སྐུ་མིན་པར་བརྟེན། ལོ་རྒྱུས་ཡིག་ཆར་ཀརྨ་པ་ནི་བོད་ཀྱི་སྤྲུལ་སྐུ་ཐོག་མར་འཇོག་དོན་ཡང་རྒྱུ་མཚན་དེས་ཡིན་པར་ངེས་སོ།།
ཡང་ཁོང་གི་རྣམ་ཐར་དེ་ལས། སྐུ་ན་ཆུང་ངུའི་སྐབས་སུ་འགར་སྟོན་ཚུལ་ཁྲིམས་བཟང་པོའི་ལས་གསན་པ་མཛད་པའི་ཚེ། ཆོས་གཏམ་གྱིས་རྩེད་མོའི་བགྲོ་གླེང་གིས་དེར་འཁོད་པ་རྣམས་ཀྱི་སྤོབས་པ་ཟིལ་གྱིས་མནན་པར་གྱུར་པས། རེས་ཡབ་གཅིག་རྒྱགས་སྐྱེལ་དུ་བྱོན་དུས། དེར་འཁོད་གྲྭ་པ་དག་ན་རེ། ཁྱེད་ཀྱི་བུ་ཆུང་ངུ་འདི་ཐོ་ཅོ་ཆེ་བས། ངེད་ཅག་རྣམ་ཀུན་སུན་འབྱིན་ལ་རྣོ་བས་འདི་ཕྱིར་འཁྲིད་ན་འཐད་ཅེས་ཟེར་བ། ཡབ་ཀྱིས་སློབ་དཔོན་ལ་ཞུས་ནས་ཕྱིར་འཁྲིད་དམ་བྱས་པ་ལ། སློབ་དཔོན་གྱིས་དེ་སྐད་མ་ཟེར་ཅིག ཁོས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ་ནས་ཡོད་པ་ཡིན། དོན་མེད་ཀྱི་སུན་འབྱིན་མིན་གསུངས། ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སྦྱངས། ཆོས་མཚམས་རྣམས་སུ་བྱིས་པའི་རྩེད་སར་ཡང་སློབ་དཔོན་གྱིས་གང་གསུངས་ཚད་ཆད་ལྷག་མེད་པ་སྤར་བཏབ་པ་ལྟ་བུ་ཤར་རེ་གསུངས་པར་མཛད། གང་གསན་པ་ཐམས་ཅད་ཚར་གཅིག་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས། འཇམ་དཔལ་གྱི་སྤྲུལ་པར་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་བཅུ་གསུམ་ན་གསན་བསམ་མཐའ་དག་རྫོགས་ཏེ། གསར་དུ་དེ་ལ་སུས་ཀྱང་བསླབ་པའི་སྐྱེད་འདོན་དུ་མེད་པ་ལྟ་བུར་གྱུར།[3] ཅེས་བྱུང་བས། ཁོང་གི་རྣམ་ཐར་འདི་ལས། དེང་སྐབས་དྲ་ལམ་དུ་མཐོང་རྒྱུ་ཡོད་པའི་འཛམ་གླིང་གི་བྱིས་པ་རིགས་བཟང་འགྲན་ཟླ་བྲལ་བ་དེ་འདྲ་ཁག་ཅིག་ཡོད་པ་འདི་དག་ནི་རྣམ་དཔྱོད་ཁས་ལེན་ན། རོང་ཟོམ་ཆོས་བཟང་བྱིས་པའི་དུས་ཤེས་རབ་ཆེན་པོ་ཅན་ཞིག་ཡིན་པ་ཡང་ཁས་མི་ལེན་རང་ལེན་རེད་བསམས།[4]
དེ་བཞིན་དེང་སང་དྲ་ལམ་ན་ཡོད་པའི་ཨ་རིའི་མི་ནག་དར་མ་ཞིག་གིས་གྲོང་ཁྱེར་ཆེན་པོ་ཉིག་ཡོར་གྱི་འདྲ་པར་ལ་ཐེངས་གཅིག་བལྟས་རྗེས་དེའི་རྣམ་པ་ཚང་མ་བློར་ངེས་པར་བྱས་ཏེ། གྲོང་ཁྱེར་ཆེན་པོ་འདིའི་སྲང་ལམ་ཆེ་ཆུང་ཚང་མ་དང་ཁང་བརྩེགས་མཐོ་དམའ་ཚང་མའི་འདྲ་རིས་འབྲི་ཐུབ་པའི་རིག་རྩལ་ལ་དཔྱད་ན་ཡང་། ཇོ་སྲས་རོང་ཟོམ་བཟང་གི་རིག་པའི་རྩལ་གྱི་འཆར་སྒོ་དེ་ཁས་ལེན་དགོས་པ་ཞིག་རེད།[5]
ཡང་གོང་གི་རྣམ་ཐར་ལས། མདོ་རྒྱུད་བསྟན་བཅོས་ཀྱི་རྒྱ་གཞུང་བརླིང་བ་སྔར་མ་གཟིགས་པ་རྣམས་ཀྱང་ཚར་རེའམ་མང་ཡང་གཉིས་ལྷག་གཟིགས་མ་དགོས་པར་དེ་དག་གི་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་ཅིང་། སླར་དཔེ་ལ་ལྟོས་མི་དགོས་པའི་མི་བརྗེད་པའི་གཟུངས་ཐོབ་པར་གྲགས། རྗེ་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། བོད་དུ་འགྱུར་བའི་ཆོས་ཐམས་ཅད་མ་ཐོས་པ་མེད་དོ།། ཐོས་པ་ཧ་ཅང་མྱུར་བར་འཛིན་པ་ཡང་མ་ཡིན་ཏེ། ཆོས་ཐོས་པ་ཐམས་ཅད་ཚར་རེ་ལས་མ་དགོས་སོ།། ཞེས་གསུངས་སྐད། [6]ཅེས་བྱུང་བས། བོད་ཀྱི་ཇོ་སྲས་ཤིག་ལ་རོང་ཟོམ་པ་ལྟ་བུའི་མཁྱེན་རྒྱ་ཆེ་བ་ཞིག་ཁོང་གི་སྔོན་དང་རྗེས་སུ་མ་བྱུང་བར་གྲགས་ཤིང་། ཁོང་ནི་བོད་ཀྱི་ཇོ་སྲས་མཁས་པ་ཐམས་ཅད་ཀྱི་ཁྲོད་ནས་གཞུང་ཆེན་རྩོམ་མཁན་ཐོག་མ་དང་། གཞུང་ཆེན་གྱི་བརྩམས་ཆོས་མང་ཤོས་རྩོམ་མཁན་ཡང་ཡིན་པ་མཁས་མང་མགྲིན་པ་གཅིག་གིས་བསྔག་པར་བྱེད་དོ།། རོང་ཟོམ་པས་མདོ་རྒྱུད་བསྟན་བཅོས་བརྗོད་བྱ་ཟབ་རིང་བརླིང་ལ་རྗོད་བྱེད་བརྗིད་ཅིང་མཛེས་པ་ཧ་ཅང་མང་པོ་ཞིག་བརྩམས་ཤིང་སྤྱི་ཚོགས་སུ་སྤེལ་བས། སྐབས་དེའི་མཁས་པ་མང་པོའི་ཐུགས་སུ་མ་ཆུད་པར་དང་པོར་དགག་རྒྱག བར་དུ་བརྟག་དཔྱད། མཐར་མར་ཁས་ལེན་གདེངས་འཇོག་བྱས་པའི་ཚུལ་ཡང་འདུག་སྟེ། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ། ཆོས་ཕྱོགས་མེད་ལ་མཁས་པར་གྲགས་པ་ཞིག་གིས་ཐོག་མར། བོད་དུ་སྐྱེས་པའི་གང་ཟག་གིས་ཆོས་མང་པོ་རྩོམ་པ་ཞེས་དཔྱས་སོ།། ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པུ་སྟི་དེ་མཐོང་ནས་གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་བསྙེན་བཀུར་བྱས་ཏེ་ཉེས་པ་བཤགས་ནས། བདག་རྗེས་སུ་གཟུང་དུ་གསོལ་ཞེས་བཀའ་ཞུས་པས་གནང་སྟེ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ།[7] ཞེས་བྱུང་ལ། ཁོང་གིས་རྒྱ་གར་གྱི་མཁས་པ་མང་པོ་ཞིག་ཀྱང་བསྟེན་ནས་སློབ་གཉེར་དང་ཁོང་ཚོའི་སྐད་སྒྱུར་མཛད་འདུག་སྟེ། དེབ་སྔོན་ལས། གཞན་ཡང་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲྰི་ཝརྨ་དང་། མཉྫུ་ཤྲྰི་ཛྙ་ན་དང་། ཨུ་པྰ་ཡ་ཤྲྰི་མི་ཏྲ་དང་། བུདྡྷ་ཨྰ་ཀ་ར་བྷ་དྲ་དང་། དེ་བྰ་ཀ་ར་ཙནྡྲ་དང་། པ་ར་མེ་ཤྭ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པའི་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གི་ལོ་ཙཱ་བ་མཛད། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཡང་ཤིན་ཏུ་བཟང་བས་གསར་འགྱུར་མཛད་དེ་ཕན་ཆེ་བར་བཏགས་སོ།། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཀྱིས་ཆོས་མང་པོ་རྩོམ་ལ་འགྲོ་བ་རྣམས་སྐྱོབས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུང་སྐད།[8]ཅེས་པ་ཞིག་འདུག་ཅིང་། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བས་ཁོང་གི་དེབ་སྔོན་དུ་བྲིས་པའི་རོང་ཟོམ་རྣམ་ཐར་གྱི་ཁུངས་གཙོ་བོ་ཞིག་ནི། རོང་ཟོམ་པའི་དངོས་སློབ་ཡོལ་རྡོ་རྗེ་དབང་ཕྱུག་གིས་མཛད་པའི་རོང་ཟོམ་རྣམ་ཐར་ལས་དྲངས་པ་ཞིག་ཡིན་པས། ང་ཚོའི་མང་པོ་ཞིག་གིས་ལོ་རྒྱུས་བྱུང་བ་རིག་པ་དང་ཚན་རིག་གི་ལྟ་ཚུལ་ཞེས་པ་ཞིག་ཁ་ལ་ཁྱེར་ནས། རོང་ཟོམ་པའི་ཆོས་ཀྱི་ཉམས་ལེན་ལས་བྱུང་བའི་གྲུབ་པའི་ཡོན་ཏན་སོགས་ཁས་མི་ལེན་ན་ཡང་། ཁོང་གི་ཤེས་རབ་རྣོན་པོ་དང་ཐོས་པ་རྒྱ་ཆེན་ལས་བྱུང་བའི་ཡོན་ཏན་དེ་ཚོ་རོང་ཟོང་པ་དང་མི་རབས་གཅིག་པ་ཞིག་གི་བྲིས་པའི་རྣམ་ཐར་ལ་ཡིད་ཆེས་གང་འཚམ་བྱེད་ཆོག་པ་ཡིན།
རོང་ཟོམ་ཆོས་བཟང་ཁོང་རྒྱ་གར་དུ་ཕེབས་མ་ཕེབས་སྐོར་ལ་ཡང་བཤད་སྲོལ་མི་འདྲ་བ་འདུག གོང་གསལ་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཨང་དང་པོར་དྲངས་པའི་ཨེས་ལི་བྷཌ་བྷན་གྱི་རྙིང་མ་བརྒྱུད་པའི་བླ་མ་ཞེས་པའི་ནང་དུ། རོང་ཟོམ་པ་དགུང་ལོ་བཅུ་གསུམ་སྐབས་རྒྱ་གར་དུ་ཕེབས་ཏེ། རྒྱ་གར་གྱི་སློབ་དཔོན་མཉྫུ་ཤྲྰི་ཝརྨ་དང་། མཉྫུ་ཤྲྰི་ཛྰ་ན་སོགས་ལས་སྔགས་གསར་མ་གསན་བསམ་མཛད་ཚུལ་བཤད་ཡོད། འདིའི་ཁུངས་གང་ལ་གཏུགས་མིན་མི་གསལ་མོད། རོང་ཟོམ་པ་ལེགས་སྦྱར་དང་སྒྲ་ཡི་བསྟན་བཅོས་ལ་མཁས་ཚུལ་ལོ་རྒྱུས་ཁག་ཏུ་འཁོད་ཅིང་། འགྱུར་ཆོས་ཀྱང་གང་འཚམ་བཞུགས་པ་དང་། བོད་དུ་ལེགས་སྦྱར་དང་སྒྲའི་བསྟན་བཅོས་སྐོར་སྦྱངས་པའི་ལོ་རྒྱུས་མི་གསལ་བ་དང་། སྐབས་དེའི་ལོ་ཙཱ་པ་གྲགས་ཅན་ཕལ་མོ་ཆེ་རྒྱ་གར་དུ་ཕེབས་སྲོལ་ཡོད་པ་སོགས་རྒྱུ་དུ་མ་ལ་བརྟེན། ཁོང་ཕལ་ཆེར་རྒྱ་གར་ལའང་ཕེབས་ཡོད་སྲིད།
ཇོ་སྲས་འབྲོམ་སྟོན་པའི་སློབ་གཉེར་བརྒྱུད་རིམ། (༡༠༠༥-༡༠༦༤)
བཀའ་གདམས་པའི་ཆོས་བརྒྱུད་སྲོལ་འབྱེད་མཁན།
ཇོ་སྲས་རྣམ་པའི་ཁྲོད་ཀྱི་མཚན་དངོས་སུ་ཇོ་སྲས་ཞེས་མ་བོས་ཀྱང་དོན་ལ་ཇོ་སྲས་ཡིན་པ་ཞིག བསྟན་པའི་སྲོལ་བཏོད་པའམ་ཆོས་བརྒྱུད་ཆེན་པོ་ཞིག་གི་དབུ་ཁྱུད་འབྲི་མཁན་གྱི་ཡ་གྱལ་ཞིག་སྟེ། འབྲོམ་སྟོན་པ་རྒྱལ་པའི་འབྱུང་གནས་ནི། རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག(སྤྱི་ལོ༡༠༤༢)ལོར་ཡབ་རྟ་ གསུམ་སྐུ་གཤེན་དང་། ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་ཡུལ་སྟོད་ལུང་ཕུར་སྐུ་འཁྲུངས། སྐུ་ན་ཆུང་དུས་ཁམས་སུ་ཕེབས་ནས་བླ་མ་སེ་བཙུན་གྱི་སར་འབྲི་ཀློག་དང་། པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲྀ་ཏའི་སྐད་བསླབས། རབ་བྱུང་དང་པོའི་ཆུ་རྟ(སྤྱི་ལོ༡༠༤༢)ལོར་ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་ཕེབས། སྤུ་རེངས་སུ་ཇོ་བོ་ཆེན་པོ་དང་མཇལ་ཞིང་བླ་མར་བསྟེན། དེ་ནས་ཇོ་བོ་དང་ལྷན་དུ་དབུས་གཙང་ཕྱོགས་སུ་ཕེབས་ཤིང་བླ་མ་དེ་ལས་བཀའ་ཆོས་མང་དུ་གསན། ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་རྗེས། ཇོ་བོས་སྔོན་གྱི་སློབ་བུ་རྣམས་དང་ལྷན་དུ་རྭ་སྒྲེང་དུ་ཕེབས། དགུང་ལོ་ང་བཞི་པ་མེ་བྱ(སྤྱི་ལོ༡༠༥༧)ལོར་རྭ་སྒྲེང་དགོན་པ་བཏབ། ཇོ་བོའི་སྐུ་ གདུང་དངུལ་གྱི་མཆོད་རྟེན་དུ་བཞུགས། དེ་ནས་ཇོ་བོའི་སློབ་མ་རྣམས་འབྲོམ་གྱིས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར། སྲས་ཀྱི་ཐུ་བོ་པོ་ཏོ་བ་རིན་ཆེན་གསལ་དང་། སྤྱན་སྔ་པ་ཚུལ་ཁྲིམས་འབར། བུ་ཆུང་གཞོན་ནུ་རྒྱལ་མཚན་གཙོ་བྱས་པའི་སློབ་མ་མཁས་གྲུབ་ཕུལ་དུ་བྱུང་བ་མང་པོ་ བྱུང་། འབྲོམ་གྱི་རྟེན་དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་དང་པོའི་ཤིང་འབྲུག(སྤྱིལོ༡༠༦༤)ལོར་གཤེགས་སོ།།[9]
དགུང་ལོ་བཅུ་བདུན་པར་བླ་མ་སེ་བཙུན་པ་རྒྱ་གར་དུ་བྱོན་པའི་ལམ་བར་མཇལ་ཏེ་ཡི་གེ་དྲུག་པའི་གདམས་པ་སོགས་ཞུས། དགུང་ལོ་བཅུ་དགུ་བར་ཁམས་སུ་བླ་མ་སེ་བཙུན་པ་མཇལ་བར་བྱོན་ནས་བླ་མའི་ཞབས་ཏོག་དང་སློབ་གཉེར་ཟུང་འབྲེལ་དུ་བསྒྲུབས། འབྲོམ་སྟོན་པས་ཁམས་སུ་བླ་མ་སེ་བཙུན་བསྟེན་ནས་སློབ་གཉེར་གནང་སྐབས། ཉིན་མོར་བླ་མའི་གཟིམ་ཁང་ཕྱི་ནང་གཙང་སྦྲ་དང་བཟའ་བཏུང་གཡོ་སྐོལ་བྱ་བ་ཐམས་ཅད་མཛད་པ་དང་མཉམ་དུ་སློབ་གཉེར་གནང་བ་སྟེ། དཔེར་ན་འོ་མ་བླུགས་པའི་རྐྱལ་བ་ཞིག་རྒྱབ་ཏུ་ཁུར་ནས་དེ་དཀྲོག་ཞོར་རྐང་པས་ཀོ་བ་ཞིག་མཉེད་པ་དང་། ཕྱག་གིས་རྩམ་པ་འཐག་ཞོར་སྟེགས་བུ་ཞིག་གི་སྟེང་དུ་དཔེ་ཆའི་ཞལ་ཕྱེས་ནས་སློབ་གཉེར་གནང་བའི་ལོ་རྒྱུས་ཡོད་པ་འདི་ནི་ཇི་འདྲའི་ངོ་མཚར་ཆེ་བ་ཞིག་རེད། ཉེ་ཆར་ཁོ་བོས་འབྲོམ་གྱི་ལས་ཀ་སྣ་མང་གི་ཞོར་དུ་སློབ་གཉེར་གནང་བའི་ལོ་རྒྱུས་མཚོན་པའི་རི་མོ་ཡིད་དུ་འོང་བ་ཞིག་ཀྱང་མཇལ་བྱུང་། ད་དུང་འབྲོམ་སྟོན་པས་ཉིན་མོར་སེ་བཙུན་སྐུ་སྒེར་ལ་ཞབས་ཞུ་བསྒྲུབས་པ་དང་། མཚན་མོར་འཁོར་གསུམ་ཚེར་མ་འདྲ་བ་བཏགས་ཏེ་སེ་བཙུན་གྱི་རྟ་ནོར་ལུག་གསུམ་ལ་མེལ་ཚེ་མཛད་པའི་སྐོར་ཡང་ཁོང་གི་ལོ་རྒྱུས་ནང་ཡོད། འབྲོམ་གྱིས་སློབ་གཉེར་རྡོ་རུས་ཐུག་པ་མཛད་པའི་ལག་རྗེས་སུ། དགེ་འདུན་བྱིངས་མའི་ཁྲོད་དུ་བགྲོ་གླེང་མཛད་པར་སུས་ཀྱང་ལན་འདོན་སྤོབས་པར་མ་ནུས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྲགས། དེའི་དུས་སུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལེགས་པའི་ཤེས་རབ་གཉིས་ཀྱང་ཆོས་གྲྭ་དེར་བཞུགས་པས་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཐོག་མར་ཁམས་སུ་གྲགས་པ་ཡིན། དེ་ནས་འབྲོམ་གྱིས་པཎྜི་ཏ་ཚེར་མ་དང་སྨྲི་ཏི་གཉིས་ཕྱོགས་དེར་བྱོན་པ་ལས་སྒྲ་རིག་པ་དང་སཾསྐྲྀ་ཏའི་སྐད་ཡིག་བསླབས་པས་ལེགས་པར་མཁྱེན། དེ་ལྟར་འབྲོམ་གྱིས་མདོ་ཁམས་སུ་བླ་མ་སེ་བཙུན་གྱི་སྤྱན་སྔར་ཁྱོན་ལོ་ཉི་ཤུ་བཞུགས་ཤིང་། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན་ནས་དགེ་བསྙེན་ཆོས་འཕེལ་དུ་གྲགས་པ་བྱུང་། རབ་བྱུང་དང་པོའི་ཆུ་རྟའམ་ཤིང་སྤྲེལ་ཏེ་སྤྱི་ལོ་༡༠༤༢འམ་༡༠༤༤ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མངའ་རིས་སུ་ཕེབས་པ་གསན་ཏེ་ཁམས་ནས་ཞབས་ཐང་གིས་མངའ་རིས་སུ་ཕེབས། སྤུ་རངས་སུ་ཇོ་བོ་དང་མཇལ་ཞིང་བླ་མར་བསྟེན། དེ་ནས་འབྲོམ་གྱིས་ཇོ་བོ་དབུས་སུ་གདན་དྲངས་ཏེ་བཀའ་ཆོས་མང་དུ་གསན། ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་གླེགས་བམ་དུ་གྲགས་པ་དེ་ཇོ་བོ་རྗེས་ཁུ་རྔོག་འབྲོམ་གསུམ་ལ་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་གནང་བ་ཞིག་སྟེ་ཕ་འབྲོམ་སྟོན་པས་ཞུས་ལ་བཀའ་གདམས་ཕ་ཆོས་སུ་གྲགས། དེ་ལྟར་འབྲོམ་གྱིས་ཇོ་བོ་མཇལ་བ་ནས་ཞི་བར་མ་གཤེགས་བར་ཟླ་བ་གཉིས་མ་གཏོགས་སྐད་ཅིག་བྲལ་མ་མྱོང་གསུངས།
འབྲོམ་སྟོན་པས་ཁམས་སུ་སློབ་གཉེར་བྱེད་སྐབས་རྒྱ་གར་གྱི་པཎ་ཆེན་རྣམ་གཉིས་ལས་སྒྲ་རིག་དང་པས་སཾསྐྲྀཏ་སློབ་གཉེར་བྱེད་དོན་ནི། སྐབས་དེར་རྒྱ་གར་ནས་མདོ་སྔགས་ལ་མཁྱེན་རྒྱ་ཆེ་བའི་མཁས་པ་པཎྜི་ཏ་རེ་ཟུང་བོད་དུ་འབྱོན་བཞིན་ཡོད་པ་དང་། སྨྲྀ་ཏི་སོགས་པཎ་ཆེན་རེ་ཟུང་གིས་བོད་སྐད་སློབ་ཞོར་བོད་པ་ཚོར་རྒྱ་གར་གྱི་སྐད་ཡིག་སློབ་བཞིན་ཡོད་པས། འབྲོམ་སྟོན་པར་ཡང་གསེར་ལས་ལྷག་པའི་གོ་སྐབས་དེ་འདྲ་ཞིག་ཐོབ་པའི་རྐྱེན་གྱིས། རྗེས་སུ་ཁོང་མངའ་རིས་བྱོན་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་མཇལ་སྐབས་སྐད་སྒྱུར་བ་མི་དགོས་པར་བླ་མ་དང་ཐད་ཀར་བཀའ་མོལ་དང་གསུང་ཆོས་ཞུ་ཐུབ་པའི་ཆ་རྐྱེན་རྨད་དུ་བྱུང་བ་དེ་ལྡན་པ་རེད།
ཇོ་སྲས་མར་པ་ལོ་ཙྰའི་སློབ་གཉེར་བརྒྱུད་རིམ། (༡༠༡༢-༡༠༩༧)
བཀའ་བརྒྱུད་པའི་ཆོས་བརྒྱུད་སྲོལ་འབྱེད་མཁན།
ཇོ་སྲས་མར་པ་ཆོས་ཀྱི་བློ་གྲོས་ནི་ལྷོ་བྲག་ཆུས་ཁྱེར་གྱི་གྲོ་བོ་ལུང་པའི་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་རུ་སྐྱེས། སྐུ་ན་ཆུང་དུས་ཐུགས་རྒྱུད་གཏུམ་ཞིང་བློ་གྲོས་ཆེ་བས། ཁོང་གི་ཡབ་ཀྱིས་གལ་སྲིད་འདི་ལྟར་མུ་མཐུད་དུ་བསྡད་ན་ངའི་བུ་འདིས་རང་གཞན་ཀུན་ལ་ཉེན་ཁ་ཚབས་ཆེན་བཟོ་ངེས་རེད་སྙམ་ནས་ཆོས་སྒོར་བཅུག་པ་ཞིག་སྟེ། དེ་ཡང་མར་པའི་རྣམ་ཐར་མཐོང་བ་དོན་ལྡན་ལས། དེ་ཡང་སྐུ་ན་གཞོན་དུས་ཐུགས་ཤིན་ཏུ་གཏུམ་ཞིང་རྒོད་པས། ཡབ་ཀྱི་ཞལ་ནས། ངའི་བུ་འདི་བློ་ཕྱིར་མ་ལོག་ན་ཆོས་འཇིག་རྟེན་གང་བྱས་རུང་ཏོག་ཏུ་ཐོན་པས། རང་གཞན་ཀུན་ལ་ཕན་ཐོགས་ཆེན་པོ་འབྱུང་བ་ཞིག་ཡོང་བ་འདུག་སྟེ། བརྒྱ་ལ་བློ་ལོག་ན་རང་གཞན་ཀུན་ཕུང་ལ་སྦྱོར་བ་ཞིག་ཡོང་བ་འདུག་པས། ཁེ་ཉེན་ལ་བལྟས་ན་གདོད་ཆོས་སུ་བཅོལ་བ་ལེགས་འདུག་གསུངས་པ་ལྟར། སྔར་མཚན་དར་མ་དབང་ཕྱུག་ཟེར་བ་ལ། ལོ་བཅུ་གཉིས་ནས་ཡུལ་ན་སློབ་དཔོན་ཞིག་ཡོད་པ་དེའི་སར་མཚན་ཆོས་ཀྱི་བློ་གྲོས་སུ་གསོལ་ནས་ཆོས་སྒོར་བཅུག་སྟེ་ཀློག་ཡིག་བསླབས་པ་ལས། ཐུགས་རབ་ཆེ་བའི་སྟོབས་ཀྱིས་མཐར་ཕྱིན་པ་ཤེས་རུང་། ཐུགས་རྒོད་པས་འཐབ་མོ་ལ་ཤིན་ཏུ་དགྱེས་ཕྱིར་ནང་མི་ཀུན་ན་རེ། འདིས་ཆེ་སྟེ་ཁོ་རང་ངམ། འོ་ཅག་གི་སྲོག་སྐྱེལ། ཆུང་སྟེ་ནོར་ཞིང་ཁང་དང་བཅས་པ་སྐྱེལ་བར་འདུག་ཟེར། ཕྱི་ནང་གི་མི་ཀུན་གྱིས་སྐུར་བ་འདེབས་ཤིང་ཟུར་དུ་འབྱེད་པ་ཞིག་བྱུང་བ་ལས་ཐུགས་འབྱུང་བའི་ཚེ། ཡབ་ཀྱི་ཞལ་ནས། ཁྱོད་ཐག་རིང་གི་བླ་མ་བཟང་ས་ཞིག་ཏུ་སློབ་གཉེར་ལ་ཕྱིན་པ་ལེགས་པ་འདུག་གསུངས་པ་ལྟར། ཡབ་ཀྱི་ཞལ་ལ་ཉན་ནས་སློབ་གཉེར་ལ་ཐུགས་ཐག་བཅད་དེ། ཡབ་ཡུམ་ལ་སློབ་གཉེར་གྱི་རྒྱགས་ཞུས་པས། རེ་ཞིག་འདི་དག་གྱིས་གསུངས་ཏེ་ཆོས་རྒྱགས་ལ་ཡུམ་བཅུ་དྲུག་དུམ་ཚར་གཅིག་གི་ཤོག་བུ་ཁལ་མ་གཉིས་དང་བཅས་པ། གསེར་སྲང་གང་། དངུལ་སྐྱོགས་གཅིག རྟ་བཟང་པོ་སེང་ལྡེང་གི་སྒ་དང་བཅས་པ། ཟ་འོག་ཡུག་གཅིག་རྣམས་ཁྱེར་ཏེ། བླ་མ་འབྲོག་མི་ལོ་ཙྪ་བ་རྒྱ་གར་འཁོར་འཕྲལ་གྱི་སྙན་པ་ཤིན་ཏུ་ཆེ་བར་འདུག་པས། མང་མཁར་མྱུ་གུ་ལུང་གི་དགོན་པར་བྱོན་ནས། འབྲོག་མིའི་དྲུང་དུ་ཤོག་བུ་ཁལ་མ་གཉིས་དང་བཅས་པ་འབུལ་བར་ཕུལ། ཞབས་ལ་གཏུགས་ཏེ་ཆོས་བྱེད་པའི་ལོ་རྒྱུས་ཞུས།[10] ཞེས་བྱུང་ཞིང་། གོང་གསལ་གྱི་བྱུང་བ་ཐུང་ངུ་འདི་ལས་ང་ཚོས་མར་པ་ཆུང་དུས་ཀྱི་བྱིས་པའི་བྱ་སྤྱོད་དང་། ཕ་མའི་སེམས་ཁྲལ་དང་རང་གི་ཇོ་སྲས་ལ་བཅངས་པའི་ཕུགས་འདུན། སྐབས་དེར་ཇོ་སྲས་ཚོ་སློབ་གཉེར་ལ་གཏོང་དུས་ཀྱི་འབུལ་བའི་དཔེ་མཚོན་སྤྱི་དང་། ཁྱད་པར་དུ་དུས་སྐབས་དེར་ཤོག་བུའི་བེད་སྤྱོད་བྱེད་ཕྱོགས་ཐད་ནས་ཀྱང་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ངོ་སྤྲོད་བྱས་ཡོད་ཅིང་། ཡང་དེའི་འཕྲོ་མཐུད་དེ། དབང་གདམས་ངག་གི་གསོལ་བ་བཏབ་པས། དབང་གདམས་ངག་ནི་མ་གནང་། རྒྱ་གར་གྱི་སྐད་ཐང་ཀློག་དང་འཕྲལ་སྐད་ཀྱི་ལོ་ཙྪ་བསླབས་པས། ལོ་གསུམ་ལ་བརྡ་འཕྲོད་ངེས་མཁྱེན་པར་གྱུར་ཏོ།།[11]ཞེས་བྱུང་བ་འདིས། མར་པ་ལ་མཚོན་ན་འབྲོག་མིའི་དྲུང་ནས་ཆོས་ཞུ་འདོད་ཙམ་གཅིག་པོ་མ་ཡིན་པར། ཕྱི་རྒྱལ་གྱི་སྐད་རིགས་སློབ་འདོད་ཀྱང་ཡོད་པ་དེ་གསལ་སྟོན་བྱས་འདུག་ལ། འབྲོག་མིས་ཡར་འབུལ་བ་ཕུལ་ནས་ཞུས་པ་ཙམ་གྱིས་གསེར་སོགས་རྒྱུ་ནོར་འབོར་ཆེན་དང་རང་གི་ཚེ་སྲོག་གཏའ་མར་བཞག་ནས་རྒྱ་བལ་གྱི་བླ་མ་མཁས་གྲུབ་རྣམས་ལ་ཞུས་པའི་གསང་སྔགས་ཟབ་མོ་སྣོད་ལྡན་ཡིན་མིན་ཀུན་ལ་བརྟག་དཔྱད་མེད་པར་གནང་ཆོག་ཆོག་ཅིག་མེད་པའི་གནས་སྟངས་ཀྱང་བསྟན་འདུག་ལ། འབྲོག་མིས་མར་པའི་ཞེ་འདོད་ཀྱི་དབང་གདམས་པ་ཐམས་ཅད་གནང་ཡོད་ཚེ་མར་པ་རྒྱ་གར་ལ་ཕེབས་ཡོད་མེད་ཀྱང་མི་ཤེས་ཏེ། རྣམ་ཐར་དེའི་འཕྲོར། བླ་མ་འབྲོག་མིའི་དྲུང་དུ་འཕྲལ་སྐད་བརྡ་འཕྲོད་ཙམ་མཁྱེན་པའི་ཚེ། སྤྱིར་གྱིས་བླ་མ་འབྲོག་མི་དང་ཡུན་དུ་འགྲོགས་པའི་ལས་འབྲེལ་མེད་པ་དང་། པཎ་ཆེན་ནཱ་རོ་སོགས་རྒྱ་གར་གྱི་བླ་མ་རྣམས་དང་ལས་འབྲེལ་བཟང་པོ་ཡོད་པ་སད་པའི་དུས་ལ་བབ་པའི་ཕྱིར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ནྰ་རོ་པ་དང་སྤྲོད་ཕྱིར་ཐུགས་རྒྱུད་བསྐུལ་པའི་སྟོབས་ཀྱིས། ཐུགས་ལ་ངས་བླ་མ་འདིའི་དྲུང་དུ་ཡུན་བསྲིངས་ནས་བསྡད་རུང་། བདག་མེད་མའི་དབང་བཞི་རྫོགས་རེ་ལ་འབྲི་བཅོ་ལྔ་རེ་དང་། ལྷ་མོ་རལ་གཅིག་མའི་རྗེས་གནང་རེ་ལའང་འབྲི་གཡག་རེ་ཙམ་ངེས་པར་དགོས་ཤིང་འདུག་པས། འབུལ་བ་མེད་ན་ཆོས་རྫོགས་པ་བློ་ཁ་ཁེངས་པ་ཞིག་མི་ཐོབ་པར་འདུག བརྒྱ་ལ་འབུལ་བ་འབྱོར་ན་ཆོས་རྫོགས་པར་ཐོབ་རུང་། ངའི་བླ་མ་པཎ་ཆེན་འདི་སྐད་ཞུ་ཞེས་བྱས་པས་ཆོག་པ་ཞིག་ཀྱང་མི་ཡོང་བར་འདུག་ཅིང་།[12] ཞེས་སོགས་ལ་བལྟས་ན། ཇོ་སྲས་མར་པ་རྒྱ་གར་དུ་སློབ་གཉེར་ལ་འབྱོན་པར་རྒྱུ་མཚན་ཡང་དག་ཁག་ཅིག་ཡོད་པའི་ནང་ནས། སྐབས་དེའི་ཇོ་སྲས་སློབ་གཉེར་བ་རྣམས་ཀྱི་ཁྲོད་དུ་རྒྱ་བལ་འགྲིམས་ནས་པཎྜི་ཏ་བསྟེན་ཡོད་མཁན་དག་ལ་མི་མང་གིས་གདེང་འཇོག་ཆེན་པོ་བྱེད་པ་ཡང་ཤུགས་ནས་བསྟན་འདུག
ཡང་སྐབས་དེའི་ཇོ་སྲས་རྒྱ་གར་དང་བལ་ཡུལ་དུ་སློབ་གཉེར་ལ་འགྲོ་མཁན་དག་ལ་ཕར་ཚུར་འགྲོ་གྲོགས་དང་སློབ་ཡོན་གསེར་འབུལ་གླ་རྩི་སོགས་མེད་ཐབས་མེད་པའི་ཆ་རྐྱེན་གལ་ཆེན་ཁག་ཅིག་ཡོད་ཅིང་། དེ་དག་གི་ཆེད་དུ་རང་རང་གི་ཕ་མ་གཉེན་ཉེ་དང་རང་ཉིད་ཀྱིས་འབབ་བརྩོན་དྲག་པོ་བྱེད་དགོས་ལ། ཡང་རྒྱ་བལ་ནས་སློབ་གཉེར་མཐར་ཕྱིན་ནས་ཕྱིར་རང་གི་ཕ་ཡུལ་དུ་འབྱོར་དུས་ཕེབས་བསུ་སྣེ་ལེན་ནམ་མི་མང་ལ་ངོ་སྤྲོད་བྱེད་མཁན་ཡང་དགོས་མཁོ་ཧ་ཅང་ཆེ། དེའི་སྐོར་ལ་མཚོན་ན། བླ་མ་འདི་ལ་ཅི་མཉེས་ཀྱི་འབུལ་བ་ཞིག་ཕུལ་ལ། དེ་ལྷག་གི་ནོར་རྣམས་གསེར་དུ་བསྒྲིལ། ཕ་མ་ལ་ནོར་སྐལ་གང་ཡོང་བླངས་ནས་ང་རང་ཡང་རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་དགོས་དགོངས་པ་ཐུགས་ལ་ཤར།[13] ཞེས་དང་། གྱེར་ཕུར་ཕེབས་པ་དང་མར་པས་དགེ་བཤེས་དེ་དམ་ཚིག་པར་མཁྱེན་ནས། ང་ལྷོ་བལ་དུ་ལོ་ཙྪ་སློབ་ཏུ་འགྲོ་རྒྱུ་ཡིན་པས། དེ་རེས་ཀྱང་ཁྱེད་ཀྱིས་ཐུགས་ལ་བཏགས། བདག་ཚེ་ལ་བར་ཆད་མ་བྱུང་ན་དུས་ཕྱིས་ཀྱི་སྣེ་ལེན་ཡང་ཐུགས་ལ་དགོངས་པར་ཞུ་ཞུས་པས། ཁོང་ན་རེ། ང་ན་སོ་རྒས་པས་ཁྱེད་དང་ཨེ་འཕྲད་མི་ཤེས་པས་བྱིས་པ་འདི་རྣམས་ཀྱིས་ཁྱེད་ཀྱི་བབ་དང་སྣེ་ལེན་བྱེད་དུ་འཇུག་པས་ཅིས་ཀྱང་འདིར་འབྱོན་པར་མཛོད་གསུངས་པ་དང་། གསེར་སྲང་གང་དང་སྣམ་དཀར་བུབ་གཅིག་གིས་རྫོང་བ་ཡང་བྱས་སོ།། [14]ཞེས་པ་འདིས་ཇོ་སྲས་སློབ་གཉེར་དེ་དག་གི་སློབ་གཉེར་མཇུག་རྫོགས་པའི་མཇུག་ཏུ་ཡོད་པའི་སེམས་ཁྲལ་ཐོལ་བ་ཞིག་ཀྱང་བསྟན་འདུག་ཅིང་། འདི་ནི་དེང་སྐབས་དགེ་ལུགས་གདན་ས་ཁག་ཏུ་དགེ་བཤེས་ལྷ་རམས་པ་སོགས་ཐོན་དུས་གྲྭ་ཚང་ལ་མང་ཇ་བསྐོལ་ཆེད་དངུལ་གྱི་སྦྱིན་བདག་འཚོལ་དགོས་པའི་སེམས་ཁྲལ་དེ་ཡང་དྲན་དུ་འཇུག་གོ །
མར་པ་ལ་མཚོན་ན་ཁྱིམ་ཚང་ཕྱུག་པོའི་གཅེས་ཕྲུག་ཡིན་པས། བོད་ནང་ཁུལ་དུ་སློབ་གཉེར་བྱེད་པར་བསྐྱོད་རྒྱུར་ཕ་མས་རྒྱབ་སྐྱོར་དང་མཐུན་འགྱུར་བྱེད་ཐུབ་ཀྱང་། ཐག་རིང་རྒྱ་བལ་འགྲིམ་སྟེ་སློབ་གཉེར་བྱེད་པར་ཕ་མས་རྒྱབ་སྐྱོར་བྱེད་མི་ཐུབ་པ་བསྟན་ཡོད་པ་སྟེ། དེ་ནས་མར་པ་ལྷོ་བྲག་ཏུ་ཕེབས་ཏེ་ཡབ་ཡུམ་ལ་རྒྱ་གར་ལ་ཆོས་སློབ་ཏུ་འགྲོ་བས་ང་རང་གི་ནོར་ཞིང་ཁང་གི་སྐལ་བ་ཚང་མ་དགོས་གསུངས་པས། ཡབ་ཡུམ་སྐུ་མཆེད་ཀུན་ཞལ་འཆམས་པར། ཁྱོད་རྒྱ་གར་དུ་ལོཙྪས་ཅི་བྱེད། ཆོས་ཀྱིས་གང་བྱེད། བོད་དུ་ཆོས་ནུས་ན་གྱིས མི་ནུས་ལ་སོ་ནམ་གྱིས་ལ་འདིར་སྡོད། ཟེར་བཤོལ་མང་པོ་འདེབས་བྱུང་བ་ལས། ཡབ་ལ་དང་པོར་ཐག་རིང་གི་བླ་མ་བཟང་ས་ཞིག་ཏུ་གཏོང་ཟེར་བ་ལ། ད་རྒྱ་གར་ལ་ས་ཐག་རིང་བ་ཅི་ཙུག་བྱེད། བླ་མ་པཎྜི་ཏ་བཟང་པོ་བཙལ་འོང་གིས་བྱས། བཤོལ་ཅི་བཏབ་རུང་མ་གསན་པར་ས་ཁང་ནོར་དང་བཅས་པའི་སྐུ་སྐལ་རྣམས་ཚང་མར་བཞེས་ཏེ། ཁང་ཞིང་མ་གཏོགས་གཞན་གང་ཡོད་ཐམས་ཅད་གསེར་དུ་བསྒྲིལ་བས་སྲང་བཅོ་བརྒྱད་བྱུང་བ་བསྣམས་ཏེ་གྲོགས་གཉིས་དང་བསྡེབས་ཏེ་ཆས་བྱོན་པ་ལ། གྲོགས་གཉིས་གཉེན་གྱིས་བཤོལ་བཏབ་ནས་མ་ཐོན། མར་པ་རང་རྒྱ་གར་ལ་ཆས་ཏེ་བྱོན་པ་ལམ་གྲོགས་ཀྱིས་གདུངས་པའི་ཚེ།[15] ཞེས་བྱུང་བ་ལ་བརྟགས་ན། ཇོ་སྲས་མར་པ་དང་པོ་ནས་ཐུགས་གཏུམ་པ་དང་། སྔོན་ལས་བཟང་པོས་རྒྱ་གར་གྱི་པཎ་ཆེན་ནཱ་རོ་བ་སོགས་དང་མཇལ་དགོས་པ། རྒྱ་གར་དུ་ཕེབས་འདུན་ཟློག་ཏུ་མེད་པ། རང་ཉིད་ལ་དབང་བའི་རྒྱུ་ནོར་ཡང་གང་འཚམ་ཡོད་པ་སོགས་ཀྱི་མཐུན་རྐྱེན་འཛོམས་ན་ཡང་། ད་དུང་དེའི་སྟེང་དུ་རྒྱ་གར་དུ་འགྲོ་གྲོགས་བཟང་པོ་ཞིག་མེད་ཐབས་མེད་པ་སྟེ། རྣམ་ཐར་ལས། ཉང་སྟོད་རྩིས་གནས་གསར་དུ་ཁ་རག་གི་གཉོས་ལོཙྪ་བ་རྒྱ་གར་དུ་འབྱོན་པ་དང་འཛོམ་སྟེ། ཁོང་ན་རེ། ཁྱོད་གང་ནས་འོང་། གང་དུ་འགྲོ་གསུངས་པ་ལ། ང་ལྷོ་བྲག་ནས་ཡོང་། རྒྱ་གར་དུ་ཆོས་བསླབ་པ་ལ་འགྲོ་བྱས་པས། འོ་ན། ཁྱོད་ལ་གསེར་མང་པོ་ཡོད་དམ་ཟེར་བ་ལ། ཞོ་དོ་རེ་ལས་མེད་ཅེས་བརྫུན་བྱས་པས། དེ་འདྲས་གང་དུའང་མི་སླེབ་པར་འདུག རྒྱ་གར་དུ་འགྲོ་བ་ལ་གསེར་མང་པོ་མེད་ན་ཆོས་ཀ་ར་ཝ་ཏི་སྟོང་པ་ལ་ཆུ་འཐུངས་པ་འདྲ། ང་ལ་གསེར་མང་པོ་ཡོད་པས་ཁྱོད་རང་ངའི་གཡོག་གྱིས། གསེར་མཉམ་པོར་བྱའོ་གསུངས་པ་ལ། མཐར་གར་འགྲོ་མི་ཤེས་སྙམ་ཆོས་ནི་མ་ཞུས། འཕྲལ་ཆས་ལ་ཕན་དུ་རེ་བས་འགྲོགས་ལམ་དཔོན་གཡོག་གི་ཚུལ་དུ་བྱས་ཏེ་བསྡེབས་ནས་བྱོན་པས་བལ་བོར་ཕེབས་པར་གྱུར་ཏོ།།[16] ཞེས་བྱུང་བས། ཇོ་སྲས་རྒྱ་གར་དུ་སློབ་གཉེར་ལ་འགྲོ་མཁན་ཚོར་ལམ་གྲོགས་ཡིད་ངེས་འཕེར་བ་ཞིག་ངེས་པར་ཡོད་དགོས་ལ། ལམ་གྲོགས་དེ་ཡང་བླ་མའི་ཚུལ་ལམ་དཔོན་གྱི་ཚུལ་དང་། ཡང་ན་གྲོགས་པོའི་ཚུལ་དང་གཡོག་པོའི་ཚུལ་སོགས་འགྲོ་གྲོགས་བསྟེན་ལུགས་ཀྱང་འདྲ་མིན་ཞིག་ཡོད་དོ།།
ད་དུང་མར་པས་རྒྱ་གར་དུ་སློབ་ཡོན་ལ་གཏོང་ཆེད་གསེར་བཙལ་བའི་ལོ་རྒྱུས་ཤིག་དྲངས་ན། དེ་ནས་འདམ་ཤོད་སྙིང་དྲུང་དུ་ཕེབས་ཚེ། མགོ་ལེགས་འབྲོག་སྡེ་དེའི་དཔོན་དུ་འདུག་པས། གཡོག་རིགས་རྣམས་ལ་ཡང་བསྐུལ་ནས་སྣེ་ལེན་བཟང་པོ་བྱས། མར་པ་མགོ་ལེགས་རང་དམ་བཅའ་ལྟར་ཆོས་སྒོར་ཞུགས་ནས་དབང་གདམས་ངག་རྣམས་ཞུས་ཏེ། གཡོག་རིགས་དང་ཉེ་རིགས་དགའ་བཤེས་རྣམས་ལའང་དགེ་བསྐུལ་བྱས་ཆོས་ཞུ་རུ་བཅུག དེར་ཡང་སྲིའུ་མང་པོ་གསོས་པ་ལ་གསེར་པོ་བླངས། མི་དགུ་བཅུ་ཙམ་གྱིས་ཆོས་ཞུས་ནས་གསེར་དང་ནོར་མང་པོ་ཕུལ་བའི་གསེར་མ་ཡིན་པའི་དངོས་པོ་གཞན་རྣམས་ཀྱང་གསེར་དུ་བསྒྲིལ་ནས། སྤྱིར་གྱིས་བྱང་སྨད་རའི་གསེར་བརྡོལ་དང་ཐུག་པས་གསེར་མང་པོ་བྱུང་བ་དང་། ཁྱད་པར་མགོ་ལེགས་རང་གིས་གསེར་སྲང་བཅོ་བརྒྱད། རྟ་གཡུ་འབྲུག་མགོ་དཀར་གྱིས་ཐོག་དྲངས་པའི་མཛོ་རྟ། གནག་ལུག་དང་གོ་ཁྲབ་མང་པོ་ཕུལ་བ་སོགས་གསེར་དང་འབུལ་བས་ཐུགས་ཚིམ་པའི་ཚེ། ད་རྒྱ་གར་དུ་འབྱོན་དགོས་དགོངས་ནས།[17]ཞེས་བྱུང་བ་འདིར་དཔགས་ན། བླ་མ་མར་པས་རྒྱ་གར་དང་བལ་བོའི་བླ་མ་རྣམས་བསྟེན་ཏེ་སློབ་གཉེར་བྱེད་པར་གསེར་གྱི་འབུལ་བ་ནི་མེད་ཐབས་མེད་པ་ཞིག་ཡིན་ཞིང་། ཁོང་གི་རྒྱ་བལ་གྱི་བླ་མ་རྣམས་ཀྱི་ཁྲོད་ནས་པཎ་ཆེན་ནཱ་རོ་པས་གསེར་མེད་ཀྱང་དབང་བཀའ་ཆོས་གནང་གི་ཡོད་ལུགས་ཀྱང་རྣམ་ཐར་ནང་འཁོད་འདུག
ཡང་ཇོ་སྲས་རྒྱ་གར་དུ་སློབ་གཉེར་ལ་འགྲོ་མཁན་མང་པོ་ཞིག་བལ་ཡུལ་བརྒྱུད་ནས་ཕེབས་པ་དང་། ཐོག་མར་ལོ་ཟླ་རེ་ཟུང་ལ་བལ་བོར་བསྡད་དེ་ཚ་བའི་གནམ་གཤིས་གོམས་སུ་འཇུག་པ་དང་། རྒྱ་གར་དང་བལ་བོའི་སྐད་ལ་སློབ་སྦྱོང་བྱེད་པ། བལ་ཡུལ་དུ་ཡོད་པའི་བླ་མ་དག་ལ་ཆོས་ཞུ་བ་དང་། བལ་བོའི་གནས་ཆེན་ཁག་ལ་མཆོད་མཇལ་དུ་འགྲོ་བ། བལ་ཡུལ་ནས་རྒྱ་གར་དུ་འགྲོ་རོགས་མི་ཆེན་འཁོར་གཡོག་མང་བའམ་མི་ཡིད་ཆེས་འཕེར་བ་འཚོལ་བ་སོགས་ཏེ། མདོར་ན་བལ་ཡུལ་ནི་ཇོ་སྲས་རྒྱ་གར་དུ་སློབ་གཉེར་ལ་འགྲོ་མཁན་མང་པོ་ཞིག་གི་ཆེས་ཐོག་མའི་འབབ་ཚུགས་དེ་ཡིན། དེའི་ཚུལ་ཡང་རྣམ་ཐར་ལས་བལ་བོའི་བཞུགས་པའི་ནཱ་རོའི་སློབ་མ་སྤྱི་ཐེར་བས་མར་པ་ལ། ཁྱོད་ལ་གསེར་མང་པོ་མེད་ན། གསེར་མེད་པར་ཆོས་གནང་བའི་བླ་མ་དང་པཎཌིཏ་རྗེ་ནཱ་རོ་པ་མིན་པ་གཞན་མེད་གསུངས། རྗེ་ནཱ་རོ་པའི་སྐུ་ཆེ་བའི་ཡོན་ཏན་རྣམས་བརྗོད་ནས། ངེད་ཀྱི་བླ་མ་སངས་རྒྱས་གཉིས་པ་དེའི་སར་རྫོང་བ་ཡིན་པས། རེ་ཞིག་ཚད་པ་ལ་གོམས་སུ་ཆུགས་གསུངས། ཐུགས་བརྩེ་བའི་ཞལ་ཏ་མཐིལ་ཕྱིན་པ་གནང་བྱུང་བས། བླ་མ་གཉིས་ལའང་དད་པ་ཚད་མེད་པ་སྐྱེས་ཤིང་། ང་འཆི་མི་འཆིའི་རེ་དོགས་སྤངས་ཏེ་ནྰ་རོ་པའི་དྲུང་དུ་འགྲོ་དགོས་དགོངས་པ་ཐུགས་ལ་ཤར་ནས། བླ་མ་གཉིས་ཀྱི་གསུང་ལྟར་ལོ་ངོ་གསུམ་གྱི་བར་དུ་འཕགས་པ་ཤིང་ཀུན་ཏུ་ཚད་པ་ལ་འདྲིས་སུ་བཅུག[18] ཅེས་བྱུང་བས། སྤྱིར་ན་བལ་བོའི་རྒྱལ་སའི་ཚད་པ་དང་རྒྱ་གར་ཡུལ་དབུས་ཀྱི་ཚད་པ་གཉིས་བསྡུར་ཐབས་བྲལ་བ་ནི། ས་གནས་དེ་གཉིས་སུ་དངོས་སུ་བསྐྱོད་མྱོང་མཁན་རྩོམ་པ་པོ་ཁོ་བོ་ལྟ་བུ་སུས་ཀྱང་གསལ་བོར་ཤེས་ཐུབ་ཀྱང་། བལ་ཡུལ་རྒྱལ་ས་དེ་ལྟོས་འཇོག་གིས་རྒྱ་གར་ཡུལ་དབུས་དང་ཐག་ཉེ་བས་བལ་ཡུལ་དུ་ལོ་གསུམ་ལ་བསྡད་ཚེ། བལ་བོའི་བཟའ་བཏུང་དང་རྒྱ་གར་གྱི་བཟའ་བཅའ་དག་ལ་ཁྱད་པར་ཆེན་པོ་དེ་ཙམ་མེད་པས། གནམ་གཤིས་ཙམ་མ་ཡིན་པར་ཇོ་སྲས་འདི་དག་གི་ལྟོ་བས་རྒྱ་གར་གྱི་བཟའ་བཏུང་གི་འཇུ་བར་ཡང་ཕན་ཐོགས་བླ་མེད་དུ་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀ་ཕྱི་རོལ་པའི་རྒྱལ་ཁབ་ཡིན་པས། ཆོས་དང་རིག་གཞུང་གང་ཐད་ནས་ཇོ་སྲས་དག་གིས་གོམས་འདྲིས་བསྟེན་པ་ལ་ཕན་ཐོགས་ཆེན་པོ་ལོས་ཀྱང་ཡོད།
ཇོ་སྲས་མི་ལ་རས་པའི་སློབ་གཉེར་བརྒྱུད་རིམ། (༡༠༥༢-༡༡༣༥)
བཀའ་བརྒྱུད་པའི་ཆོས་བརྒྱུད་སྲོལ་འབྱེད་མཁན་གྱི་གྲས།
རྗེ་བཙུན་མི་ལ་རས་པ་ཡང་ཁོང་གི་རྣམ་ཐར་ལས་མཚན་ལ་ཇོ་སྲས་དངོས་སུ་མ་ཐོན་ཡང་། ཁོང་གི་རྣམ་ཐར་རུས་པའི་རྒྱན་ཅན་གྱིས་མཛད་པ་ལས། རྗེ་མི་ལ་རས་པས་ཁོང་གི་མེས་པོ་དེ་ཇོ་སྲས་ཤིག་ཡིན་ཚུལ་གསུངས་པའི་སྐོར་ནི། དེར་རྗེ་བཙུན་ཆེན་པོ་ཞལ་འཛུམ་པ་དང་བཅས་ཏེ། རས་ཆུང་བ་ཁོ་བོའི་ཆ་རྒྱུས་ཁྱོད་རང་ཆེ་ནའང་། འདྲི་ན་དྲི་བ་ལ་ལན་གདབ་པར་བྱ་སྟེ། ངའི་རུས་ཁྱུང་པོ། རིགས་ཇོ་སྲས། ང་རང་མི་ལ་རས་པ། ཞེས་གསུངས་ཤིང་། ཡང་རྗེ་བཙུན་གྱིས། ངའི་རིགས་དང་རུས་ནི། དབུ་རུ་བྱང་ཕྱོགས་ཀྱི་འབྲོག་སྡེ་ཆེན་པོ་ཞིག་གི་ཁྲོད་ནས་རུས་ཁྱུང་པོ། རིག་སྔགས་རྙིང་མ་པའི་བླ་མ་ཇོ་སྲས་ཤིག་གི་བུ་རྣལ་འབྱོར་བ་ཡི་དམ་གྱིས་རྗེས་སུ་བཟུང་བས་སྔགས་ནུས་དང་ལྡན་པ་ཞིག་རྒྱལ་ཁམས་ཀྱི་གནས་བསྐོར་བ་དང་རྟེན་མཇལ་བ་ལ་ཕྱིན་པས། ཞེས་པ་ནས། མཚན་ལ་ཁྱུང་པོ་ཇོ་སྲས་སུ་གསོལ་ནས་ལོ་འགའ་བཞུགས།[19]ཞེས་སོགས་ཀྱིས་རྗེ་བཙུན་མི་ལ་རས་པ་ཁོང་ཡང་འཁྲུལ་མེད་ཀྱི་ཇོ་སྲས་ཤིག་ཡིན་པ་བསྟན་ཡོད་ལ། ཁོང་གི་སློབ་གཉེར་གྱི་བརྒྱུད་རིམ་སྐོར་ཁོང་གི་རྣམ་ཐར་ཁག་ལས་རྒྱས་བསྡུས་ཅི་རིགས་ཤིག་བྱུང་ཡོད། དེ་ཡང་རུས་པའི་རྒྱན་ཅན་གྱིས་མཛད་པའི་རྣམ་ཐར་ལས། ཨ་ཞང་ན་རེ། དེ་ཀ་གྱིས་ལ་བུ་འདི་ཡོན་ཏན་ཞིག་སློབ་རུ་ཐོངས། ཞེས་པ་ནས། རྩའི་མི་ཐོད་གད་ཐ་བྱ་བ་ན་སྔགས་རྙིང་མ་པའི་སློབ་དཔོན་ཀླུ་བརྒྱད་མཁན་གྲོང་ཆོག་ལ་ཤིན་ཏུ་བྲིན་པ་ཞིག་ཡོད་པ་དེར་ང་རང་ཀློག་སློབ་ཏུ་བཏང་།[20]ཞེས་བྱུང་། རྗེ་བཙུན་མི་ལ་རས་པའི་བླ་མ་གཉག་གཡུང་སྟོན་ཁྲོ་རྒྱལ་དང་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་གཉིས་ལ་མཐུ་གཏད་ཀྱི་མན་ངག་མང་པོ་ཞིག་བསླབས་ཏེ། རང་ཉིད་ཀྱི་ནང་མི་ལ་སྡུག་པོ་སྣ་དགུ་བཏང་བའི་གཉེན་ཚན་དག་ལ་འཁོན་ལན་བསློགས་པ་ཡོངས་གྲགས་དང་། དེའི་རྗེས་སུ་ཁོང་གིས་རྙིང་མའི་རྫོགས་ཆེན་བླ་མ་རོང་སྟོན་ལྷ་དགའ་ཞེས་པ་དེ་བསྟེན་ནས་རྫོགས་པ་ཆེན་པོའི་ཆོས་སྐོར་ལ་སློབ་གཉེར་དང་ཉམས་ལེན་བྱས་ཤིང་། དེས་ཐུགས་འདོད་མ་ཁེངས་པར་ལྷོ་བྲག་མར་པ་ལོ་ཙཱ་པ་བསྟེན་པ་ཡིན་ཏེ། བླ་མའི་ཞལ་ནས། ཁྱོད་ལ་སྟོད་ནས་འོངས་པའི་མི་སྡིག་པོ་ཆེ་ཡིན་ཟེར་བ་བདེན་པར་འདུག ངའི་ཆོས་ཀྱི་ཁ་ཕོ་དེ་ཡང་ཅུང་ཟད་ཆེས་པ་ཞིག་བྱུང་འདུག་པས། ངས་ཁྱོད་མི་འདྲོངས་པར་འདུག་པས། ད་ཁྱོད་རང་ལྷོ་བྲག་གྲོ་བོ་ལུང་ཞེས་བྱ་བའི་དགོན་པ་ན། རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་པའི་དངོས་སློབ། སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་བྱ་བ་སྔགས་གསར་མའི་གྲུབ་ཐོབ། ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཞིག་བཞུགས། དེ་དང་ཁྱོད་རང་ཚེ་སྔ་མ་ནས་ལས་འབྲེལ་འདུག་པས་དེར་སོངས་ཤིག་གསུངས། དེར་ང་ལ་སྒྲ་སྒྱུར་མར་པའི་མཚན་ཐོས་པ་ཙམ་གྱིས་ཙམ་གྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་། ལུས་ལ་བ་སྤུ་ཀུན་གཡོ་བའི་བདེ་བ། མཆི་མ་འཁྲུགས་པའི་མོས་གུས་ཚད་མེད་པ་ཞིག་བྱུང་བས། བློ་རྩེ་གཅིག་ཏུ་དྲིལ་ནས། ལམ་རྒྱགས་དང་པོ་ཏི་འདྲ་ཡོད་པ་ཁྱེར་ཏེ། བསམ་པ་གཞན་གྱིས་བར་མ་ཆོད་པར་བླ་མ་དང་མཇལ་ཏེ་ཞལ་མཐོང་བ་ཞིག་ནམ་འོང་ན་བསམ་ཞིང་ཕྱིན།[21]ཞེས་བྱུང་ལ། ལྷོ་བྲག་མར་པས་ཁོང་གི་སྡིག་སྦྱོང་གི་ཆེད་དུ་མཁར་ལས་དང་གཅར་རྡུང་སོགས་གནང་སྟེ་རེ་ཞིག་གདམས་པ་མ་གནང་བས། ཁོང་དང་མར་པའི་གསང་ཡུམ་བདག་མེད་པས་གྲོས་བཏོན་ནས་མར་པའི་ཐུགས་སྲས་རྔོག་ཆོས་སྐུ་རྡོ་རྗེའི་དྲུང་དུ་ཕྱིན་ནས་རེ་ཞིག་སློབ་གཉེར་མཛད།
སྤྱིར་ཇོ་སྲས་མི་ལ་རས་པ་ཡིས་སྔགས་གསར་རྙིང་གི་བླ་མ་བཅུ་ཕྲག་གཅིག་ཙམ་བསྟེན་པ་ཁོང་གི་གསུང་མགུར་ནང་ཡོད་པ་སྟེ། ཁོང་གིས་རས་པ་ཞི་བ་འོད་ལ་གསུངས་པའི་མགུར་ནང་དུ། འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ།། ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་།། མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས།། མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན།། མི་ང་རང་མི་ལ་རས་པ་ཡིན།། ལྟེ་བ་གུང་ཐང་སྨད་དུ་བཅད།། སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས།། ཕ་དགྱེས་སྟོན་རྔོག་མེས་དབུ་མཛད་ནས།། རོང་སྟོན་ལྷ་དགའ་ཡན་ཆད་དུ།། ལར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས།། ཆོས་ནི་རྒྱུད་སྡེ་སྔ་འགྱུར་ཞུས།། ཁོང་ལྟ་དགོངས་ཆོས་ཀྱི་མཁྱེན་པ་མཐོ།། ཁྱད་པར་ལྷ་རྗེ་གནུབས་ཆུང་ལ།། དྲག་སྔགས་གཟའ་གདོང་དམར་ནག་ཞུས།། ཞེས་པ་ནས།། རྗེ་འགྲན་གྱི་དོ་མེད་ལྷོ་བྲག་པ།། བཀའ་དྲིན་ཅན་གྱི་རྗེ་བཙུན་ལ།། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད།། ལུས་ངག་གི་ཞབས་ཏོག་རྡུལ་དུ་བརླགས།། རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཞུས།། ཁྱད་པར་ནཱ་རོའི་ཐབས་ལམ་ཞུས།། བྱིན་རླབས་ཅན་གྱི་བདེ་མཆོག་ལ།། སྨིན་ལམ་དབང་བཞི་རྫོགས་པར་ཐོབ།། ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས།། དོན་གཉུག་མ་སེམས་ཀྱི་ངོ་བོ་མཐོང་།། གཞི་ཆོས་ཉིད་སྤྲོས་དང་བྲལ་བར་རྟོགས།། སྤྱིར་སྙན་བརྒྱུད་ཀྱི་ཆུ་བོ་རྣམ་བཞི་ལ།། གདམསངག་ཆེ་དགུ་སྤུས་བཏུས་ནས།། གནད་ཟབ་དགུ་བཅུད་ཀྱི་ཡང་སྙིང་ཕྱུངས།། སྒོམ་ནི་རྩ་རླུང་ཐིག་ལེ་བསྒོམས།། དོན་རླུང་སེམས་གཉིས་ལ་རང་དབང་ཐོབ།། ང་དེ་ཕྱིར་ནམ་མཁའི་རྣལ་འབྱོར་བ།།[22]ཞེས་སོགས་གསུངས་པ་དག་གིས་ཁོང་གི་བླ་མའི་གྲངས་འབོར་དང་སློབ་གཉེར་གྱི་བརྒྱུད་རིམ་རགས་རམ་ཙམ་ཞིག་རྟོགས་པར་འགྱུར་རོ།།
ཇོ་སྲས་ཀུན་དགའ་སྙིང་པོའི་སློབ་གཉེར་གྱི་བརྒྱུད་རིམ། (༡༠༩༢-༡༡༥༨)
ས་སྐྱ་པའི་ཆོས་བརྒྱུད་སྲོལ་འབྱེད་མཁན་གྱི་གྲས།
ས་སྐྱ་གོང་མ་རྣམ་ལྔའི་ཁྲོད་ཀྱི་དཀར་པོ་རྣམ་གསུམ་གྱི་ཡ་གྱལ་ཇོ་སྲས་ཀུན་དགའ་སྙིང་པོའམ་ས་ཆེན་ཀུན་དགའ་སྙིང་པོའི་སློབ་གཉེར་གྱི་བརྒྱུད་རིམ་ནི་ཧ་ཅང་ཀྱག་ཀྱོག་ཆེ་བ་ཞིག་ཡིན་ཞིང་། ཁོང་གི་སྐུ་སྐྱེ་སྔོན་མ་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་བྱང་སེམས་སྦྱིན་པ་དཔལ་ཞེས་པ་ཞིག་གི་རྣམ་ཤེས་དེ་འཁོན་དཀོན་མཆོག་རྒྱལ་པོ་དང་མ་ཅིག་ཞ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུང་བའི་རྟེན་འབྲེལ་བསྒྲིགས་པའི་སྐོར་ལ་གཏམ་རྒྱུད་སྙན་ལ་མཚར་བ་ཞིག་ཡོད་པ་དེ་རགས་རིམ་ཞིག་ས་སྐྱའི་གདུང་རབས་ལས་ཀྱང་བྱུང་ཞིང་། འདི་དུས་ཇོ་སྲས་རྣམས་ཀྱི་མི་ཚེའི་ནང་སློབ་གཉེར་ཧ་ཅང་གལ་ཆེན་ཞིག་ཡིན་པ་ནི། བ་རི་ལོ་ཙཱ་བས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང་བའི་བསླབ་བྱ་ཞིག་གིས་ཀྱང་གསལ་བོར་བསྟན་ཡོད་པ་སྟེ། བླ་མའི་ཞལ་ནས། ཁྱོད་ཕ་ཇོ་སྲས་ཀྱི་བུ་ལ་སློབ་གཉེར་བྱེད་དགོས་པ་ཡིན། དེ་ལ་ཤེས་རབ་དགོས་པས་ལྷ་འཕགས་པ་འཇམ་དཔལ་ཡིན་ཞིང་། ཨ་ར་པ་ཙ་ན་འདི་སྒྲུབས་གསུངས་ནས་བསྒྲུབས་པས།[23]ཞེས་བྱུང་ཞིང་། ཇོ་སྲས་ཀུན་དགའ་སྙིང་པོ་ལ་མཚོན་ན་སློབ་གཉེར་བྱེད་མགོ་རྩོམ་དུས་དགུང་ལོ་ཡང་ལྟོས་བཅས་ཀྱིས་ཆུང་བ་སྟེ། དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་དུས་སུ། ད་ཇོ་སྲས་འདི་སློབ་གཉེར་ཅིག་ལ་གཏོང་དགོས་པས་གང་དུ་གཏང་བ་དྲག་གྲོས་བྱས་པས། ཆོས་ཀྱི་བཤད་གཞི་ཆེ་བར་འདུག་པས་མངོན་པ་ཅིག་སློབ་ཏུ་གཏང་བ་དྲག་ཟེར་ཏེ། རོང་ངུར་སྨྲིག་ཏུ་བྱོན་པས་བྲང་ཏི་བའི་གྲྭ་པ་རྣམས་རྫོགས་ནས་བྲང་ཁང་མེད་པས། སྲང་ཁ་ཕུགས་རྡུགས་ཅིག་ཏུ་ཆར་པའི་ཡོལ་བ་བཅད་ནས་བཞུགས། ཁང་ཚེས་ན་ཡར་འབྲོག་ཁོབ་ལེ་བའི་གྲྭ་པ་ཅིག་ལ་འབྲུམ་བུ་སྨེ་བ་ནག་པོ་བྱུང་བ་ལ། ནད་གཡོག་མེད་པས་མ་བཟོད་ནས། བླ་མ་འདིས་གྲྭ་པ་དེ་ལ་གཡོག་མཛད་པས་ཕན་ཏེ། བླ་མ་ལ་འགོས་ནས་འབྲུམ་བུའི་ནད་ཀྱིས་བསྙུངས་ཏེ།[24]ཞེས་པ་འདི་བཀླགས་ན། ཇོ་སྲས་བྱིས་པ་ཆུང་ཆུང་འདིའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཐག་རིང་གི་ས་ཆར་སློབ་གཉེར་བྱེད་དུ་འགྲོ་དགོས་ཤིང་། སློབ་གཉེར་བྱེད་ཡུལ་དུ་ཡང་སྡོད་སའི་ཁང་པ་མེད་པར་ས་ཕུག་ཏུ་སྡོད་པ་དང་། ཟ་མ་གང་བྱུང་བསྟེན་དགོས་པ། ནད་པའི་གཡོག་བྱས་ཏེ་ནད་འགོས་པ་ལ་གདོང་ལེན་བྱེད་དགོས་པ་སོགས་དཀའ་ངལ་རབ་དང་རིམ་པ་ཞིག་ཀྱང་མྱོང་དགོས།
ཡང་ཇོ་སྲས་རྣམས་ཀྱི་སློབ་གཉེར་ལ་རང་རང་གི་ཕ་མའི་རྒྱབ་སྐྱོར་དང་སེམས་ཤུགས་སྤོར་བ་འདི་ཡང་ཧ་ཅང་གལ་ཆེ་བ་སྟེ། ས་ཆེན་བསྙུངས་པའི་རྗེས་སུ་ཁོང་གི་ཨ་མར་འཕྲད་དུས་སུ། མ་ཅིག་ཞ་མས་ཁོང་ལ་གནང་བའི་བསླབ་བྱ་འདི་ནི་ཁོང་ལ་མཚོན་ན་སེམས་སུ་ངར་ཤུགས་སྐྱེད་བྱེད་ཆེན་པོ་ཞིག་སྟེ། དེའི་དགོང་མོར་བང་ཆེན་པ་བསླེབ་པ་དང་། མ་ཅིག་གིས་ཀུན་དགའ་སྙིང་པོ་མ་ཤི་ན་རུང་། ཤི་ན་ང་ལའང་ས་སྐྱར་འཁོར་རྒྱུ་མེད་བསམས་ནས་ཚོང་འཕྲུལ་བྱས་ཏེ་གསེར་ལ་སོགས་པ་མང་པོ་ཁྱེར་ནས་བྱོན་པས། ཡུམ་སྲས་མཇལ་དུས་བླ་མ་འདི་སྐུ་ན་གཞོན་པ་དང་། ཐག་རིང་དུ་བསྙུངས་པའི་སྟབས་ནས་ཡུམ་གྱི་དྲུང་དུ་བཤུམས་པས། ཡུམ་ན་རེ། ཕ་ཇོ་སྲས་ཀྱི་བུ་བྱ་བ་ལ་སྙིང་རུས་དགོས་པ་ཡིན། སྙིང་རུས་ཀྱི་ཚུ་ག་དང་། ཁྱོད་དགེ་འདུན་རྒྱ་མཚོ་ལྟ་བུ་འདིའི་གསེབ་ཏུ་ཤི་ན་རང་ལེགས་པ་ཡིན་ཏེ་ནས་ཤེ་བཅད་སྐད།[25] ཅེས་བྱུང་བ་འདི་ལས་ཁོང་གི་མ་ཡུམ་དེ་ཧ་ཅང་སེམས་རྒྱ་ཆེན་པོ་ཅན། རྗེ་བཙུན་མི་ལའི་མ་ཡུམ་ལྟར་རང་གི་བུའི་སློབ་གཉེར་གྱི་ཆེད་དུ་དཀའ་བ་སྤྱོད་ནུས་པ། བསྟན་དོན་ལ་ལྷག་བསམ་ཆེ་བ་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱི་མ་ཡུམ་བྲམ་ཟེ་མོ་དེ་ལྟ་བུ་ཞིག་ཡིན་པའི་སྣང་བ་བཅོས་མིན་དུ་སྟེར།
ཡང་ཇོ་སྲས་རྣམས་ཀྱི་སློབ་གཉེར་ལམ་ལུགས་ཀྱི་ཁྲོད་དུ་ངེས་པར་བརྒྱུད་དགོས་པ་ཞིག་སྟེ། ཇོ་སྲས་རང་རང་གི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེའི་ཕྱོགས་སུ་སློབ་གཉེར་བྱེད་པ་འདི་ལ་ཧ་ཅང་གལ་ཆེན་དུ་བཟུང་ཡོད་པར་སྣང་སྟེ། དེ་ནས་བགྲེས་པོ་རྣམས་བགྲོས་ཏེ། ད་ཕ་ཆོས་ཤིག་རྩད་གཅོད་པར་འཐད་པར་འདུག་པས། པུ་ཧྲང་པ་གསལ་རྙིང་མཁས་ཏེ་ནི་གཤེགས། དེའི་སློབ་མ་འཁོན་སྒྱུ་ཆུ་བ་དགྲ་ལྷ་འབར་མཁས་ཀྱང་ཟེར། གདུང་རུས་ཀྱང་གཅིག་པས་ཁོང་ཅན་བྱོན་པ་དྲག་ཟེར་ནས་བྱོན་པས།[26] ཞེས་པ་འདིས་ཇོ་སྲས་དག་གི་སློབ་གཉེར་གྱི་ཕྱོགས་སུ་རྒན་རབས་པ་ཚོས་ཀྱང་ཐུགས་ཁུར་ཅི་ཙམ་བཞེས་ཡོད་པ་བསྟན་འདུག
ད་དུང་ཇོ་སྲས་རྣམས་སློབ་གཉེར་ལ་བྱོན་དུས་སློབ་དཔོན་དེ་ཚོས་ཇོ་སྲས་རང་རང་གི་འབྱུང་ཁུངས་སློབ་གཉེར་གྱི་བརྒྱུད་རིམ་སོགས་རྒྱབ་ལྗོངས་ལ་ཡང་བརྟག་དཔྱད་དམ་འདྲི་ཞིབ་བྱེད་སྲོལ་ཞིག་ཀྱང་ཡོད་པ་སྟེ། ས་ཆེན་གྱིས་བླ་མ་སེ་མཇལ་དུས། བླ་མ་སེ་མཁར་ཆུང་བས་རྗེའི་གྲོགས་པོ་ཚོ་ལ་རེ་རེ་ནས། ཇོ་སྲས་ཉིད་ཡུལ་གང་ནས་ཡིན། ཡོན་ཏན་ཅི་ཤེས། བཤད་པ་མནོའམ། བསྒྲུབ་པ་བྱ་མནོ་གསུངས་ཤིང་། དེ་ནས་བླ་ཆེན་ལ་ཇོ་སྲས་ཁྱེད་ཡུལ་གང་ནས་ཡིན་གསུངས་པས། [27]ཞེས་བྱུང་བས། སློབ་དཔོན་གྱིས་སློབ་མ་ཇོ་སྲས་རེ་རེའི་རྒྱབ་ལྗོངས་དྲིས་པ་འདིས་སློབ་དཔོན་གྱིས་སློབ་མར་དཔེ་ཁྲིད་བྱེད་དུས་སུ་འཕྲད་ངེས་པའི་དཀའ་ཁག་མང་པོ་ཞིག་ཐག་གཅོད་བྱེད་པར་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པ་གདོན་མི་ཟ་སྙམ།
ཇོ་སྲས་མོ་མ་ཅིག་ལབ་སྒྲོན་གྱི་སློབ་གཉེར་བརྒྱུད་རིམ། (༡༠༥༥-༡༡༤༩)
ཞི་བྱེད་པའི་ཆོས་བརྒྱུད་སྲོལ་འབྱེད་མཁན།
ཁ་ཅིག་གིས་མ་ཅིག་ལབ་སྒྲོན་ལ་ཇོ་སྲས་མོ་ཞེས་འདོག་མི་རུང་ཞེས་སྙམ་སྲིད་ཀྱང་དེ་ལྟར་མ་ཡིན་ཏེ། མ་ཅིག་གི་རྣམ་ཐར་ལས། དེའི་ཡུལ་དང་ཡབ་ཡུམ་ནི། ཡུལ་ལབ་ཕྱི་དབྱེ་བའི་གངས་བར་ངམ་ཤོད་བྱ་བའི་སྨད་དུ། གྲོང་ཁྱེར་མཚོ་མེར་བྱ་བའི་རྗེ་བོ་འབྲོག་མི་ཞེས་པ་ནི་དཔོན་པོའམ། གཙོ་བོའམ། ཁས་རྒན་ནམ། ཆོས་ཀྱི་ཟླ་བ་ཞེས་པ་ནི་ཡབ་ཡིན་ནོ། ། ཡུམ་ནི་ཕྱུག་པོ་ཚང་གི་བུ་མོ་འབུམ་ལྕམ་བྱ་བ་ཡིན། ཡབ་ཡུམ་འདི་གཉིས་རིགས་མཐོ་ཞིང་གཟུགས་ལེགས་ཤིང་འབྱོར་བ་ཆེ་བ། ངང་ཚུལ་དད་ཅིང་མི་སྡེ་དང་འཁོར་འབངས་ལ་ཤིན་ཏུ་བྱམས་པ། ཅི་བྱེད་ཐམས་ཅད་ཆོས་དང་མཐུན་པར་སྤྱོད་ཅིང་། ཡོ་བྱད་ཐམས་ཅད་ཆོས་ལ་གཏོང་ཞིང་། དཀོན་མཆོག་ལ་དད་ཅིང་ལྷག་པར་དགེ་འདུན་གྱི་ཞབས་ཏོག་ལ་རེམ་པ། རང་གིས་ཀྱང་ཆོས་སྨྲ་ཞིང་ལུས་ངག་ཡིད་གསུམ་ཆོས་ལ་བསྒྱུར་ཅིང་། གཞན་ལ་ཡང་དེ་བཞིན་དུ་སློབ་པའི་བྱང་ཆུབ་སེམས་དཔའི་རིགས་བཟང་ཤོས་ཀྱི་ཇོ་བོ་དང་ཇོ་མོ་ཡིན་ཏེ།[28]ཞེས་པ་འདི་བྱུང་བས། ཡབ་ཇོ་བོ་དང་ཡུམ་ཇོ་མོ་གཉིས་ཀྱི་སྲས་མོ་ཇོ་སྲས་མའམ་ཇོ་སྲས་མོ་ལས་གཞན་ཅི་ཞིག་ཡིན་ཞེས་ཁོ་བོས་འདྲི་བ་ལགས།
ཁོང་གི་སློབ་གཉེར་གྱི་བརྒྱུད་རིམ་ནི། ལོ་ལྔ་ནས་ཡུམ་གྱིས་ཡི་གེ་བསླབས་ཏེ། བརྡ་བསྟན་པ་ཙམ་གྱིས་ཡི་གེ་ལ་མཁས་པ་བྱུང་ནས། ཁོང་རང་གི་མཆོད་གནས་ཇོ་མོ་དམ་པ་ཞིག་ཡོད་པ་ལ། ཡིག་ཆེན་ཐམས་ཅད་སློབ་ཞུས་པས། ལོ་བརྒྱུད་ལོན་ཙ་ན། ཤོག་ཐོག་གི་ཡི་གེ་ལ་མཁས་ཤིང་། ཉིན་རེ་ལ་བརྒྱུད་སྟོང་པ་ཚར་གཉིས་ཀློག་ཐོན་ནོ།། མཆོད་གནས་ན་རེ། ཇོ་མོ་ཁྱོད་ཀྱི་བུ་མོ་འདི་རང་རྒྱུད་པ་མ་ཡིན་བྱུང་། མཁའ་འགྲོ་མ་བཟང་མོ་ཞིག་ཡིན་པར་འདུག ངས་ནི་མོའི་ཤེས་རབ་ཀྱི་རྩེ་མི་ནོན་པར་སྣང་། འདིའི་ཤེས་རབ་ནི་ནགས་ཆེན་པོ་ལ་མེ་མཆེད་པ་བཞིན་འབར་བདོ། ཤེས་རབ་སྒྲོན་མེ་ཞེས་མིང་ཐོགས་ཟེར།[29]ཞེས་བྱུང་བས། མ་ཅིག་དགུང་ལོ་གཞོན་ནུས་ནས་ཤེས་རབ་ཆེན་པོ་ཅན་ཞིག་ཡིན་པ་བསྟན་འདུག
དེ་ནས་མ་ཅིག་གིས་སློབ་གཉེར་མུ་མཐུད་བྱས་ཚུལ་ནི། དེ་ནས་གྲྭ་པ་མངོན་ཤེས་ཅན་གྱིས། ལབ་སྒྲོན་སྣོད་ལྡན་དུ་གཟིགས་ནས། མདོ་མང་། འབུམ། ཉི་ཁྲི། བརྒྱད་སྟོང་པ་དང་། མདོ་ཕྲན་མང་པོའི་བཀླག་ལུང་དང་། དེའི་དོན་གྱི་བཤད་པ་མང་པོ་མཛད་པས། འབུམ་གྱི་འགྲེལ་ཆེན། ཉི་ཁྲིའི་འགྲེལ་ཆུང་ནས་ཡི་གེ་གཅིག་མ་ཡན་ཆད་ཀྱི་དོན་བཤད་པ་ལ་མཁས་ཤིང་། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས། བླ་མ་ལ་རྟོགས་པ་ཕུལ་བས། ཇོ་མོ་ཁྱོད་ཀྱིས་རྒྱས་འབྲིང་རྣམ་གསུམ་ཐུགས་སུ་ཆུད་ཅིང་། མདོ་སྡེ་ལ་རང་དབང་ཐོབ་པར་འདུག[30]ཅེས་གསུངས་འདུག
ཡང་མ་ཅིག་གི་སློབ་དཔོན་གཉིས་པ་སྟེ། སྐྱོ་སྟོན་བསོད་ནམས་བླ་མ་དང་མཇལ་ཚུལ་ནི། སྐྱོ་སྟོན་བསོད་ནམས་བླ་མ་ཞེས་པ་དེ་བྱོན་ནས། དཔོན་མོ་ཆུང་ཆུང་ཁྱོད་ཕ་རོལ་ཏུ་ཕྱིན་པའི་ཚིག་ལ་མཁས་པར་འདུག དེའི་དོན་ཤེས་སམ་གསུངས། དོན་ངས་ཤེས་བྱས་པས། འོ་ན་དོན་ཤོད་གསུངས། ས་བཅུ་ལམ་ལྔའི་ཚུལ་དུ་བཤད་པས་ལམ་བགྲོད་པའི་ཚུལ་དང་། དོན་ཉམས་སུ་ལེན་ཚུལ་དང་། མཐར་འབྲས་བུ་སངས་རྒྱས་ཐོབ་ཚུལ་རྣམས་ཞིབ་ཏུ་བཤད་པས། བླ་མའི་ཞལ་ནས། དོན་བཤད་པ་ལ་མཁས་པར་སྣང་སྟེ། དོན་རང་རྒྱུད་ལ་མ་སྐྱེས་པར་འདུག་གསུངས། དོན་རང་རྒྱུད་ལ་སྐྱེས་བྱ་བ་ཇི་ལྟར་ཡིན་ཞུས་པས། བླ་མའི་ཞལ་ནས། ད་ལྟར་ཁྱེད་ཀྱིས་གསུངས་པ་དེ་རྣམས་གོ་བ་ཟེར་བ་དེ་ཡིན། ཆོས་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་ལེགས་པར་ཤེས་པ་བྱ་བ་དེ་མ་ཡིན། ཆོས་ཐམས་ཅད་ཀྱི་དོན་ཤེས་པ་དེ་རང་གི་རྒྱུད་ལ་སྐྱེས་ནས་འོང་ཙམ་ན། སྔར་གྱི་བློ་འཛིན་སྟངས་དེ་དང་མི་འདྲ་བའི་བློ་གསར་པ་ཞིག་ཀྲོང་གིས་སྐྱེས་ནས་འོང་བ་ཡིན། དེ་ཡི་དུས་དུ་འཛིན་པ་ཐམས་ཅད་དང་བྲལ་བློ་ཞིག་སྐྱེས་ནས། འཛིན་མེད་དུ་ཁྲོལ་ཏེ་བྱ་བྱེད་ཀྱི་བློ་ཐམས་ཅད་དང་བྲལ་ཏེ། བྱར་མེད་ཤེས་རབ་ཆེན་པོའི་མེ་ཆེན་རྒྱས་ནས། བདག་འཛིན་མ་རིག་པའི་མུན་པ་ཐམས་ཅད་འཇོམས་པར་བྱེད་པ་ཡིན་པས། དོན་གྱི་རྩ་བ་རང་སེམས་ལ་ག་དར་ལེགས་པོར་ཆོད་ཅིག་གསུངས་ནས་བླ་མ་བྱོན་ནོ།།[31]ཞེས་པ་འདི་ནི། ཀླད་དུ་བརྗོད་པའི་ཇོ་སྲས་སློབ་གཉེར་བ་ཚོའི་ཁྲོད་ཀྱི་སློབ་གཉེར་བྱེད་པའི་དམིགས་ཡུལ་ལྟེ་བ་ཞིག་སྟེ། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པ་དག་ལ་སོ་སོའི་སློབ་དཔོན་གྱིས་བསྟན་པའི་གདམས་ངག་ཁྱད་པར་བ་ཞིག་ཡིན་ཞིང་། ཡང་མ་ཅིག་གིས་རྒྱ་གར་གྱི་ཕ་དམ་པ་སངས་རྒྱས་ལས་གདམས་ངག་ཞུས་པའི་སྐོར་ལ། ནམ་མཁའ་སྒོ་འབྱེད་ཀྱི་འཕོ་བ་དང་། ཞི་བྱེད་ཀྱི་སྐོར་དང་། གཅོད་གྲོལ་ཚོགས་དྲུག་གི་གདམས་པ་རྣམས་དང་། ཞི་བྱེད་ཧྰུཾ་སྐོར། དམར་ཁྲིད་སྐོར། ཕཊ་སྐོར་གསུམ་དང་། ཨུཏྤ་ལའི་བརྡ་ཆོས། སྒྱུ་འཕྲུལ་ཆེན་མོ། ཇོ་མོ་ཕྱག་གཉིས་མ། བཀའ་བརྒྱུད་བླ་མའི་རྣལ་འབྱོར་ཟབ་ལམ་མ། འཕོ་བ་གྲོང་འཇུག་གི་གདམས་པ་རླུང་སེམས་འདྲེན་པའི་གནད་ཀྱིས་ལྷག་པའི་ལམ་ཞུགས་མ། སྒྱུ་ལུས་རྨི་ལམ་དང་བར་དོའི་སྦྱོང་ཚུལ་ཅིག་ཅར་དུ་སྟོན་པའི་རྡོ་རྗེའི་ཕྲ་ཐིག་མན་ངག འཁྲུལ་གཅོད་བཀའ་རྒྱའི་མའི་མན་ངག དུར་ཁྲོད་ཆེན་པོའི་དམིགས་པ་བྱ་བ་གདན་ཐོག་གཅིག་ཏུ་གཅོད་པའི་གདམས་པ་བརྒྱད་སོགས་ཞུས་འདུག [32]
མ་ཅིག་ལབ་སྒྲོན་གྱི་སྐུ་ཚེའི་ནང་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ནི་ཁོང་གིས་ཐོད་པ་བྷ་དྲ་ཞེས་པའི་རྒྱ་གར་གྱི་གྲུབ་ཐོབ་ཅིག་གསང་སྔགས་ཀྱི་ཐབས་གྲོགས་སུ་བསྟེན་པའི་སྐབས་ཀྱི་ཡུལ་མིའི་སྐུར་འདེབས་དྲག་པོ་དེ་ཡིན་ཞིང་། དེའི་རྐྱེན་གྱིས་ཁོང་དབུས་གཙང་དུ་བཞུགས་མ་ཐུབ་པར་མཐའ་མཚམས་དྭགས་ཀོང་ཉང་གསུམ་དུ་ཕེབས་ནས་བཞུགས་དགོས་བྱུང་འདུག [33]
གོང་གསལ་ཇོ་སྲས་དག་གིས་སློབ་གཉེར་གྱི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་བཀའ་དྲིན་གྱིས། རང་རེ་ཕྱི་རབས་པ་དག་ལ་མདོ་སྔགས་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཕ་ནོར་བུ་སྤྲོད་ཀྱི་ཚུལ་དུ་བཞག་གནང་ཡོད་པ་དང་། ནོར་བུའི་ནོར་ངོ་ཤེས་མཁན་ཇེ་དཀོན་ནས་ཇེ་དཀོན་དུ་སོང་དང་འགྲོ་བཞིན་པའི་དེང་གི་དུས་ཚོད་འདིར། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་གཡུང་དྲུང་བོན་དང་བཅས་པའི་ཆོས་རིག་གསེར་གྱི་ཐང་མ་ཆེན་པོ་ཞིག་གངས་ལྗོངས་མཐའ་དབུས་མེད་པར་བརྡལ་ཡོད་པས། རང་རེ་ཕྱི་རབས་པ་ཚོས་སྔ་རབས་ཇོ་སྲས་རྣམ་པའི་ལོ་རྒྱུས་བཀླགས་ཏེ་བཀའ་དྲིན་རྗེས་དྲན་དང་། ཤེས་རབ་ཀྱི་མིག་ཟུང་གདངས་ཏེ་དུས་རབས་དང་བསྟུན་ནས་མེས་པོའི་ཞབས་རྗེས་བསྙེག་དགོས་པ་ཞིག་ནི་གནད་ཀྱི་དོན་པོ་དེ་ཡིན་ནོ།།
ལུང་འདྲེན་གྱི་འབྱུང་ཁུངས།
[1] སྔ་འགྱུར་རྙིང་མའི་ཞིབ་འཇུག རྒྱ་གར་མེ་སོར་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་དཔར་མ། 2018 ཤོག་ངོས 17
[2] རོང་ཟོམ་ཆོས་བཟང་གི་གསུང་འབུམ། ཟི་ཁྲོན་དཔར་མའི་1999 ཤོག་ངོས། 4
[3] གོང་གསལ་གསུང་འབུམ། ཤོག་ངོས། 4
[4] 10 Most Brilliant Kids In The Universe – YouTube
[5] He Draws New York’s Skyline From Memory | The Daily 360 – YouTube
[6] གོང་གསལ་གསུང་འབུམ། ཤོག་ངོས། 5
[7] སྔ་འགྱུར་རྙིང་མའི་ཞིབ་འཇུག རྒྱ་གར་མེ་སོར་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་དཔར་མ། 2018 ཤོག་ངོས 24
[8] འགོས་ལོའི་དེབ་ཐེར་སྔོན་པོ་ཟི་ཁྲོན་པར་མ། 1982 ཤོག་ངོས། 206-207
[9] ཝེ་ཁེ་རིག་མཛོད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། – Wikipedia
[10] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། 1983 ཤོག་ངོས། 5-6
[11] གོང་གསལ་པར་མའི་ཤོག་ངོས། 6
[12] གོང་གསལ་པར་མའི་ཤོག་ངོས། 7-8
[13] གོང་གསལ་པར་མའི་ཤོག་ངོས། 8
[14] གོང་གསལ་པར་མའི་ཤོག་ངོས། 8-9
[15] གོང་གསལ་པར་མའི་ཤོག་ངོས། 9
[16] གོང་གསལ་པར་མའི་ཤོག་ངོས། 10
[17] BDRC དྲ་ངོས་སུ་བཞག་ཡོད་པའི་ལྷ་ལྡན་ཤིང་པར་མའི་ཤོག་ངོས་བདུན་པའི་ཉིན་དང་སྲིབ།
[18] གོང་གསལ་པར་མའི་ཤོག་ངོས་ཉེར་དགུའི་ཉིན་དང་སྲིབ།
[19] རྣལ་འབྱོར་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར། རུས་པའི་རྒྱན་ཅན་གྱིས་བརྩམས། 1989 ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས། 13
[20] གོང་གསལ་པར་མའི་རྣམ་ཐར། ཤོག་ངོས། 27
[21] གོང་གསལ་པར་མའི་རྣམ་ཐར། ཤོག་ངོས། 53
[22] གོང་གསར་པར་མའི་རྣམ་ཐར། ཤོག་ངོས། 324-325
[23] ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། བདག་ཆེན་ཨ་མེས་ཀུན་དགའ་བསོད་ནམས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས། ཤོག་ངོས། 26
[24] གོང་གསལ་པར་མའི་རྣམ་ཐར། ཤོག་ངོས། 27
[25] གོང་གསལ་པར་མའི་རྣམ་ཐར། ཤོག་ངོས། 27
[26] གོང་གསལ་པར་མའི་རྣམ་ཐར། ཤོག་ངོས། 30-31
[27] གོང་གསལ་པར་མའི་རྣམ་ཐར། ཤོག་ངོས། 32
[28] ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། 1992 ཤོག་ངོས། 250
[29] གོང་གསལ་པར་མའི་ཤོག་ངོས། 257
[30] གོང་གསལ་པར་མའི་ཤོག་ངོས། 262
[31] གོང་གསལ་པར་མའི་ཤོག་ངོས། 265-266
[32] གོང་གསལ་པར་མའི་ཤོག་ངོས། 274-275
[33] གོང་གསལ་པར་མའི་ཤོག་ངོས། 285
– – – – –