མཛད་པ་བཅུ་གཉིས་ལ་ཟུར་གཞན་ནས་དཔྱད་པ།

4
641

ལྷ་སྒྲུང་ནི་གང་། ལོ་རྒྱུས་ནི་ཅི།

མདོ་རྒྱ་ཆེ་རོལ་བ་དང་མདོ་མྱང་འདས་ཆེན་མོ་སོགས་ཆེད་དུ་སྟོན་པའི་རྣམ་ཐར་བརྗོད་པའི་བཀའ་དང་བསྟན་བཅོས་མང་དུ་བཞུགས་པའི་ཁྲོད་དུ། གཅིག་ནས་ལོ་རྒྱུས་རིང་བ་དང་། གཉིས་ནས་ཐེག་པ་ཐུན་མོང་གིས་ཁས་ལེན་པ། གསུམ་དུ་དངོས་ཡོད་ཀྱི་བྱུང་བ་དང་བར་ཐག་ཉེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་ཐར་ནི་མངོན་པར་འབྱུང་བའི་མདོ་དང་། ཉན་ཐོས་ཀྱི་སྡེ་པ་སོ་སོའི་སྡེ་སྣོད་དུ་འཁོད་པའི་སྐྱེས་རབས། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་སོགས་ཡིན་པར་བཤད་མོད། གསང་སྔགས་དང་ཐེག་ཆེན་གྱི་མདོ་རྒྱུད་ལས་བྱུང་བའི་སྟོན་པའི་རྣམ་ཐར་གཞན་པ་སྨོས་ཅི་དགོས་ཏེ། ཐ་ན་བོད་ཡིག་ཏུ་འགྱུར་བའི་སྟོན་པའི་རྣམ་ཐར་སྔ་ཤོས་སུ་གྱུར་པ་ཐེག་དམན་ཉན་ཐོས་ཚུན་ཆད་ཀྱིས་ཁས་ལེན་པའི་མངོན་པར་འབྱུང་བའི་མདོ་ཡིན་ན་ཡང་། “ཇི་ལྟར་བྱང་ཆུབ་སེམས་དཔའི་ལག་པ་གཡོན་པས་གླང་པོ་ཆེ་ལྔ་བརྒྱ་དྲངས་པ་དང་སྦྱར་ན། གདོན་མི་ཟ་བར་ལག་པ་གཉིས་ཀྱིས་ནི་གླང་པོ་ཆེ་སྟོང་ཐུབ་ཀྱིས། དེ་བས་ན་གཞོན་ནུའི་མིང་གླང་པོ་ཆེ་སྟོང་གི་སྟོབས་ཅན་ཞེས་གདགས་སོ། །”ཞེས་རྒྱལ་བུ་དོན་གྲུབ་བྱིས་པ་ཡིན་དུས་ནས་ཕྱག་གཡོན་པའི་མཛུབ་མོ་གཅིག་ལ་ཐག་པ་བཏགས་ཏེ་གླང་པོ་ཆེ་ལྔ་བརྒྱས་འཐེན་ཀྱང་མཛུབ་མོ་སྒུལ་བ་ཙམ་ཡང་མ་ནུས་སྐད་དང་། ཡང་དེ་ཉིད་ལས། “ལྷ་སྦྱིན་གྱིས་ནི་གླང་ཆེན་དབང་པོ་བསད། །དགའ་བོས་དེ་ནི་གོམ་པ་བདུན་དུ་དྲུད། །བྱང་ཆུབ་སེམས་དཔས་ཕྱག་གིས་བར་སྣང་ལ། །རྡོ་བ་བཞིན་དུ་ཕྱི་རོལ་རྒྱང་རིང་འཕངས། །”ཞེས་རྒྱལ་བུ་དོན་གྲུབ་གཞོན་ནུ་ཡིན་པའི་དུས་ནས་གླང་ཆེན་ཤི་རོ་རྡོ་བ་བཞིན་དུ་རྒྱང་རིང་ལ་འཕངས་བཞག་རབས་དང་། གཞན་ཡང་གྲགས་འཛིན་མ་བཙུན་མོར་བཞེས་སྐབས་དེའི་འཁོར་དུ་བུད་མེད་ཉི་ཁྲི་ཙམ་ཡོད་ཚུལ་སོགས་མདོར་ན་མདོ་དེའི་མགོ་ནས་མཇུག་བར་དུ་དངོས་ཡོད་ཀྱི་ལོ་རྒྱུས་ཕྲན་བུ་རེ་ལ་གཞི་བཅོལ་ནས་ཚད་ལས་བརྒལ་བའི་འུད་བརྗོད་དང་། སྒྲོ་བཏགས་ཤ་སྟག་བྱས་ཡོད་པ་ལས་ལོ་རྒྱུས་དྲང་བརྗོད་ཟེར་བ་ཤིན་ཏུ་ཉུང་བའི་ཚོད་དུ་སྣང་། འོན་ཀྱང་ཐེག་དམན་རང་ལུགས་ལྟར་ན་མཛད་པ་སྔ་མ་མང་ཆེ་བའི་དུས་སུ་མཐོང་ལམ་ཙམ་ཡང་མ་ཐོབ་པའི་སོ་སོའི་སྐྱེ་བོ་ཞིག་ཡིན་དགོས་པས་སངས་རྒྱས་ལྟ་བུའི་རྫུ་འཕྲུལ་དེ་འདྲ་ཡོད་དོན་ཅི་ཡང་མེད་སྙམ་མོ།  །

འོ་ན་སྟོན་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་དེ་ཉིད་རྒྱུ་མཚན་ཅིའི་ཕྱིར་ན་ལྷ་སྒྲུང་རབ་བཏགས་ཀྱིས་བརྒྱན་ཏེ་བཤད་པ་ཡིན་ནམ་ཞེ་ན།  གནའ་བོའི་རྒྱ་གར་ནི་ལྷ་སྒྲུང་གི་ཕ་ས་ཡིན་པས་གནས་དེ་ནས་རྣམ་བཞག་གང་བཤད་ཀྱང་ལྷ་སྒྲུང་གིས་མ་བརྒྱན་ན་མཛེས་འཆོས་མ་བྱས་པའི་བུ་མོ་ཁ་ཤོ་བཞིན་དུ་གཞན་ཡིད་འཕྲོག་པའི་འགུག་ཤུགས་ཁྱོན་ནས་མེད་པས། དོན་དངོས་རྗེན་པ་རང་བཤད་ནས་བསྡད་ན་རྣམ་བཞག་དེ་མུ་མཐུད་ནས་མི་ཡུལ་དུ་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་རེ་བ་བྲལ་བས། རྣམ་ཐར་ལྷ་སྒྲུང་དུ་བསྒྱུར་བ་ནི་ཐབས་མཁས་ཀྱི་མཛད་པ་རྨད་དུ་བྱུང་བ་ཞིག་ཏུ་ཤེས་ཏེ་དད་པ་སྐྱེ་དགོས་པ་ལས་གླེན་གཏམ་ལུང་པ་གང་ལབ་འདུག་བསམ་ནས་ཞེ་ཁྲེལ་བར་མི་བྱའོ།  །

ཡིན་ན་ཡང་ད་ལྟ་ནི་ཡུལ་དུས་ཀྱི་གནས་སྟངས་འགྱུར་ཟིན་པས་ཁོ་བོས་ད་ལམ་དེང་དུས་ཀྱི་མི་དག་གི་ཁམས་དབང་མོས་པ་དང་མཐུན་པར་དེང་རབས་ནང་བསྟན་ཞིབ་འཇུག་པས་རྙེད་པའི་གྲུབ་དོན་གསར་པ་དང་། ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཚད་ལྡན་རྣམས་ལ་ཁུངས་བཅོལ་ཏེ་མཛད་པ་བཅུ་གཉིས་ལས་འཕྲོས་པའི་བགྲོ་གླེང་ཉུང་ཉུང་ཞིག་བྱེད་འདོད་བྱུང་ལ། དེ་ནི་དུས་རབས་འདི་ལྟ་བུ་ནས་སྟོན་པ་སངས་རྒྱས་ཀྱི་ཤེས་རབ་དང་ཐུགས་རྗེའི་རླབས་རྒྱུན་མུ་ནས་མུ་རུ་གནས་པ་ལ་དེ་ལྟ་བུའི་བགྲོད་ལམ་ཞིག་དགོས་གལ་ཆེ་བར་མཐོང་བས་ཡིན་ནོ། །

དེ་ཡང་རྒྱལ་བུ་དོན་ཀུན་གྲུབ་པ་དགུང་ལོ་སོ་ལྔ་ཡན་ཆོད་ལ་སོ་སོའི་སྐྱེ་བོ་ཁྱད་པར་བ་ཞིག་ཡིན་པ་དང་། དེའི་རྗེས་སུ་ཕྱག་རྒྱ་ཆེན་པོའི་ལྟ་བ་འཁྲུངས་ཏེ་གཟོད་སངས་རྒྱས་ཀྱི་ས་ལ་གཤེགས་པའི་རྩ་དོན་གཞིར་བཞག་སྟེ། མདོ་རྒྱུད་ཁག་ཏུ་དགུང་ལོ་སོ་ལྔའི་གོང་གི་རྣམ་ཐར་ལ་བསམ་གྱིས་མི་ཁྱབ་པའི་གཏམ་རྒྱུད་གསུངས་པ་མང་ཆེ་བ་ཞིག་ལྷ་སྒྲུང་ཡིན་པ་དང་། དགུང་ལོ་སོ་ལྔའི་རྗེས་ཀྱི་རྣམ་ཐར་ལ་བསམ་གྱིས་མི་ཁྱབ་པའི་རྣམ་བཞག་གསུངས་པ་རྣམས་ཕལ་ཆེར་དོན་དངོས་ཡིན་སྲིད་པའི་ལངས་ཕྱོགས་བཟུང་ནས་གླེང་བར་མོས་སོ། །

དེའི་རྒྱུ་མཚན་ནི། རྣམ་པ་གཅིག་ཏུ་ན་དམ་པ་ཁོང་སྐུ་ན་མཐོན་པོར་གཤེགས་རྗེས་འཁོར་འདས་མ་ལུས་སེམས་ཀྱི་རྣམ་འཕྲུལ་ཙམ་དུ་རྟོགས་ཏེ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་གང་འདོད་དུ་བསྟན་ཅིང་། སེམས་ཀྱི་ངོ་བོ་བསྒྲིབས་མེད་དུ་མཐོང་སྟེ་སྔར་འཇིག་རྟེན་ལ་མ་གྲགས་པའི་དམ་ཆོས་གསར་པ་ཕོན་ཆེན་ཞིག་རྩོལ་མེད་དུ་གསུངས་པ་ན། ཕྱིས་ཀྱི་རྗེས་འཇུག་རྣམ་པའི་སེམས་སུ་ངོ་མཚར་བའི་སྐྱེས་བུ་ཆེན་པོ་ཁོང་ནི་སྐུ་ན་གཞོན་པའི་དུས་ནས་ཀྱང་དེ་འདྲ་ཞིག་ཡིན་པ་མ་ཟད། ཐ་ན་མ་ཡུམ་གྱི་ལྷུམས་སུ་མ་ཞུགས་པའི་གོང་ནས་ཀྱང་དེ་འདྲ་ཞིག་ལོས་ཡིན་སྙམ་སྟེ་ཡ་མཚར་བའི་གཏམ་རྒྱུད་སྣ་ཚོགས་རྟོག་བཟོ་བྱས་ཡོད་པར་མཐོང་བས་སོ། །

སྔོན་ཆད་ག་རེ་བྲིས། ད་ཅི་ཞིག་འབྲི།

མདོ་སྡེ་བསྐལ་བ་བཟང་པོའི་ནང་དུ་ད་ལྟའི་ཤཱཀྱ་ཐུབ་པ་ཙམ་མིན་པར་སྔོན་དུ་བྱོན་ཟིན་པ་དང་མ་འོངས་པ་ལ་འབྱོན་པར་འགྱུར་བའི་སངས་རྒྱས་རྣམ་པའི་བྱུང་བ་བརྗོད་སྐབས། སློབ་མའི་མཆོག་དང་སྐུ་ཚེའི་ཚད་སོགས་རྣམ་པ་བཅུ་གཉིས་རེའི་ཐོག་ནས་གསུངས་ཡོད་ན་ཡང་གཙོ་ཆེར་མཛད་པ་བཅུ་གཉིས་དང་སྦྱར་ནས་གསུངས་པ་དང་། ཕྱིས་སུ་བཙུན་པ་རྟ་དབྱངས་དང་། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཐོགས་མེད་སོགས་ཀྱིས་ཀྱང་མཛད་པ་བཅུ་གཉིས་ཀྱི་ངོས་ནས་སྟོན་པ་རྗེས་སུ་དྲན་ཅིང་སྔགས་བརྗོད་གནང་བ་སོགས་ཀྱི་རྐྱེན་ལ་བརྟེན་ནས། ད་སྐབས་ཕལ་མོ་ཆེའི་སེམས་སུ་སྟོན་པའི་རྣམ་ཐར་ཟེར་ན་ལམ་སང་མཛད་པ་བཅུ་གཉིས་ཡིད་ལ་ཤར་ཡོང་བའི་ཚད་ལ་ཐོན་ཡོད་པ་འདྲ་སྟེ། སྟོན་པའི་དུས་དྲན་ཆེ་གྲས་ལ་ཐུག་སྐབས་ང་ཡིན་ཁོ་ཡིན་ཟེང་བའི་གཏམ་བཤད་པ་དང་སྙན་ངག་པ་ཚོས་མཛད་པ་དེ་དག་ཁོ་ནའི་ཐོག་ནས་རྗེས་དྲན་ཞུ་བཞིན་འདུག་པས་སོ། །

འོན་ཀྱང་ཁོ་བོས་ནང་ཆོས་ཀྱི་ཐུན་མོང་མིན་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ངོས་ཐད་ནས་བལྟས་ན་སངས་རྒྱས་པ་དང་ཆོས་འཁོར་བསྐོར་བ་གཉིས་མ་གཏོགས། དེ་མིན་གྱི་མཛད་པ་བཅུ་པོ་ལ་ནི་ཐུན་མིན་གྱི་ཁྱད་ཆོས་དང་དམིགས་བསལ་གྱི་རིན་ཐང་ཡོད་པ་དེ་ཙམ་མཐོང་བཞིན་མི་འདུག་སྟེ། དགའ་ལྡན་གནས་ནས་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་བསམ་བཞིན་དུ་རྒྱ་གར་དུ་ཕེབས་ཚུལ་གསུངས་པ་ནི་དངོས་ཡོད་ཀྱི་ལོ་རྒྱུས་ཡིན་པ་བཤད་དཀའ་ལ། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ། རིག་གནས་སྦྱོང་བ། ལྷ་ལྕམ་བཞེས་པ་བཞི་ནི་རྒྱལ་བུ་དོན་ཀུན་གྲུབ་པ་མིན་ན་ཡང་འཇིག་རྟེན་གྱི་སྐྱེ་རྒུ་ཕལ་མོ་ཆེས་གོ་རིམ་དེ་དག་བརྒྱུད་བཞིན་ཡོད་པས་ལྷག་མོས་ངོ་མཚར་རྒྱུ་ཅི་ཞིག་ཡོད། མཛད་པ་དེ་བཞི་ཆར་ལ་མི་གཞན་ལ་མེད་པའི་ཁྱད་ཆོས་ངོ་མཚར་བ་རེ་བཤད་རྒྱུ་ཡོད་པས་མི་འདྲའོ་སྙམ་ན། ཟེར་སྒྲོས་དེ་ཚོ་ལ་ཁུངས་ཡོད་མེད་འོག་ནས་དཔྱད་པར་འགྱུར་རོ། །

རབ་ཏུ་བྱུང་བ་དང་ལོ་ངོ་དྲུག་ལ་དཀའ་བ་སྤྱད་པ་ནི་ཆོས་དང་གང་ཟག་གཞན་དག་དང་བསྡུར་ན་དེ་འདྲ་གླེང་རིན་ཡོད་པ་ཅི་ཡང་མིན་པར་སེམས་ཏེ། སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་ཀྱང་ཕྱི་རོལ་པའི་དགེ་སྦྱོང་མང་དུ་ཐོན་ཡོད་པ་མ་ཟད། རབ་ཏུ་བྱུང་བ་ནི་ཆ་ལུགས་དང་འཚོ་བ་རོལ་སྟངས་ཅུང་ཟད་གཞན་དུ་བསྒྱུར་བ་ཙམ་ཡིན་པས་ལམ་དང་འབྲས་བུའི་ཡོན་ཏན་གང་ཡང་བརྩི་རྒྱུ་མེད་པའི་ཁར། དར་རྒུད་ག་འདྲ་བྱུང་ཡང་མི་ཚེ་གང་བོར་སྐྱིད་སྡུག་མཉམ་མྱོང་བྱེད་འོས་པའི་སེམས་མཐུན་གྱི་ཆུང་མ་དོར་ཏེ་རང་ཉིད་གཅིག་པུར་ནགས་ཁྲོད་དུ་ཕེབས་པའི་ཆ་ནས་སྐྱོན་ཆ་མང་པོ་ཞིག་བགྲང་རྒྱུ་ཡོད་པར་སྣང་།

གཏམ་རྒྱུད་གསེར་ཐང་དུ་གསལ་བ་ལྟར་དཀའ་ཐུབ་བསྟེན་པ་ནི་སྟོན་པ་ལས་ཀྱང་ཕྱི་རོལ་མུ་སྟེགས་པ་ཐུ་སྟེ། ལོ་ངོ་དྲུག་མི་དགོས་མི་ཚེ་ཧྲིལ་བོར་དཀའ་བ་སྤྱོད་མཁན་གང་མང་མང་ཡོད་ཅིང་། གནའ་བོའི་དུས་སུ་ལྟ་ཅི་སྟེ་ཐ་ན་དེང་སང་ཡང་མིག་གིས་དངོས་སུ་མཐོང་དུ་ཡོད་པ་ལ་ལུས་པོ་ཤིང་སྡོང་གི་རྩེ་རུ་སྒྲོན་པ་དང་། རོ་སྟོད་ས་ཞབས་སུ་སྦ་བ། མི་ལོ་བཅུའི་རིང་དུ་རྐང་པ་གཡོན་པ་ཁོ་ན་ས་ལ་གཙུགས་ཏེ་ལང་མཁན། ལོ་བཞི་བཅུའི་རིང་དུ་ལག་པ་གནམ་ལ་བཀྱགས་ཏེ་སོང་བས་སེན་མོ་མཐོ་གང་ཙམ་སྐྱེས་ཡོད་པ་སོགས་བརྗོད་ཀྱིས་མི་ལོང་ངོ་། །

མ་གཞིར་སྟོན་པ་རང་ཉིད་ཀྱིས་ཨུ་ཚུགས་ཆེན་པོས་དཀའ་ཐུབ་བསྟེན་པ་དེ་ཐར་ལམ་འཚོལ་བའི་བྱེད་ཐབས་ཡང་དག་པ་མིན་པར་མཁྱེན་ཏེ་ཕྱིས་སུ་དཀའ་ཐུབ་དོར་བ་མ་ཟད། རང་གི་རྗེས་འཇུག་རྣམས་ལ་ཡང་ཐར་ལམ་ཉམས་སུ་ལེན་སྐབས་འདོད་པ་བསོད་ཉམས་ཀྱི་མཐའ་དང་། དཀའ་ཚེགས་ངལ་དུབ་ཀྱི་མཐའ་གཉིས་པོ་རབ་ཏུ་སྤངས་ཏེ་དབུ་མའི་ལམ་དུ་གནས་དགོས་ཚུལ་ནན་ཏན་ཆེན་པོས་གདམས་པ་མ་ཡིན་ནམ།

བདུད་བཏུལ་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ཡང་འདི་ལྟར་བསམ་དུ་ཡོད་དེ། བདུད་ཟེར་བ་ནི་བཤད་སྟངས་གཅིག་གི་དབང་དུ་བྱས་ན་མུ་སྟེགས་པའི་སྟོན་པ་དྲུག་ལ་གོ་བ་ཡིན་པས་བརྙས་བཅོས་དང་དམའ་འབེབས་འདྲེས་པའི་ཚིག་ངན་འདི་འདྲ་སྟོན་པ་རང་ཉིད་ཀྱིས་ནི་ནམ་ཡང་བཀོལ་སྤྱོད་མཛད་མི་སྲིད་ཅིང་། དེ་དག་བཏུལ་བ་ཡང་ལུས་ཀྱི་རྫུ་འཕྲུལ་འགྲན་ཏེ་རེ་ཞིག་རྒྱལ་ཁ་བླངས་པ་ཙམ་ལས་ཕ་རོལ་པོའི་སེམས་རྒྱུད་བཏུལ་ཏེ་ཆོས་ལ་བཀོད་པ་མིན། ཕྱིས་སུ་སྟོན་པ་རང་གི་ཞལ་ནས་དགྲ་བོ་ཕྱི་ལ་མེད་པར་ནང་དུ་ཡོད་པས་དགྲ་བཏུལ་ན་རང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་འདུལ་དགོས་པ་ལས་ཕ་རོལ་པོའི་ལུས་པོ་ཆམ་ལ་ཕབ་ཀྱང་སྙིང་པོ་མེད་ཚུལ་དང་། ཁྱད་པར་དུ་མང་ཚོགས་ཀྱི་སྔོན་ནས་རྫུ་འཕྲུལ་སྟོན་མི་རུང་ཚུལ་ཡང་ནས་ཡང་དུ་གསུངས་པ་རང་རེ་ཀུན་གྱི་སེམས་ལ་གསལ་གསལ་ཐིང་ཐིང་མ་ཡིན་ནམ།

སྐྱེ་འཆི་མེད་པའི་གོ་འཕང་ཐོབ་པ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་བར་དུ་ཕར་བལྟས་ལ་འགལ་བ་ཞིག་ཡོད་སྟབས། འགལ་བ་དེ་སྤོང་བའི་ཆེད་དུ་སྐུ་གཤེགས་པའི་དུས་ལ་བསླེབས་ཟིན་ན་ཡང་ད་དུང་ཟླ་བ་གཅིག་ལ་སྐུ་ཚེ་བསྲིངས་པ་དེས་འཆི་བདག་གི་བདུད་ལས་རྒྱལ་ཡོད་པ་ཤེས་ནུས་ཞེས་ཉན་ཐོས་སྡེ་པའི་མཁས་པ་ཚོས་འགྲེལ་བཤད་ཟུར་པ་རྒྱག་དགོས་ཐུག་མི་འདུག་གམ།

གང་ལྟར་བདག་གིས་བཤད་འདོད་པའི་སྐད་ཆ་ངོ་མ་ནི། ང་ལ་མཚོན་ན་སྟོན་པ་དང་དེས་གསུངས་པའི་དམ་ཆོས་ལ་ཕྱིར་མི་ལྡོག་པའི་དད་པ་རྣམ་དག་དང་། གཞན་དྲིང་མི་འཇོག་པའི་ཡིད་ཆེས་བརྟན་པོ་ཞིག་རྙེད་ཡོད་པའི་ཁུལ་ཡིན་ལ། དེ་ཡང་དབུ་མ་གཙོས་པའི་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་ཡུན་དུ་བྱས་པས་སྟོན་པའི་དམ་ཆོས་ལ་གཞན་དྲིང་མི་འཇོག་པའི་ཡིད་ཆེས་འཁྲུངས་ཤིང་། ལས་བརྒྱ་པ་དང་འདུལ་བའི་གླེང་འབུམ་དུ་འཁོད་པའི་སྟོན་པའི་མཛད་སྤྱོད་ངོ་མཚར་ཅན་དང་། སྟོན་པའི་ཞལ་ནས་དངོས་སུ་གསུངས་པའི་ཆོས་ཀྱི་ཚིགས་སུ་བཅད་པ་རེ་རེ་ལ་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་བྱིན་རླབས་ཅན་རེ་རེ་ཡོད་འདུག་པ་ལ། དུས་རབས་ལྔ་པའི་ནང་དུ་བྱོན་པའི་སློབ་དཔོན་སངས་རྒྱས་དབྱངས་ཀྱིས་ཕྱོགས་བསྒྲིགས་གནང་བའི་བསྟན་བཅོས་ཚད་ལྡན་ཆོས་ཀྱི་ཚིགས་སུ་བཅད་པའི་གླེང་གཞིའི་གཏམ་རྒྱུད་སུམ་བརྒྱ་ཞེས་པ་སོགས་ལ་མཇལ་བས་སྟོན་པའི་རྣམ་ཐར་ལ་མི་ཕྱེད་པའི་དད་གུས་རྙེད་པ་ཡིན་གྱི། ལྷ་སྒྲུང་འདྲེས་པའི་མཛད་པ་བཅུ་གཉིས་རྩལ་འདོན་བྱས་ནས་བྲིས་པའི་བོད་གཞུང་ཉོབ་ཏོ་རྣམས་ལ་བལྟས་པས་སྟོན་མཆོག་ཐུབ་པའི་དབང་པོ་ལ་དམིགས་བསལ་གྱི་དད་པ་སྐྱེ་མྱོང་བ་དྲན་གྱིན་མི་འདུག་གོ །

དེས་ན་གནས་བརྟན་ཐིག་ནཏ་ཧཱན་གྱིས་ལས་བརྒྱ་པ་དང་། འདུལ་བའི་གླེང་གཞི། ཆོས་ཀྱི་ཚིགས་བཅད་པའི་རྒྱབ་ལྗོངས་གཏམ་རྒྱུད་སོགས་ལ་གཞི་བཅོལ་ཏེ། སྒྱུ་རྩལ་གྱི་ལམ་ནས་བརྩམས་པའི་སྟོན་པའི་མཛད་རྣམ་སྤྲིན་དཀར་ལམ་རྙིང་ལ་དམིགས་བསལ་གྱི་འགུག་ཤུགས་ལྡན་པས། དཔེ་ཆ་དེ་ལ་རྒས་གཞོན་སྐྱ་སེར་སུས་མཇལ་ན་ཡང་སེམས་ལ་ཚོར་བ་ཁྱད་པར་བ་སྐྱེས་ཏེ་སྟོན་པ་དང་དེའི་བསྟན་པ་ལ་མི་ཕྱེད་པའི་དད་གུས་འཁྲུང་བཞིན་ཡོད་འདུག །

འོན་ཀྱང་ཁོང་གིས་བྲིས་མེད་པའི་དངོས་བྱུང་གི་གཏམ་རྒྱུད་ངོ་མཚར་ཅན་ད་དུང་གང་མང་མང་ཡོད་པས། སྟོན་པའི་རྗེས་འཇུག་ཏུ་རློམ་ཞིང་རྩོམ་པ་པོའི་མིང་ཁུར་བའི་ཁྱོད་དང་ང་ཚོས་གཞུང་ཆེན་མོ་རྣམས་ཀྱི་བར་གསེབ་ཏུ་ལུས་པའི་གཏམ་རྒྱུད་བྱིན་རླབས་ཅན་དེ་དག་རེ་རེ་བཞིན་སྔོག་འདོན་བྱས་ཏེ། གཏམ་རྒྱུད་དེ་དག་སློབ་མ་དང་གཞོན་སྐྱེས་རྣམ་པའི་སེམས་ཁམས་དང་མཐུན་པར་བློ་ལྡོག་རྣམ་བཞི་དང་། བདེན་པ་བཞི། རྟེན་འབྲེལ་བཅུ་གཉིས། བྱང་ཕྱོགས་སོ་བདུན་སོགས་ཀྱི་ཆོས་ཚན་སོ་སོ་དང་ལྟོ་སྦྱར་ཏེ་ལྷུག་རྩོམ་གསོན་ཉམས་ལྡན་པ་མང་དུ་འབྲི་བར་འོས་སོ་ཞེས་རང་དང་སྐལ་བ་མཉམ་པའི་ཆོས་ཀྱི་མཆེད་པོ་དག་ལ་འབོད་སྐུལ་ཞུ་བར་འདོད་དོ། །

དགའ་ལྡན་ནས་གང་ལ་གཟིགས།

དེ་ལ་སྟོན་མཆོག་ཐུབ་པའི་དབང་པོ་དགའ་ལྡན་གྱི་གནས་སུ་ཆོས་ཀྱི་རྒྱལ་པོ་མཛད་ནས་བཞུགས་ཡོད་པའི་སྐབས་ཤིག་ལ། འགྲོ་བ་མིའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་འདོད་དེ་མི་ཡུལ་དུ་སྤྱན་རས་ལན་ཅིག་གཡོས་པ་ན། སྤྱིར་མི་ཡུལ་གྱི་འགྲོ་བ་མཐའ་དག་ཉོན་མོངས་དུག་ལྔའི་མེ་ཡིས་རབ་ཏུ་ཚིག་ཅིང་སྐྱེ་རྒ་ན་འཆིའི་ཆུ་བོས་དྲག་ཏུ་ཁྱེར་བ་དང་། ཁྱད་པར་དུ་ལྟ་ལོག་དང་སྤྱོད་ལོག་སྤེལ་བའི་རྟོག་གེ་པ་དྲུག་དང་། སྙོམས་པར་འཇུག་པ་དྲུག་སོགས་ཀྱིས་རྙོག་དྲ་བསླངས་ཏེ་རྒྱ་གར་གྱི་སྤྱི་ཚོགས་ཧྲིལ་བོ་འུར་འུར་ཟིང་ཟིང་དུ་གཏོང་བཞིན་ཡོད་པ་དངོས་སུ་གཟིགས་པས་སྙིང་རྗེ་ཤས་མི་བཟོད་པ་ཙམ་དུ་འཁྲུངས་ཤིང་། སྔར་གྱི་དམ་བཅའ་ཡང་གསལ་བོར་དྲན་པས་འཕྲལ་དུ་འཛམ་བུ་གླིང་ལ་ཕེབས་པའི་ཐུགས་ཐག་བཅད།

དེ་ལྟར་ཕེབས་པ་ཡང་འཆར་གཞི་མ་འཐེན་པར་རང་དགར་ཧོར་རྒྱུགས་བྱས་ན་མི་ལེགས་པས་ཡུལ་དུས་ཀྱི་གནས་བབ་ལ་བརྟག་པར་བྱའོ་སྙམ་དུ་དགོངས་ཏེ་རིགས་དང་། ཡུལ་དང་། དུས་དང་། རྒྱུད་དང་། བུད་མེད་དེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་གྲ་སྒྲིག་ཡོད་པའི་ཐོག་ནས་མི་ཡུལ་དུ་ཕེབས་སོ་ཞེས་སྨྲ་བ་ལ་མངོན་པར་འབྱུང་བའི་མདོ་དང་། བཙུན་པ་རྟ་དབྱངས་ཀྱིས་མཛད་པའི་སྙན་ངག་ཆེན་མོ་སོགས་སྟོན་པའི་རྣམ་ཐར་ཕལ་ཆེ་བ་ཁ་མཐུན་པ་ཡིན་ནོ། །

འོན་ཀྱང་བཤད་སྟངས་དེ་དག་ནི་དུས་ཕྱིས་སུ་ནང་པའི་མཁས་པ་ཚོས་མཁས་ཁྱད་གཏོད་ནས་སྒྲོ་བཏགས་ཡོང་བ་མ་གཏོགས་སངས་རྒྱས་རང་ཉིད་ཀྱིས་འཆར་གཞི་དེ་འདྲ་བཀོད་མེད་པ་ཐག་གིས་ཆོད་པ་འདྲ་སྟེ། རིགས་ལ་གཟིགས་ཚུལ་བཤད་པའི་ཁ་ཐུག་ཏུ་མངོན་པར་འབྱུང་བའི་མདོ་ལས། “བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བྲམ་ཟེའི་རིགས་སམ། རྒྱལ་རིགས་སུ་ཡིན་ལ། དེ་ལ་རེས་འགའ་ནི་བྲམ་ཟེའི་རིགས་བཙུན་པར་བཀུར། རེས་འགའ་ནི་རྒྱལ་རིགས་ཏེ། ད་ལྟ་ན་ནི་རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས་”ཞེས་སོགས་གསུངས་མོད། དམ་པ་ཁོང་སྐུ་འཁྲུངས་པ་ལ་མངོན་དུ་ཕྱོགས་པའི་སྐབས་སུ་གཅེར་བུ་པའི་ཆོས་ལུགས་ལ་སྟོབས་ཤུགས་དེ་ཙམ་རྒྱས་མེད་ཅིང་། ནང་པའི་ཆོས་ནི་གཞི་ནས་དར་དགོས་པས་སྐབས་དེའི་རྒྱ་གར་གྱི་ཆོས་ལུགས་གཙོ་བོ་བྲམ་ཟེའི་ཆོས་ལུགས་ཡིན་པར་ཐེ་ཚོམ་མེད་པའི་ཕྱིར་ན། དུས་ཚོད་དེའི་ཡར་མར་དུ་རྒྱལ་རིགས་ལས་ཀྱང་བྲམ་ཟེའི་རིགས་བཙུན་པ་དང་བཟང་བར་བཀུར་བཞིན་ཡོད་པའི་ཚོད་དཔག་བྱེད་ཐུབ། མ་ཟད་རྒྱ་མི་མཁས་བླུན་ཀུན་གྱིས་ཚངས་པའི་ཞལ་ནས་བྱུང་བའི་བྲམ་ཟེའི་རིགས་ནི་ཚངས་པའི་དཔུང་ཤ་ནས་སྐྱེས་པའི་རྒྱལ་རིགས་ལས་རབ་ཅིག་བཙུན་པ་དང་བཟང་བར་བརྩི་བས། ཐ་ན་རིགས་བཞི་པོའི་མིང་སྨོས་པ་ན་ཡང་བྲམ་ཟེ་སྔོན་དང་རྒྱལ་རིགས་དེའི་རྗེས་སུ་བགྲང་བ་ཡིན་མོད། ཕྱིས་སུ་རྒྱལ་རིགས་སྔོན་དང་བྲམ་ཟེ་དེའི་རྗེས་སུ་བཞག་པ་ནི་ནང་པ་བའི་ཤུགས་རྐྱེན་ཐེབས་པ་ཡིན་ཞེས་དེང་སང་གི་ཞིབ་འཇུག་པ་ཚོས་སྨྲ་བཞིན་ཡོད་འདུག་པ་ལ་བལྟས་ན། ཕྱིས་སུ་ནང་ཆོས་ཤུགས་ཆེན་པོ་དར་ཏེ་བྲམ་ཟེ་ཙམ་མིན་པར་རིགས་བཞི་ཀས་ཆོས་ཉམས་ལེན་བྱེད་ཆོག་པ་དང་། རིགས་མཆོག་དམན་ཞེས་པ་ཡང་དང་པོ་གང་ནས་སྐྱེ་མིན་ལ་འབྲེལ་བ་མེད་པར་སྐྱེས་ཟིན་རྗེས་ཀྱི་ཀུན་སྤྱོད་བཟང་ངན་གྱིས་འབྱེད་འོས་པས་སུ་ཞིག་སྒོ་གསུམ་གྱི་སྤྱོད་པ་ལེགས་ན་དེ་ཉིད་བྲམ་ཟེའི་རིགས་ཡིན་པ་སོགས་ཀྱི་སློབ་གསོ་སྤེལ་བ་ན། རྒྱལ་རིགས་རྣམས་ཤ་ཁྲག་གི་ཆ་ནས་རྒྱལ་རིགས་ཡིན་པའི་ཐོག་ཏུ་ཀུན་སྤྱོད་ཀྱི་ཐད་ནས་བྲམ་ཟེ་རུ་གྱུར་པས་ཆོས་སྲིད་གཉིས་ཀའི་དབང་ཆ་ཐོབ་པ་སོགས་ལ་བརྟེན་ནས། དེ་གཉིས་གང་ཡང་མེད་པའི་སྔར་གྱི་བྲམ་ཟེའི་མིང་ཅན་རྣམས་དམན་པའི་ས་རུ་ལྷུང་མེད་དམ་སྙམ་མོ། །

ཡང་རྒྱུད་ལ་གཟིགས་པའི་ཚུལ་ནི་དེ་ཉིད་ལས། “བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ཅི་འདྲ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། རིགས་གང་ཞིག་བཙུན་པར་བཀུར་ཞིང་མ་མེས་དང་། ཕ་མེས་ཟུང་བདུན་གྱི་བར་དུ་སྤྱོད་པ་ལ་སྐྱོན་མེད་པར་གཟིགས་ནས།”ཞེས་སོགས་འབྱུང་མོད། ཡབ་ཟས་གཙང་གི་ཁྱིམ་རྒྱུད་ལ་ཤཱཀྱའམ་ཕོད་པ་ཟེར་བའི་རྒྱུ་མཚན་བཤད་སྐབས་མིང་སྲིང་ཕན་ཚུན་བཟའ་ཚང་སྒྲིག་ཕོད་པས་ན་མིང་དེ་སྐད་དུ་ཐོགས་སོ་ཞེས་མངོན་པར་འབྱུང་བའི་མདོ་རང་གི་ནང་དུ་གསུངས་ལ། གསུངས་པ་བཞིན་དུ་ཡབ་ཟས་གཙང་དང་ཡུམ་སྒྱུ་འཕྲུལ་མ་གཉིས་ནི་མིང་སྲིང་ལྟ་བུའི་གཉེན་ཉེ་དང་། རྒྱལ་བུ་དོན་གྲུབ་དང་གྲགས་འཛིན་མ་གཉིས་ཀྱང་མིང་སྲིང་གཉིས་ཀྱི་བུ་རྒྱུད་རང་ཡིན་འདུག་པས་ཕ་མེས་བདུན་བརྒྱུད་ཚུན་ཆད་དུ་སྤྱོད་པ་ལ་སྐྱོན་མ་ཞུགས་པ་ག་ལ་སྲིད།

མ་གཞི་ནས་སྐབས་དེའི་ཤཱཀྱའི་རིགས་ཀྱི་བསམ་བློའི་ནང་དུ་གཉེན་ཉེའི་བར་ལ་བཟའ་ཚང་སྒྲིག་པ་ནི་ཚུལ་མཐུན་ལུགས་མཐུན་གྱི་འགྲོ་ལུགས་ཡང་དག་པ་ཞིག་ཡིན་པ་ལས་ངོ་ཚ་དགོས་པའི་སྤྱོད་ངན་ཞིག་ལར་ནས་མིན། དེས་ན་རྒྱུད་ལ་གཟིགས་པའི་སྐད་ཆ་འདི་ཡང་དུས་ཕྱིས་ཀྱི་གཉེན་སྒྲིག་གི་ལྟ་བ་ལ་གཞི་བཅོལ་ནས་རང་དགར་བསྒྲིགས་ཡོང་བའི་རྫུན་གཏམ་ཞིག་ཡིན་ཚོད་འདུག་གོ །

གཞན་ཡང་ཡུལ་ལ་གཟིགས་པའི་སྐབས་སུ་བྱང་ཆུབ་སེམས་དཔའ་ཡུལ་མཐའ་འཁོབ་རྣམས་སུ་སྐྱེ་བ་བླངས་སོ་ཞེས་ཁ་ཟེར་བ་མི་འབྱུང་བའི་ཕྱིར་དུ་རྒྱ་གར་ཡུལ་དབུས་སུ་སྐྱེ་བ་བཞེས་པར་གསུངས་མོད། སྐབས་དེར་རྒྱ་གར་དུ་མུ་སྟེགས་པའི་ལྟ་བ་ལོག་པ་སྣ་ཚོགས་སྤེལ་ཏེ་སྐྱེ་བོ་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་བཞིན་པའི་སྒང་ལ་ཁེལ་ཡོད་པས། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་མཐའ་འཁོབ་ཡིན་པ་ལས་ཡུལ་དབུས་མིན། ས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ནི་སྒྲོ་བཏགས་ཁོ་ན་ཡིན་པས་སྙིང་པོ་ཅི་ཡང་མེད་དེ། ནུབ་ཕྱོགས་ཀྱི་གནའ་མྱི་ཚོས་གནས་མཆོག་ཇེ་རུ་ས་ལེམ་འཇིག་རྟེན་གྱི་ལྟེ་བ་ཡིན་པ་དང་། རྒྱ་ནག་གི་མིས་ཁོ་རང་ཚོ་གནམ་འོག་གི་བདག་པོ་ཡིན་ཟེར་ནས་རྨི་ལམ་སྐྱིད་པོ་རྨི་བ་ལྟར་མི་རིགས་སོ་སོས་རང་ཉིད་གང་དུ་ཡོད་སའི་ལུང་པ་དེ་ཉིད་ཡུལ་དབུས་སུ་འདོད་པས། རང་གིས་རང་ལ་བལྟས་ན་ཡུལ་དབུས་ཀྱི་མི་དང་གཞན་པས་རང་ལ་བལྟས་ན་མཐའ་འཁོབ་ཀྱི་མི་རུ་གྱུར་ཡོད་སྟབས་དེ་གཉིས་ལ་ས་མཚམས་སུ་ཡིས་འབྱེད་པར་ནུས། དེས་ན་སྟོན་པ་ཡུལ་དབུས་སུ་ཕེབས་པར་དགོངས་ཏེ་རྒྱ་གར་དུ་སྐྱེ་བ་བཞེས་སོ་ཞེས་པ་འདི་ཡང་ཕྱིས་ཀྱི་ནང་པ་བ་ཚོས་སྲོལ་རྒྱུན་གྱི་བཤད་སྟངས་ལ་གཞི་བཅོལ་ནས་རང་དགར་སྒྲོ་བཏགས་པར་ཤེས་སོ། །

དུས་ལ་གཟིགས་པའི་སྐབས་སུ་ཚེ་ལོ་བརྒྱ་པ་མན་ཆད་དུ་སྙིགས་མ་ལྔ་པོ་མཚོ་ལྟར་རྡོལ་ཡོང་བས་དུས་ངན་དེ་འདྲ་ལ་སྐྱེ་བ་བཞེས་ན་ངོ་ཚ་ཉོ་བར་དགོངས་ཏེ་ཏག་ཏག་ཚེ་ལོ་བརྒྱ་པའི་དུས་ཚིགས་བདམ་པར་བཤད་མོད། སྐྱེ་རྒུ་རྣམས་ཀྱི་ཚེ་ཚད་ཡར་འཕེལ་ན་ལོ་བརྒྱད་ཁྲི་ཙམ་དུ་འཚོ་ཐུབ་པ་དང་། མར་འགྲིབ་ན་ལོ་བཅུ་ལས་གསོན་མི་ནུས་པ་སོགས་ནི་ལྷ་སྒྲུང་ནང་གི་ལྷ་སྒྲུང་རང་ཡིན་པས་དངོས་ཡོད་ཀྱི་ལོ་རྒྱུས་དང་བསྲེ་རྒྱུ་མེད། ལར་རྗེ་མི་བསྐྱོད་རྡོ་རྗེས་མངོན་པའི་འགྲེལ་ཆེན་དུ་སངས་རྒྱས་སྨོན་ལམ་སྟོབས་ཀྱི་རྒྱལ་པོ་ཟེར་བས་ལོ་བདུན་ནམ་ཞག་བདུན་ལས་ཚེ་མ་ཐུབ་པ་དང་། སི་ཏུ་པཎ་ཆེན་གྱིས་བཀའ་འགྱུར་ཀར་ཆག་ཏུ་མདོ་འགའ་རེའི་ལུགས་ལ་ཚེ་ལོ་བཅུ་པའི་སྐབས་སུ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་གསུངས་པས། སྟོན་པའི་རྣམ་ཐར་ཁག་ཏུ་ཚེ་ལོ་བརྒྱ་པའི་དུས་ལ་གཟིགས་དགོས་པའི་གཏན་ཚིགས་མང་དུ་བཀོད་འདུག་པ་དེ་ཚོ་ལ་ཁྱབ་པ་ཡང་མེད་དོ། །*

ལྷུམས་སུ་ཞུགས་ཉིན་ཅི་ཞིག་རྨིས།

བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་འཕོས་ཏེ་གླང་པོ་ཆེའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ཡུམ་གྱི་ལྷུབས་སུ་ཞུགས་ཞེས་མདོ་རྒྱ་ཆེ་རོལ་བ་ཙམ་མིན་པར་པཱ་ལིའི་མདོ་སྡེ་བསྡུས་པར་ཡང་གསུངས་ཡོད་པ་མ་ཟད། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་བྷའུ་ར་ཧུ་ཏའི་རྡོ་བརྐོས་སུ་ཡང་དེའི་རྣམ་པ་གསལ་བར་བརྐོས་ཡོད་འདུག་པས་ནུབ་མོ་དེར་སྒྱུ་འཕྲུལ་མ་ལ་རྨི་ལམ་དེ་འདྲ་ཞིག་རྨིས་ཡོད་པའི་ཚོད་དཔག་བྱེད་ཐུབ། རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་ངག་ཆེན་མོ་ལས་ཀྱང་། “སྡིག་བྲལ་མ་དེ་མངལ་ནི་རྣམ་པར་གཟུང་བར་གྱུར། །མངལ་དང་ཉེ་བར་ལྡན་པ་ཉིད་ཀྱི་སྔོན་རོལ་དུ། །དེ་ནི་གཉིད་སོང་གླང་པོའི་དབང་པོ་དཀར་པོ་ཞིག །རང་ཉིད་ལ་ནི་རབ་ཏུ་ཞུགས་སོགས་མཐོང་གྱུར་ལ། །”ཞེས་འབྱུང་ངོ་། །

རྩིབ་ལོགས་ནས་ཐད་ཀར་འཁྲུངས་སམ།

སྤྱི་ལོ་༡༨༩༦ལོར་ཞིབ་འཇུག་པ་ཕུ་རར་ཟེར་བ་ཞིག་ད་སྐབས་བལ་ཡུལ་གྱི་ས་ཁོངས་སུ་གཏོགས་པ་ཡུལ་ཌ་རི་ཞེས་པའི་གྲོང་གསེབ་ཏུ་སོང་སྟེ། གནས་དེ་ནས་ས་རྡོ་སྔོག་འདོན་བྱས་པས་རྒྱལ་པོ་མྱ་ངན་མེད་རྒྱལ་ཁྲིར་མངའ་གསོལ་ནས་ལོ་ཉི་ཤུའི་རྗེས་སུ་བཙུགས་པའི་རྡོ་རིང་ཞིག་ཐོན། རྡོ་རིང་གི་ངོས་སུ་གནས་འདི་ནི་སངས་རྒྱས་འཁྲུངས་ས་ཡིན་ཞེས་བྲིས་ཡོད་སྟབས། སྟོན་པ་སྐུ་འཁྲུངས་སའི་གནས་ནི་སྤྱིར་ལུམྦི་ནཱིའི་ཚལ་ཡིན་པར་ཐེ་ཚོམ་མེད་ཅིང་། བྱེ་བྲག་ཏུ་བཙུན་པ་སངས་རྒྱས་དབྱངས་ཀྱིས་གསུངས་པ་ལྟར་ན་ཤིང་སཱ་ལ། ཞོན་ཙང་གི་ནུབ་ཕྱོགས་འཕགས་ཡུལ་དུ་སྐྱོད་པའི་རྟོགས་བརྗོད་ལྟར་ན་ཤིང་མྱ་ངན་མེད། མངོན་པར་འབྱུང་བའི་མདོ་ལྟར་ན་ཤིང་མྱ་ངན་འཚང་གི་དྲུང་དུ་སྐུ་ལྟམས་ཡོད་པ་ནི་དོན་དངོས་ཡིན་པས་དཔྱད་པ་གཞན་མི་དགོས་སོ། །

འོན་ཀྱང་བཙུན་པ་རྟ་དབྱངས་ཀྱི་ཞལ་ནས། “རྩིབ་ལོགས་དག་ནས་འཇིག་རྟེན་ཕན་ཕྱིར་སྲས་བལྟམས་ཏེ། །ཚོར་བ་དང་ནི་བྲལ་ཞིང་ནད་དང་བྲལ་བ་ཉིད། །”ཅེས་གསུངས་པ་ལྟར་ཐེག་པ་ཆེ་ཆུང་གི་རྣམ་ཐར་ཆ་ཚང་ཁ་མཐུན་པར་སྟོན་པ་སྐུ་འཁྲུངས་པའི་ཚེ་ན། མ་ཡུམ་གྱིས་ན་ཟུག་གང་ཡང་མྱོང་མ་དགོས་པར་གློ་གཡས་པའི་མཆན་ཁུང་ནས་ཐད་ཀར་ཐོན་ཡོང་ཚུལ་གསུངས་པ་ནི་དེ་ཙམ་རྣ་ལམ་དུ་འགྲོ་བའི་གཏམ་མིན་ཏེ། གཞན་དུ་ན་ཁོང་སྐུ་འཁྲུངས་པའི་རྐྱེན་ལ་བརྟེན་ནས་ཞག་བདུན་གྱི་རྗེས་སུ་མ་ཡུམ་སྐུ་འདས་འགྲོ་དོན་ཅི་ཞིག་ཡོད།

དེས་ན་སྲས་མཆན་ཁུང་ནས་མ་ཐོན་པར་མངལ་སྒོ་ནས་བཙས་པས་མངལ་ཁྲག་མང་དུ་བཞུར་བ་སོགས་ཀྱི་གནས་ཚུལ་བྱུང་སྟེ་མ་ཡུམ་འདས་གྲོངས་ཤོར་ཡོད་པའི་ཚོད་དཔག་བྱེད་ཆོག །ལར་རྒྱུ་མཚན་གང་ལ་བསམ་ཡང་འགྲོ་བ་སེམས་ཅན་ཐམས་ཅད་ཡོང་ས་ནས་མར་མི་བྱོན་པར་ལམ་ཁ་གཞན་པ་ཞིག་བརྒྱུད་དགོས་པའི་དོ་གལ་ཅི་ཡང་མ་མཐོང་ངོ་། །

གཞན་ཡང་འཁྲུངས་མ་ཐག་ཏུ་ཕྱོགས་བཞི་རུ་གོམ་པ་བདུན་བདུན་རེ་བོར་ནས་རྒྱལ་བྱིན་ལ་དྲི་བ་སྣ་ཚོགས་དྲིས་པ་དང་། ནམ་མཁའི་ཀློང་ནས་ཐོལ་བྱུང་དུ་ཆུ་དྲོ་གྲང་གཉིས་བབས་ཏེ་སྐུ་ལུས་གཙང་མར་བཀྲུས་སོང་བ་དང་། ལུམྦི་ནིའི་ཚལ་དུ་ཆུ་མིག་རང་བྱུང་དུ་རྡོལ་ནས་དེར་མ་ཡུལ་གྱིས་སྐུ་ཁྲུས་མཛད་རབས་སོགས་ནི་རེ་ཞིག་ལྷ་སྒྲུང་དང་དོན་དངོས་གང་ཡིན་ཐག་མི་ཆོད་ཅིང་། རྒྱ་ནག་གི་ལོ་ཆེན་ཞོན་ཙང་གི་རྒྱ་གར་ལམ་ཡིག་ཏུ་ཀླུ་རྒྱལ་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་བཙས་མ་ཐག་པའི་བྱིས་པ་ཁོང་ལ་ཁྲུས་གསོལ་བྱས་པ་དང་། བརྒྱ་བྱིན་གྱིས་ལག་ཏུ་བཟུང་བ་དང་། རྒྱལ་ཆེན་རིགས་བཞིའི་ལྷས་པང་དུ་བླངས་པ་སོགས་ཀྱི་གཏམ་རྒྱུད་མང་དུ་བཤད་འདུག་ཀྱང་བདེན་མིན་ཅི་ཤེས་ཏེ། བརྒྱ་བྱིན་དང་རྒྱལ་ཆེན་རིགས་བཞིའི་ལྷ་ཡོད་མེད་ཀྱང་ཐེ་ཚོམ་ཡིན་པའི་ཕྱིར་རོ། །

མཚན་བཟང་སོ་གཉིས་ཡོད་པ་སུ་ཡིས་མཐོང་།

གང་ལྟར་རྒྱལ་སྲས་འཁྲུངས་མ་ཐག་དྲང་སྲོང་མང་པོས་ལུས་ཀྱི་མཚན་མ་ལ་བརྟགས་པས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡོད་པར་མཐོང་སྟེ། རྟགས་མཚན་འདི་འདྲ་ལྡན་པའི་སྐྱེས་བུ་ནི་ཁྱིམ་ལ་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་ཆོས་ཀྱི་སྟོན་པ་བླ་ན་མེད་པ་ཞིག་ཏུ་འགྱུར་བར་ངེས་སོ་ཞེས་མ་བགྲོས་བསམ་པ་གཅིག་པའི་ཐོག་ནས་ཐག་བཅད། དེ་རྗེས་རྒྱལ་པོའི་སེམས་སུ་དྲང་སྲོང་ཉོན་མོངས་མེད་གང་དུ་ཡོད་དམ་སྙམ་པའི་མོད་ལ་དེ་ཉིད་མདུན་གྱི་བར་སྣང་ནས་ཕོ་བྲང་དུ་འཕུར་ཏེ་རྒྱལ་སྲས་ཀྱི་སྐུ་ལ་བརྟགས་པས་སྔར་གྱི་དྲང་སྲོང་དེ་ཚོས་ཐག་བཅད་པ་ནི་གྱི་ན་སྟེ། ངེས་པར་རབ་ཏུ་བྱུང་ནས་འཇིག་རྟེན་གྱི་འདྲེན་པ་ཞིག་ཏུ་འགྱུར་བ་མ་གཏོགས་རྒྱལ་པོ་བྱེད་མི་སྲིད་དོ་ཞེས་གདེང་ཚོད་ཆེན་པོས་མ་འོངས་ལུང་བསྟན་མཛད་པ་བཅས་ནི། ཐེག་པ་ཆེ་ཆུང་གཉིས་ཀ་ལ་རྩོད་མེད་དུ་གྲགས་ཤིང་ཕལ་མོ་ཆེ་ཞིག་དོན་ལ་ཡང་གནས་སྲིད་པས་དཔྱད་པ་ལོགས་སུ་བྱེད་དགོས་དོན་མེད་དོ། །

འོན་ཀྱང་མདོ་རྒྱ་ཆེ་རོལ་བ་ལས་དྲང་སྲོང་རྗེས་མ་དེའི་མཚན་ལ་ནག་པོ་དང་། མངོན་པར་འབྱུང་བའི་མདོ་ལས་དྲང་སྲོང་ཉོན་མོངས་མེད། རྟ་དབྱངས་ཀྱི་སྙན་ངག་ཆེན་མོ་ལས་དྲང་སྲོང་དཀར་མིན་ཞེས་བྱུང་ཡང་དོན་གཅིག་ལ་མིང་ཐ་དད་པ་སྣ་ཚོགས་བཏགས་པ་མིན་ནམ་སྙམ་མོ། །

འདམ་གྱི་སྦ་བ་དང་དབུ་ཡི་གཙུག་ཏོར།

གང་ལྟར་མངོན་པར་འབྱུང་བའི་མདོ་སོགས་ལས་རྒྱལ་སྲས་བཙས་མ་ཐག་ནས་མཚན་བཟང་སོ་གཉིས་རང་ཆས་སུ་ཡོད་ཚུལ་གསུངས་པ་ལ་རེ་ཞིག་དོགས་པ་གཉིས་དང་གསལ་བཤད་གཅིག་བྱེད་དགོས་པར་མཐོང་སྟེ། དོགས་པ་དང་པོ་ནི། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། “ཤའི་གཙུག་ཏོར་དང་། གཙུག་ཏོར་བལྟར་མི་སྣང་བའི་མཚན་ཐོབ་བོ། །”ཞེས་གཙུག་ཏོར་ཞེས་པ་མི་ཕལ་བས་བལྟས་ན་མི་མངོན་པའི་ཤ་འབུར་འབུར་ཞིག་ལ་གོ་དགོས་ཚུལ་གསུངས་ན་ཡང་། ལེགས་སྦྱར་གྱི་སྐད་དུ་གཙུག་ཏོར་ལ་ཨུཤ་ནིཤ་ (उष्णीष) ཞེས་འབོད་པ་ལ་དེའི་དོན་ནི་ཐོར་ཅོག་གམ། པྲོག་ཞུའམ། དབུ་རྒྱན་སོགས་ལ་འཇུག་པ་ལས་ཤ་འབུར་འབུར་ཞིག་ལ་མི་གོ་བ་དང་། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཐེག་པ་ཆེན་པོའི་མདོ་ལས། “དབུ་སྐྲ་གཡས་སུ་འཁྱིལ་བར་གནས། །འཇམ་ཞིང་མདོག་སྣུམ་ལྕང་ལོ་ཅན། །གནགས་ཞིང་འཛིངས་པ་མེད་རྣམས་ཀྱིས། །དེ་ཡི་དབུ་ནི་རྣམ་པར་མཛེས། །”ཞེས་གཙུག་ཏོར་ཞེས་པ་སྐྲ་སྣུམ་པོ་གཡས་སུ་འཁྱིལ་བ་ཞིག་ལ་ངོས་བཟུང་བ་དང་། རྒྱ་གར་གྱི་ཡུལ་མཱ་ཐུ་རཱ་ནས་དུས་རབས་དང་པོ་དང་གཉིས་པའི་བར་དུ་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་མང་དུ་རྙེད་པ་ལ་རྒྱ་གར་གྱི་མཁས་པ་ཞིག་གིས་ཞིབ་འཇུག་བྱས་པས། སྐུ་བརྙན་འགའ་རེའི་དབུ་ནི་སྤྱིར་བཏང་གི་མིའི་མགོ་ནང་བཞིན་གཙུག་ཏོར་མེད་པར་ཟླུམ་པོ་རང་ཡིན་པ་དང། འགའ་རེའི་དབུ་ལ་གཙུག་ཏོར་ཡོད་ན་ཡང་དེ་ནི་སྐྲ་སུ་ལུ་བཅིང་བའི་རྣམ་པར་འདུག་ཅེས་མཇུག་སྡོམ་བརྒྱབ་ཡོད་པ་སོགས། འོད་ཟེར་རྒྱལ་མཚན་གྱིས་བྲིས་པའི་དཔྱད་རྩོམ་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་སྐོར་ལ་ཐོག་མར་དཔྱད་པའི་གཏམ་མེས་པོའི་ཞལ་ལུང་ཞེས་པའི་ནང་དུ་རྒྱས་པར་གཏན་ལ་ཕབ་འདུག་པས་ཞིབ་ཆ་མཁྱེན་པར་འདོད་ན་དེ་རུ་གཟིགས་པར་འཚལ།

གང་ལྟར་ཁོ་བོས་བསམ་ན། སྐུ་བརྙན་རྙིང་པ་དང་མདོ་ལུང་ཁག་ལ་མཇལ་ན། སྟོན་པའི་སྤྱི་གཙུག་ཏུ་ཤ་འབུར་འབུར་ཞིག་མེད་ཤས་ཆེ་ཞིང་། རབ་ཏུ་བྱུང་རྗེས་སྐྲ་དང་ཁ་སྤུ་བྲེགས་བཞག་པས་སྐྲ་འཁྱིལ་ཐོ་ཐོ་ཞིག་ནི་དེ་བས་ཀྱང་ཡོད་ཐབས་མེད་གཤིས། སྟོན་པ་སངས་རྒྱས་ནི་དབུ་ལ་སྐྲ་འཁྱིལ་དང་། ཐོར་ཚུགས། ཤ་འབུར་སོགས་གང་ཡང་མེད་པའི་དགེ་སློང་མགོ་རེག་དབུ་ཟླུམ་པོ་ཅན་ཞིག་ཡིན་པར་ངེས་མོད། འོན་ཀྱང་མདོ་མང་པོའི་ནང་དུ་གཙུག་ཏོར་ཡོད་པར་གསུངས་པ་ནི་དབུ་སྐྲ་ཙོག་ཙོག་པོར་བཅིང་པའི་ཐོར་ཚུགས་རང་ལ་ཟེར་བར་མངོན་ཏེ། མཚན་བཟང་སོ་གཉིས་ནི་རབ་ཏུ་མ་བྱུང་བའི་གོང་གི་སྐུ་ལུས་ལ་ཡོད་པའི་རྟགས་མཚན་རེད་འདུག་པས་སྐབས་དེར་དབུ་སྐྲ་ཡོད་པའི་ཕྱིར་རོ། །

དེས་ན་དྲང་སྲོང་ཉོན་མོངས་མེད་སོགས་ཀྱིས་གཟིགས་པའི་མཚན་བཟང་ནང་གི་གཙུག་ཏོར་ནི་སྐྲ་འཁྱིལ་ཐུང་ངུ་ཞིག་ཡིན་པ་དང་། ད་སྐབས་མཐོང་དུ་ཡོད་པའི་སྐུ་བརྙན་ནང་གི་གཙུག་ཏོར་ནི་རྒྱལ་སྲས་གཞོན་ནུ་ཡིན་སྐབས་ཀྱི་དབུ་ཡི་རྣམ་པ་བཞེངས་བསྐྲུན་བྱས་པར་མངོན་ནོ། །

དོགས་པ་གཉིས་པ་ནི། རྟ་ཅང་ཤེས་ལྟར་དུ་འདམ་གྱི་སྦ་བ་སྦུབས་སུ་ནུབ་ཡོད་པར་གསུངས་པ་ནི། མཚན་རྟགས་ཞིབ་བཤེར་བྱེད་སྐབས་མཐོང་ནུས་ཡག་པོ་མེད་པའི་དྲང་སྲོང་བགྲེས་པོ་རྣམས་ཀྱིས་རབ་རིབ་ཙམ་ལས་དེ་འདྲ་གསལ་བོ་ཞིག་མ་མཐོང་བ་ལ་བརྟེན་ནས་ནོར་འཁྲུལ་དེ་བྱུང་བར་དོགས་ཏེ། བྱིས་པའི་ཕོ་རྟགས་ཤིན་ཏུ་ཆུ་བས་མིག་ཤེས་རྣོན་པོ་མེད་ན་ཕར་བལྟས་ལ་ཤ་ཡི་སྦུབས་སུ་ནུབ་ནས་ཡོད་པ་ལྟར་དུ་མཐོང་བའི་ཕྱིར་རོ། །ལར་རྟ་ཅང་ཤེས་ཙམ་མིན་པར་རྒྱ་གར་གྱི་གླང་ཆེན་དང་བོད་ཀྱི་ཁྱུང་གཡག་སོགས་ལུས་པོ་དུད་དེ་འགྲོ་བའི་དུད་འགྲོ་ཕལ་མོ་ཆེའི་འདམ་གྱི་སྦ་བ་སྦུབས་སུ་ནུབ་ནས་ཡོད་པས། སྦ་བ་ཕྱི་རུ་གཡུག་ནས་འགྲོ་མཁན་ནི་མི་དང་སྤྲེའུ་ལྟ་བུ་རྐང་པ་གཉིས་ཀྱི་ཐོག་ཏུ་འགྲེང་ནས་འགྲོ་ཐུབ་མཁན་འདི་ཚོ་ཡིན་པར་སྣང་ངོ་། །

སྐུ་མདོག་སེར་པོ་ཡིན་ནམ་དཀར་པོ་ཡིན།

གསལ་བཤད་དགོས་ས་གཅིག་ནི། སྟོན་པའི་སྐུ་མདོག་གསེར་བཙོ་མ་ལྟར་དུ་སེར་པོ་ཡིན་པར་གསུངས་པ་ནི་དོན་གྱིས་མདོག་སྐྱ་བོའམ་དཀར་པོ་ལ་གོ་དགོས་པར་སེམས་ཏེ། སྟོན་པ་ནི་འཕགས་པའི་མི་རིགས་སམ་ཨརྱན་མི་རིགས་ཡིན་སྐད་འདུག་པ་ལ་མི་རིགས་དེའི་ཤ་མདོག་དཀར་པོ་ཡིན་པའི་ཕྱིར་རོ། །མངོན་པར་འབྱུང་བའི་མདོ་ལས་ཀྱང་སྟོན་པའི་སྤྱན་མཐོན་མཐིང་ཡིན་ཚུལ་གསུངས་པས་མི་དཀར་མ་གཏོགས་མི་ནག་དང་མི་སེར་གྱི་མིག་ལ་མཐོན་མཐིང་ཡོང་དོན་ཨེ་ཡོད་ན་སྙམ།

མ་གཞིར་མཁས་དབང་དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་དུ། “ལྷོ་ཕྱོགས་ཀྱི་གྲོང་སྲང་ཞིག་ན་བུ་མོ་གསེར་གྱི་མདོག་ཅན་ཞིག་འདུག་ཟེར་ནས་རྒྱ་གར་བ་མང་པོ་ལྟ་བཞིན་འདུག །དེང་སོང་བས་ཤ་ཁ་སྐྱ་ངེ་བ་ཞིག་ལས་མི་འདུག །འོན་ཀྱང་ལྷོ་ཕྱོགས་ཀྱི་མི་ནག་པོ་དེ་ཚོའི་ཁྲོད་ན་གསེར་ཡིན་ཟེར་ན་ཆོག་པ་ཙམ་རེད། ”ཅེས་གསུངས་པ་ལ་མཇལ་ན་རྒྱ་གར་བའི་མིག་ནང་གི་གསེར་བཙོ་མའི་མདོག་ཅན་ཡིན་པ་ལ་གསེར་སྐུའི་ཁ་དོག་ལྟ་བུ་ཞིག་ཡོད་མི་དགོས་པ་ཧ་ཅང་གསལ་ལོ། །

མདོར་བསྡུས་ན། སྟོན་པ་མཆོག་ལ་མཚན་བཟང་སོ་གཉིས་ཆ་ཚང་ཞིག་ཡོད་མེད་གང་ལྟར་ཡང་སྐུ་མཛེས་པ་ལ་ལྟ་བས་ཆོག་མི་ཤེས་པ་དང་། གསུངས་སྙན་པ་ལ་ཉན་པས་ངོམས་པ་མེད་པ། ཐུགས་བཀྲ་བ་དང་ཞི་བ་ལ་སུས་ཀྱང་འགྲན་ཟླ་མི་ཡོང་བ། རླབས་དང་གཟི་བྱིན་ཆེ་དྲགས་པས་རྒྱལ་བློན་དང་དྲང་སྲོང་སུ་ཡི་གྲལ་དུ་བྱོན་ཀྱང་སྐར་ཚོགས་ཀྱི་དབུས་སུ་ཟླ་བ་རྒྱུ་བ་ལྟར་དུ་མངོན་པར་ལྷང་ལ་བུད་ཡོང་མཁན་ཞིག་ཡོད་པར་ཐེ་ཚོམ་མི་དགོས་པས། རྣམ་གསལ་གྱི་དཔེ་བཞག་ན་དེང་སང་གི་རྒྱལ་དབང་ཀརྨ་པ་ལྟ་བུ་ཞིག་ཡོད་པར་ངེས་སོ། །

བཙུན་མོ་གཅིག་བཞེས་སམ་སྟོང་བཞེས

སྟོན་པས་བཙུན་མོ་བཞེས་པ་ཡོངས་གྲགས་ཡིན་ཀྱང་བཙུན་མོའི་མཚན་དང་གྲངས་ཀའི་ཐད་ལ་བཤད་ཚུལ་མི་མཐུན་མང་དུ་བྱུང་ཡོད། དཔེར་ན་ལྷོ་བརྒྱུད་པཱ་ལིའི་མདོར་བཙུན་མོའི་མཚན་མི་གསལ་ཞིང་། བྱང་བརྒྱུད་ཕལ་བོ་ཆེར་དེའི་མཚན་ལ་གྲགས་འཛིན་མ་དང་། རྒྱ་ཆེར་རོལ་བ་ལས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་ཞེས་འབྱུང་ཚུལ་ཁང་དཀར་གྱིས་མཛད་པའི་རྒྱ་གར་གྱི་གསང་སྔགས་ལོ་རྒྱུས་ཞེས་པའི་དཔེ་ཆར་བྲིས་འདུག །དེ་བཞིན་མངོན་པར་འབྱུང་བའི་མདོ་ལས་གྲགས་འཛིན་མ་དང་། ས་འཚོ་མ། རི་དྭགས་སྐྱེས་སོགས་བཙུན་མོ་སྟོང་ཕྲག་དྲུག་བཅུ་དང་། མདོ་རྒྱ་ཆེ་རོལ་བ་ལས་བུད་མེད་བརྒྱད་ཁྲི་བཞི་སྟོང་ཐམ་པ་བཙུན་མོར་བཞེས་ཚུལ་བྱུང་།
འོན་ཀྱང་ང་ཚོས་རྨོངས་ཚོད་བྱས་ཏེ་རིགས་པས་དཔྱད་ན། སྐབས་དེར་སེར་སྐྱའི་གྲོང་ཁྱེར་ཡོངས་ལ་བུད་མེད་མཛེས་མ་བརྒྱད་ཁྲི་བཞི་སྟོང་ཡོད་མི་སྲིད་པས་རྒྱ་ཆེ་རོལ་བ་ལ་ཡིད་ཆེས་བྱེད་རྒྱུ་མེད་པ་གོ་སླ། མངོན་པར་འབྱུང་བའི་མདོ་ཡང་ཚད་མར་འཛིན་མི་ཐུབ་ཏེ། ཐ་ན་འཇིག་རྟེན་གྱི་སྐྱེས་པ་ཡ་རབས་འགའ་རེས་རང་གི་ཆུང་མ་མ་གཏོགས་མཛེས་མ་གཞན་ལ་ཆགས་པའི་ཟུར་མིག་ཙམ་ཡང་མི་གཡོ་ན། ཆགས་པ་ཆུང་ཞིང་བརྩེ་མདང་ཆེ་བའི་སྟོན་པ་མཆོག་གིས་ནི་བཙུན་མོ་གཅིག་ཁོ་ན་ལས་གཉིས་དང་གསུམ་སོགས་བཞེས་མི་སྲིད་པའི་ཕྱིར་ཏེ། བཙུན་མོ་གཅིག་བཞེས་པ་དེ་ཡང་རང་གི་ཞེ་འདོད་མིན་པར་ཡབ་རྒྱལ་པོས་བཙན་པོ་དབང་ཡོད་བྱས་ཏེ་ཁྲིད་ཡོང་བ་མངོན་གསལ་ཡིན་པའི་ཕྱིར་རོ། །

རབ་ཏུ་བྱུང་ཁར་ཅི་ཞིག་གཟིགས།

ཕོ་བྲང་གི་སྒོ་བཞི་ནས་ཐེངས་བཞི་རུ་ཕེབས་ཙ་ན་དང་པོ་གསུམ་གྱི་སྐབས་སུ་རྒ་བ་དང་ན་བ་ཤི་བ་གསུམ་གཟིགས་ནས་སྐྱོ་ཤས་འཁྲུངས་པ་དང་། བཞི་པའི་དུས་སུ་ཕྱི་རོལ་པའི་རབ་བྱུང་མཇལ་བས་དད་པ་སྐྱེས་ཏེ་རང་ཉིད་ཀྱང་རབ་ཏུ་འབྱུང་བའི་འདུན་པ་འཁྲུངས་ཚུལ་སོགས་མདོ་རྒྱ་ཆེ་རོལ་བ་ལས་གསུངས་ཤིང་། གསུངས་པ་ལྟར་དུས་རབས་གསུམ་པའི་སྐབས་སུ་སུ་བཞེངས་པའི་རྡོ་བརྐོས་འགའ་རེ་ལ་ཡང་རྣམ་པ་དེ་ཇི་ལྟར་བར་བྲིས་ཡོད་པར་གྲགས། འོན་ཀྱང་པཱ་ལིའི་མདོ་རྙིང་པ་རྣམས་སུ་ཕོ་བྲང་གི་སྒོ་བཞི་ནས་ཕེབས་ཚུལ་མི་གསལ་སྐད། འདུལ་བ་གཞིའི་ནང་དུ་ཤར་ལྷོ་ནུབ་གསུམ་གྱི་སྒོ་གསུམ་ནས་ཕེབས་ཚུལ་ཙམ་ལས་བྱང་སྒོ་ནས་ཕེབས་ཏེ་རབ་བྱུང་མཇལ་ཚུལ་མ་བཤད་ཅེས་ཁང་དཀར་ཟེར

འོན་ཀྱང་རྣམ་ཐར་ཁག་ཏུ་འཁོད་པ་ཇི་བཞིན་ཆུང་ངུའི་དུས་ནས་ཀྱང་སྟོབས་དང་རྫུ་འཕྲུལ་དེ་ཙམ་ཡོད་ན། ཐོགས་པ་མེད་པའི་མངོན་ཤེས་ཀྱང་ཡོད་དགོས་པས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྔ་ས་ནས་ཅི་ལ་མི་མཁྱེན། མ་གཞིར་ཕོ་བྲང་གི་ཕྱོགས་བཞི་ནས་སྒོ་ཆེན་བཞི་བརྒྱུད་དེ་ལན་བཞི་ལ་ཕེབས་པས་སྡུག་བསྔལ་བཞི་གཟིགས་ཏེ་སྐྱོ་ཤས་འཁྲུངས་སོ་ཞེས་བཞི་ཆ་རྐྱང་རྐྱང་བསྒྲིགས་ལུགས་ལ་བལྟས་ན། གཏམ་རྒྱུད་དེ་ཉིད་ཕྱིས་སུ་རྟོག་བཟོ་བྱས་ཡོང་བ་ལོས་ཡིན་སྙམ་པ་ཞིག་མ་རེད་དམ།

གང་ལྟར་དགུང་ལོ་ཉེར་དགུའི་ཐོག་ནས་རབ་ཏུ་བྱུང་ཞེས་པཱ་ལིའི་མདོ་མྱང་འདས་དང་འདུལ་བ་གཞི་ལས་གསུངས་པ་ཡོངས་གྲགས་ཡིན་མོད། གཞུང་འགའ་རེའི་ནང་དུ་དགུང་ལོ་༡༨དང་འགའ་རེར་དགུང་ལོ་༣༨ཙམ་ནས་རབ་ཏུ་བྱུང་ཚུལ་འབྱུང་ཞེས་རྒྱལ་དབང་ཀརྨ་པས་མར་རྔོག་དབྱར་ཆོས་སྐབས་སུ་གསུངས་སོ། །

སངས་རྒྱས་ཀྱི་ས་ལ་གཤེགས་པ།

ཡངས་པ་ཅན་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་བསྟེན་པས་ཅི་ཡང་མེད་པའི་བསམ་གཏན་དང་། རྒྱལ་པོའི་ཁབ་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་བསྟེན་པས་ཡོད་མིན་མེད་མིན་གྱི་ཏིང་འཛིན་མངོན་དུ་གྱུར་ན་ཡང་སྐྱེ་འཆི་ལས་འདས་པའི་གོ་འཕང་མ་རྙེད་སྟབས། མུ་སྟེགས་པའི་ལྟ་བ་དང་སྒོམ་པ་ལ་སྙིང་པོ་མེད་པར་ཤེས་ཏེ་རྡོ་རྗེ་གདན་གྱི་གྲོང་གསེབ་ཅིག་ཏུ་ཕེབས་ནས་སྒོམ་སྒྲུབ་མཛད་པས། སྔར་ལྷ་དང་མི་དང་དྲང་སྲོང་སུས་ཀྱང་མ་ཤེས་པའི་ཐར་ལམ་བླ་ན་མེད་པ་ཞིག་རང་སྟོབས་ཀྱིས་རྙེད་དེ་སངས་རྒྱས་ཀྱི་ས་ལ་གཤེགས་ཡོད་པ་ནི་ཡོངས་གྲགས་ཡིན་པ་མ་ཟད་དོན་དངོས་ཀྱང་ཡིན་པས་ཧ་ཅང་ངོ་མཚར་བའི་རྣམ་པར་ཐར་བའོ། །

དེ་ལ་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་ཀྱང་ཚོགས་དྲུག་གི་ངོ་ཁར་སྣང་བའི་ཆོས་འདི་དག་སྟོང་ཉིད་ཡིན་ཟེར་མཁན་དང་། ཆོས་ཀྱི་དབྱིངས་ནི་བསམ་བརྗོད་ཡུལ་ལས་འདས་པར་སྨྲ་མཁན་དང་། ཆོས་ཀྱི་དབྱིངས་ལ་རང་སེམས་འཇོག་པ་ཡིན་ཟེར་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་མཁན་དང་། དེ་ལྟར་གནས་པས་བདེ་གསལ་མི་རྟོག་པའི་ཉམས་ཅི་རིགས་སྐྱེས་ཏེ་ཆགས་སྡང་མངོན་གྱུར་པ་ཞི་བ་ན་ཁོ་བོས་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ་ཞེས་གཞན་ལ་སྒྲོག་མཁན་སོགས་མང་དུ་ཐོན་ཡོད་མོད། སྲིད་རྩེའི་སེམས་ལས་བརྒལ་ཏེ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་ཀློང་དུ་འཛུལ་ཐུབ་མཁན་ནི་རྒྱལ་བུ་དོན་ཀུན་གྲུབ་པའི་སྔོན་དུ་ལྷ་མི་དྲང་སྲོང་དུ་གྲགས་པ་སུ་ཡང་མ་བྱུང་ངོ་།

ཐབས་ལམ་གང་ལ་བརྟེན་ནས་སངས་རྒྱས།

སྐབས་འདིར་ཅིས་ཀྱང་གོ་དགོས་པའི་གསང་གནད་གལ་ཆེན་འགའ་རེ་ཡོད་པས་དེའི་སྐོར་ནས་ཅུང་ཟད་མོལ་ན། པཱ་ལིའི་མདོ་རྙིང་ཤོས་མདོ་སྡེ་བསྡུས་པའི་ནང་དུ་སྲེད་པ་ལས་རྒ་ཤི་འབྱུང་བ་ལྟ་བུ་རྟེན་འབྲེལ་གཉིས་ཚན་འགའ་རེ་ཙམ་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཆ་ཚང་མི་གསལ་བས་ན། སྟོན་པའི་སྐུ་དུས་ཙམ་དུ་རྟེན་འབྲེལ་ཡན་ལག་གཉིས་ཀྱི་རྣམ་བཞག་བྱུང་བ་དང་། དེ་རྗེས་ཉན་ཐོས་ཚོས་རྒ་ཤི་སྐྱེ་བ་ལས་བྱུང་བ་དང་། དེ་སྲིད་པ་ལས། དེ་ལེན་པ་ལས། དེ་སྲེད་པ་ལས་བྱུང་བར་ཤེས་ཏེ་རྟེན་འབྲེལ་ཡན་ལག་ལྔ་ཡི་བཤད་སྲོལ་དར་བ་དང་། ཕྱིས་སུ་སྲེད་པ་ཚོར་བ་ལས་བྱུང་བ་སོགས་གསར་མཐོང་བྱུང་སྟེ་མཐར་ཡན་ལག་བཅུ་གཉིས་ཀྱི་རྣམ་བཞག་གཏན་ལ་ཕབ་པར་སྣང་ཞེས་ནང་བསྟན་ཞིབ་འཇུག་པ་ན་ཁ་མུ་ར་ཞེས་པས་བཤད་ཡོད་པར་འདུག་ཅིང་། མཐོང་རྒྱ་ཆེ་ཡང་རྣམ་དཔྱོད་ཆུང་བའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ཡང་དེའི་རྗེས་སུ་འབྲང་རྐྱང་བྱེད་མོད། བོད་འགྱུར་གྱི་འདུལ་བ་དུམ་བུ་ལྔ་པ་དང་། པཱ་ལིའི་ཡང་དག་ལྡན་པའི་སྡེ། རྒྱ་འགྱུར་ཡང་དག་པའི་ལུང་སོགས་སུ་སྟོན་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཐུགས་སུ་ཆུད་པའི་རྐྱེན་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུལ་གསལ་བ་དང་། ལྷ་དབང་རྡོ་རྗེས་མཛད་པའི་གདོད་མའི་དྲང་སྲོང་ཆེན་མོའི་རྐང་རྗེས་སུ་ཁུངས་དང་བཅས་ཏེ་གསུངས་པ་ལྟར་ན། པཱ་ལིའི་མདོ་རྙིང་ཤོས་ཀྱི་གྲས་སུ་གཏོགས་པའི་མདོ་སྡེ་བསྡུས་པའི་ནང་གི་ཚིག་བཅད་བརྒྱད་མའི་ཚོམས་ཀྱི་མདོ་ཚན་བཅུ་གཅིག་པ་ལས། སྡུག་བསྔལ་འདོད་ཡོན་ལས་བྱུང་བ། འདོད་ཡོན་སྲེད་པ་ལས། སྲེད་པ་རེག་པ་ལས། རེག་པ་མིང་གཟུགས་ལས། མིང་གཟུགས་རྣམ་རྟོག་ལས་བྱུང་ཚུལ་དངོས་སུ་གསུངས་འདུག་པས། ཆོས་འཁོར་གྱི་མདོ་སོགས་ལས་འབྱུང་བ་ལྟར་དུ་སྟོན་པ་མཆོག་གིས་བདེན་པ་བཞི་དང་རྟེན་འབྲེལ་བཅུ་གཉིས་གཟིགས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་རྙེད་ཡོད་ཅེས་ལབ་ན་ཡང་མ་ཆོག་པ་ཆེར་མེད་དོ། །

འོན་ཀྱང་དོན་དངོས་སུ། རྙིང་མ་བའི་བརྡ་ཆད་ལྟར་ན་རྫོགས་པ་ཆེན་པོ་དང་། བཀའ་བརྒྱུད་པའི་ཆོས་སྐད་ལྟར་ན་ཕྱག་རྒྱ་ཆེན་པོའི་ལྟ་བ་རྟོགས་ཏེ་སངས་རྒྱས་ཡོད་པ་ལ་ཐེ་ཚོམ་ཅི་ཡང་མི་དགོས་ཏེ། ཞི་བའི་སྒོའམ་ཐར་པ་འཐོབ་བྱེད་ཀྱི་ལམ་ནི་གཅིག་ཁོ་ན་མ་གཏོགས་གཉིས་པ་ཞིག་མེད་པའི་ཕྱིར་དང་། རྒྱ་རྒྱུད་བསམ་གཏན་པའི་ལུགས་ཀྱི་ཆོས་ཉིད་དེ་དང་ཕྱག་ཆེན་གྱི་ལྟ་བ་གཉིས་ལ་ཁྱད་པར་ཅི་ཡང་མེད་པ་གང་ཞིག་ལ། བསམ་གཏན་པའི་ལུགས་ཀྱི་ལྟ་བ་དེ་ནི་སྟོན་པ་སངས་རྒྱས་དང་གནས་བརྟན་འོད་སྲུང་ཆེན་པོ་ལས་བར་མ་ཆད་དུ་ཉེ་བར་བརྒྱུད་ཡོད་པའི་བཤད་སྲོལ་ཞིག་རྒྱ་བརྒྱུད་ནང་བསྟན་ལ་ཡོད་པ་དེ་ཁུངས་ཆེ་བ་མ་ཟད་གོ་རྒྱུ་ཆེན་པོ་སྣང་བའི་ཕྱིར་རོ། །

དེས་ན་འཁོར་ལྔ་སྡེ་བཟང་པོ་དང་། སྦམ་དགའ་མོ་སོགས་ཀྱིས་སྟོན་པའི་བཀའ་དྲིན་ལ་བརྟེན་ནས་མཐོང་བའི་བདེན་པ་དེ་ཡང་ཕྱག་ཆེན་གྱི་ལྟ་བ་ཡིན་པ་ཐག་གིས་ཆོད་དེ། ལས་འཕྲོ་ཅན་གྱི་མིས་སངས་རྒྱས་ཀྱི་ཞལ་མཇལ་བ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་ལྟ་བ་རྟོགས་པར་ངེས་ཏེ། དཔེར་ན་དྭགས་པོ་རིན་པོ་ཆེའི་སྐུ་དངོས་གནས་པ་མ་ཟད་ཁོང་གི་བཞུགས་གནས་མཇལ་བ་ཙམ་གྱིས་ཀྱང་སེམས་ངོ་འཕྲོད་ཐུབ་ཀྱིན་ཡོད་འདུག་ན་སྟོན་པ་སངས་རྒྱས་ནི་དྭགས་པོ་རིན་པོ་ཆེ་ལས་བྱིན་རླབས་མ་ཆེ་ན་ཡང་མི་ཆུང་བའི་ཕྱིར། སངས་རྒྱས་དངོས་སུ་མཇལ་བའི་བསྐལ་བ་ལྡན་པའི་མི་ལས་བསོད་ནམས་ཆེ་བ་དང་ལས་འཕྲོ་བཟང་བ་ཞིག་ཡོད་མི་སྲིད་པའི་ཕྱིར་རོ། །

ཚེ་ལུས་གཅིག་ལ་སངས་རྒྱས་ཆོག

འདུལ་བ་ལུང་བ་སོགས་ཉས་ཐོས་ཀྱི་གཞུང་དུ་མའི་ནང་དུ་རྒྱལ་བུ་དོན་འགྲུབ་ནི་བསྐལ་ཆེན་གྲངས་མེད་གསུམ་གྱི་སྔོན་ནས་ལམ་དུ་ཞུགས་ཏེ། དེ་ནས་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པའི་བར་དུ་དཀའ་བ་དཔག་མེད་སྤྱད་ཅིང་ཚོགས་བསགས་བསམ་གྱིས་མི་ཁྱབ་པ་བྱས་ཀྱང་། སྐྱེ་བ་ད་རེས་ཀྱི་ཚེ་སྟོད་དུ་སོ་སོའི་སྐྱེ་བོ་ཐ་མལ་པ་ཞིག་ཡིན་པ་ལས་ཐ་ན་འཕགས་པ་ཙམ་ཡང་མིན་ཞེས་གསུངས་པ་ནི་དོན་ལ་མི་གནས་པའི་སྐད་ཆ་ནོར་བ་ཞིག་ཡིན་པ་མ་ཟད། སྐད་ཆ་དེ་ཉིད་མི་སུས་ཐོས་ན་ཡང་སྟོན་པ་མཆོག་གིས་སྐུ་ངལ་དེ་འདྲ་མཛད་ཀྱང་དོན་འབྲས་སྨིན་པ་ལ་དེ་ཙམ་དུ་འགོར་ན། སྦྱངས་བ་སྔོན་སོང་མིན་པའི་ལས་ངན་ང་ལྟ་བུ་ལ་ནི་འཚང་རྒྱ་བའི་རེ་བ་ཁྱོན་ནས་ཡོད་ཚོད་མི་འདུག་ཨང་བསམ་ནས་སྤོབས་པ་ཡོངས་སུ་ཉམས་པའི་ཉེན་ཁ་ཡོད།

ད་དུང་རྒྱལ་ཁམས་ཡོངས་ལ་ཁྱི་ལྟར་དུ་ཉུལ་བའི་མུ་སྟེགས་ཆོས་སྤེལ་མཁན་གྱི་ངག་ནས། ཁྱོད་ཀྱིས་ཡེ་ཤུ་མ་ཤི་ཀའམ་ཡང་ན་བྱེད་པོ་ཨ་ལ་ལྟ་བུ་ལ་དད་པ་རྣམ་དག་བྱོས་དང་ཚེ་འདིར་སྐྱིད་ཉལ་ཁོ་ན་བརྒྱབ་ནས་བསྡད་ཀྱང་ཤི་བའི་རྗེས་སུ་ལྷ་ཡུལ་དུ་ཁྲིད་འགྲོ་བ་ལ་ཐེ་ཚོམ་མེད་དོ་ཞེས་པའི་གཏམ་བཟང་ཟ་ཟུར་རེ་ཐོས་པ་ན། ཁྱི་ལྟོགས་ཤ་ལ་འཕྲད་པ་ལྟར་དུ་ནང་ཆོས་རྩྭ་སྐྱ་བཞིན་དོར་ནས་ཆོས་ལུགས་གཞན་པའི་ནང་དུ་ཞུགས་པའི་ཉེན་ཁ་ཧ་ཅང་ཆེའོ། །

ཡང་མདོ་སྡེ་བསྐལ་བཟང་དང་དུས་འཁོར་བསྡུས་རྒྱུད་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་དུ་མའི་ནང་དུ་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་གོ་རིམ་ནི་སྣང་ཚུལ་ཙམ་ཡིན་གྱི། དོན་དུ་ཐོག་མ་མེད་པའི་དུས་ཤིག་ནས་འོག་མིན་གྱི་གནས་སམ་ཡང་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཟེར་བའི་ཞིང་དུ་ཡེ་ནས་སངས་རྒྱས་ཟིན་ཞེས་ཆེ་ཆེ་རྫིག་རྫིག་བྱས་ཏེ་གསུངས་སྲོལ་ཡོད་པ་ནི་དོན་དངོས་དང་མི་མཐུན་པའི་ཐོག་ཏུ། དེང་སང་གི་མིས་ཐོས་པ་ན་བློ་ཡུལ་དུ་མ་ཤོང་སྟེ་ནང་ཆོས་འདི་ནི་ལྷ་སྒྲུང་ཁོ་ན་བཤད་མཁན་ཞིག་རེད་འདུག་ཨང་བསམ་ནས་ལོག་ལྟ་སྐྱེ་བའི་ཉེན་ཁ་ཡང་ཡོད་དེ། རྣམ་པར་སྣང་མཛད་ཀྱི་ཕྱག་ཏུ་བསྣམས་པའི་ལྷུང་བཟེད་གཅིག་གི་ནང་དུ་སའི་གོ་ལ་དང་ཉི་ཟླ་གཟའ་སྐར་གྲངས་མེད་པ་ཞིག་ཡོད་ཅེས་ལབ་ན་སུ་ཞིག་གི་རྣ་ལམ་དུ་འགྲོ་ཨང་།

དངོས་གནས་བྱས་ན། རྗེ་བཙུན་མི་ལ་རས་པས་ཚེ་སྟོད་དུ་མི་གསོད་རྟ་སྒྱེལ་གྱི་སྡིག་པ་ཚབས་ཆེན་དེ་འདྲ་བྱས་ཀྱང་། ཕྱིས་སུ་ཆོས་ཉིད་ཀྱི་བདེན་པ་འབད་དེ་སྒོམ་པས་སྐུ་ཚེ་དེ་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་རྙེད་དེ་རྒྱལ་བའི་བཀའ་དང་མཚུངས་པའི་ཆོས་གླུ་འབུམ་ཕྲག་མང་པོ་རྩོལ་མེད་ཐོལ་བྱུང་དུ་ལེན་ཐུབ་ན། རང་བཞིན་གྱིས་བརྩེ་བ་དང་ཤེས་རབ་ཁྱད་པར་དུ་འཕགས་པའི་རྒྱལ་བུ་དོན་གྲུབ་མཆོག་གིས་བསྐལ་ཆེན་གྲངས་མེད་གསུམ་དུ་འབད་བརྩོན་གནང་བ་ལ་མ་ལྟོས་པར་ལོ་ངོ་དྲུག་གི་ཡུན་དུ། སྔར་གྱི་དྲང་སྲོང་བགྲེས་པོ་རྣམ་པའི་ཉམས་ཞིབ་ཀྱི་རྨང་གཞི་ཐོག་ནས་དཔྱད་པ་གཏོང་ཞིང་སྒོམ་སྒྲུབ་མཛད་པས་རྗེ་མི་ལ་དང་མཉམ་པའི་གྲུབ་འབྲས་རླབས་ཆེན་མི་ལོན་དོན་ཅི་ཞིག་ཡོད་ཨང་།

གནས་གང་དུ་ཆོས་འཁོར་ཅི་ཞིག་བསྐོར།

སངས་རྒྱས་ཀྱི་གོ་འཕང་རྙེད་ནས་ཞག་མ་ཁ་ཤས་ཀྱི་རྗེས་སུ་ཝཱ་རཱ་ཎ་སཱི་རུ་སོགས་སུ་ཕེབས་ཏེ་ལོ་དྲུག་དང་ཟླ་བ་བཅུའི་རིང་དུ་འཁོར་ལོ་དང་པོའི་ཆོས་ཇི་སྙེད་དང་། དེ་ནས་རྒྱལ་པོའི་ཁབ་སོགས་སུ་བྱོན་ཏེ་ལོ་ངོ་བཅུའི་རིང་ལ་འཁོར་ལོ་བར་པའི་ཆོས་ཡོད་ཚད་དང་། མཐར་ཡངས་པ་ཅན་སོགས་སུ་གཤེགས་ཏེ་ལོ་འཁོར་བཅུ་གསུམ་གྱི་རིང་ལ་འཁོར་ལོ་མཐའ་མའི་ཆོས་ཆ་ཚང་གསུངས་པ་ཡིན་ཞེས་ང་ཚོ་ལ་གྲགས་མོད།  འོན་ཀྱང་ད་སྐབས་བཞུགས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་རུ་དེང་རབས་ནང་བསྟན་ཞིབ་འཇུག་པས་ཁས་མི་ལེན་ནོ།  །

དེ་ལྟར་ན་ཡང་གཅིག་ནས་ཉན་ཐོས་ལ་གྲགས་པའི་སྡེ་སྣོད་དང་ཐེག་ཆེན་ལ་གྲགས་པའི་བཀའ་བར་མཐའ་གཉིས་པོ་ཕལ་ཆེར་ཡི་གེ་ལ་ཕབ་སྔ་ཕྱི་མེད་པ་ནི་རྒྱ་ནག་ཏུ་བརྒྱད་སྟོང་པ་སོགས་བསྒྱུར་བའི་དུས་ཚོད་ལ་བརྟེན་ནས་ཧ་གོ་ཐུབ་པ་དང་། གཉིས་ནས་མཐའ་དང་བྲལ་བའི་སྟོང་ཉིད་དང་ཀུན་ལ་ཁྱབ་པའི་སྙིང་རྗེ། ཕར་རོལ་ཏུ་ཕྱིན་པ་དྲུག་དང་། ས་བཅུའི་མིང་སོགས་ཉན་ཐོས་ཀྱི་གཞུང་རྙིང་པ་རྣམས་སུ་ཡོད་འདུག་པ་སོགས་རྒྱུ་མཚན་མང་པོ་ལ་གཞི་བཅོལ་ན་འཁོར་ལོ་བར་མཐའི་བརྗོད་བྱ་གནད་ཆེ་བ་རྣམས་སངས་རྒྱས་ཀྱིས་ཞལ་ནས་གསུངས་པར་ངེས་འདུག་གོ།  །

སྐད་གང་གི་ཐོག་ནས་ཆོས་གསུངས།

ཆོས་འཁོར་བསྐོར་བ་ལས་འཕྲོས་ཏེ་འདིར་སྟོན་པ་མཆོག་གིས་སྐད་ཡིག་གང་གི་ལམ་ནས་ཆོས་གསུངས་ཡོད་མེད་ཅུང་ཟད་གླེང་ན། པཱ་ལིའི་སྐད་ཐོག་ལ་བཞུགས་པའི་མདོ་ཞིག་སྟེ་མིང་ལ་ཁུལླཝགྒCuIIaVaggaཞེས་པའི་ནང་དུ་འཁོད་པ་ལྟར་ན། དགེ་སློང་སྤུན་གཉིས་སྟོན་པའི་སྐུ་དྲུང་དུ་བཅར་ཏེ་ད་སྐབས་ཕ་ཡུལ་དང་རིགས་རུས་མི་གཅིག་པའི་རབ་བྱུང་འདྲ་མིན་སྣ་ཚོགས་ཐོན་ཡོང་ནས་སོ་སོའི་སྐད་ཀྱི་ཐོག་ནས་སྟོན་པའི་གསུངས་ཆོས་དྲི་མ་ཅན་དུ་བྱེད་ཀྱིན་འདུག་པས། ཁྱེད་ཀྱིས་རྗེས་ཕྱོགས་ལེགས་སྦྱར་ཁོ་ནའི་སྐད་ཐོག་ནས་ཆོས་གསུང་བར་མཁྱེན་ཞེས་རེ་ཞུ་ཕུལ་བ་ན། སྟོན་པས་དགེ་སློང་དེ་གཉིས་ལ་རྒྱུ་མཚན་ཁ་ཤས་ཀྱི་ཐོག་ནས་སྐྱོན་བརྗོད་ནན་མོ་མཛད་རྗེས། ཕྱིན་ཆད་མི་སུས་ཀྱང་ལེགས་སྦྱར་གྱི་སྐད་ཐོག་ནས་སངས་རྒྱས་ཀྱི་ཆོས་འཆད་མི་ཆོག། གལ་ཏེ་བཤད་ན་ཉེས་བྱས་ཡིན་ཞེས་གསུངས་ཏེ་ཁྲིམས་གསར་པ་བཅས་ཤིང་། མཐར་སཀཱཡནིརུཏྟིཡཱའི་སྐད་ཐོག་ནས་དམ་ཆོས་འཆད་སྤེལ་བྱེད་དགོས་པའི་བཀའ་ཕབ་ཡོད་པ་ལ། སཀཱཡནིརུཏྟིཡཱ་ཞེས་པའི་གོ་དོན་ག་རེ་ཡིན་པའི་ཐད་ནས་ཞིབ་འཇུག་པའི་ནང་ཁུལ་དུ་རྩོད་རྙོག་མང་པོ་བྱུང་ཡོད་པར་འདུག

དེ་ཡང་དབྱིན་ཇིའི་མཁས་པ་T.W Rhys -Davidsཞུ་བ་དང་འཇར་པན་གྱི་མཁས་པ་H.Oldenbergཞེས་པ་གཉིས་ཀྱིས་ཟེར་ན་གོང་གི་ཚིག་དེ་ནི་དགེ་སློང་རང་གི་སྐད་ཡིག་ཅེས་པའི་དོན་ཡིན་པ་དང་། འཇར་མན་གྱི་མཁས་པ་W.Geiger ཟེར་བས་བཤད་ན་སངས་རྒྱས་རང་གི་སྐད་ཅེས་པའི་དོན་ཡིན་ཚུལ་སོགས་ལབ་སྟེ་རྙོག་དྲ་ཅན་གྱི་རྩོད་པ་ཡུན་རིང་དུ་བྱུང་ཞེས་ལྷ་དབང་རྡོ་རྗེ་མཆོག་གིས་གསུངས་ཏེ། དེས་ན་སྟོན་པས་ཆོས་སྟོན་བྱེད་ཀྱི་སྐད་དེ་སངས་རྒྱས་རང་གི་སྐད་ཡིན་ན་དེ་ཉིད་མ་ག་དྷའི་སྐད་ཡིན་པ་དང་། འཁོར་དགེ་སློང་རྣམ་པའི་སྐད་ཡིན་ན་པཱ་ལིའི་སྐད་སོགས་མ་ངེས་པ་སྣ་ཚོགས་ཡོད་ཆོག་པའི་ཚོད་དཔག་བྱེད་ནུས་པ་ཡིན་ཚོད་རེད།

དེ་ལྟར་ལེགས་སྦྱར་ལ་བྱང་ཆ་བུད་པའི་ཤར་ནུབ་ཀྱི་མཁས་པ་མང་པོས་དུས་ཡུན་རིང་པོའི་བར་དུ་ཉམས་ཞིབ་བྱས་པའི་འབྲས་བུ་ལ། ས་སྟོན་སྡེ་བའི་འདུལ་བ་དུམ་བུ་ལྔ་པ་དང་ཆོས་སྦས་པའི་འདུལ་བ་དུམ་བུ་བཞི་པ་སོགས་ཉས་ཐོས་སྡེ་པའི་འདུལ་གཞུང་ལྔ་ཐམ་པ་ལ་བརྟེན་ནས། གོང་གི་ཚིག་དུམ་དེ་ཉིད་སངས་རྒྱས་རང་གི་སྐད་ལ་གོ་རྒྱུ་མིན་པར་དགེ་སློང་སོ་སོའི་སྐད་ལ་གོ་དགོས་པ་དང་། ལྷོ་རྒྱུད་ནང་བསྟན་པའི་སྡེ་སྣོད་གསུམ་པོ་གང་དུ་བཞུགས་སའི་པཱ་ལིའི་སྐད་དེ་ཡོངས་གྲགས་ལྟར་དུ་ཡུལ་དབུས་མ་ག་དྷའི་སྐད་མ་ཡིན་པར་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཨུཛྫཨིན་གྱི་སྐད་ཡིན་པ་དང་། ཡུལ་དེའི་སྐད་ཀྱང་ཡུལ་མི་རང་བཞིན་གྱི་སྐད་མིན་པར་པིཤཙའི་སྐད་དམ་འདྲེ་ཤ་ཟའི་སྐད་ཡིན་པ་སོགས་ཐག་ཆོད་བྱུང་ཡོད་འདུག །

གཞན་ཡང་འགྲེལ་བཤད་སྤྱན་རས་གཟིགས་རྟུལ་ཞུགས་ལས། “འདི་ལྟར་དགེ་འདུན་ཕལ་ཆེན་སྡེ་ཉིད་ཀྱི་སྡེ་སྣོད་ཀྱི་གཞི་ཆེན་པོ་ཞེས་བྱ་བའི་ཁོངས་སུ་ཐེག་པ་ཆེན་པོ་འདི་ཡང་གཏོགས་ཏེ། དེ་ནས་ས་བཅུ་པའི་མདོ་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དག་འབྱུང་བའི་ཕྱིར་དང་། དགེ་འདུན་ཕལ་ཆེན་སྡེ་ཉིད་ཀྱི་ཤར་གྱི་རི་བོའི་སྡེ་དང་ནུབ་ཀྱི་རི་བོའི་སྡེ་དག་ལས་ཀྱང་འཕྲལ་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་དག་འབྱུང་བའི་ཕྱིར་རོ། །” ཞེས་འབྱུང་བ་ལྟར་སྟོན་པ་མཆོག་གིས་གཙོ་ཆེར་འཕྲལ་སྐད་དམ་མ་ག་དྷའི་སྐད་དང་། པཱ་ལིའི་སྐད་ཐོག་ནས་ཆོས་གསུངས་པ་ལས་ལེགས་པར་སྦྱར་བ་ལྷ་ཡི་སྐད་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁུངས་ནི་མ་རྙེད་དོ། ། དེས་ན་རང་ཅག་གིས་གཞུང་འཆད་པའི་ཐོག་མར་མཚན་རྒྱ་སྐད་དུ་སྨོས་པའི་དགོས་པ་ནི་ད་རེས་ཀྱི་སྟོན་པ་གོའུ་ཏ་མ་ཙམ་དུ་མ་ཟད་མ་འོངས་པའི་སངས་རྒྱས་སྟོང་གིས་ཀྱང་སྐད་འདི་ཉིད་ཀྱི་ཐོག་ནས་ཆོས་འཁོར་བསྐོར་བར་འགྱུར་བས། ད་ལྟར་ནས་སྐད་དེ་ལ་བག་ཆགས་འཇོག་ཐུབ་པའི་དགོས་པ་ཡོད་རབས་སོགས་ཟད་མཐའ་མེད་པའི་སྒྲུང་གཏམ་མང་དུ་སྨྲ་བ་ཡང་བྱེ་མའི་ཁང་བུ་ཡིན་པ་གོའོ།  །

– – – – –

Loading

4 མཆན།

  1. ཡག་པོ་འདུག དོགས་སློང་དང་དོགས་དཔྱད་གང་མང་བྱེད་གལ་ཆེ།
    ཐེག་ཆེན་ལུགས་ནི་འུར་ཆེན་ཡིན་པས་ཡིད་ལ་འཐད་པར་དཀའ། ངས་བལྟས་ན་ཐེག་ཆེན་ལུགས་ཀྱི་ལོ་རྒྱུས་མང་པོར་བྲམ་ཟེ་རིང་ལུགས་ཀྱི་ཤན་ཞུགས་ཡིན་པར་སྣང་། བྲམ་རིང་ལུགས་པས་རང་ཉིད་རིགས་མཐོ་ཤོས་དང་ཡག་ཤོས་ཡིན་པར་སྒྲུབ་ཆེད་བྲམ་ཟེ་རྣམས་ཚངས་པའི་ཁ་དང་། རྒྱལ་རིགས་རྣམས་དཔུང་པ་དང་། རྗེའུ་རིགས་རྣམས་བརླ་དང་། དམངས་རིགས་རྣམས་རྐང་པ་ནས་སྐྱེས་སྐད་སྒྲུབ་པ་སོགས་ཀྱི་རྟོག་སྒྲུང་མང་།
    ཐེག་ཆེན་ཐེག་དམན་ཞེས་པའི་ཐ་སྙད་དེ་ཡང་དང་པོར་བཟོ་མཁན་ཐེག་ཆེན་པ་གཙོ་གྲས་འགའ་ཡིན་པ་རིགས་པས་དཔག་ཐུབ་ཡ་རེད། དེ་མིན་སུས་ཀྱང་དང་བླངས་ཀྱིས་རང་ཉིད་དམན་པ་ཡིན་པར་ག་ལ་སྒྲུབ། ཐེག་ཆེན་པ་ཚོས་སྟོན་པའི་རྗེས་འཇུག་རྣལ་མ་རྣམས་ཐེག་དམན་དང་རང་གི་ལུགས་ཐེག་ཆེན་ཡིན་པར་སྒྲུབ་ཆེད་ལོ་རྒྱུས་ཀྱི་གནས་དོན་གཙོ་བོ་ཚང་མར་མི་ཡིན་པ་རྣམས་ལྷ་ཀླུ་ཡིན་པ་དང་། མིས་བསྒྲུབས་པ་རྣམས་ལྷས་བསྒྲུབས་སྐད་སོགས་ཀྱི་རྟོག་སྒྲུང་བྲིས་ཡིན་པ་སྣང་། ཡང་དེ་རིགས་བཟོ་མཁན་ནི་ནང་པ་རྫུན་མ་སྟེ་ནང་པར་ཞུགས་ཀྱང་ལྟ་བ་བྲམ་ཟེ་རིངས་ལུགས་ཅན་ཚོ་ཡིན་ཉེན་ཡང་སྣང་།

  2. ཧཧཧ་་་མདོར་ན་་་་་ཉན་ཐོས་སྡེ་བའི་གཞུང་ཁ་ཤས་བཀླགས་ཡོད་ཞེས་བའི་དོན་རེད་བ་་་་་བཀའ་པོད་ཀྱི་གཞུང་ལ་རྒྱུས་མངའ་དེ་ཙམ་ཨེ་ཡོད་སྙམ་པ་བྱུང། མ་གཞི་བྲིས་བ་ཙམ་ཡག་པོ་རེད།

  3. དབྱེ་ཞིབ་ཁ་གསལ་གཏིང་གསལ་དང་གཞུང་ལུགས་རྒྱུ་མ་ཕུ་འདེད་བྱེད་ཐུབ་མི་འདུག་མོད། རྩ་བའི་ཆ་ནས་དཔྱད་ཐབས་ཡག་པོ་འདུག་ལ་དྲང་མོར་བྲིས་འདུག

  4. སྟོན་པ་ཐུབ་པའི་དབང་པོའི་མཛད་པ་ལ་དྲང་པོ་དྲང་བཞག་དགོས་ལུས་དང་རབ་བཏགས་སོགས་མང་དྲག་ལུགས་སོགས་བྲིས་ནས་་་འོག་ཏུ་བླ་མ་ཅིག་ཅིག་ཉིག་ཉིག་གི་བཞུགས་གནས་མཇལ་བ་ཙམ་གྱིས་གནས་ལུགས་མཐོང་ཚུལ་ལ་བདེན་ཁ་སྦྱིན་པ་ནི་དགོད་དྲོ་བ་རང་རེད།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།