[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་དཔྱད་བསྡུར་རིག་པ་བེད་སྤྱད་དེ་བོད་ལུགས་གསོ་རིག་གི་རྒྱུད་བཞི་དང་དེའི་འགྲེལ་བ་སོགས་ལས་བསྟན་པའི་གྲུམ་བུ་ནད་ཀྱི་ངོ་བོ་དང་ངེས་ཚིག དབྱེ་བ། ནད་རྟགས་དང་བརྟག་ཐབས་བཅས་ཚུལ་ཇི་ལྟར་གཏན་ལ་འབེབས་ལུགས་དང་། ནུབ་ལུགས་གསོ་རིག་གི་བརྟག་ཆས་འོད་འགྱེད་(DR)ཀྱི་གཞུང་ལས་གྲུམ་བུ་ནད་ཀྱི་དབྱེ་བ་དང་རྟགས། བརྟག་ཐབས་རེ་ཟུང་བཅས་ཁོལ་དུ་ཕྱུང་ནས་ནད་ཐོག་ལག་ལེན་སྐབས་བརྟག་ཐབས་གཉིས་ཀྱི་རིག་ལམ་མཐུན་ཚུལ་གྱི་ལྟ་བ་གཏོན་ཡོད།
[གནད་ཚིག] བོད་ལུགས་གསོ་རིག འོད་འགྱེད། གྲུམ་བུ། བརྟག་ཐབས།
གླེང་གཞི།
བོད་ཀྱི་གསོ་བ་རིག་པར་བཀའ་དྲིན་གཞལ་མཐའ་བྲལ་བའི་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་གང་ཞིག་གླེང་བ་བྱ་བ་ནི། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལས་གྲུམ་བུའི་ནད་ཅེས་པའི་ངོ་བོ་ངེས་ཚིག་དང་། དབྱེ་བ་དང་རྟགས། བརྟག་ཐབས་བཅས་ཇི་ལྟར་གཏན་ལ་འབེབས་ཚུལ་དང་། ཕྱི་ལུགས་གསོ་རིག་གི་བརྟག་སྤྱད་འཕྲུལ་ཆས་འོད་འགྱེད་ལས་གྲུམ་བུའི་ནད་ཀྱི་ནད་འགྱུར་ངོ་བོ་དང་རྟགས། དབྱེ་བ་བཅས་ཇི་ལྟར་གཏན་ལ་འབེབས་ཚུལ་འོད་འགྱེད་ཀྱི་པར་རིས་དང་སྦྲགས་གྲུམ་བུའི་ནད་ཅེས་པ་ཅི་འདྲ་ཡིན་ལུགས་སྲོལ་རྒྱུན་གསོ་རིག་གཞི་རྩར་བཟུང་སྟེ་དེང་རབས་གསོ་རིག་འཕྲུལ་ཆས་བརྟག་ཐབས་ཀྱིས་ཟུར་བརྒྱན་ནས་སྤྲོ་བ་བྱའོ། ། ཞོར་འཕྲོས་སུ་ནུབ་ལུགས་གསོ་རིག་བརྟག་ཆས་ཀྱི་བརྡ་ཆད་འདིའི་གོ་དོན་རབས་ཙམ་སྨྲོས་ན། DR ནི་ནུབ་ལུགས་གསོ་རིག་བརྟག་ཆས་ལས་འོད་ལ་བརྟེན་ནས་བརྟག་ཆས་རིགས་དུ་མ་ཡོད་པ་ལས་རིགས་ཚན་བྱེ་བྲག་པ་ཞིག་རེད། འདི་ལ་མིག་སྔར་བོད་སྐད་དུ་འོད་འགྱེད་དང་བརྟོལ་མཐོང་ཞེས་བརྡ་ཆད་གཉིས་བྱུང་འདུག འགའ་ཞིག་གིས་ཟེར་མཐོང་ཞེས་འབྲི་མོད་དེ་ནི CT ཡིན་པ་ལས DR ལ་གོ་ན་ནི་ནོར་བ་རང་རེད། དེས་ན་འོད་འགྱེད་དང་བརྟོལ་མཐོང་གཉིས་གང་ཞིག་འོས་འཚམ་ཡིན་མིན་ལ་མཁས་རྣམ་དཔྱད་པར་འཚལ་ལོ། །རང་གི་ལུགས་ལ་འོད་འགྱེད་འདི་འབྲི་ན་བསམ་སྟེ། འོད་འགྱེད་ནི་རྒྱའི་སྐད་དུ 辐照 བྱ་བའི་གོ་དོན་ཡོད་པ་དང་། DR ནི་འོད་ཀྱི་ནུས་རྡུལ་ཞིག་ལ་བརྟེན་ནས་ཕྱི་ནང་གསལ་བའི་པར་ལེན་ཐབས་ཀྱི་ལག་རྩལ་དམིགས་བསལ་བ་ཞིག་ཡིན་ཕྱིར་དོན་དུ་འདི་ཉིད་འཚམ་པ་སྙམ་མོ། ། བརྟོལ་མཐོང་ནི་རྒྱ་སྐད་དུ 透视 བྱ་བའི་གོ་དོན་ཡོད་ནའང་འོད་ཀྱི་ནུས་རྡུལ་གང་དེའི་གོ་དོན་མེད་པར་མ་ཟད་བོད་སྐད་དངོས་ཤིག་ཡིན་མིན་ལའང་ཐེ་ཚོམ་ཟ་དགོས་པ་ཞིག་ཀྱང་རེད་དོ། །
དང་པོ། བོད་ལུགས་གསོ་རིག་གི་གྲུམ་བུའི་ནད་ཀྱི་ངོ་བོ་དང་ངེས་ཚིག
དེ་ཡང་གྲུམ་བུའི་ནད་ཀྱི་ངོ་བོ་ནི་ཁ་ཟས་ཀྱི་དྭངས་མ་མ་སྨིན་པའི་རྐྱེན་གྱིས་ཆུ་སེར་ལྡང་ཚད་ལས་བརྒལ་ཏེ་ཤ་དང་རུས་པ། རྩ་དང་ཆུ་རྒྱུས་བཅས་སུ་ནད་འགྱུར་བྱུང་བ་ཞིག་རེད། ངེས་ཚིག་ནི་ཆུ་སེར་རུས་ལ་ཞེན་ནས་འབྱོར་བྱེད་ཀྱི་བྱེད་ལས་ཉམས་པས་ཚིགས་ཐམས་ཅད་ཆག་གྲུམ་ཤོར་བ་ལྟ་བུའི་ན་ཟུག་ཡོད་ཕྱིར་ནད་རྟགས་ལ་ལྟོས་ནས་བཏགས་པ་ཞིག་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས”ཚིགས་མིག་ཆུ་སེར་འཕེལ་བའི་རྐྱེན། །འབྱོར་བྱེད་བྱེད་ལས་ཉམས་གྱུར་ཏེ། །ཚིགས་ཀུན་ཆག་གྲུམ་ཤོར་བ་ལྟར། །གྱུར་བས་གྲུམ་བུ་ཞེས་སུ་བཤད། །”ཅེས་གསུང་པའི་སྒྲ་བཤད་ལྟར་ཡིན་ཞིང་། འགའ་ཞིག་གིས་བརྐྱང་བསྐུམ་མི་ནུས་པ་སྲོག་ཆགས་གྲུམ་པ་ལྟར་འགྱུར་བས་དེ་ལྟར་ཐོགས་པའི་སྒྲ་བཤད་མཛད་ཀྱང་རྒྱུ་མཚན་ཆེན་པོ་ཡོད་པ་ནི་མ་མཐོང་ངོ་། །
གཉིས་པ། བོད་ལུགས་གསོ་རིག་ལས་གྲུམ་བུའི་ནད་ཀྱི་དབྱེ་བ་དང་རྟགས།
དེ་ནས་གྲུམ་བུའི་ནད་ཀྱི་དབྱེ་བ་ལ། རྒྱུད་བཞི་ལས། དབྱེ་བ་ཤ་ཏྲེམ་རུས་ཏྲེམ་རྩ་ཏྲེམ་དང་། །ཆུ་ཏྲེམ་ཏྲེམ་དཀར་ཏྲེམ་ནག་རྣམ་པ་དྲུག ། ཅེས་གསུངས་པ་ལྟར་དེ་ལ་གནས་དང་རྒྱུ་ཡི་སྒོ་ནས་རྣམ་པ་དྲུག་ཏུ་དབྱེ་རུང་མདོ་དྲིལ་ན་གྲངས་གཉིས་སུ་བསྡུ་ཆོག་ཏེ། རྒྱུད་ལས། བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན། །དུ་མར་ཕྱེ་ཡང་ཚ་གྲང་གཉིས་སུ་འདུས། །ཞེས་དང་། པོད་དམར་ལས། མདོར་ན་དཀར་ནག་གཉིས་སུ་འདུས། །ཞེས་གསུངས་པ་བཞིན་ནད་འདི་ཡང་ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་ཚ་གྲུམ་མམ་ཏྲེམ་ནག་དང་། བད་རླུང་གྲང་བ་ཤས་ཆེ་བའི་གྲང་གྲུམ་མམ་ཏྲེམ་དཀར་གཉིས་སུ་དབྱེ་ནས་བསྡུ་བ་ནི་སྤྱིར་རགས་པའི་དབང་དུ་བྱ་བའོ། །
ནད་རྟགས་ལ། རྒྱུད་བཞི་ལས། སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་ལྤགས་བརྩེ། །གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག ། ཤེད་ཆུང་སྒྱིད་སྐྱུར་ཤ་འབྲོས་རྔུལ་ཁ་སྙི། །རུས་ཚིགས་ཤ་རུས་འཁོལ་ཞིང་ཆུ་རྒྱུས་གྱོང་། །འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར། །ཆུ་དམར་རྩ་འཁྱུག་ཕྲ་མགྱོགས་གཏིང་ན་རྒྱུག ། ཅེས་དང་། པོད་དམར་ལས། དང་པོ་ངོས་བཟུང་བ་ནི། བཞིན་མདངས་སྣུམ། ལུས་རྔུལ། མིག་སེར་ཆུ་དམར་རྩ་གྲིམས། རུས་རིགས་ཀུན་ན་ཞིང་སྐྲངས་། །ཟས་བག་རེ་ཆུད། ཁྱད་པར་ནམ་སྲོས་ནས་ཚིགས་པ་ཟ་ཞིང་མཚན་མོ་ན། ནམ་ལངས་ནས་བག་རེ་བདེ། རྟགས་དེ་དག་ལྡན་ན་གྲུམ་བུ་ཡིན་ངེས་སོ། ཞེས་ལུས་ལ་འཁྱག་སྣང་ཡུན་རིང་དུ་བྱུང་བ། ན་ཟུག་དང་ཚ་ཤར་རྒྱག་པ། གདོང་ལ་སྣུམ་བག་ཆེ་བ། མགོ་རྐེད་དཔྱི་མིག་ལ་ན་ཟུག་རྒྱས་པ། ཤེད་ཤུགས་ཆུང་བ་དང་ལས་ཀ་ལས་སྙིང་མི་བྲོ་བ། རྔུལ་ཁ་སྙི་བ། ཆུ་དམར། རྩ་འཁྱུག་ཕྲ་མགྱོགས་གཏིང་ན་རྒྱུག་པ་བཅས་ནི་བོད་ལུགས་གསོ་རིག་ལས་བསྟན་པའི་གྲུམ་བུའི་ནད་ཀྱི་རྟགས་སོ། །
གསུམ་པ། བོད་ལུགས་གསོ་རིག་ལས་གྲུམ་བུའི་ནད་ཀྱི་བརྟག་ཐབས།
བརྟག་ཐབས་ལ་བོད་ལུགས་གསོ་རིག་གི་བརྟག་ཐབས་ཀྱི་སྒྲོམ་གཞི་སྤྱི་དང་འདྲ་བ། ངག་གིས་དྲི་བ་གང་དུ་ན་བ་དང་ཇི་ལྟར་ན་བའི་ཚུལ་གྱིས་བརྟག་ཐབས། ལག་པས་རེག་པ་རྩ་ལ་བརྟག་པ། མིག་གིས་ལྟ་བ་ཆུ་ལ་བརྟག་པ་བཅས་བོད་ལུགས་གསོ་རིག་བརྟག་ཐབས་གཙོ་བོ་གསུམ་ཡིན་ཞིང་། བརྟག་ཐབས་འདི་གསུམ་གྱིས་གྲུམ་བུ་ནད་བརྟག་པ་ལ། དང་པོ་ངག་གིས་དྲི་བ་ནི་གྲང་ཤུམ་དང་ཤ་ལྕགས་བརྩེ་མིན། རུས་ཚིགས་དང་ཤ་རུས་འཁོལ་ཞིང་ཆུ་རྒྱུས་གྱོང་མིན། འགུལ་སྤྱོད་བྱེད་པའི་ཚེ་ན་ལྷག་པར་ན་མིན་སོགས་དྲིས་ཏེ་གྲུམ་བུའི་ནད་རྟགས་ཡོད་མིན་ལ་བརྟག་པ། གཉིས་པ། རྩ་ལ་བརྟག་པ་ནི། རྩ་འཁྱུག་ཅིང་ཕྲ་བ། མགྱོགས་ཤིང་གཏིང་ན་རྒྱུག་པ་བཅས་བྱུང་ན་གྲུམ་བུའི་ནད་དུ་ངོས་འཛིན་བྱེད་ཀྱིན་ཡོད། གསུམ་པ། ཆུ་ལ་བརྟག་པ་ནི། རྒྱུད་བཞི་ལས་ཆུ་དམར་ཞེས་གྲུམ་བུའི་ནད་ཀྱི་ཆུ་མདོག་དམར་ཞད་ཡོད་པ་བསྟན་ཀྱང་ཕལ་ཆེར་སྤྱིའི་དབང་དུ་གསུང་བ་མིན་ནམ་སྙམ་སྟེ། རྩ་ཆུའི་སྒོ་ནས་ནད་འདིའི་འཁྲུལ་སོ་བསལ་བའམ་མི་ནོར་བའི་རྟགས་སུ། གཡུ་ཐོག་པའི་ཤོག་དྲིལ་ལས། གྲུམ་བུའི་རྩ་ནི་ཁ་དྲག་གཏིང་ན་འགྱུར། །ནད་འདི་གདོན་རྩ་བཞིན་དུ་མངོན་མི་བཏུབ། །གྲུམ་བུའི་ཆུ་ནི་སེར་དང་རླངས་པ་ཆེ། །མི་ནོར་རྟགས་སུ་ངང་པའི་རྒྱབ་དང་འདྲ། །ཞེས་གསུངས་པས་ནད་ཐོག་ལག་ལེན་སྐབས་སུ་གྲུམ་བུའི་ནད་ཀྱི་རྩ་ཆུ་གཉིས་མི་ནོར་གཟེར་དངོས་དེ་ཤོག་དྲིལ་ལས་གསུང་པ་བཞིན་ཡིན་སྙམ་སྟེ་དཔྱད་པར་འཚལ་ལོ། །
བཞི་པ། གྲུམ་བུའི་ནད་ཀྱི་དབྱེ་བ་གཉིས་བྱེ་བྲག་ཏུ་བཤད་པ།
དང་པོ་གྲང་གྲུམ་གྱི་ནད་རྟགས་ལ། རྒྱུད་བཞི་ལས། ཏྲེམ་དཀར་ཆུ་སེར་དཀར་པོ་གྲང་ཤས་ཆེ། །ཞེས་དང་། པོད་དམར་ལས། གྲང་གྲུམ་བད་ཀན་ལྡན་པས་གྲང་། །ཞེས་གསུངས་པ་ལྟར་གྲང་གྲུམ་ནི་ཆུ་སེར་དཀར་པོས་བསྐྱེད་ཅེས་བསྡོངས་ཟླ་བད་རླུང་ལྡན་པས་གྲང་བ་ཤས་ཆེ་བ་དང་། དེ་བཞིན་སྐྲངས་པ་སོགས་ཡོད་ཀྱང་ཟུག་ཆུང་ལ་རྩ་ཆུ་སོགས་ལས་གྲང་རྟགས་སྟོན་པ་ཞིག་གོ །དེ་བཞིན་ནད་རིགས་བཞི་རྩ་བཞི་ཡང་མདོར་དྲིལ་ན་ཚ་གྲང་གཉིས་ཀྱི་ཁོངས་སུ་འདུ་བས་གྲུམ་བུའི་ནང་ཚན་ཆུ་ཏྲེམ་འདི་ཉིད་གྲང་གྲུམ་གྱི་ཁོངས་སུ་བསྡུ་ཆོག་ཏེ། ཆུ་བ་དང་རྒྱུས་པ་ནི་རླུང་གི་བྱེད་ལས་གཙོ་བོར་འཛིན་པས་དེའི་ངོ་བོ་གྲང་ཤས་ཆེ་བ་ཞིག་ཡིན་ལ་སྐབས་བསྟུན་བྱེད་ལས་ཀྱང་བསིལ་བ་ཁོ་ན་ཡིན་པས་སོ། །
གཉིས་པ་ཚ་གྲུམ་གྱི་ནད་རྟགས་ལ། རྒྱུད་ལས། ཏྲེམ་ནག་ཆུ་སེར་ནག་པོ་ཚ་ཤས་ཆེ། །ཞེས་པ་དང་། པོད་དམར་ལས། ཚ་གྲུམ་མཁྲིས་པ་ལྡན་པས་ཚ། །ཞེས་གསུངས་པ་ལྟར་ཚ་གྲུམ་ནི་ཆུ་སེར་ནག་པོས་བསྐྱེད་ཅེས་བསྡོངས་ཟླ་ཁྲག་མཁྲིས་གཉིས་ཀྱིས་བསྐྱེད་པས་ཚ་ཤས་ཆེ་བ་དང་། གཞན་རྐང་ལག་སོགས་སྐམ་ཁོལ་སྣ་ཚོགས་བྱེད་ལ་ན་ཟུག་ཆེ་བ་ཞིག་ཡིན། གཞན་ཡང་རྩ་ཏྲེམ་དང་རུས་ཏྲེམ་སོགས་ཀྱང་ངོ་བོ་ཚ་བས་བསྐྱེད་པ་ཡིན་པས་ཚ་གྲུམ་གྱི་ཁོངས་སུ་བསྡུ་བར་རིགས་སོ། །
གསུམ་པ་ཏྲེམ་དཀར་ནག་གཉིས་ཀྱི་འཁྲུལ་སོ་བསལ་ཐབས་ལ། གོང་སྨན་པས། གྲུམ་དཀར་བད་རླུང་གྲང་བ་ཤས་ཆེ་བས། །སྐྲངས་མདོག་དཀར་ཞིང་ཟུག་ཆུང་རྩ་ཆུ་གྲང་། །གྲུམ་ནག་ཁྲག་མཁྲིས་ཚ་བ་ཤས་ཆེ་བ། །སྐྲངས་མདོག་ནག་ཅིང་ཟུག་ཆེ་རྩ་ཆུ་ཚ། །ཞེས་དང་། ལྷུན་སྡིངས་པས། བྱེ་བྲག་གྲུམ་དཀར་ཟུག་ཆུང་རྩ་ཆུ་གྲང་། །གྲུམ་ནག་ཟུག་ཆེ་མདོག་ནག་རྩ་ཆུ་གྲང་། །ཞེས་དང་། པོད་དམར་ལས། གྲུམ་བུ་དཀར་པོ་ཚིགས་རྣམས་སྦོས་། །བཅུད་ཅན་ཟོས་ན་བདེ་སྙམ་བྱེད། །གྲུམ་བུ་ནག་པོ་འགུལ་མི་ཤེས། །རྩ་ཆུ་ཤ་རུས་ཁོལ་བ་དང་། །འགུག་པའི་ཚེ་ན་སྐད་ངན་འཆོར། །བྱ་ལྟར་གཡེར་ཞིང་སྐད་ངན་འཆོར། །ཞེས་དང་། ཡང་གཡུ་ཐོག་ཤོག་དྲིལ་ལས། གྲང་བའི་རྟགས་སུ་སྐྲངས་པ་ཡོད་པ་ཡིན། །ཚ་བའི་རྟགས་སུ་སྐམ་ཁོལ་སྣ་ཚོགས་བྱེད། །ཅེས་གསུངས་པ་བཞིན་ལ་ནད་ཐོག་ལག་ལེན་སྐབས་སུ་གསོ་བྱའི་ན་ཚོད་དང་། ཁོར་ཡུག རྟེན། བླ་གཉན་ནད་ཡོད་མེད་ལ་དྲི་བས་བརྟག་ནས་སློང་རྐྱེན་ན་ལུགས་ཕན་གནོད་སོགས་དྲི་བ་དང་བལྟ་རེག་གིས་ནད་གཞིའི་ཚུལ་འཛིན་པ་བཅས་བོད་ལུགས་གསོ་རིག་གི་ཁྱད་ལྡན་བརྟག་ཐབས་གསུམ་གྱི་སྒོ་ནས་ནད་ཀྱི་ངོ་བོ་ཚ་གྲང་འབྱེད་ཐུབ་པ་ལགས་སོ། །
ལྔ་པ། འོད་འགྱེད(X线)འཕྲུལ་ཆས་ཀྱིས་གྲུམ་བུའི་ནད་ལ་བརྟག་ཐབས།
དེ་ཡང་འོད་འགྱེད་ཀྱིས་གྲུམ་བུ་ནད་ལ་བརྟག་སྐབས་དུས་རིམ་གསུམ་དུ་ཕྱེ་བཞིན་ཡོད། སྔ་དུས་དང་། (早期) བར་དུས། (中期) འཕྱི་དུས་ (晚期) གསུམ་ཡིན། དེ་ནི་ནད་འགྱུར་གྱི་ངོ་བོ་ལ་གཞིག་ནས་ནད་རྟགས་མངོན་ཚུལ་གྱི་སྒོ་ནས་ཕྱེས་པ་ཞིག་རེད། འོད་འགྱེད་ཀྱི་གཞུང་ལས་བཤད་པ་ལྟར་ན། གྲུམ་བུ་ནད་དེ་ཐོག་མར་བྱུང་སའི་གནས་ནི་རྐང་པ་དང་དེ་ལས་ཀྱང་མཐེབ་ཆེན་གྱི་ཚིགས་ལ་འབྱུང་ཚུལ་བཤད། དེ་རྗེས་རིམ་གྱིས་ནད་ཡུན་རིང་པོར་འགོར་ན་གཟོད་ལག་ཚིགས་དང་གྲུ་ཚིགས་བཅས་ལ་འབྱུང་རྒྱུ་ཡིན་པ་བསྟན་ཡོད། དེ་ཡང་སྤྱིའི་ཆ་ནས་རྐང་ཚིགས་དང་ལག་ཚིགས་ལ་①སྐྲངས་སྦོས་དང་། (①软组织肿胀) ②རུས་པ་སོབ་པ། (②骨质疏松) ③ཚིགས་ཐུམ་མཐུག་པ། (③关节囊增厚) ④ཚིགས་ཆུ་བསག་པ། (④关节积液) ⑤ཚིགས་ཀྱི་བར་ཆ་དོག་པ། (⑤关节间隙变窄) ⑥ཚིགས་ཤོར་བ་སྟེ་ཡོངས་སུ་ཤོར་བ་དང་ཕྱེད་ཀ་ཤོར་བ།(⑥关节半脱位或脱位)སོགས་ཀྱི་ནད་རྟགས་ལ་གཙོ་བོ་དག་ལ་གཞིག་ནས་འོད་འགྱེད་ཀྱིས་གྲུམ་བུ་ཡིན་པ་ངོས་འཛིན་ཐུབ་ཀྱིན་ཡོད། དཔེར་མཚོན་དུ་གཤམ་གྱི་སྤྱིན་ཤོག་གི་པར་ངོས་དང་པོ་ལྟར་རོ། །

བྱེ་བྲག་ཏུ་གྲུམ་ནད་སྔ་དུས་སུ་འོད་འགྱེད་ལས་མཐོང་ཐུབ་པ་ནི་བརྡབ་སྐྱོན་སོགས་ཀྱི་གནས་ཚུལ་མེད་པར་རྐང་པའི་མཐེབ་ཆེན་ཚིགས་ངོས་སུ་སྐྲངས་པ་འབུར་དང་དོད་པ་དང་། (软组织肿胀) ཚིལ་གྱི་རི་མོ་རབ་རིབ་དུ་མངོན་པ། (脂肪线模糊不清) ཚིགས་ངོས་སུ་རུས་ལྷག་ཆུང་ཆུང་སྐྱེ་བ། (关节边缘轻度增生) ད་དུང་ཚིགས་རུས་ཐར་ཐོར་དུ་མཐོང་རྒྱུའང་ཡོད། (普遍性骨质稀疏) དཔེར་ན་གཤམ་གྱི་སྤྱིན་ཤོག་གི་པར་ངོས་གཉིས་པ་ལྟ་བུ།

བར་དུས་ཀྱི་ནད་རྟགས་ལ་ཚིགས་ངོས་སྐྲངས་འབུར་རྒྱས་པ། (软组织肿胀) ཤ་གསེབ་དུ་འཇོང་དབྱིབས་རང་བཞིན་གྱི་གྲིབ་གཟུགས་ཡོད་པ། (椭圆形密度增高阴影) རུས་པ་ཟགས་པ་ལྟ་བུ་ཆད་སྐྱོན་ཞུགས་པ། ཆེ་ཆུང་གི་ཚད་ལ་1mm~3mm ཙམ་ཡོད་པ། (呈穿凿样缺损,缺损大小约1mm~3mm左右) རུས་པ་ཐར་ཐོར་དུ་ཆགས་པ་ (可伴有骨质局限性稀疏) སོགས་ཀྱི་ནད་རྟགས་ནི་གྲུམ་བུའི་ནད་འགྱུར་བར་དུས་ལ་ཡོད་སྐབས་ཡིན་པར་བཤད། དཔེར་ན་ཧ་ལམ་སྤྱིག་ཤོག་གི་པར་ངོས་གསུམ་པ་ལྟ་བུ།

འོད་འགྱེད་ཀྱི་གཞུང་ལྟར་ན་གྲུམ་བུའི་ན་ཚ་ཚིགས་ལ་བབས་ནས་དུས་ཡུན་རིང་པོ་འགོར་བ་དང་ནད་གཞི་རྙིང་གོག་ཏུ་གྱུར་བའི་སྐབས་ལ་འཕྱི་དུས་ཀྱི་གྲུམ་བུ་ཞེས་བྱ། དེ་ལ་སྐྲངས་པའི་ངོ་བོ་ཤིན་ཏུ་གསལ་བ་དང་། (软组织肿胀更为明显) རུས་པ་ཆད་སྐྱོན་ཐེབས་པའི་ཆེ་ཆུང་གི་ཚད་གཞི་བར་དུས་ལས་ཀྱང་ཇེ་ངན་དུ་ཕྱིན་ཡོད། (缺损大3mm~12mm不等) གྲུམ་བུའི་ཚིགས་འབུར་གྱི་མཐུག་ཚད་ཆེ་རུ་འགྲོ་བ། (密度增高痛风结节) རུས་པའི་ཚུགས་ཀ་ཞིག་པ་དང་། (关节面不规则)ཚིགས་ཆུ་གསོག་པ། (关节积液) ཤ་གནད་འཁུམ་པ། (肌肉萎缩) ཚིགས་ངོས་ཀྱི་བར་སྟོང་ཇེ་དོག་ཏུ་འགྲོ་བའམ་འབྱར་བ་ (关节间隙变窄) བཅས་ཀྱི་ནད་རྟགས་མངོན་ན་གྲུམ་བུའི་ན་ཚ་ཡི་དུས་རིམ་ཕྱི་མ་ལ་སླེབས་ཡོད་པར་བཤད་དེ་ཕྱོགས་འགྲོས་པར་ངོས་བཞི་པ་ལྟ་བུར་ངེས་ཀྱང་གོང་དུ་ཞུས་པའི་ནད་རྟགས་ཆ་ཚང་ཡང་པར་ངོས་འདིར་མི་འདུག

དྲུག་པ། བོད་ལུགས་གསོ་རིག་གི་གྲུམ་བུའི་བརྟག་ཐབས་དང་ཕྱི་ལུགས་འོད་འགྱེད་ཀྱི་བརྟག་ཐབས་གཉིས་གཤིབ་བསྡུར་སྒོས་མཐའ་སྡོམ་པ།
དེ་ནས་བརྟག་ཐབས་གཉིས་ཀྱི་མཚུངས་ཆོས་ཀྱི་ཆ་ནི་སྲོལ་རྒྱུན་གསོ་བ་རིག་པའི་ནད་གཞི་བརྟག་ཐབས་ཀྱི་རིག་ལམ་ཡིན་ཀྱང་རུང་། དིང་རབས་གཞོག་འདེགས་བརྟག་དཔྱད་འཕྲུལ་ཆས་ཀྱི་ལག་རྩལ་གཉིས་ཀས་ནད་ཐོག་ལག་ལེན་ལ་ཕན་འདོགས་པའམ་གྲོགས་བྱེད་ཀྱི་ཡོད་དེ། སྨན་པས་ནད་གཞི་དེ་ཉིད་བདེ་བླག་ངང་རྟོགས་དང་མི་རྟོགས་དེ་བརྟག་ཐབས་ལ་རགས་ཡོད། རྒྱུད་ལས་ཀྱང་། བརྟག་ཐབས་མི་ཤེས་སྨན་པ་དེ། །གཉེན་མེད་བྱེས་སུ་འཁྱམས་པ་འདྲ། །ཞེས་བརྟག་ཐབས་མི་ཤེས་པའི་སྨན་པ་དེ་ནི་གཉེན་བཤེས་མེད་པར་མགྲོན་པོ་བྱེས་སུ་འཁྱམས་པ་དང་འདྲ་སྟེ་ཕན་ཚུན་ངོ་ཤེས་པའི་མི་གཅིག་ཀྱང་མ་རྙེད་པ་ལྟར་ནད་ངོས་ཟིན་པའང་གཅིག་ཀྱང་མི་འབྱུང་བས། བརྟག་ཐབས་ནི་ཤིན་ཏུ་གལ་ཆེ་བ་ལགས་སོ། །བརྟག་ཐབས་རིག་པའི་ངོས་ཐད་ནས་རྩ་ཆུ་དྲི་གསུམ་གྱི་སྒོ་ནས་ནད་ངོས་འཛིན་པ་ནི་སྲོལ་རྒྱུན་གསོ་རིག་གི་ཁྱད་ཆོས་གཙོ་བོ་ཡིན་ལ། ཕྱི་ལུགས་བརྟག་ཆས་འོད་འགྱེད་ཀྱིས་ནི་ནད་ཀྱི་གནས་ལུགས་དང་འགྱུར་བ་བཅས་ཕྱི་གསལ་ནང་གསལ་དུ་སྟོན་ནུས་ལ་སྨན་པའི་མིག་གིས་མཐོང་ཐུབ་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཡིན། ནད་རྟགས་ཀྱི་ཆ་ནས་བོད་ལུགས་གསོ་རིག་དང་འོད་འགྱེད་ལས་གྲུམ་བུའི་ནད་རྟགས་སུ་སྐྲངས་འབུར་ཡོད་པ་བསྟན་ཡོད་ན་ཡང་། དེ་ནི་ཕྱི་ངོས་ཙམ་ལས་ནང་རུས་པ་ནད་ཀྱིས་བཟུང་ཡོད་མེད་དང་ཚིགས་ཐུམ་སོགས་ཀྱི་འགྱུར་བ་འོད་འགྱེད་ནང་བཞིན་རྟོགས་ཐབས་མེད་པ་དེ་ཧེ་བག་ཆེ་ཤོས་གཅིག་རེད། གཞན་དུ་གྲུམ་བུའི་ནད་ཀྱི་དབྱེ་བ་བཀར་སྟངས་ཐད་བོད་ལུགས་གསོ་རིག་གིས་ནད་ཀྱི་རྒྱུ་དང་རྐྱེན་ལ་ལྟོས་ནས་ཏྲེམ་དཀར་ཏྲེམ་གཉིས་སུ་ཕྱེས་ཤིང་། དབྱེ་སྟངས་དེ་ནི་བོད་ལུགས་གསོ་རིག་གི་ཁྱབ་ཁོངས་གཅིག་པུ་ན་མ་གཏོགས་མེད་པས་རིན་ཐང་ལྡན་པ་དང་། བརྟག་ཆས་ཅི་ཡང་མེད་པའི་ཆ་རྐྱེན་འོག་རིག་ལམ་དེ་འདྲ་བྱུང་ཐུབ་པ་དང་བྱུང་བ་ཙམ་མ་ཡིན་པར་ནད་ཐོག་ལག་ལེན་སྐབས་སུ་འབྲས་བུ་ཆེན་པོ་སྨིན་ཡོད་པ་ནི་ངོ་མཚར་དགོས་པ་ཞིག་ཀྱང་རེད། འོད་འགྱེད་ལས་ནད་ཀྱི་འགྱུར་བ་ལ་གཞི་རྩར་བཟུང་ནས་སྔ་མ་དང་། བར་མ། ཕྱི་མ་གསུམ་དུ་ཕྱེས་འདུག་ཅིང་། དེ་ནི་ཞིབ་ཆ་ལྡན་པ་དང་ཚན་རིག་དང་མཐུན་པ། ནད་ཀྱི་ཕྱི་ནང་བར་གསུམ་ལ་མིག་གིས་ལྟ་བཞིན་ནད་ངོས་འཛིན་ཆོག་པ་བཅས་ཀྱི་ཁྱད་ཆོས་གདའ།
དེ་བས་ང་ཚོ་བོད་ལུགས་གསོ་རིག་ལ་འཇུག་མཁས་རྣམས་ཀྱིས་རང་རེའི་གསོ་རིག་གཞུང་ལུགས་ཀྱི་བརྟག་ཐབས་གཞིར་བཟུང་། ནུབ་ལུགས་འོད་འགྱེད་ཀྱིས་ཟུར་བརྒྱན་ནས་གྲུམ་བུའི་ནད་ལ་བརྟག་ཐུབ་པ་ཞིག་བྱུང་ན་གཅིག་ནས་ཚན་རིག་གི་ལག་རྩལ་ཆེས་ཆེར་དར་སྐབས་འདིར་ང་ཚོས་རིག་གནས་གཞན་གྱི་ལེགས་ཆ་ལེན་བཞིན་གོམ་གང་མདུན་སྤོས་བྱེད་ཐུབ་པ་དང་། གཉིས་ནས་ནད་ཐོག་ལག་ལེན་སྐབས་སུའང་རང་རེའི་གསོ་རིག་བརྟག་ཐབས་ཀྱིས་ནད་ཀྱི་ཚ་གྲང་གི་དབྱེ་བ་འབྱེད་པ་དང་། འོད་འགྱེད་ཀྱིས་ནད་ཀྱི་དུས་ཡུན་དང་རུས་པའི་འགྱུར་བ་ལ་བརྟག་སྟེ་ཟུང་འབྲེལ་བགྱིས་ན་འཁྲུལ་སོ་བསལ་བདེ་བ། ནད་སྨན་སྤྲད་པ་ལའང་སད་མདའ་གཏོང་བ་སོགས་ཀྱི་དཀའ་ངལ་སྐྱོན་མི་དགོས་པ་འདུག་པས་དགེ་མཚན་ཆེ་བ་ལགས་སོ། ། དེ་ལྟར་ནུབ་བོད་གསོ་རིག་གི་ལམ་ནས་གྲུམ་བུ་བརྟག་ཐབས་ཀྱི་རྩོམ་ཐུང་འདིས་གསོ་སྤྱད་ལ་འཇུག་པའི་བློ་གསར་གཞོན་ནུའི་ཁྱུ་ཚོགས་ལ་དཔྱད་གཞི་དང་ཕན་འབྲས་ཅུང་ཙམ་འབྱུང་བའི་རེ་སྨོན་དང་། མིག་སྔར་བོད་ལུགས་གསོ་རིག་གནས་བབས་ཁྲོད་གཤིབ་བསྡུར་རིག་པའི་རྩོམ་ཡིག་འདི་ལྟ་བུ་ཉུང་ཉུང་ཡིན་པས་དཔྱད་གཞི་མང་པོ་མེད་པའི་རྒྱུ་རྐྱེན་ཅི་རིགས་དང་། རང་ཉིད་ཐོས་པ་ཞན་པའི་དབང་གིས། རིག་པ་དང་ལྡན་པའི་མཁས་དབང་རྣམས་ཀྱིས་སྦྱོང་རྩོམ་འདིའི་ནོར་སོ་དང་འཁྲུལ་བའི་ཆ་ལ་དགོངས་འཆར་སྩོལ་རོགས་ཞེས་ཀྱང་ཞུ་བའོ། །
དཔྱད་གཞིའི་ཡིག་ཆ།
① དཔལ་ལྡན་རྒྱུད་བཞི། M གཡུ་ཐོག་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༦པར།
②ལག་ལེན་པོད་དམར། M གོང་སྨན་དཀོན་མཆོག་བདེ་ལེགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་༣པར།
③ 王书轩,范国光《影像读片从入门到精通序列》第二版《X线读片诊断-指南》G 北京:化学工业出版社,2013.
– – – – –
ཧ་ཅང་ཡག་པོ་འདུག། གྲང་བའི་ན་ཚ་ཐོག་ལ་ཞིབ་ཚགས་དེ་ནང་བཞིན་ཡོད་ན་བཞག་རོགས།