གླེང་གཞི།
ཁྱུང་རབས《རྣམ་དག་ཤེལ་ཕྲེང》ལས“ཁྱུང་དཀར་ལྷ་མཆོག་རྒྱས་ཞེས་བྱ་བ་དེ་ཡིས། ཁྱུང་པོའི་མ་ཡིག་གསེར་སྒམ་དང་། གཡུ་མགོ་མ་དང་། ཁྱུང་རབས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་དང་། ཞལ་བྱོན་སོགས་ནས་བསྡུས་ཏེ་བྲིས་པའོ།།”[1]ཞེས་དང་། ཤེ་ཙུ་རད་ཎས་བརྩམས་པའི《ཁྱུང་རབས》ལས“ཁྱུང་སེར་སྐུ་སྲུང་ལྷ་མཆོད་མཁན་པོ་ཡིས། ཁྱུང་པོའི་མ་ཡིག་གསེར་སྒམ་དང་། ཁྱུང་རབས་རྒྱས་འབྲིང་བསྡུས་གསུམ་གྲགས་པ་རྣམས། མཇལ་སྙམ་བྱུང་རུང་མཇལ་ཁ་མ་བྱུང་ཞིང་། བློན་རྒན་རྣམས་ཀྱི་རྣ་ཐག་ཞལ་རྒྱུན་སོགས། བྲིས་འདིར་མ་དག་ཉེས་འགལ་གྱུར་སྲིད་ན། ཀུན་ཏུ་བཟང་དང་ཁྱུང་རབས་གདུང་རྒྱུད་དང་། བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་དང་། བསྟན་སྲུང་ཚོགས་ལ་བཤགས་ཤིང་བྱང་མཛད་གསོལ།”[2]ཞེས་ཁྱུང་རབས་གསེར་སྒམ་མ་ནི་ཁྱུང་པོའི་མ་ཡིག་ཡིན་པ་འཁོད་ལ། ཁྱུང་ཡུལ་གྱི་དམངས་ཁྲོད་ངག་རྒྱུན་དུ་ཁྱུང་པོའི་མ་ཡིག་རྣམ་གསུམ་ལས་གཅིག་ནི་གསེར་སྒམ་མ་ཡིན་པ་བཤད་སྲོལ་ཡོད། འོན་ཀྱང་། ཡིག་ཚང་འདིའི་མཇུག་བྱང་དུ་མཛད་པ་པོ་གསལ་པོར་བཀོད་མེད་ཅིང་། དེ་འབྲེལ་གྱི་གནས་ཚུལ་འཁོད་པའི་ཡིག་ཆ་དང་རྩོམ་ཡིག་མཐོང་དཀོན་པོར་གྱུར་ཡོད། ང་ཚོས་ཡིག་ཚང་འདི་ཉིད་དུས་སྐབས་ག་དུས་བྱུང་མིན་རྟོགས་པ་ལ་ཐོག་མར་ཡིག་ཚང་འདིའི་ངོ་བོ་དང་ཁྱད་ཆོས་རྒྱུས་ལོན་དགོས་པར་བརྟེན། ཕྲན་གྱིས་ཡིག་ཚང་གཤིབ་བསྡུར་རིག་པའི་ཐབས་ལམ་དཔྱད་དེ་ཁྱུང་རབས་འདིར་དཔྱད་བརྗོད་བྱས་ཡོད་ལ། ནང་དོན་ལ་གཞིགས་ནས་ཡིག་ཚང་འདི་བྱུང་བའི་དུས་དང་མཛད་པ་པོའི་སྐོར་ནས་དོགས་སློང་ཞུས་ཡོད།
དང་པོ། ཁྱུང་རབས་དཀར་ཆབ་ཆེན་མོ་དང་གསེར་སྒམ་མ་གཉིས་བསྡུར་བ།
《ཁྱུང་རབས་དཀར་ཆབ་ཆེན་མོ》ནི་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་བརྩམས་པ་ཡིན་ལ། ཡིག་ཆ་འདི་ནི་དུས་ཡུན་རིང་པོར་གབ་སྦས་སུ་སོང་སྟེ་ཉེ་སྔོན་གསར་རྙེད་བྱུང་བ་ཞིག་ཡིན། དེར་བརྟེན། ལྟོས་བཅས་ཀྱིས་བཤད་ན་འདི་ལ་དུས་ཕྱིས་སུ་བཟོ་བཅོས་ཐེབས་པའི་རྗེས་ཤུལ་ཉུང་བས། དེང་སང་མཇལ་ཐུབ་པའི་ཁྱུང་རབས་ཡིག་ཚང་ཁག་ལས་རིན་ཐང་ཆེ་ཤོས་སུ་གྱུར་ཡོད། མཚམས་འདི་ནས་དཀར་ཆབ་ཆེན་མོ་དང་གསེར་སྒམ་མ་གཉིས་ཀའི་ནང་དུ་འཁོད་པའི་ནང་དོན་ཁག་ལ་གཤིབ་བསྡུར་བྱ་རྒྱུ་ཡིན།
གཅིག དཀར་ཆབ་ཆེན་མོ་ལས་ཞང་ཞུང་ཁ་ཡུག་མེ་ཏོག་མཛེས་པའི་གླིང་ལ་བྱ་ཁྱུང་གསུམ་བབས་པའི་མལ་དུ་དྲོད་ཀྱི་ཟིལ་པ་ལས་ཤེལ་སྒོང་དཀར་པོ་གསུམ་བྱུང་། དེ་དག་བརྡོལ་ཏེ་ཁྱེའུ་གསུམ་བྱུང་བའི་ཆེ་བ་ཁྱུང་རྒོད་ཐོག་ལ་འབར་དང་དེ་འོག་ལྷ་ཁྱུང་རྒྱན། ཆུང་ཤོས་མུ་ཁྱུང་རྒྱན་ཡིན་པར་བཤད། གསེར་སྒམ་མ་ལས་ཁྱུང་ཆེན་གསུམ་བབས་པའི་མལ་དུ་སྒོ་ང་དཀར་ནག་སེར་གསུམ་བྱུང་བ་དང་། དེ་དག་བརྡོལ་བ་ལས་ཆེ་བ་ཁྱུང་སེར་ལྷ་ཁྱུང་རྒྱན་དང་། དེ་འོག་ཁྱུང་དཀར་ཐོག་ལ་འབར། ཆུང་བ་ཁྱུང་ནག་མུ་ཁྱུང་རྒྱན་ཡིན་པར་བཤད་ཡོད། གཉིས། དཀར་ཆབ་ཆེན་མོ་ལས། ཁྱུང་རྒོད་ཐོག་ལ་འབར་གྱིས་འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས། ལྷ་ཁྱུང་རྒྱན་གྱིས་ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས། མུ་ཁྱུང་རྒྱན་གྱིས་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེངས་པ་གསལ་ཡོད། གསེར་སྒམ་མ་ལས། ཁྱུང་སེར་ལྷ་ཁྱུང་རྒྱན་གྱིས་བྱ་ཟེ་ཡང་རྫོང་དུ་ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས། ཁྱུང་དཀར་ཐོག་ལ་འབར་གྱིས་ངང་སྐྱའི་ཁྱུང་རྫོང་དུ་འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞེངས། ཁྱུང་ནག་མུ་ཁྱུང་རྒྱན་གྱིས་གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་དུ་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེངས་པ་བཤད་ཡོད། གསས་ཁང་གི་ནང་རྟེན་དང་མདུན་གྱི་མཆོད་གཤམ་སོགས་ནི་གཅིག་མཐུན་དུ་སོང་འདུག གསུམ། གྲི་གུམ་བཙན་པོས་བོན་བསྣུབས་རྗེས་སྤུ་ལྡེ་གུང་རྒྱལ་གྱིས་ལྷ་ཁྱུང་རྒྱན་དང་མུ་ཁྱུང་རྒྱན་གཉིས་བོད་ཡུལ་དུ་བོན་བསྟན་སྤེལ་བར་གདན་དྲངས་པའི་སྐོར་གཉིས་ཀ་མཐུན་ཡོད། བཞི། དཀར་ཆབ་ཆེན་མོ་ལས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་སོགས་སྤུན་དྲུག་གི་མ་ཡུམ་ནི་རྨ་རྒྱུད་ཀྱི་རྒྱལ་རབ་གདའ་བཟའ་དབྱི་སྤ་མ་ཡིན་པར་བཤད་ལ། གསེར་སྒམ་མ་ལས“སྟོན་ཐར་གྱི་སྲས་སྟོན་སྲས་ཁྱུང་དབུས་དམ་པ་བོན་བཀྲ་དཔོན་དགེ་དཔོན་དབུས་སྟོན་འབུམ་དང་དྲུག་ལ་མ་རྒྱ་མོ་ཡིན་པས་རྒྱ་ཚ་སྤུན་དྲུག་གྲགས།”[3]ཞེས་གསལ། ལྔ། ཧོར་དམག་གིས་ཁྱུང་པོ་རླག་སྐབས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་ལྷོ་དངུལ་ཆུ་རྒྱུད་དུ་བྱོན་ཏེ་ཡུལ་དེར་འདས་པའི་སྐོར་གཉིས་ཀ་མཐུན། དྲུག དཀར་ཆབ་ཆེན་མོར་ནང་ཆེན་གྲགས་པ་རྒྱལ་མཚན་ཨ་འཚོ་བཟའ་ལས་འཁྲུངས་པར་བཤད་པ་ཙམ་ལས་ཁོང་གི་དགུང་སྙིང་དང་ཡུམ་སྲས་གཉིས་ནང་ཆེན་ཡུལ་དུ་བྲོས་པའི་སྐོར་གསལ་མེད། གསེར་སྒམ་མ་ལས་ཁོང་ནང་ཆེན་ཨ་འཚོ་བཟའ་ལས་ཆུ་རྟ་ལོར་འཁྲུངས་ཤིང་ཁྱུང་པོ་ཚོ་གཅིག་གིས་ཁུར་ནས་ནང་ཆེན་དུ་བྲོས་པར་བཤད་ཡོད། བདུན། དཀར་ཆབ་ཆེན་མོ་ལས་ནང་པ་བྱང་ཤེས་ཀྱིས་མཚོན་ཆ་ཐོགས་ཏེ་ཤྭ་བ་བརྔོན་པས་མི་སྡེ་ཁ་ཅིག་གིས“སྨུག་སྐྱིད་ཚ་བའི་ངར་སྒང་ན།ཁྱུང་པོ་བླ་མས་ཧོར་འགྲོས་བྱེད། དབོན་པོ་བྱང་ཤེས་པས་ཤ་བ་བདའ།”ཞེས་གླུ་ཤགས་རྒྱག་མཁན་བྱུང་ཞིང་། དེའི་ཐོག་མི་སྡེ་རྣམས་ལ་ཁྲལ་འུ་ལག་ཤུགས་ཆེར་བསྐུལ་བས་མི་སྡེ་ཕལ་ཆེར་ངོ་ལོག རོང་པོ་དང་འཁྲུག་པ་ལན་མང་བྱུང་བ་སོགས་བཤད་ཡོད།
གསེར་སྒམ་མ་ལས་ནང་པ་བྱང་ཤེས་ནི་བྱམས་སྙིང་རྗེ་ཆེ་ལ་རྒན་བཀུར་གཞོན་གཅེས་ཀྱི་སེམས་དང་ལྡན་པ། རིག་པའི་གནས་ལྔ་ལ་མཁས་པ། སྟོབས་ཤུགས་དྲག་རྩལ་འགྲན་ཟླ་བྲལ་བ། ཁྱུང་པོའི་མངའ་ཁོངས་རྒྱ་བསྐྱེད་དེ་འབངས་སུ་མ་འདུས་པ་མང་པོ་དྲག་པོའི་སྟོབས་ཀྱིས་ཚར་བཅད་པ་བཤད་ཡོད།
གཉིས་པ། ཁྱུང་རབས་རྣམ་དག་ཤེལ་ཕྲེང་དང་གསེར་སྒམ་མ་གཉིས་བསྡུར་བ།
《ཁྱུང་རབས་རྣམ་དག་ཤེལ་ཕྲེང》ནི་ཁྱུང་དཀར་ལྷ་མཆོག་རྒྱས་ཞེས་པས་བརྩམས་པ་ལགས་ཤིང་། མཇུག་བྱང་ལས་ཡིག་ཆ་འདི་ནི་ཁྱུང་རབས་ཡིག་ཚང་མ་ཡིག་གཡུ་མགོ་མ་དང་གསེར་སྒམ་མ་སོགས་དཔྱད་གཞིར་བྱས་ནས་བརྩམས་པ་གསལ་བས་དེ་དག་གི་རྗེས་སུ་བྱུང་བ་རྟོགས་ཐུབ། མཚམས་འདི་ནས་ཡིག་ཚང་འདི་གཉིས་ཀྱི་ནང་དོན་ཁ་ཤས་ལ་གཤིབ་བསྡུར་བྱ།
གཅིག རྣམ་དག་ཤེལ་ཕྲེང་ལས་བྱ་ཁྱུང་གི་སྒོ་ང་ལས་ལྷ་ཀླུ་མི་ཡི་ཁྱུང་གསུམ་བྱུང་བ་དང་། དེ་དག་ལས་མི་ཁྱུང་སྨུག་པོ་ཞང་ཞུང་རྒྱལ་པོས་བླ་མཆོད་དུ་བཀུར་བ་དང་མཚན་ལ་ཁྱུང་རྒོད་ཐོག་ལ་འབར་ཞེས་གསོལ་བ་གསལ། གསེར་སྒམ་མ་ལས་གོང་དུ་གླེང་བ་ལྟར་དཀར་ནག་སེར་གསུམ་ལས་ཁྱེའུ་གསུམ་བྱུང་བ་བཤད་ཡོད། གཉིས། རྣམ་དག་ཤེལ་ཕྲེང་ལས་ཧོར་དམག་གིས་ཁྱུང་སྒར་རླག་སྐབས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་མདོ་སྨད་དུ་བྱོན་པར་བཤད་ལ། གསེར་སྒམ་མ་ལས་ལྷོ་དངུལ་ཆུ་རྒྱུད་དུ་ཕེབས་ཤིང་མཐའ་མཇུག་ཡུལ་དེར་འདས་པར་བཤད། གསུམ། རྣམ་དག་ཤེལ་ཕྲེང་ལས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་ལ་ལུང་བསྟན་ཐོབ་སྟེ་རྨ་ལ་བཞི་ཚུར་ནང་ལ་བྱོན་པ་དང་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ཆིབས་བསུ་བྱས་ཤིང་ཁོང་གཉིས་གདན་ས་བརྗེ་ལེན་བྱས་པའི་སྐོར་གསལ། གསེར་སྒམ་མ་ལས་ཁྱུང་པོ་ནང་ཆེན་གྲགས་པ་དང་རྒྱ་རྗེ་གཉིས་གདན་ས་བརྗེ་ལེན་བྱས་པ་གསལ། བཞི། རྣམ་དག་ཤེལ་ཕྲེང་ལས་ནང་ཆེན་གྲགས་པ་རྒྱ་ནག་གོང་མ་མཇལ་དུ་བྱོན་པ་དང་གོང་མའི་བཀའ་ལྟར་སྐུ་རིམ་གཡང་སྒྲུབ་བྱས་པས་གོང་མ་ཐུགས་དགྱེས་ཏེ་ཡུལ་སྡེའི་ཐོབ་ཁྲལ་བསྩལ་ནས་མཐོང་དང་བདག་སྐྱོང་ཆེན་པོ་བྱས་པ་གསལ། གསེར་སྒམ་མ་ལས་སེ་ཆེན་རྒྱལ་པོས་ནང་ཆེན་གྲགས་པར་གནམ་དང་ས་ཆེན་པོ་དོ་ཡོན་གྱི་ལས་གནས་བསྐོས་ཤིང་བཀའ་ཤོག་དང་ལས་ཐམ་སོགས་བསྩལ་བ་གསལ། ལྔ། རྣམ་དག་ཤེལ་ཕྲེང་ལས་ཨ་བླ་ཧོར་ཡུལ་ནས་ཚུར་ཁྱུང་ཡུལ་དུ་བྱོན་པར་བཤད་ལ། གསེར་སྒམ་མ་ལས་ཨ་བླ་སོག་ཡུལ་ནས་ཐོན་ཏེ་རག་ཏག་སྐོར་དུ་ཕེབས་པར་བཤད། དྲུག རྣམ་དག་ཤེལ་ཕྲེང་ལས་ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་སོགས་སྤུན་མཆེད་གསུམ་གྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ(༡༣༦༠-༡༤༠༦)བྱ་ཟེར་གདན་དྲངས་ཏེ་གསས་ཁང་བཞེངས་པའི་སྐོར་རྒྱས་པ་ཞིག་བཀོད་ཡོད། གསེར་སྒམ་མར་དེའི་སྐོར་གསལ་མེད་པ་བཅས་སོ།།
གསུམ་པ། གསེར་སྒམ་མའི་ཁྱད་ཆོས་ཁ་ཤས་གླེང་བ།
ཁྱུང་རབས་གསེར་སྒམ་མར་དམིགས་བསལ་གྱི་ཁྱད་ཆོས་ཁ་ཤས་བདོག་པ་ཟུར་ཙམ་ཞུས་ན། གཅིག ཁྱུང་རབས་གཞན་དང་མི་འདྲ་བར་འདིར་མི་སྣ་བཅུ་བདུན་གྱི་འཁྲུངས་འདས་ལོ་ཚིགས་དང་འབྲེལ་བའི་རབ་བྱུང་ལོ་ཁམས་བཀོད་འདུག མི་སྣ་དེ་དག་ཀྱང་དུས་སྐབས་གཉིས་སུ་གཏོགས་པ་སྟེ། ཚོ་གཅིག་ནི་རབ་བྱུང་ལྔ་པའི་གཡས་གཡོན་གྱི་མི་ཡིན་ལ། ཚོ་གཅིག་ནི་རབ་བྱུང་བཅུ་གསུམ་པའི་གཡས་གཡོན་གྱི་མི་ཡིན། དེབ་གཟུགས་སུ་བསྐྲུན་པའི་ཁྱུང་རབས་ཡིག་ཆ་སྐོར་ཞིག་གི་ནང་དུ“ཁྱུང་ཨ་བླ་རབ་བྱུང་བཞི་པའི་མེ་གླང༡༢༡༧ལོར་འཁྲུངས”ཞེས་བཀོད་འདུག
སྤྱི་ལོ་ལོ་ཚིགས་སུ་འགོད་པའི་ལམ་ལུགས་ནི་ཉེ་ཆར་གསར་དུ་དར་བ་ཡིན་པས་གནས་ཚུལ་འདིས་ཡིག་ཚང་འདིའི་ལོ་རྒྱུས་རིན་ཐང་ལ་དོགས་པ་བཟའ་རུ་བཅུག་ཡོད། དེར་བརྟེན། གུས་པས་མ་ཡིག་བྲིས་མ་འཚོལ་སྡུད་བྱས་ཏེ་བལྟས་པས་མ་ཡིག་རང་དུ་རབ་བྱུང་ལོ་ཁམས་ལས་སྤྱི་ལོ་བཀོད་མི་འདུག་ལ། དེའི་འོག་ཏུ་སྤྱི་ལོ་མཆན་ཆུང་དུ་བཏབ་འདུག་པས། ཕྱིས་སུ་མཆན་ཆུང་མ་ཡིག་ཏུ་གྱུར་བ་གསལ་པོར་ཤེས་ཐུབ་ཀྱིན་འདུག འདིར་གསལ་བའི་ལོ་ཁམས་དག་ལ་ཞིབ་འཇུག་རིག་པའི་ལམ་ནས་བརྟགས་ན། རབ་བྱུང་ལྔ་པའི་གཡས་གཡོན་གྱི་མི་སྣ་དག་གི་ལོ་ཁམས་ལ་དོགས་གཞི་མང་དུ་ཐོན་གྱིན་འདུག་ལ། ལྷག་ཏུ་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་རབ་བྱུང་ལྔ་པའི་ས་འབྲུག་ལོར་འཁྲུངས་པར་བཀོད་པ་ནི། ཨ་བླའི་སྲས་བློ་གྲོས་རྒྱལ་མཚན་དང་ནོར་འཛོལ་ཤོར་བ་ལས་དོན་ལ་གནས་པ་ཞིག་མིན། འོན་ཀྱང་། ཁོང་གི་དགུང་སྙིང་དང་དགུང་གྲངས་འདི་དག་ནི་དཔྱད་གཞི་རིན་ཐང་ལྡན་པ་ཞིག་ལོས་ཡིན་སྙམ། འདིར་འཁོད་པའི་རབ་བྱུང་བཅུ་གསུམ་པའི་གཡས་གཡོན་གྱི་མི་སྣ་དག་གི་ལོ་ཁམས་ལ་དུས་སྐབས་དེར་བརྩམས་པའི་ལོ་རྒྱུས་ཡིག་ཚང་དང་དཔྱད་བསྡུར་གྱིས་བལྟས་ན། དོན་དངོས་ལ་ཐག་ཉེ་བའམ་ཡིད་རྟོན་རུང་བའི་ཆ་མང་དུ་མཐོང་གི་འདུག་པས། འདི་དག་ནི་ལོ་རྒྱུས་དཔྱད་གཞི་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད། གཉིས། ཁྱུང་རབས་ཡིག་ཚང་འདིར་དཀར་ནག་སེར་གསུམ་ཚབ་ཚ་སྤུ་ལ་བཅས་ཀྱི་ཁྱུང་པོའི་གདུང་རབས་ཅུང་ཞིབ་རྒྱས་སུ་བཀོད་ཡོད་ལ། ལྷག་ཏུ་ཁྱུང་པོ་འབུམ་རྗེ་གྲགས་པའི་རྗེས་ཀྱི་གདུང་རབས་ཁག་གསལ་པོར་བཀོད་པས་ཁྱུང་རབས་གཞན་དག་གི་སྟོང་ཆ་ཁ་བསྐང་ཡོད། འདིས་ང་ཚོས་ཁྱུང་པོའི་གདུང་རབས་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་བླ་མེད་བསྐྲུན་ཡོད། གསུམ། ཡིག་ཚང་འདིར་ཁྱུང་པོའི་བྱང་ནུབ་ཀྱི་ཡུལ་སྡེ་རྣམས་བླ་དཔོན་སུ་ཞིག་གི་སྐུ་དུས་སུ་ཨ་ཡན་ཇག་པ་མི་བདུན་གྱི་ལག་ཏུ་ཤོར་བའི་གནས་ཚུལ་བཀོད་ཡོད་པ་བཅས་སོ།།
བཞི་པ། ཁྱུང་རབས་གསེར་སྒམ་མའི་མཛད་པ་པོའི་སྐོར་གླེང་བ།
གསེར་སྒམ་མ་རང་གི་མཇུག་བྱང་དུ་མཛད་པ་པོའི་སྐོར་བཀོད་མེད་ལ། འབྲེལ་ཡོད་ཡིག་ཆ་ཁག་ཏུའང་དེའི་སྐོར་གསལ་མེད། གོང་དུ་ང་ཚོས་གསེར་སྒམ་མ་ཁྱུང་རབས་གཞན་དང་གཤིབ་བསྡུར་བྱས་པ་བརྒྱུད་ཡིག་ཚང་འདི་ནི་ཁྱུང་རབས་དཀར་ཆབ་ཆེན་མོའི་རྗེས་དང་རྣམ་དག་ཤེལ་ཕྲེང་གི་སྔོན་དུ་བྱུང་བ་ཤེས་རྟོགས་ཐུབ་པ་མ་ཟད། ཁྱུང་པོ་སྟེང་ཆེན་ཕྱོགས་ཀྱི་མི་ཞིག་གིས་བརྩམས་པ་ཤེས་ཐུབ། ཡིག་ཚང་འདིའི་མཛད་པ་པོའི་སྐོར་ལ་དཔྱད་གཞི་བྱ་ཆོག་པ་ཞིག་ནི། དེང་གི་ཁྱུང་རབས་གསེར་སྒམ་མ་དཔར་མ་ཁག[4]དང་དེ་དག་གི་མ་དཔེ་རུ་གྱུར་པ་སྤུ་ལ་ཁྱུང་ནག་ཚང་དུ་བཞུགས་པའི《ཁྱུང་པོའི་གདུང་རབས་གསེར་སྒམ་མ་བཞུགས་སོ།》ཞེས་པ་ལས“སངས་གླིང་བཞི་པ་པད་མ་གར་དབང་མཁའ་འགྲོའི་ལུང་བཞིན་ཕྱིས་སུ་ལྕམ་བཞེས་ཁྲི་བབ་ཆུ་སྦྲུལ་ལོར་ཕྲན་དབལ་འབར་སྟག་ལྷག་འཁྲུངས་སོ།།”[5]ཞེས་གསལ་ཡོད། འདིར“ཕྲན་དབལ་འབར་སྟག་ལྷག་འཁྲུངས་སོ།”ཞེས་གསུངས་པར་གཞིགས་ན། ཡིག་ཚང་འདིའི་མཛད་པ་པོ་ནི་དབལ་འབར་སྟག་སླག་ཅན་ཁོང་ཡིན་པ་བསྟན་བཞིན་ཡོད་སྙམ། དེ་མིན་གཞན་གྱིས་ཕྲན་དབལ་འབར་སྟག་སླག་ཅེས་བརྗོད་མི་སྲིད། གུས་པས་གསེར་སྒམ་མའི་མ་དཔེ་གཞན་པ་རྩད་གཅོད་བྱས་མོད་ལག་ཏུ་མ་སོན། གལ་སྲིད་མ་དཔེ་གཞན་པ་ལག་ཏུ་ལོན་ན་འདིའི་སྐོར་ནས་དཔྱད་བསྡུར་བྱ་ཆོག་སྙམ། གཤམ་ནས་གུས་པས་ཁྱུང་རབས་འདི་དབལ་འབར་སྟག་སླག་ཅན་གྱིས་མཛད་པ་ཡིན་མིན་ཐད་ནས་དོགས་འཆར་ཁ་ཤས་ཞུ་རྒྱུ་ལགས་སོ།།
གཅིག དབལ་འབར་སྟག་སླག་ཅན་ནམ་མཚན་གཞན་ལ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་ཞུ་བ་ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ(༡༨༣༣)ལོར་ཁྱུང་སེར་སྒར་ཁང་གདུང་ལས་བྱོན་པ་ཡབ་སངས་གླིང་པདྨ་གར་དབང་དང་ཡུམ་ཟླ་བཟའ་དགའ་འདེགས་ཨ་ཏིང་གཉིས་ཀྱི་སྲས་སུ་ཁྱུང་ཡུལ་གྱིམ་ཤོད་ཤེལ་བྲག་གནས་ཀྱི་ལྷོ་ཤར་ཟླ་གཤིས་གྲོང་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཁྱུང་ནག་དཔོན་གྱི་མངའ་ཁོངས་སུ་གཏོགས་པའི་མནྡལ་རི་ཁྲོད་དུ་ཕེབས་ནས་འགྲན་བྲལ་བསོད་ནམས་རྒྱལ་མཚན་དང་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་མོ་ཟུང་གི་སྐུ་མདུན་དུ་བཅར། དགུང་ལོ་བཅུ་གསུམ་ཐོག་ནས་ཁྱུང་ནག་དཔོན་གྱི་བླ་མཆོད་བྱས་ཏེ་ཁྱུང་ནག་ཕོ་བྲང་དུ་ཡང་ཡང་ཕེབས་བཞུགས་གནང་སྟེ་གནས་དེར་སྙན་རྒྱུད་མང་པོ་གཏན་ལ་ཕབ་ཅིང་སྒྲུབ་གཞུང་གི་ཆ་ལག་དང་བསྟན་སྲུང་གི་སྐུལ་པ་གནས་ཀྱི་དཀར་ཆག་སོགས་མང་དུ་མཛད་གནང་འདུག དེ་ལྟར་དབལ་འབར་སྟག་སླག་ཅན་གྱི་བོན་སྡེ་ལ་མཇལ་ན་ཁོང་གི་གདན་ས་གཙོ་བོ་གཅིག་ནི་ཁྱུང་ནག་ཕོ་བྲང་ཡིན་པ་ཤེས་ཐུབ། ད་ལྟ་མཇལ་ཡུལ་དུ་གྱུར་པའི་གསེར་སྒམ་མ་ནི་ཁྱུང་ནག་བེ་ཧུའི་ཕྱག་དཔེ་ཡིན་པ་འཁོད་ཡོད་པས། ཁོང་ཁྱུང་ནག་ཕོ་བྲང་དུ་བཞུགས་སྐབས་འབྲེལ་ཡོད་དཔོན་བློན་སོགས་ཀྱི་འབོད་སྐུལ་འོག་གསེར་སྒམ་མ་མཛད་པ་ཡིན་པའི་ཚོད་དཔག་བྱ་ཆོག།
གཉིས། གསེར་སྒམ་མར་དམིགས་བསལ་ཁྱུང་ནག་སྐོར་འདི་ལྟར་འཁོད་ཡོད་དེ། “སྤྱིར་ན་ཁྱུང་པོའི་མཁར་རྫོང་དང་སྒར་ས་དགོན་གནས་སོགས་ཤིན་ཏུ་མང་ལ་བཞུགས་ས་མ་ངེས་ཤིང་། ཁྱུང་ཨ་བླ་དང་ནང་པ་བྱང་ཤེས་གཉིས་ཁྱུང་པོ་ཡོངས་ཀྱི་དཔོན་པོ་མཛད་ཅིང་བཞུགས་ས་ཤས་ཆེར་ཝེར་རོ་ར་ཙ་རྫོང་འགོ་རུ་བཞུགས་པའོ།།”[6]ཞེས་གསལ་ཡོད་མོད་ཁྱུང་རབས་གཞན་དུ་འདི་ལྟར་འཁོད་པ་མེད། ཡང“དཔོན་ཚང་རྒྱལ་བ་གྲུབ་ཀྱི་ཡུམ་དཀར་རུ་དང་བཞུགས་ས་སྟེང་ཆེན་ཁྱུང་པོ་ཡིན་པས་ཁྱུང་དཀར་དང་། ཤེས་རབ་རྒྱལ་མཚན་གྱི་ཡུམ་གསེར་རྩ་དང་བཞུགས་ས་བྱ་ཟེ་ཡིན་པས་ཁྱུང་སེར་དང་། ཨ་རྒྱལ་བསོད་ནམས་ཀྱི་ཡུམ་ནག་རུ་དང་བཞུགས་ས་ཝེ་རོ་རྫོང་ཡིན་པས་ཁྱུང་ནག་སོགས་ཕྱིས་སུ་གདུང་རྒྱུད་དེ་ལྟར་འབོད་སྲོལ་ཆགས་སོ།།”[7]ཞེས་ཁྱུང་པོ་དཀར་ནག་སེར་གསུམ་དུས་མཉམ་དུ་གྱེས་པ་ལྟ་བུར་གསུངས་མོད། ཁྱུང་རབས་སྔ་མ་དག་གི་ནང་དུ་དབང་རྒྱལ་གྲུབ་ཀྱི་སྲས་བརྒྱུད་ལས་གསེར་རོང་ཚབ་གསུམ་གྱེས་པ་ལས་དཀར་ནག་སེར་གསུམ་གྱེས་ཚུལ་འཁོད་མེད།《ཁྱུང་རབས་གཡུ་མགོ་མ》ལས“གྲགས་འབུམ་གྱིས་བཞེར་བཟའ་ཨ་སྐྱིད་ལ་སྲས་གྲགས་པ་འོད་ཟེར་རམ་ཨ་འབུམ་ཡང་ཟེར། ཨ་གྲགས་ཡང་ཟེར། བ་དང་ཁྱུང་པོ་འདྲེ་དག་དང་དཀར་རུ་དང་། ནག་རུ་སོགས་དེ་ཡི་དུས་སུ་གྱེས་པ་རེད།”[8]ཅེས་གསལ་ཡོད་པས་དཀར་རུ་དང་ནག་རུ་གཉིས་ག་དུས་གྱེས་པ་ཡིན་མིན་ད་དུང་དཔྱད་དགོས། ད་དུང་ཡིག་ཚང་འདིར་ནང་པ་བྱང་ཤེས་ནས་ཁྱུང་ནག་གདུང་རབས་གྲོལ་ཚུལ་དང་། ཨ་རྒྱལ་བསོད་ནམས་ནས་ལྷུན་གྲུབ་རྒྱལ་མཚན་བར་ཁྱུང་ནག་གདུང་རབས་བཅུ་དྲུག་བཀོད་ཡོད་ལ། དེ་རྗེས་ཁྱུང་སེར་གནམ་སྲས་གྲགས་པ་གོ་མག་ཏུ་བསུས་པའི་གནས་ཚུལ་བཅས་བཀོད་ཡོད་པ་རེད། དེ་ལྟར་བརྟགས་ན་ཁྱུང་རབས་འདི་ནི་ཁྱུང་ནག་དཔོན་གྱི་གོ་ཐོབ་དང་ལོ་རྒྱུས་སྨྲ་བ་གཙོ་གནད་དུ་བཟུང་ནས་བརྩམས་པ་ཤེས་ཐུབ་བོ།།
གསུམ། གསེར་སྒམ་མ་ནི་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་ཁྱུང་རབས་དག་གི་རྗེས་སུ་བྱུང་བ་དང་། ལྷག་ཏུ《རྒྱལ་ཁྱུང་དཀར་པོའི་གདུང་རབས》དཔྱད་གཞིར་བྱས་ནས་བརྩམས་པ་ནང་དོན་ལ་གཞིགས་ན་རྟོགས་ཐུབ་པ་མ་ཟད། གསེར་སྒམ་མ་ལས“ལྕམ་སྟག་བཟའ་ལ་སྲས་ཆེ་བ་བླ་ཆུང་བློ་གྲོས་རྒྱལ་མཚན་རབ་བྱུང་ལྔ་པའི་ས་འབྲུག་ལོར་སྐུ་འཁྲུངས། བསླབ་གསུམ་རྣམ་པར་དག་ཅིང་ཡི་དམ་ལྷ་ཡི་ཞལ་མཇལ་བ་སྡེ་སྣོད་གཞུང་ལུགས་ཀུན་ལ་མཁས་པ་དེས་གླེང་གཞི་བསྟན་པའི་བྱུང་ཁུངས། དབྲ་དཀར་ཁྱུང་པོའི་གདུང་རབས། གཤེན་ཆེན་ཀླུ་དགའི་རྣམ་ཐར་སོགས་བཀའ་རྟེན་མང་དུ་བརྩམས་ནས་དགུང་ལོ་སོ་བདུན་ལ་འདས།”[9]ཞེས་གསུངས་པས་ཤེས་ཐུབ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་ཁྱུང་རབས་བརྩམས་པའི་དུས་དེ་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་ཡིན་པས་གསེར་སྒམ་མ་དེའི་རྗེས་སུ་བྱུང་བ་ཤེས་ཐུབ། ཡང་དེང་སང་ཕལ་མོ་ཆེས་ཁྱུང་རབས་གཡུ་མགོ་མ་རུ་འབོད་པའི《མ་ཡིག་གཡུ་མགོ་མ་འདི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་ཅེས་པ་བཞུགས་སོ།》ཞེས་པའི་ནང་དུ་ཁྱུང་རབས་ཡིག་ཚང་མང་པོ་ཞིག་དཔྱད་གཞི་བྱས་པ་གསལ་རུང་གསེར་སྒམ་མའི་སྐོར་འཁོད་མེད། ཁྱུང་རབས་འདི་ནི་ཝ་རྣ་རིན་ཆེན་རྒྱལ་མཚན་གྱིས་རབ་བྱུང་བཅུ་བཞི་པའི་མེ་ཡོས(༡༨༠༧)ལོར་བརྩམས་པ་ཡིན་པས་གསེར་སྒམ་མ་དེའི་རྗེས་སུ་བྱུང་བ་ཤེས་ཐུབ། ཡང་གསེར་སྒམ་མ་དུས་རབས་ཉི་ཤུ་པའི་ནང་དང་ཡང་ན་དེའི་རྗེས་སུ་བརྩམས་པར་འདོད་དགོས་ན། གཅིག་ནས་སྐབས་དེར་ཁྱུང་ནག་དཔོན་གྱི་གདུང་རྒྱུད་ཆད་པ་དང་ཕོ་བྲང་དུ་རྩོད་རྙོག་སྣ་ཚོགས་བཏུན་མར་བྱུང་བས་རྩོམ་མཁན་དང་རྩོམ་ལ་སྐུལ་མཁན་དཀོན་ལ། གཉིས་ནས་ཁྱུང་དཀར་ལྷ་མཆོག་རྒྱས་ཀྱིས་བརྩམས་པའི《རྣམ་དག་ཤེལ་ཕྲེང》ལས་གསེར་སྒམ་མའི་སྐོར་གསལ་བས་མ་ཚད། འདི་ཉིད་ཁྱུང་པོའི་མ་ཡིག་གྲལ་དུ་བཞག་ཡོད་པས་གནོད་དོ།། འདི་ལྟར་བྱུང་རིམ་གྱི་དབང་དུ་བཏང་ན་གསེར་སྒམ་མ་དུས་རབས་བཅུ་དགུ་པའི་ནང་བྱུང་བ་ཚོད་དཔག་བྱེད་ཐུབ།
བཞི། གོང་དུ་གླེང་བ་བཞིན་གསེར་སྒམ་མའི་ནང་དུ་རབ་བྱུང་ལོ་ཁམས་མང་པོ་ཞིག་བཀོད་ཡོད། ལོ་རྒྱུས་རྩོམ་ཞིག་ནང་རབ་ལོ་འགོད་པའི་ལམ་ལུགས་འདི་ཉིད་དུས་རབས་བཅུ་དགུ་པའི་ནང་བོན་ཕྱོགས་སུ་ཧ་ཅང་དར་ཁྱབ་ཆེན་པོ་སོང་འདུག དཔེར་ན། གཏེར་སྟོན་བདེ་ཆེན་གླིང་པའི་རང་རྣམ་དང་མེ་སྟོན་ཉི་མ་རྒྱལ་མཚན་གྱི་རང་རྣམ་ལྟ་བུ་རེད། སྐབས་འདིར་གླེང་བྱར་གྱུར་པའི་དབལ་འབར་སྟག་སླག་ཅན་གྱི་སྙན་རྒྱུད་བོན་སྡེ་ཁག་གི་མཇུག་བྱང་དུ་ཡང་རབ་ལོ་མང་དུ་བཀོལ་ཡོད་པ་རེད། ཡིག་ཚང་འདིར་དུས་རབས་བཅུ་དགུ་པའི་གཡས་གཡོན་གྱི་ཁྱུང་ནག་དང་ཁྱུང་སེར་སྒར་ཁང་གཉིས་ཀྱི་མི་སྣ་དག་གི་ལོ་ཁམས་གཙོ་བོར་བཀོད་འདུག དཔེར་ན། སྒར་ཁང་གྲགས་པ་བསོད་ནམས་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག(༡༧༧༢)[10]ལོར་འཁྲུངས་གསུངས་པ་དང་། དེའི་སྲས་མོ་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་མོ་ས་རྟ(༡༧༩༨)ལོར་འཁྲུངས། སྲས་ཆེ་བ་གྲགས་དབང་ཤིང་བྱི(༡༨༠༤)ལོར་འཁྲུངས། སྲས་ཆུང་བ་ཁྲོ་རྒྱལ་གྲགས་པ་མེ་སྟག(༡༨༠༦)ལོར་འཁྲུངས་ཞེས་གསུངས་པ་དང་། ཡང་ཁྱུང་ནག་རུ་དཔོན་གྱི་གདུང་རབས་ལས་གཡུང་དབང་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི(༡༧༨༠)ལོར་འཁྲུངས་ཤིང་དགུང་ལོ་ང་དྲུག་ཤིང་ལུག(༡༨༣༥)ལོར་འདས་པ། དེའི་སྲས་ཚེ་དབང་བསྟན་འཛིན་རབ་བྱུང་བཅུ་བཞི་པའི་ས་ཡོས(༡༨༡༩)ལོར་འཁྲུངས་ཤིང་མེ་ཡོས(༡༨༦༧)ལོར་འདས་པར་གསུངས་ཡོད། དེའི་གོང་འོག་གི་གདུང་རབས་དག་གི་ཡབ་ཡུམ་མཚན་གྲངས་ཙམ་ལས་ལོ་ཁམས་བཀོད་མེད། དེས་ཡིག་ཚང་འདིའི་མཛད་པ་པོ་དུས་སྐབས་འདིའི་མི་སྣ་དག་ལ་ཆ་རྒྱུས་ཟབ་མོ་ལྡན་པ་གསལ་བཤད་བྱས་ཡོད།
ལྔ། གསེར་སྒམ་མ་ལས“དེ་འོག་ཁྱུང་ནག་མུ་ཁྱུང་རྒྱན་གདན་ས་གསང་བྲག་རིན་ཆེན་ཁྱུང་རྫོང་དུ་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེངས”(༣༥༧)ཞེས་གསལ་ཡོད། དོ་སྣང་དགོས་པ་ཞིག་ནི་འདིའི“གདན་ས”ཞེས་པའི་ཚིག་འདི་ཁྱུང་སེར་དང་ཁྱུང་དཀར་གཉིས་ལ་སྦྱར་མེད། དབལ་འབར་སྟག་སླག་ཅན་གྱི་སྙན་རྒྱུད་བོན་སྡེ་དག་གི་མཇུག་བྱང་དུ“དཔལ་གྱི་གདན་ས་ཁྱུང་ནག་ཕོ་བྲང་དུ་བྲིས”ཞེས་གསལ་བ་མང་པོ་མཐོང་རྒྱུ་ཡོད།
གཞན་ཡང་ཁྱུང་རབས་གཞན་པ་མང་པོ་ཞིག་ལ་ལྟོས་ཏེ་བཤད་ན། གསེར་སྒམ་མ་འདིར་སྤྱིའི་ཆ་ནས་བརྗོད་དོན་གོང་འོག་འགྲིག་པ། ཚིག་གི་སྡེབ་སྦྱོར་ལེགས་པ། རབ་ལོ་བཀོད་པ་ཕལ་མོ་ཆེ་དོན་དངོས་ལ་ཐག་ཉེ་བ། དཀར་ནག་སེར་གསུམ་གྱི་གདུང་རབས་མཐར་ཆགས་སུ་བཀོད་པ་སོགས་ཀྱི་དགེ་མཚན་ལྡན་ཡོད་པས་མཛད་པ་པོར་རྩོམ་པའི་མཁྱེན་ཡོན་གང་འཚམ་མངའ་བ་རྟོགས་ཐུབ། དེ་ལྟར་བརྗོད་དོན་དང་རྩོམ་གཤིས་སོགས་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་ན། 《ཁྱུང་རབས་གསེར་སྒམ་མ》ནི་དབལ་འབར་སྟག་སླག་ཅན(༡༨༣༣-༡༩༠༨)གྱིས་བརྩམས་པ་ཡིན་པའི་ངེས་ཤེས་འདྲོང་ཐུབ་བོ།།
དཔྱད་གཞིའི་ཡིག་ཆ།
[1] [3][6] [7] [8] [9]《བོན་གྱི་གདུང་རབས་ཕྱོགས་བསྒྲིགས》[G]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༣ལོར། ཤ༢༥༧ ཤ༣༥༨ ཤ༣༦༣ ཤ༣༦༥ཤ༣༤༠ ཤ༣༦༣
[2]《ཧོར་གྱི་རྒྱལ་རབས་དང་ཁྱུང་པོའི་ལོ་རྒྱུས།》ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོར། ཤ༧༦ ཤ༣༦༣ ཤ༣༦༥
[4] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་བོད་ཀྱི་གདུང་རབས་ལོ་རྒྱུས་དཔེ་དཀོན་ཕྱོགས་བསྒྲིགས་ཁྲོད་ཀྱི་པོད་གསུམ་པ《བོན་གྱི་གདུང་རབས་ཕྱོགས་བསྒྲིགས》ནང་གི་གསེར་སྒམ་མ་དང་། ཚངས་སྲས་འཇིགས་མེད་སོགས་ཀྱིས་བསྒྲིགས་པའི«མེས་པོའི་རིག་མཛོད»ཅེས་པའི་དེབ་ཕྲེང་བཅུ་གཅིག་པ《ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས》ནང་གི་གསེར་སྒམ་མ་བཅས་ཡིན།
[5]དབུ་མེད་བསྐྱར་དཔར་མ། ཤོག་ངོས༡༣ངོས་སུ་གསལ།
[10] འདིར་གསལ་བའི་སྤྱི་ལོ་དག་ནི་གོ་སླ་བའི་ཆེད་དུ་གུས་པས་མ་ཡིག་ཏུ་འཁོད་པའི་རབ་ལོ་དག་གཞིར་བྱས་ནས་བཀོད་པ་ཡིན།
- – – – –