ཐབ་ཚང་ནང་ནས་པཎྜི་ཏ་པདྨ་སཾ་བྷ་ཝའི་མཛད་རྗེས་འཚོལ་བ།

0
2274

ནང་དོན་གནད་བསྡུས། དེ་ཡང་བོད་ཡུལ་དུ་པཎྜི་ཏ་པདྨ་སཾ་བྷ་ཝས་བོད་ཀྱི་ལོ་ཙཱ་བ་སྔ་ཕྱི་ཀུན་དང་མཉམ་དུ་བསྒྱུར་བ་ཆོས་ཚན་བརྒྱ་དང་བཞི། ལོ་པཎ་གཉིས་ཀ་གཅིག་ལྕོགས་གནང་ནས་སྒྲ་རང་བསྒྱུར་གནང་བ་ཆོས་ཚན་ཉེར་བདུན། ཁོང་གི་ལྗགས་རྩོམ་ཆོས་ཚན་སོ་བཞི་བཅས་ཁྱོན་ཆོས་ཚན་བརྒྱ་དང་རེ་ལྔ་ཡོད་པ་རྣམས། ལོ་སྔ་མ་ཤིང་འབྲུག་ལོ་སར་སྐབས་ཉིན་བདུན་རིང་ལ་ཚར་གཅིག་ཀློག་འདོན་ཞུས་སྐབས་ཁོ་བོའི་ཡིག་མཛོད་ནང་ནས་བཙལ་མ་ཐུབ་པའི་ཆོས་ཚན་བརྒྱད་སླར་ཡང་ཤིང་སྦྲུལ་ལོ་སར་སྐབས་སུ་ཡར་ཁ་སྣོན་ཞུས། ལོ་སྔོན་མའི་ཡིག་ཆ་ལ་བསྐྱར་ཞིབ་བྱས་ཏེ་བཀའ་གཏེར་འདྲེས་མའི་ཆོས་ཚན་དགུ་མར་བཏོན། སླར་ཡང་དམིགས་བསལ་གྱི་རྒྱུད་གཞུང་ལྔ་ཙམ་ཞིབ་པར་ཀློག་འདོན་ཞུས་སྐབས་ཀྱི་མཐོང་ཚོར་ཅུང་ཟད་ཙམ་ཡིག་ཐོག་ཏུ་བཀོད་པ་འདི་ལྟ་སྟེ། མ་གཞི་བོད་ཡུལ་དུ་པདྨ་སཾ་བྷ་ཝས་མཛད་པའི་གསུང་རབ་རྣམས་ཕྱོགས་སྒྲིག་གི་དཀར་ཆག་ཅིག་ཐོ་འགོད་བྱ་མྱོང་ཡོད་མེད་ཀྱང་ད་ལྟའི་ཆར་བཤད་མ་ཤེས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་སྡིངས་ཆ་ནས་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས་གསུངས་པ་ལྟར་ན། པདྨ་སཾ་བྷ་ཝས་བོད་ཡུལ་དུ་ཕུར་པའི་ཆོས་སྐོར་ངོ་སྤྲོད་གནང་བ་ཙམ་ལས་ཆོས་གཞན་སྤེལ་བའི་སྒྲུབ་བྱེད་བཙན་པོ་ཞིག་འཇོག་དཀའ་ཞེས་དང་། སློབ་དཔོན་དེས་ཕུར་པའི་ཆོས་སྤེལ་བའི་སྐོར་ཏུང་ཧོང་ཡིག་རྙིང་དུ་འཁོད་རུང་གཏམ་རྒྱུད་ཀྱི་རྣམ་པ་ཅན་གྱི་ལོ་རྒྱུས་ཐོན་ཟིན་འདུག །ཅེས་དང་། བསམ་ཡས་མ་གྲུབ་གོང་ནས་ཕྱིར་ཕེབས་དགོས་བྱུང་བའི་རྐྱེན་གྱིས་ཁོང་གི་མཛད་འཕྲིན་དེ་ཙམ་རྒྱས་པོ་མིན་པར་མངོན། ཞེས་པ་ལྟར་ན། ཁོང་གིས་ཀྱང་སྦ་བཞེད་དང་བཀའ་ཐང་སོགས་ལྟ་བུའི་ལོ་རྒྱུས་ཡིག་ཚགས་དག་ལས་པཎྜི་ཏ་པདྨ་སཾ་བྷ་ཝ་དང་འབྲེལ་བའི་ཡིག་ཆ་གཞན་རྒྱ་ཆེན་ཞིག་མཐོང་མ་མྱོང་བ་ལྟར་སྣང་ལ།   བོད་ཡུལ་གྱི་ཆོས་ལུགས་ཆེད་མཁས་པ་རྣམས་ལ་ཡང་པཎྜི་ཏ་པདྨ་སཾ་བྷ་ཝའི་གསུང་རབ་སྐོར་ནས་བཀའ་འདྲི་ཞུ་ཡོང་དུས་ཀྱང་། རང་འདྲིས་ཆེ་བའི་གཏེར་མ་ཕུད། བཀའ་མ་མན་ངག་ལྟ་ཕྲེང་ལྟ་བུ་ཉུང་ཤས་ལས་ཞལ་ནས་ཐོན་རྒྱུ་མེད་པ་འདི་དག་ལ་བལྟས་ན། ད་སྔོན་ཁོང་གི་གསུང་ཕྱོགས་སྒྲིག་གི་དཀར་ཆག་ཅིག་བྱུང་མ་མྱོང་པ་ལྟ་བུར་སྣང་བས། ད་ལམ་འདིར་ཁོང་གི་བསྒྱུར་རྩོམ་དང་། ལྗགས་རྩོམ་སྐོར་གང་རྙེད་རྣམས་དཀར་ཆག་ཏུ་འགོད་པ་དང་འབྲེལ་ནས་ཁོང་གི་མཛད་རྣམས་ལ་རྒྱུས་ལོན་རོབ་ཙམ་བྱ་རྒྱུ་དེ་རེད། ད་ལྟའི་ཆར་ཕར་ཧོབ་དེ་བལྟས་ཚོད་ལ་ནང་བསྟན་རིག་གཞུང་དེ་ཆེ་རབས་གཉན་རབས་ཀྱི་ཁ་ཕོ་སྒྲོག་མི་མང་རུང་། དོན་དངོས་སུ་བུ་བརྒྱའི་མ་ལ་རྒན་གཡོག་མི་རྙེད་པའི་དཔེ་ལྟར་མཁན་སློབ་ཆོས་གསུམ་སོགས། ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ནང་བསྟན་རིག་གནས་བོད་ཡུལ་དུ་ཐོག་མར་བསྒྱུར་སྤེལ་གནང་དུས་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་དར་སྤེལ་ཇི་ལྟར་གནང་བ། པཎྜི་ཏ་པདྨ་སཾ་བྷ་ཝས་མདོ་སྔགས་ཐེག་པ་རིམ་དགུའི་སྒྲོམ་གཞིའི་ཐོག་ནས། སེམས་ཀློང་མན་ངག་སྡེའི་རྫོགས་སྐོར་གྱི་འཆད་ཉན་སྤེལ་ཚུལ་ཞིབ་མོ་ཞིག་མཐོང་དཀོན་པ་དང་།  ལྷག་པར་དུ་པཎྜི་ཏ་པདྨ་སཾ་བྷ་ཝའི་མཛད་རྣམ་ལྷ་སྒྲུང་དུ་བསྒྱུར་ཅི་ཐུབ་བྱེད་པ་ལས། མཁས་གྲུབ་ཆེན་པོ་ཁོང་གི་མཛད་རྣམ་དངོས་དང་གསུང་རབ་ཡིག་རྙིང་གི་རིན་ཐང་མཐོང་མི་དཀོན་པའི་ཚད་དུ་མཐོང་སྟེ། ​ད་ལམ་ཐབ་ཚང་ནང་ནས་ལས་ཞོར་དུ་གང་ཐུབ་ཐུབ་ཀྱིས་ལྟ་ཀློག་བྱས་པའི་མཐོང་ཚོར་རྣམས་མདོར་བསྡུས་ཙམ་ཞིག་ཡིག་ཐོག་ཏུ་ཕབ་པ་དེ་ཡིན།

གནད་ཚིག །པཎྜི་ཏ།  པདྨ་སཾ་བྷ་ཝ། དཔོན་པདྨ།  ཁྲི་ལྡེ་སྲོང་བཙན།  ལོ་ཙཱ་བ།  རྒྱུད།  ཐེག་པ།  སེམས་སྡེ། ཀློང་སྡེ། མན་ངག་སྡེ། དཀར་ཆག །

ཐོག་མའི་གསལ་བཤད། 

དེ་ཡང་སྲོལ་རྒྱུན་ལྟར་ན་རྣམ་ཐར་ལ་ཐུན་མོང་ཕྱིའི་རྣམ་ཐར་དང་། ཐུན་མིན་ནང་གསང་གསུམ་གྱི་སྒོ་ནས་འབྲི་ཀློག་བྱ་སྲོལ་ཡོད་པ་བཞིན། འདིར་ཡང་ས་བཅད་དེའི་གསུམ་གྱི་སྒྲོམ་གཞིའི་ཐོག་ནས་གཙོ་བོ་ཕྱིའི་རྣམ་ཐར་དངོས་དོན་གྱི་ལོ་རྒྱུས་ཏེ། སྐྱེ་བོ་ཐུན་མོང་བའི་ངོར་གྲུབ་པའི་བདེན་དོན་ཞིག་ལ་བལྟ་ཀློག་བྱ་རྒྱུ་ལས། ཀུན་གྱི་མཐུན་སྣང་དུ་མ་གྱུར་པ་ནང་གསང་གི་རྣམ་ཐར་དག་པ་རབ་འབྱམས་སྐོར་གླེང་བའི་འཇོན་ནུས་མེད་ལ། སྙན་ངག་གི་ལམ་ནས་སྒྱུ་རྩལ་བརྩམས་སྒྲུང་དང་དད་པའི་འཁུན་བུ་སློང་བའི་ལྷ་སྒྲུང་ཉན་བཤད་ཀྱི་དུས་ཚོད་དང་འགན་ཁུར་ཡང་མེད་རྐྱེན། ཕྱིའི་རྣམ་ཐར་རོབ་ཙམ་ཀློག་རྒྱུ་དེ་ཡིན། པཎྜི་ཏ་པདྨ་སཾ་བྷ་ཝའི་མཛད་རྣམ་ལ་མཚོན་ན་ཡིག་ཚང་དང་། གནའ་རྫས། ཆོས་ལུགས། གསོ་རིག །སྒྱུ་རྩལ་སོགས་ཁྱབ་ཁོངས་ཧ་ཅང་ཆེན་པོའི་སྒོ་ནས་དཔྱད་ཞིབ་དགོས་ནའང་། ཕྲན་ལ་མཚོན་ན་དུས་ཚོད་ཚད་བཅད་ཡིན་པས་གཞི་རྒྱ་ཆེན་པོ་ཞིག་གླེང་ཐབས་བྲལ།  གང་ཟག་རང་ངོས་ལ་མཚོན་ན་ཤེས་རབ་འཚོལ་བའི་ལམ་ནས་དངོས་བྱུང་དང་བདེན་དོན་ཞིག་རྙེད་འདུན་ཡོད་པ་ལས། ཁ་ཕོར་ལ་གཙང་ཞེན་དང་རིས་ཆད་ཀྱི་འཐོམ་ཞྭ་གྱོན་པ་ཁོ་ནས་མི་ཚེ་རྫོགས་འདོད་མེད་པ་མ་ཚད། ད་ལྟ་དུས་རབས་ཉེར་གཅིག་པ་ཤར་ནུབ་ཀྱི་རིག་གནས་འགྲན་རྩོད་ཆེས་ཆེ་བའི་དུས་འདིར། འགན་མི་ཁུར་བར་དངོས་བྱུང་ལོ་རྒྱུས་ཡོད་ཚད་ལྷ་སྒྲུང་ནང་དུ་བཅུག་ནས་ཉི་མ་བསྐྱལ་བའི་སྤོབས་པ་ནི་དེ་བས་ཀྱང་མེད།

དེ་ཡང་གནའ་དུས་ཨེ་ཤ་ཡའི་ས་ཐོག་ཏུ་ནང་བསྟན་ལ་ལྷོ་བརྒྱུད་དང་། རྒྱ་བརྒྱུད། བོད་བརྒྱུད་སོགས་བརྒྱུད་སྲོལ་ཁ་ཤས་ཤིག་བྱུང་ཡོད་པའི་ནང་ནས་བོད་བརྒྱུད་ནི་མདོ་སྔགས་ཟུང་དུ་འབྲེལ་བའི་བརྒྱུད་སྲོལ་དམིགས་བསལ་བ་གཅིག་པུ་དེ་ཡིན་པར་ཐོས། དེ་ཐོག་མར་བོད་ཡུལ་དུ་དར་བའི་མཐུན་རྐྱེན་གཙོ་བོ་དེ་ཡང་པཎྜི་ཏ་པདྨ་སཾ་བྷ་ཝ་རེད་ལ། གལ་སྲིད་ཁོང་བོད་དུ་ཕེབས་མ་ཐུབ་ན་ཐེག་པ་ཆེན་པོའི་སྔགས་འདི། མ་ལག་ཆ་ཚང་ཞིག་དར་མི་ཐུབ་པ་ཡང་ཡིག་ཚང་དག་ལས་ཤེས་ནུས་པ་དང་། དེ་མཚུངས་སུ་དུས་སྐབས་དེའི་བོད་མི་རྣམས་ཀྱང་མཁྱེན་རྒྱ་དང་བློ་ཁོག་ཧ་ཅང་ཆེན་པོ་ཡིན་པའང་མཚོན་ཐུབ་པ་རེད། ལྷོ་བརྒྱུད་ནང་བསྟན་པས་ནི་ཐེག་པ་ཆུང་ངུ་གཅིག་པུ་དང་། རྒྱ་བརྒྱུད་ལ་ཐེག་པ་ཆེ་ཆུང་གཉིས་དང་གསང་སྔགས་ཚོད་འཛིན་དང་བཅས་པ་ཅུང་ཟད་བསྒྱུར་ནའང་དར་རྒྱས་ཆེན་པོ་ཕྱིན་མ་ཐུབ །

བོད་ཡུལ་དུ་ཡང་འགོག་རྐྱེན་རྩ་ནས་མེད་པ་ཞིག་མིན་རུང་། གཞི་རྩའི་ཆ་ནས་ཐེག་ཆེན་གཞིར་བཟུང་གི་ཐོག་ནས་གསང་སྔགས་བསྒྱུར་སྤེལ་གནང་བ་ཙམ་མ་ཚད། སྔགས་བླ་མེད་ཀྱི་ལམ་ནས་དངོས་གྲུབ་གང་རུང་ཐོབ་པའང་མང་པོ་བྱུང་། དེ་ནས་བོད་བརྒྱུད་ནང་བསྟན་གསང་སྔགས་འདི་ལ་འགྱུར་སྔ་ཕྱིའི་བར་མཚམས་སུ། སྔགས་བླ་མེད་ལ་དག་རྫུན་དང་བོད་ཡུལ་དུ་འཚམས་མིན་སོགས་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད་ནའང་། གཞི་རྩའི་ཆ་ནས་སྔ་མའི་འགྲོས་ལྟར་མུ་མཐུད་དར་རྒྱས་ཆེན་པོ་བྱུང་ཡོད། དེ་ཡང་ཕྱིས་བྱོན་བོད་ཡུལ་གྱི་དགེ་སྦྱོང་ཆེན་པོ་ཙོང་ཁ་པའི་ཞལ་ནས། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །ཅེས་གདེང་འཇོག་གནང་བ་དང་། ཡི་དམ་གྱི་ལྷ་དེ་ཚོ་ཡང་ཕལ་ཆེ་བ་ཞལ་སྦྱོར་རྣམ་པ་ཅན་གྱི་བྲིས་འབུར་གྱི་སྐུ་ཅི་རིགས་ཡོངས་གྲགས་སུ་བཤམས་མཆོད་བྱེད་ནུས་པ་མ་ཚད། ལྷ་ཕོ་འགའ་ཤས་ནི་མི་ལྤགས་རློན་པ་རྒྱབ་ཏུ་གྱོན། མི་མགོའི་ཕྲེང་བ་མགུལ་དུ་བཀལ། ལག་ན་མཚོན་ཆ་ཐོག །ལུས་དམར་ཧྲེང་དུ་ལིངྒ་བསྒྲེངས་ནས་ཆེ་ཉམས་ཀྱིས་འགྱིང་བ་དང་། ལྷ་མོ་འགའ་ཤས་ནི་བྷ་ག་བསྒྲད་ཀྱིན་ཆགས་ཉམས་ཅན་དག་ལ་བཙོག་སྣང་དང་ཞེད་སྣང་གི་འདུ་ཤེས་མེད་པའི་ཁར། དེ་དག་གི་རྒྱབ་ལྗོངས་ཚད་མཐོའི་རིག་གཞུང་མ་ལག་དང་བཅས་པ་ཞིག་རྒྱུན་འཛིན་དང་འཕེལ་རྒྱས་བྱེད་པའི་བློ་སྟོབས་ཡོད་མི་ནི་དུས་རབས་ཉེར་གཅིག་པའི་ཡར་སྔོན་ལ་བོད་པ་ཙམ་དུ་ཟད། རིག་གཞུང་དེ་དག་སློབ་སྦྱོང་དང་ལག་ལེན་གྱི་ཁྲོད་ནས་སྡོམ་ཚིག་གསར་པ་ཞིག་རྙེད་ཡོད་པ་ནི། གང་ཟག་གཅིག་གི་རྒྱུད་ལ་སོ་བྱང་གསང་སྔགས་གསུམ་ཆར་འགལ་མེད་དུ་ལག་ལེན་བྱེད་ཆོག་པ་སྟེ། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། གནད་ཀྱིས་མི་འགལ། དུས་སྐབས་གང་གཙོ་སྤྱོད། ཅེས་མྱོང་བ་དངོས་ཀྱི་ཐོག་ནས་ཞེད་སྣང་དང་འཚེར་སྣང་། དངངས་སྐྲག་སོགས་གང་ཡང་མེད་པར་སྡོམ་ཚིག་བཀོད་ཡོད། འོན་ཀྱང་རིག་གཞུང་ཚད་གཞི་མཐོ་ཆེ་བ་དང་གདུལ་བྱའི་གང་ཟག་བླུན་ཆེ་བའི་རྐྱེན་གྱིས་འཆོལ་སྙོག་བྱུང་དང་འབྱུང་སྲིད་ནའང་། རིག་གཞུང་རང་ལ་ཆོས་ལོག་གི་མཚན་ཉིད་ཚང་བའི་གཞུང་ལུགས་ཤིག་འགྱུར་གསར་རྙིང་གི་ཡིག་ཆ་གང་དུའང་སྟོན་རྒྱུ་མི་རྙེད་པ་དེ་རེད།

བརྗོད་བྱ་དངོས།

པཎྜི་ཏ་པདྨ་སཾ་བྷ་ཝས་བོད་ཡུལ་དུ་ལོ་ཙཱ་བ་རྣམས་དང་མཉམ་དུ་བསྒྱུར་བའི་ཆོས་ཚན་བརྒྱ་དང་བཞི།  པཎྜི་ཏ་པདྨ་སཾ་བྷ་ཝས་པཎྜི་ཏ་དང་ལོ་ཙཱ་བ་གཅིག་ལྕོགས་གནང་ནས་བསྒྱུར་བ་ཆོས་ཚན་ཉེར་བདུན། པཎྜི་ཏ་པདྨ་སཾ་བྷ་ཝས་བརྩམས་པའི་ཆོས་ཚན་སོ་བཞི་བཅས་ཁྱོན་བསྡོམས་ཆོས་ཚན་བརྒྱ་དང་རེ་ལྔ་ཀློག་འདོན་ཞུས།  ད་དུང་སྔར་ཟིན་ཐོ་རྙིང་པའི་ནང་འཁོད་ཀྱང་ད་ལམ་ཡིག་མཛོད་ནས་བཙལ་མ་ཐུབ་པའི་ཆོས་ཚན་དྲུག་ཙམ་འབྱུང་འགྱུར་ཀློག་འདོན་བྱ་བའི་འཆར་གཞི་བགྱིས། ད་ལྟའི་ཆར་དཔེ་འདི་རྣམས་པཎྜི་ཏ་པདྨ་སཾ་བྷ་ཝའི་བསྒྱུར་རྩོམ་དང་གསུང་རྩོམ་ཁོ་བོའི་ལག་ཏུ་རྙེད་སོན་བྱུང་བ་ཙམ་ཞིག་ཡིན།

དང་པོ་བོད་ཀྱི་ལོ་ཙཱ་བ་རྣམས་དང་མཉམ་དུ་བསྒྱུར་བའི་ཆོས་ཚན།

གཅིག །པདྨ་སཾ་བྷ་བ་དང་ཁ་ཆེའི་ལོ་ཙཱ་བ་ཨ་ནནྟས་བསྒྱུར་བ་ལ་རྒྱུད་ཚན་དྲུག །གཉིས། རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་བ་དང་ལོ་ཙཱ་བ་སྦ་སང་ཤི་ཏ་སོགས་དང་མཉམ་དུ་བསྒྱུར་བ་རྒྱུད་ཚན་གཅིག  །གསུམ།  རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་བ་དང་བོད་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ནས་བསྒྱུར་བ་ལ། སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་སྐོར་དང་ཀུན་འདུས་རིག་པའི་མདོ་སྟེ་མ་ཧཱ་དང་ཨ་ནུའི་སྐོར་གཙོ་བོར་སྟོན་པའི་རྒྱུད་ཆོས་ཚན་ཉེར་བརྒྱད་བསྒྱུར་ཡོད།  བཞི། སློབ་དཔོན་པདྨ་དང་ལོ་ཙཱ་བ་ནམ་མཁའི་སྙིང་པོས་བསྒྱུར་བ་ལ། མ་ཧཱ་ཡོ་གའི་རྒྱུད་སྡེ་དང་སྒྲུབ་སྡེ་གཙོ་བོར་སྟོན་པའི་རྒྱུད་ཚན་བཅུ་གཅིག་བསྒྱུར་ཡོད།  ལྔ། ཨུ་རྒྱན་གྱི་མཁས་པ་ཆེན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་བྲང་ཏི་ཛཱ་ཡ་རཀྵི་ཏ་དང་། ལྕེ་ཀུ་ཀུ་རཱ་ཙ་དང་། གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ་ལ། རྡོ་རྗེ་ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་དང་རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་བཅས་ཕུར་པའི་སྐོར་རྒྱུད་ཚན་གཉིས་བསྒྱུར་ཡོད།  དྲུག །ཨུ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ལ། སེམས་ཀློང་མན་ངག་སྡེའི་སྐོར་གཙོ་བོར་བྱས་པ་ཨ་ཏིའི་སྐོར་གྱི་ཆོས་ཚན་ཉེར་ལྔ་བསྒྱུར་ཡོད།   བདུན། པདྨ་འབྱུང་གནས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་ལ།   ཐེག་རིམ་དགུའི་ལྟ་གྲུབ་དང་ཉམས་ལེན་གཙོ་བོར་སྟོན་པ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་བྱང་ཆུབ་ལམ་གྱི་རྒྱུད་ཆེན་ནམ་མཁའ་དང་མཉམ་པ་སོགས་ཆོས་ཚན་གཉིས་བསྒྱུར་ཡོད། རྒྱུད་འདིའི་འགྱུར་བྱང་དུ་ཨོ་ཊྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་། ལོ་ཚ་བ་ལྕོག་རོ་ཀླུའི་རྒྱལ་མཚན་གྱིས།  རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།  ཕྱིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས།  བསམ་ཡས་དབུ་རྩེ་རིགས་གསུམ་གྱི་ཡང་སྟེངས་སུ་ཞུས་ནས།  ཨུ་རྒྱན་གྱིས་རང་འགྱུར་མཛད་ནས་གསུངས་པའོ།  །ཞེས་གསལ་བ་འདིས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་ཕྱིས་སུ་བོད་ཡིག་ལམ་ནས་རྒྱ་ཆོས་རྣམས་ལོ་ཙཱ་བ་མི་དགོས་པར་རང་འགྱུར་མཛད་ཐུབ་ཀྱིན་ཡོད་པ་དང་།   རྒྱུད་འདི་ལ་བོད་ཡུལ་དུ་འགྱུར་སྔ་ཕྱི་གཉིས་བྱུང་བ་ཞིག་གསལ་ཡོད།  བརྒྱད། པདྨ་འབྱུང་གནས་དང་།  ལོཙྪ་བ་ཞང་ཛྙཱ་ནས་བསྒྱུར་བ་ལ།   དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་ཕུར་པའི་རྒྱུད་དང་།  རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་སྟེ་རྒྱུད་ཚན་གཉིས་བསྒྱུར་ཡོད།  སློབ་དཔོན་པདྨ་དང་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བ་ལ།   དཔལ་རྟ་མགྲིན་ལས་རྒྱུད་དང་རྟ་མགྲིན་གསང་རྒྱུད་གཉིས་བསྒྱུར།  པདྨ་འབྱུང་གནས་དང་ལྡན་མ་རྩེ་མང་གིས་བསྒྱུར་བ་ལ། ཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་པའི་རྒྱུད་ཚན་གཅིག་བསྒྱུར། པདྨ་འབྱུང་གནས་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་ལ། རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་དང་། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད། ཡུམ་གཟུངས་མའི་དངོས་གྲུབ་ཆེན་པོའི་རྒྱུད་བཅས་རྒྱུད་ཚན་གཉིས་བསྒྱུར།   རྒྱ་གར་གྱི་མཁན་པོ་སློབ་དཔོན་པདྨའི་ཞལ་སྔ་ནས་དང་བོད་ཀྱི་ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བ་ལ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་པའི་ཆོས་ཚན་གཅིག་བསྒྱུར།  པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་བ་ལ།   དེ་ཁོ་ན་ཉིད་ཉི་ཟླ་སྣང་བའི་སྒྲུབ་ཐབས་ཞེས་པའི་ཆོས་ཚན་གཅིག་བསྒྱུར།     ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་གིས་བི་ཏྱོཏྟ་མ་འབུམ་སྡེའི་ཏནྟྲ་ལས་ཕྱུང་བ། ལྕེ་ཛྙཱ་ན་ཀུ་ཀུ་རཱ་ཛ་དང་། བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་བ་ལ།  རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་སོགས་ཕུར་པའི་ཆོས་སྐོར་གྱི་རྒྱུད་ཚན་ལྔ་བསྒྱུར། པདྨ་སམ་བྷ་བ་དང་། བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་བ། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་སོགས་ཕུར་པའི་ཆོས་ཚན་གསུམ་བསྒྱུར།   པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་ཉིང་ཁུ་ལོ་ཙཱ་བ་གནུབས་དར་མ་ཡེ་ཤེས་ཀྱིས་རྡོ་རྗེ་ཕུར་པ་ཆེན་པོ་གསོད་བྱེད་འབར་བའི་རྒྱུད་ཆོས་ཚན་གཅིག་ཡེར་པའི་གཙུག་ལག་ཁང་དུ་བསྒྱུར།   པདྨ་འབྱུང་གནས་དང་། ངམ་འབྲེ་ས་ལེས་རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད་ཚན་གཅིག་བསམ་ཡས་ཀྱི་མཆིམས་བུ་དགེ་གོང་དུ་བསྒྱུར། པདྨ་སམྦྷ་ཝས་བལ་པོ་བ་སུ་ངྷ་ར་ལ་གནང་། དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གནང་བ་རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་དང་ཁྲག་འཐུང་གལ་པོ་ཆེའི་རྒྱུད་བཅས་རྒྱུད་ཚན་གཉིས་བསྒྱུར།

པདྨ་འབྱུང་གནས་དང་ལོ་ཙཱ་བ་འོ་བྲན་དཔལ་གྱི་གཞོན་ནུས་བསྒྱུར་བ་ལ། འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད་ཚན་༡་བསྒྱུར།  པདྨ་འབྱུང་གནས་དང་ཁྲི་སྲོང་ལྡེ་བཙན་གྱིས་བསྒྱུར་བ་ལ།    གནོད་འཛིན་ཐུགས་རྗེ་འབྱུང་བའི་རྒྱུད་དང་། པདྨའི་ལྷ་ཐམས་ཅད་འདུས་པ་རྟ་མགྲིན་གྱི་རྒྱུད་ཚན་པ་གཉིས་བསྒྱུར། སློབ་དཔོན་པདྨ་སམ་བྷ་ཝ་དང་། མདེའུ་ཆུང་ཧཱུཾ་ཀ་རས་བསྒྱུར་བ། ཁྲོ་བོ་པུཎྜ་རི་ཀའི་ཏནྟྲ་སྟེ་ཆོས་ཚན་གཅིག །པདྨ་འབྱུང་གནས་དང་། རོང་ཟོམ་གཞོན་བློས་བསྒྱུར་བ་ལ། ཕུར་པ་ཀརྨ་ལས་ཀྱི་རྒྱུད་ཚན་གཅིག་བསྒྱུར།    པདྨ་འབྱུང་གནས་ཀྱིས་རྒྱ་གར་དཱ་ན་ངྷ་ལའི་བཙས་སུ་བཞག་པ་གཤིན་རྗེ་དམར་པོ་ཤན་པ་ལས་ཀྱི་རྒྱུད་ཚན་གཅིག །ཡང་གཏུམ་པོ་ཆེན་པོ་མ་རུང་པ་རྡོ་རྗེ་ཁྱུང་དང་བཅས་པ་དོན་འདུས་པ་གསང་བའི་རྒྱུད་ཆེན་པོ་བལ་པོ་བ་སུ་དྷ་ར་དང་གུ་རུ་པདྨས་དགོངས་པའི་དོན་བཏུས་ནས་ལས་རྒྱུད་དུ་བྱས་པ་ཆོས་ཚན་གཅིག །རྒྱ་གར་གྱི་གུ་རུ་པདྨ་འབྱུང་གནས་དང་ལོ་ཙཱ་བ་ས་མ་ཏིས་བསྒྱུར་བ་དཔལ་ལྷ་མོ་ནག་མོ་གསེར་གྱི་སྦྲམ་བུ་ཞེས་བྱ་བའི་རྒྱུད་ཚན་གཅིག །པདྨ་འབྱུང་གནས་དང་ལོ་ཙཱ་བ་ཙནྟྲ་ཀུ་ཏྲས་བསྒྱུར་བ་རྡོ་རྗེ་སྲིན་པོ་བསེ་ཡི་སྐྱེས་བུ་གནོད་སྦྱིན་དམར་པོའི་རྒྱུད་ཚན་གཅིག །བོད་ཀྱི་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བ། རྡོ་རྗེ་ཕུར་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་དཔེ་ཡིན་པར་བཤད་པ་ཙམ་ལས་འགྱུར་གྱི་སྐབས་སུ་སློབ་དཔོན་པདྨ་དང་འབྲེལ་བ་ཆེར་མེད་རུང་ཟུར་དུ་བཞག་པ་ཙམ་ཡིན།  ཁྱོན་བསྡོམས་རྒྱུད་ཚན་བརྒྱ་དང་བཞི།

དེ་ལྟར་དུས་རབས་བརྒྱད་པའི་ནང་ཐོག་མར་ནང་ཆོས་བོད་དུ་བསྒྱུར་སྐབས་ཀྱི་ལོ་ཙཱ་བ་ཐོག་མ་ནི་ཁ་ཆེ་ཨ་ནནྟ་ཡིན་[1]པར་གསལ་བ་ལྟར་ན།  པཎྜི་ཏ་པདྨ་སཾ་བྷ་ཝས་བོད་ཡུལ་དུ་སྔགས་རྒྱུད་ཀྱི་ཐོག་མ་ལ་པདྨ་དབང་ཆེན་གྱི་ཆོས་སྐོར་བསྒྱུར་ཡོད་ལ།   དེ་ཡང་ནང་བོད་ཡུལ་དུ་ནང་ཆོས་སྤེལ་སྐབས་ཆོས་ལུགས་དད་མོས་ཀྱི་འདོན་ཆོག་སྤེལ་བ་ཙམ་ཞིག་མ་ཡིན་པར་ཐོག་མ་ཉིད་ནས་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་རིག་གཞུང་མ་ལག་ལྡན་པ་ཞིག་བསྒྱུར་སྤེལ་གནང་ཡོད་པ་དེ་རེད།  དཔེར་ན་ཁ་ཆེ་ཨ་ནནྟས་བསྒྱུར་བ་དཔལ་པདྨ་དབང་ཆེན་དྲེགས་པ་བསྲུང་བཟློག་ཡོན་ཏན་རྒྱུད་ལ་ལེའུ་དགུ་ཡོད་པ་ལས་ལེའུ་དང་པོ་དེ་ཆོས་ཉིད་ཡང་དག་པའི་ལྟ་དགོངས་ཀྱི་ལེའུ། ལེའུ་གཉིས་པ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ། ལེའུ་གསུམ་པ་དབང་བསྐུར་བའི་ལེའུ།  ལེའུ་བཞི་པ་དཀྱིལ་འཁོར་གྱི་ལེའུ།  ལེའུ་ལྔ་པ་ས་གཞི་རིན་པོ་ཆེ་ལྟ་བུའི་དམ་ཚིག །ལེའུ་དྲུག་པ་མཆོག་གི་དངོས་གྲུབ་སྒྲུབ་པ།  ལེའུ་བདུན་པ་ཐུན་མོང་གི་སྒྲུབ་པ།  ལེའུ་བརྒྱད་པ་ཕྲིན་ལས་ཀྱི་ལེའུ།  ལེའུ་དགུ་པ་རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་ཡོད་པ་ལྟར་ན། ཐོག་མར་ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག་ལྔ་ཡིས་སྒོ་ནས་གསང་སྔགས་ཉམས་ལེན་གྱི་གཞུང་བསྲང་སྟེ་རང་དོན་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱ་ཚུལ་བསྟན། དེ་ནས་གཞན་དོན་དུ་ཞི་རྒྱས་དབང་དྲགས་ཀྱི་ཕྲིན་རྣམས་བཞི་སྒྲུབ་པའི་ཐབས་ཆ་ཚང་བ་ཞིག་བསྒྱུར་སྤེལ་གནང་ཡོད།  ཡང་པཎྜི་ཏ་པདྨ་སཾ་བྷ་ཝ་དང་ལོཙྪ་བ་བྷ་སང་ཤི་ཏ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། ལྕོག་རོས་བསྒྱུར་བ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ་རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ། རྣལ་འབྱོར་སྤྱོད་པའི་ས་དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པ་རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ་དབང་ཆེན་འདུས་པ། ཞེས་པའི་རྒྱུད་ལ་ལེའུ་ཉི་ཤུ་རྩ་བཞི་ཡོད་པའི་དང་པོ་གླེང་གཞི་དང་། གླེང་སློང་། སེམས་བསྐྱེད།  ལྟ་བ།  སྐུ། གསུང་། ཐུག །དཀྱིལ་འཁོར་དང་དབང་།  བསྟོད་ཅིང་ཕྲིན་ལས་བཅོལ་བ།  ཁྲོ་བོའི་གླེང་གཞི།  སྐུ་ཡི་ངོ་བོ་གསལ་བ།  དཀྱིལ་འཁོར། སྔགས། ཕྱག་རྒྱ། དམ་ཚིག །སྤྱོད་པ། ལྟ་བ། མཆོད་སྦྱིན། ལས་སྣ་ཚོགས།  མཛེ་ནད་གསོ་བ། ཚོགས་ཀྱི་འཁོར་ལོ།  རྗེས་སུ་ཡི་རང་བའི་ལེའུ་བཅས་ཁྱོན་ལེའུ་ཉི་ཤུ་རྩ་བཞིས་བསྟན་པ་ལྟར་ན་སེམས་བསྐྱེད་དང་ལྟ་སྤྱོད་དཀྱིལ་འཁོར་སོགས་སྔོན་དུ་འགྲོ་བའི་སྒོ་ནས། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་སྨད་ལས་ཞི་རྒྱས་དབང་དྲགས་ཀྱིས་ལས་སྒྲུབ་ཐབས་བཅས། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་མ་ལག་ཆ་ཚང་བའི་སྒོ་ནས་བསྟན་ཡོད་པ་ལྟར་ན། དུས་རབས་བརྒྱད་པའི་ལོ་རབས་དྲུག་ཅུ་ཡན་མན་ནས་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་དུས་ཐོག་མ་ཉིད་ནས། ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ལྡན་པའི་སྒོ་ནས་དར་སྤེལ་གནང་ཡོད་པ་དེ་གསལ་པོར་མཐོང་ཐུབ།

ཡང་ཨུ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ལ་རྒྱུད་ཚན་ཉེར་གཅིག་ཡོད་པ་ལས་ཕལ་ཆེ་བ་ཨ་ཏི་ཡོ་ག་སེམས་ཀློང་མན་ངག་སྡེའི་སྐོར་ཡིན།     དེ་ཡང་སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད་ལ་མཚོན་ན་ལེའུ་དང་པོ་གླེང་གཞི།   གཉིས་པ་མདོར་བསྟན།   གསུམ་པ་འཁོར་བའི་སྤྲོས་པ་གཅོད་པ།    བཞི་པ་ཐེག་པའི་སྤྲོས་པ་གཅོད་པ།  ལྔ་པ་མཚན་ཉིད་སྡེ་གསུམ་གྱི་སྤྲོས་པ་གཅོད་པ།  དྲུག་པ་ཀྲི་ཡོག་སྡེ་གསུམ་གྱི་སྤྲོས་པ་གཅོད་པ།  བདུན་པ་མ་ཧ་ཨ་ནུའི་སྤྲོས་པ་གཅོད་པ།  བརྒྱད་པ་སྤྲོས་པ་གཅོད་པ་སྡེ་ལྔ་སོ་སོར་དབྱེ་བ།  དགུ་པ་ལྟ་བའི་སྤྲོས་པ་གཅོད་པ།   བཅུ་པ་སྒོམ་པའི་སྤྲོས་པ་གཅོད་པ།  བཅུ་གཅིག་པ་སྤྱོད་པའི་སྤྲོས་པ་གཅོད་པ།  བཅུ་གཉིས་པ་འབྲས་བུའི་སྤྲོས་པ་གཅོད་པ།  བཅུ་གསུམ་པ་མན་ངག་གི་སྤྲོས་པ་གཅོད་པ།   བཅུ་བཞི་པ་མཚན་གྱི་རྣམ་གྲངས་བསྟན་པ་སྟེ་སྔ་འགྱུར་ཐེག་པ་རིམ་དགུའི་སྒྲོམ་གཞིའི་ཐོག་མན་ངག་སྡེའི་སྐོར་རྒྱས་བཤད་གནང་ཡོད།    ཡང་རིན་ཆེན་སྤུ་གྲི་འབར་བ་སེམས་སྡེ་སྤྲོས་པ་གཅོད་པ་ཞེས་བྱ་བའི་རྒྱུད་ཀྱི་སེམས་སྡེའི་སྐོར་གཙོ་བོར་བསྟན་པ་དང་།   རིན་པོ་ཆེ་བྱེ་མ་རེག་གཅོད་ཀློང་སྡེའི་སྤྲོས་པ་གཅོད་པ་ཞེས་པའི་རྒྱུད་ཀྱི་ཀློང་སྡེའི་སྐོར་གཙོ་བོར་བསྟན་པ་སོགས་རྫོགས་ཆེན་མན་ངག་སྡེའི་རྒྱུད་རྣམས་གཙོ་བོར་བསྒྱུར་གནང་ཡོད་པ་དེ་རེད།

 པཎྜི་ཏ་པདྨ་སམ་བྷ་ཝས་སྒྲ་རང་བསྒྱུར་གནང་བ།

ཡང་པཎྜི་ཏ་པདྨ་སམ་བྷ་ཝས་རྒྱུད་ཚན་ཉེར་བརྒྱད་ལོ་ཙཱ་བ་མི་དགོས་པར་སྒྲ་རང་འགྱུར་མཛད་གནང་ཡོད། དེ་དག་གི་ནང་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ་ལ་མཚོན་ན། ལེའུ་དང་པོ་གླེང་གཞི་དང་། གླེང་སློང་བ། ཐེག་པའི་རྣམ་གཞག ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ།  བསྙེན་སྒྲུབ། གསང་བ་སྒྲུབ་ཆེན། བསྐྱེད་རྫོགས། དབང་བསྐུར། དམ་ཚིག ། གསང་བ་ཉམས་ལེན། ལུས་རྩ་གནས་བསྟན་པ། རླུང་གནད། ཐིག་ལེ་འབར་འཛག་ཙཎྜ་ལཱི། རིམ་ལྔ་གདན་གཅིག་སྒོམ་པ། བདེ་མཆོག་ཆགས་ལམ།  བདེ་གཤེགས་ཕུར་སྒྲུབ། བདུད་རྩི་སྨན་སྒྲུབ། བམ་སྒྲུབ། འཆི་མེད་ཚེ་སྒྲུབ། ན་རག་དོང་སྤྲུག་བཤགས་པ། ཐུགས་དམ་བསྐང་བ། གླིང་བཞི་སྲིད་པ་སྤྱི་མདོས། རྟེན་མཆོག་བཀྲ་ཤིས། རབ་གནས། སྲུང་འཁོར་བསྟན་པ། སྦྱིན་བསྲེག ། གཟིར་མནན་གླུ་བྲོ། པད་མ་ཅན་ཕོ་ཉ། གནོད་སྦྱིན་ནོར་སྒྲུབ། ལས་ཆེན་བརྒྱད་བསྒྲུབ་ཅིང་ཤྭ་སེར་ཆུ་དམག་ཟློག་ཐབས།  བདུན་ཚིགས། རོ་བསྲེག  །ཚ་ཚ་རྟེན་གསུམ། བསད་མནན་རླུང་འཁོར། སྲོག་སེར་ཁ་སྒྱུར། འཆི་བརྟག་འཆི་བསླུ་འཕོ་བ་གྲོང་འཇུག །རྒྱུད་ཀྱི་དགོས་འདྲེལ། སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཡོངས་རྫོགས་སུ་བསྟོད་པ། ལེའུ་ཞེ་གསུམ་པ་རྒྱུད་དོན་ཡོངས་རྫོགས་འཁོར་ལ་གཏད་པ་བཅས་ལེའུ་ཞེ་གསུམ་གྱི་ནང་དོན་ལ་མཚོན་ན་ཐེག་པ་རིམ་པ་དགུའི་ལྟ་གྲུབ་དང་ཉམས་ལེན་གྱི་གནད་ཆ་ཚང་བ་ཞིག་དང་། ཕ་རྒྱུད་གསང་འདུས་ལུགས་ཀྱི་རིམ་ལྔ་གདན་གཅིག་བསྒོམ་དུ་སྒོམ་ཚུལ།  མ་རྒྱུད་བདེ་མཆོག་ལུགས་ཀྱི་རྫོགས་ཀྱི་ཟབ་གནད་ཀྱང་གསལ་པོར་བསྟན་ཡོད་པ་དང་ཆབས་ཅིག་ཕྲིན་ལས་བཞིའི་རིམ་པ་རྣམས་ཀྱང་ཆ་ཚང་བར་བསྟན་པའི་གཞུང་ལུགས་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་ཚང་ཞིག་ཏུ་བཞུགས་པ་དེ་རེད།  འོན་ཀྱང་ད་ལྟའི་ཆ་ལ་གཞུང་འདི་ལུང་རྒྱུན་ཙམ་བཤད་རྒྱུན་དང་རྒྱུད་འགྲེལ་སོགས་ཕལ་ཆེར་མེད་པའི་ཚོད་དུ་སྣང་།

དེ་ལྟར་བོད་ཀྱི་ལོ་ཙཱ་བ་སྔ་ཕྱི་དག་གི་བར་ལ་མ་མཐར་ཡང་མི་ལོ་བཅུ་ཕྲག་ཁ་ཤས་ཤིག་གི་བར་མཚམས་ཡོད་པ་དེ་རེད།

དེ་ཡང་སྒྲ་སྦྱོར་བམ་གཉིས་ལས་[2]སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱཙརྱ་བོདྷི་སཏྭ་དང་། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟང་། བློན་ཁྲི་བཞེར་སང་ཤི། ལོ་ཙཱ་བ་ཛྙཱན་དེ་བ་ཀོ་ཥ། ཅེ་ཁྱི་འབྲུག །བྲམ་ཟེ་ཨནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་གྲགས་པ་ལས། མིང་དུ་བཏགས་པ་དག་གཅིག་མཆིས་པའི་ནང་ནས། ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མ་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། ཞེས་གསལ་བ་ལྟར་ན་ཨཱ་ནན་ཏ་དང་སང་ཤི་གཉིས་ནི་ཁྲི་སྲོང་གི་སྐུ་ཚེའི་སྟོད་ཀྱི་ལོ་ཙཱ་བ་ཡིན།

ཡང་དཀར་ཆག་ལྡན་དཀར་མ་ལས།[3] བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ནས། འབྲུག་གི་ལོ་ལ། ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན། བན་དེ་དཔལ་བརྩེགས་དང་། བན་དེ་ཆོས་ཀྱི་སྙིང་པོ་སོགས་པས། དར་མ་ཐེག་པ་ཆེ་ཆུང་གི་མདོ་སྡེ་སོགས། འབྲུག་གི་ལོ་ཕན་ཆད་བོད་ཁམས་སུ་འགྱུར་ཏོ་འཚལ་ཤུ་ལོག་དང་བམ་གྲངས་དུམ་མཆིས་པ་གཏན་ལ་ཕབ་ནས། མཚན་བྱང་དཀར་ཅག་དུ་བྲིས་པ། ཞེས་གསལ་བའི་འབྲུག་ལོ་འདི་ལ་ལོ་ཚིགས་འདོད་སྲོལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། ཁྲི་ལྡེ་སྲོང་བཙན་དང་རལ་པ་ཅན་ཡབ་སྲས་ཀྱི་སྐུ་དུས་ལ་ཡིན་པ་ལས་འགྲོ་ས་མེད།

ཡང་བོད་ཀྱི་ལོ་ཙཱ་བ་ལ་རྒན་དར་གཞོན་གསུམ་བརྩི་སྲོལ་ཡོད་པའི་ནང་སྐ་བ་དཔལ་བརྩེགས་ནི་གཞོན་གསུམ་གྱི་ཡ་གྱལ་ཞིག་ཡིན། དེས་ན་ཁྲི་སྲོང་གི་སྐུ་ཚེའི་སྟོད་ཀྱི་ལོ་ཙཱ་བ་ཨཱ་ནན་ཏ་དང་སང་ཤི་གཉིས། ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐུ་དུས་ལོ་ཆེན་གྱི་ཁུར་བཞེས་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་བར་ལ་མ་མཐར་ཡང་མི་ལོ་བཅུ་ཕྲག་གཉིས་གསུམ་གྱི་བར་ཐག་ཡོད་ལྟར་ན། པཎྜི་ཏ་པདྨ་སམ་བྷ་ཝས་མི་ལོ་བཅུ་ཕྲག་འགའ་ཤས་རིང་བོད་ཡུལ་གྱི་གདུལ་བྱ་བསྐྱངས་ཡོད་པ་མཐོང་ཐུབ་པ་དེ་རེད།

ད་དུང་པཎྜི་ཏ་པདྨ་སཾ་བྷ་ཝས་སྒྲ་རང་འགྱུར་གྱིས་བསྒྱུར་བའི་ཆོས་ཚན་ཉེར་བརྒྱད་ཡོད་པ་ལྟར་ན་ཁོང་ལའང་བོད་ཡིག་བྱང་ཆུབ་པའི་བརྒྱུད་རིམ་གྱི་དུས་ཚོད་ངེས་ཅན་ཞིག་ཡོད་དགོས་ཀྱི་རེད། ཁོང་གིས་བོད་ཡུལ་དུ་ཆོས་གསུང་བསྒྱུར་གནང་བའི་སྐབས་སུ་མིའི་རང་བཞིན་གྱི་བླ་མ་ཞིག་ཡིན་པ་དང་། ཕྱིས་སུ་ཁོང་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་དུས་སྐབས་གཉིས་ལ་ཁྱད་པར་ཡོད་དགོས། ཁོང་གདོད་མ་ཉིད་ནས་སངས་རྒྱས་པ་སོགས་དང་པོ་ནས་འཇིག་རྟེན་བྱེད་པོ་ནང་བཞིན་ཞིག་ནི། སྐྱེ་འགྲོ་ཐུན་མོང་བའི་ངོར་ཕྱིའི་རྣམ་ཐར་ལོ་རྒྱུས་དངོས་འཆད་པའི་སྐབས་སུ་གནས་སྣང་བསྲེ་ནས་བཤད་རྒྱུ་མེད་པ་དེ་རེད། ​  ཡང་མཚན་བརྗོད་ཀྱི་འགྲེལ་པ་ཉི་ཟླ་འབར་བའི་སྒྲོན་མ་ཞེས་པའི་ཡིག་རྙིང་ཞིག་ཡོད་པ་དེའི་མཇུག་བྱང་དུ། ཨོ་རྒྱན་གྱི་སློབ་དཔོན་པདྨས་བཤད་ཅིང༌། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་བའོ། །ཞེས་གསལ། གུས་པར་ལག་སོན་བྱུང་བའི་དཔེ་རྙིང་འདི་ལོ་༢༠༠གོང་ཙམ་གྱི་དཔེ་རྙིང་ཞིག་ཡིན་རུང་། བདུད་འཇོམས་བཀའ་མའི་ནང་བཞུགས་ཀྱི་མཚན་བརྗོད་ཀྱི་འགྲེལ་པ་དེ་ལ་མ་དཔེ་གཉིས་རྙེད་ཡོད་པ་དང་།[4] སྒྲ་སྦྱོར་བཀས་གསར་དུ་བཅད་པ་དཔེ་རྙིང་ལག་བྲིས་ལྡེབ་༢་པའི་མདུན་ངོས་ཕྲེང་༢པར་གསལ།   དེ་གཉིས་ཀྱི་ཡིག་གཟུགས་ཀྱང་བོད་བཙན་པོའི་སྐབས་ཀྱི་དཔེ་རྙིང་ཞིག་ཡིན་ཚུལ་གསུངས་པས་ཞིབ་ཕྲ་དེ་རུ་ཤེས་ནུས། མཚན་བརྗོད་འགྲེལ་པ་དེའི་མཇུག་ཏུ་ཁྲི་སྲོང་ལྡེའུ་བཙན་དང་སྐ་བ་དཔལ་བརྩེགས་གཉིས་ཀྱིས་གུ་རུ་པདྨའི་སྐུ་གསུང་ཐུགས་ལ་བསྟོད་པ་ཞིག་ཡོད་པ་དེའི་མཛད་པ་པོ་སྐ་བ་དཔལ་བརྩེགས་ཡིན་པ་གསལ་རུང་། བདུད་འཇོམས་རིན་པོ་ཆེའི་དཔེ་ལ་མི་གསལ་བར་གསུངས། ཁོང་གིས། གུ་རུའི་སྐུ་གསུང་ཐུགས་ལ་བསྟོད་པ་འདི་ཉིད་སུས་མཛད་ཀྱི་གསལ་ཁ་མི་སྣང་ཡང་འགྲེལ་པ་དཔེ་རྙིང་རང་གི་གཤམ་ན་མུ་མཐུད་དུ་འདུག་པས་ལོ་ཙཱ་བ་དཔལ་བརྩེགས་རང་གི་གསུང་དུ་ངེས་སྙམ་མོ། །ཞེས་གསུངས་པ་ནི་དཔེ་གཞིའི་ཁྱད་པར་ཡིན། བསྟོད་པ་དེའི་ནང་དོན་གཅིག་ན་ཡང་ཚིག་སྦྱོར་མི་འདྲ་བ་ནི་དུས་ཡུན་རིང་མོའི་ཁྲོད་དཔེ་བཤུས་ཀྱི་བརྒྱུད་རིམ་ནང་ཡི་གེའི་འགྱུར་བ་ནི་ཧ་ཅང་ཆེ་བར་མངོན་པས་དཔེ་གཞི་མི་འདྲ་བ་ལ་གལ་ཆེན་དུ་བརྩི་ནས་དོ་སྣང་བྱ་རྒྱུ་དེ་གལ་ཆེ།    མཚན་བརྗོད་འགྲེལ་པ་དེའི་མཇུག་ཏུ་ཁྲི་སྲོང་ལྡེའུ་བཙན་དང་སྐ་བ་དཔལ་བརྩེགས་གཉིས་ཀྱིས་གུ་རུ་པདྨའི་སྐུ་གསུང་ཐུགས་ལ་བསྟོད་པ་ཞིག་ཡོད་པ་དེ་ནི་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་མཇུག་ལ་ཡིན་དགོས་པ་དེ་རེད།[5] ཐོག་མར་མཁན་སློབ་ཞལ་འཛོམས་སྐབས་ཀྱི་ལོ་ཙཱ་བ་ཁ་ཆེ་ཨཱ་ནན་ཏ་ཡིན་པར་བཤད་པ་དང་། དབའ་སང་ཤི་ཏ་ཡང་ཁྲི་སྲོང་དང་དུས་མཉམ་ཡིན་པ་གསལ་པོ་རེད།[6] མཁན་སློབ་ཞལ་འཛོམས་ཏེ་ནང་བསྟན་སྤེལ་བའི་འགོ་ཚུགས་པ་ནས་ཁྲི་སྲོང་གཤེགས་པའི་བར་ལ་ལོ་སུམ་ཅུ་ལྷག་ཙམ་ཡོད་པ་དེའི་ནང་། ཁོང་དགུང་གྲངས་གང་གི་སྐབས་སུ་སྐ་བ་དཔལ་བརྩེགས་དང་མཉམ་དུ་གུ་རུ་པདྨའི་སྐུ་གསུང་ཐུགས་ལ་བསྟོད་པ་འདི་བརྩམས་ཡོད་པ་ཞིབ་འཇུག་ཐུབ་ན་པཎྜི་ཏ་པདྨ་སཾ་བྷ་ཝ་བོད་ཡུལ་དུ་བཞུགས་ཡུན་རགས་ཙམ་ཤེས་ནུས་པ་དེ་རེད། དེ་ནི་སྐ་བ་དཔལ་བརྩེགས་ལོ་ཆེན་གནང་བའི་དུས་ཚོད་ཁ་གསལ་ཞིག་ཤེས་རྒྱུ་དེ་གལ་གནད་ཆེན་པོ་རེད།

མ་གཞི་སྤྱི་ལོའི་དུས་རབས་བརྒྱད་པར་ནང་བསྟན་རིག་གནས་བོད་དུ་འདྲེན་སྐབས་རྒྱ་གར་ནས་ཆེད་ལས་མཁས་པ་རྐྱང་རྐྱང་གདན་འདྲེན་ཞུས་ཡོད། དེ་ཡང་ཞི་འཚོ་ཡབ་སྲས་ནི་མདོ་ཕྱོགས་སྤྱི་དང་དབུ་ཚད་ཀྱི་ཆེད་མཁས་པ་དང་། ཤྲཱི་སིངྷ་ནི་རྫོགས་ཆེན་སེམས་ཀློང་གི་ཆེད་མཁས་པ། པདྨ་སཾ་བྷ་ཝ་དང་བི་མ་མི་ཏྲ་གཉིས་ནི་མ་ཧཱ་དང་ཨ་ཏིའི་ཡང་གསང་བླ་མེད་ཀྱི་ཆེད་མཁས་ཀྱི་སློབ་དཔོན་ཡིན་པ་ལྟར། མ་ཧཱ་ཡོ་ག་རྒྱུད་སྡེའི་སྐོར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་རྩ་བར་གྱུར་པ་སྒྱུ་འཕྲུལ་དང་ཡང་དག །སྒྲུབ་སྡེ་སྐོར་ལ་བཀའ་བརྒྱད་སྤྱི་དང་ཁྱད་པར་དུ་ཕུར་པ་དང་མ་མོ་རྟ་མགྲིན་སྐོར་དང་། མན་ངག་སྡེའི་སྐོར་ཡང་གསང་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐོར་མང་པོ་ཡོད་པ་ལྟར་ན། པདྨ་སཾ་བྷ་ཝ་ནི་ཁྱབ་ཁོངས་དེ་དག་གི་ཆེད་ལས་མཁས་པ་ཞིག་ཡིན་པའི་ཆ་ནས་བརྩམས་བསྒྱུར་གནང་བའི་ནང་དོན་ལ་རྒྱུས་མངའ་ལོན་པ་ཞིག་བྱེད་པ་ལ། རྡོ་རྗེ་ཐེག་པའི་གཞིའི་གནས་ཚུལ། ལམ་གྱི་ཡོན་ཏན། འབྲས་བུའི་ཆེ་བ་ལས་གྲུབ་པའི་ཟབ་རྒྱས་ཀྱི་ཁྱད་ཆོས་དང་སྦྱར་ནས་ལྟ་དགོས་ལ། དེ་ཡང་གསང་སྔགས་གསར་རྙིང་གི་ཡིག་ཆ་རྣམས་གུང་བསྒྲིགས་ཡོང་དུས་གསར་མའི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། འཕགས་པ་ཤེས་རབ། འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ལྷས་བཙས། ས་པཎ་སོགས་ལོ་ཙཱ་བ་དུ་མས་སྔ་འགྱུར་གྱི་རྒྱུད་སྡེ་མང་པོ་ལ་སྐད་གསར་བཅད་ཀྱིས་འགྱུར་བཅོས་དང་བཅས་བརྒྱུད་འཛིན་གནང་བ་དང་།  གསར་མའི་རྒྱུད་སྡེ་ཕལ་ཆེ་བ་ཡང་སྔ་འགྱུར་གྱི་རྒྱུད་སྡེ་ལས་འཕྲོས་པ། དཔེར་ན། རྩ་རྒྱུད་ཟླ་གསང་ཐིག་ལེ་གོང་མ་ལས་དགྱེས་པ་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་རྒྱུད་སོགས་འཕྲོས་པ་དང་། ཕ་རྒྱུད་ཐམས་ཅད་ཀྱི་རྩ་བ་དུར་ཁྲོད་གསང་བ་ཁུ་བྱུག་རོལ་པའི་རྒྱུད་ལས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དང་། དེ་ལས་གསང་བ་འདུས་པ་སོགས་རིམ་གྱིས་འཕྲོས་ཚུལ་དང་།  བདེ་མཆོག་ལ་གཏོགས་ཚད་ཐམས་ཅད་སྐུ་སངས་རྒྱས་མཉམ་སྦྱོར་གྱི་ལེའུ་ལྔ་པ་ལས་འཕྲོས་ཚུལ་ཀརྨ་པ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བླ་མའི་རྒྱུད་སྤྱིའི་གླེང་གཞི་ལས་གསལ་བ་ལྟར།[7] གཤིབ་བསྡུར་གྱི་སྒོ་ནས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་དང་། ལམ་བསྐྱེད་རྫོགས་གཉིས་ཀྱིས་ཉམས་སུ་ལེན་ཚུལ།   འབྲས་བུ་སྐུ་གསུམ་ཐོབ་ཚུལ་སོགས་དཔྱད་བསྡུར་བྱ་ཡོང་དུས་སྔ་འགྱུར་གྱི་འཕྲོ་ཕྱི་འགྱུར་གྱིས་རྒྱུན་འཛིན་བྱས་པ་ཡང་གསལ་པོ་རེད་ལ། པཎྜི་ཏ་པདྨ་སཾ་བྷ་ཝའི་མཁྱེན་ཡོན་དང་མཛད་འཕྲིན་ནི་ཁོང་རང་གིས་བརྩམས་སྒྱུར་གནང་བའི་གཞུང་ལུགས་འདི་དག་གིས་གསལ་བཤད་བྱེད་ཀྱིན་ཡོད་པ་དེ་རེད།

ཁོང་གིས་བརྩམས་བསྒྱུར་གནང་བའི་ཆོས་ཚན་དེ་ཚོའི་ཐོག་ནས་ཤེས་ཐུབ་པ་ལ་སྔ་འགྱུར་ཐེག་པ་རིམ་དགུའི་གཞུང་ལུགས་སྤྱི་ཁོག་གི་སྒྲོམ་གཞིར་མཚོན་ན།  ཉན་ཐོས་ཐེག་པ་ནས་འོད་གསལ་རྡོ་རྗེ་རྩེ་མོའི་བར་གྱི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་རུང་གཙོ་ཆེ་བ་ནི།  བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་ཆེན་ཨ་ཏིའི་ཡང་གསང་བླ་མེད་ཀྱི་ཡིག་ཆ་མང་ཞིང་རྒྱ་ཆེ་བས། ཁོང་ནི་གསང་སྔགས་བླ་མེད་ཀྱི་ཆེད་མཁས་སློབ་དཔོན་ཞིག་ཏུ་བཞུགས་པ་དེ་རེད།   དེ་ཡང་མ་ཧཱ་ཡོ་གའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཆར་ལ་མཁས་ཤིང་ལྷག་པར་དུ་སྒྲུབ་སྡེའི་སྒྲུབ་པ་བཀའ་བརྒྱད་ཀྱི་ཆེད་མཁས་སློབ་དཔོན་ཞིག་ཡིན་པ་དེ་རེད།

པདྨ་སམ་བྷ་ཝའི་གསུང་རྩོམ།

གཅིག །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ལྡེབ་༡༣། གཉིས། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ལྡེབ་༣༨།   གསུམ། རྡོ་རྗེ་རྣམ་པར་འཇོམས་པའི་ཐིམ་ཡིག་གསང་བ་ལྡེབ་༥།   བཞི། དམ་ཚིག་སྤྱོད་པའི་ངེས་པ་ལྡེབ་༢། ལྔ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ་ལྡེབ་༡༦། དྲུག །ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ལྡེབ་༦།   བདུན། འཇིགས་རྟེན་མགོན་པོ་མཁལ་ལ་སྤྱོད་པའི་སྒྲུབ་ཐབས་ལྡེབ་༥།  བརྒྱད། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་ལྡེབ་༡༣།   དགུ། གཞལ་ཡས་ཁང་གསལ་བར་བྱེད་པའི་མངོན་རྟོགས་མུན་སེལ་སྒྲོན་མ་ལྡེབ་༣།  བཅུ། ཁོར་ཡུག་མངར་བའི་སྒྲུབ་ཐབས་ཞེས་བྱ་བ་ལྡེབ་༤། བཅུ་གཅིག །མ་མོ་གསང་བ་ལས་ཀྱི་ཐིག་ལེ་ལྡེབ་༩། བཅུ་གཉིས། གནས་ལུང་གི་མན་ངག་བསྡུས་པ་གནས་ཆོག་ལས་འཕྲེང་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསུང་ལྡེབ་༡༤།  བཅུ་གསུམ། མན་ངག་གི་རིམ་པ་མདོར་བསྡུས་སློབ་དཔོན་པདྨའི་གསུང་ལྡེབ་༤། བཅུ་བཞི། གཏོར་མའི་ལུང་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསུང་ལྡེབ་༤། བཅོ་ལྔ། བླ་བསླུ་འཆི་བདག་གི་གཡུལ་རྒྱལ་ལྡེབ་༥། བཅུ་དྲུག །དམ་ཚིག་ལྔ་བཅུ་པ་ལྡེབ་༦།  བཅུ་བདུན། དམ་ཚིག་ལྔ་པ་ལྡེབ་༥།  བཅོ་བརྒྱད། ཞི་བྱེད་དོན་གསལ་སྒྲོན་མ་ལྡེབ་༡༡།   བཅུ་དགུ། མན་ངག་གི་རིམ་པ་མདོར་བསྡུས་པ་ཞེས་བྱ་བ་ལྡེབ་༣། ཉི་ཤུ། ནང་ཆོས་གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ལྡེབ་༣།   ཉེར་གཅིག །ཕྱི་ཆོས་རིན་ཆེན་སྤུངས་པ་ལྡེབ་༣།  ཉེར་གཉིས། ཕྱི་ཆོས་རིན་ཆེན་སྤུངས་པའི་འགྲེལ་པ་ཉི་མ་སྤྲིན་བྲལ་ལྡེབ་༤༡། ཨུ་རྒྱན་པདྨས་མཚོ་རྒྱལ་ལ་གདམས་པ། ཉེར་གསུམ། བྱ་ཆ་རིན་པོ་ཆེ་སིལ་མ་ལྡེབ་༡༨། སློབ་དཔོན་པདྨས་མཚོ་རྒྱལ་ལ་གདམས་པ།  ཉེར་བཞི། མན་ངག་གི་རྒྱལ་པོ་ལྟ་བའི་འཕྲེང་བ་ལྡེབ་༡༢། ཉེར་ལྔ། བདུད་རྩི་ཐིགས་པ་ཞེས་བྱ་བ་དུར་ཁྲོད་ཁུ་བྱུག་རོལ་པའི་འགྲེལ་བ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་ལྡེབ་༡༩༧། རྒྱ་གར་གྱི་མཁན་པོ་པདྨའི་ཐོད་ཕྲེང་གི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙ་བ་ཛྙཱ་ན་ཀུ་མ་རས་བསྒྱུར་བ། ཉེར་དྲུག །དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་གྲུབ་པ་ཞེས་བྱ་བའི་གསང་འགྲེལ་ཆེན་པོ་ལྡེབ་༣༠༧། ཉེར་བདུན། འཕགས་པ་ཐབས་ཀྱི་ཞགས་པ་པདྨའི་ཕྲེང་བ་ལས་རྟོགས་པའི་རྒྱལ་པོའི་དོན་བསྡུས་ལྡེབ་༤༢། ཉེར་བརྒྱད། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མ་ལྡེབ་༡༥༠། ​ ཉེར་དགུ། སྒྱུ་འཕྲུལ་ཟས་གཏད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་ལྡེབ་༥།  སུམ་ཅུ། སྒྱུ་འཕྲུལ་ཁྲོ་ཐུང་སློབ་དཔོན་པདྨས་མཛད་པ་ལྡེབ་༡༧།  སོ་གཅིག །སྦུབས་འཇུག་བཤིག་པའི་ལུང་ཕྲན། སློབ་དཔོན་པདྨས་མཛད་ལྡེབ་༡། སོ་གཉིས། གཤིན་བརླ་དགུག་པའི་ལུང་ཕྲན། སློབ་དཔོན་པདྨས་མཛད་ལྡེབ་༢། སོ་གསུམ། ཚེ་འདས་ཀྱི་རྣམ་པར་ཤེས་པ་གྲི་འདུལ་བའི་ལུང་ཕྲན། སློབ་དཔོན་པདྨས་མཛད་ལྡེབ་༢། སོ་བཞི། རྡོ་རྗེ་ཕུར་པའི་འགྲེལ་ཆེན་བདུད་རྩི་དྲི་མ་མེད་པ། ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་ལོ་ཙཱ་བ་གཉན་ཀུ་མ་རས་གཏན་ལ་ཕབ་ལྡེབ་༧༠།

པདྨ་སཾ་བྷ་ཝའི་གསུང་རབ་དང་འབྲེལ་ཡོད་གསལ་བཤད།

གཅིག །ཕུར་པ་གསང་རྒྱུད་ཀྱི་འགྲེལ་ཆེན་སོགས་པདྨ་སཾ་བྷ་ཝས་མཛད་པ་ཆོས་ཚན་དྲུག་ཙམ་སྔར་ཁོ་བོའི་ཟིན་ཐོའི་རྙིང་པ་ནང་འཁོད་ཀྱང་། ན་ནིང་ད་ལོའི་དཔེ་ཀློག་སྐབས་སུ་ཁོ་བོའི་ཡིག་མཛོད་རྒྱ་མཚོ་ཆེན་པོའི་ཀློང་ནས་བཙལ་མ་ཐུབ་པས་ཞིབ་ཕྲའི་གསལ་བཤད་ཞུ་མ་ཤེས།   གཉིས།  གཞན་ཡང་བཀའ་གཏེར་འདྲེས་མ་ལས་བཀའ་མ་ཁབ་གཙང་གི་དཔེ་དེ་མ་རྙེད་པ་མང་པོ་ཞིག་ད་ལྟ་དཔེ་ཀློག་དཀར་ཆག་གི་གྲལ་དུ་མ་བཀོད།  གསུམ། ཡང་རྡོ་རྗེ་ཕུར་པའི་བཤད་འབུམ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་སློབ་དཔོན་ཆེན་པོ་པདྨས་མཁར་ཆེན་བཟའ་ལ་གདམས་པ་ཞེས་པའི་གླེགས་བམ་འདི་ཡང་གཙོ་བོ་སློབ་དཔོན་པདྨའི་གསུང་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་སུ་བཀོད་པ་ཞིག་ཡིན་སྟབས་ད་ལྟ་དཔེ་ཀློག་དཀར་ཆག་གི་གྲལ་དུ་མ་བཀོད།

བཞི། ཡང་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ཉི་མའི་སྙིང་པོ་བཀའ་མཆིམས་ཕུ་མ་གུ་རུ་པདྨ་རྒྱལ་པོའི་གསུང་ཞེས་པའི་གླེགས་བམ་གཉིས་ཡོད་པ་འདི་ཡང་། སློབ་དཔོན་པདྨ་སཾ་བྷ་ཝས་བསམ་ཡས་མཆིམས་ཕུ་རུ་རྩ་རྒྱུད་གསང་བ་སྙིང་པོ་གསུང་སྐབས་ཀྱི་ཞལ་རྒྱུན་རིམ་པར་བརྒྱུད་འཛིན་གནང་མཐར། ད་ལྟའི་ཡིག་ཆ་འདི་ཀཿཐོག་པས་ཟིན་བྲིས་སུ་ཕབས་པ་ཞིག་ཡིན་སྟབས་ད་ལམ་དཔེ་ཀློག་དཀར་ཆག་གི་གྲལ་དུ་མ་བཀོད། ལྔ། ཡང་རྒྱ་བོད་མཁས་པ་མི་བཞིའི་དགོངས་པ་གཅིག་ཏུ་དྲིལ་བ་བཀའ་བརྒྱད་བཀའ་མ་རྫོང་འཕྲེང་གི་གྲལ་དུ་ཡང་པདྨ་སཾ་བྷ་ཝའི་གསུང་དུ་མ་ཡོད་ཀྱང་ད་ལམ་དཔེ་ཀློག་དཀར་ཆག་གི་གྲལ་དུ་མ་བཀོད། དྲུག །ཡང་གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པར་གྲགས་པ་བསང་གསོལ་སོགས་ཆོ་ག་ཕྲན་ཚེགས་སྐོར་གྱི་ཆོས་ཚན་སྣ་མང་ཞིག་སྤྱི་ཚོག་ཐོག་མཐོང་དུ་ཡོད་རུང་། ཚིག་སྦྱོར་སོགས་གང་སྤྱིའི་ཐད་ནས་པདྨ་སཾ་བྷ་ཝའི་གསུང་ཡིན་ངེས་ཀྱི་བདེན་དཔང་གསལ་པོར་མ་མཐོང་བས། ད་ལམ་དཔེ་ཀློག་དཀར་ཆག་གི་གྲལ་དུ་མ་བཀོད།  བདུན། ཡང་ཚལ་པའི་བསྟན་འགྱུར་ནང་བཞུགས་པདྨ་སཾ་བྷ་ཝའི་གསུང་ཟབ་མདོའི་འགྲེལ་པ་ཞིག་ཡོད་རུང་དེ་ལ་ལྡེབ་མ་གཅིག་ལས་ཆ་ཚང་མེད་པ་དེ་རེད།

བརྒྱད། ནང་ཆོས་གསང་སྔགས་ལམ་རིམ་དང་། ཕྱི་ཆོས་རིན་ཆེན་སྤུངས་པ། ཕྱི་ཆོས་རིན་ཆེན་སྤུངས་པའི་འགྲེལ་པ་ཉི་མ་སྤྲིན་བྲལ། བྱ་ཆ་རིན་པོ་ཆེ་སིལ་མ་སྟེ་འདི་རྣམས་ལ་པདྨའི་ལམ་རིམ་རྣམ་གསུམ་ཞེས་འབོད་སྲོལ་ཡོད་ཅིང་སྔར་བཀའ་མའི་བརྒྱུད་པ་བྲེང་ཆགས་སུ་ཡོད་མོད། ཕྱིས་སུ་ཉང་དང་ཆོས་དབང་གི་གཏེར་ཁ་སོགས་ནས་བྱུང་བ་ལ། ཟུར་ཤཱཀ་འབྱུང་ཕྱི་མའི་སྐུ་དུས་སུ་བཀའ་གཏེར་གཉིས་འདྲེས་ཀྱིས་འཆད་ཉན་རྒྱ་ཆེར་དར་བའི་ཚུལ། ཀུན་དགའ་གྲོལ་མཆོག་དང་། ཏཱ་ར་ནཱ་ཐ། མཁྱེན་ཀོང་གཉིས་སོགས་ཀྱིས་བཞེད་པ་ལྟར་ན། བཀའ་གཏེར་ཟུང་དུ་འབྲེལ་བ་འདི་ཙམ་ལས་བཀའ་མ་ཁབ་གཙང་ཞིག་རྙེད་རྒྱུ་མེད་ཚོད་རེད་སྙམ་ནས་ད་ལམ་དཔེ་ཀློག་ཞུས་པ་དེ་ཙམ་ཞིག་ཡིན།

མཇུག་བསྡུ་བ། 

དེ་ལྟར་པཎྜི་ཏ་པདྨ་སཾ་བྷ་ཝས་བརྩམས་བསྒྱུར་གནང་བ་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་གསང་སྔགས་ཀྱི་གཞུང་ཡིན་ཞིང་། གཞུང་དེ་དག་ཕལ་ཆེ་བ་ནི་ཐེག་པ་རིམ་པ་དགུ་ཡི་སྒྲོམ་གཞིའི་ཐོག  །སྔགས་ནང་རྒྱུད་སྡེ་གསུམ་གྱི་བརྗོད་བྱ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་གྲུབ་རྒྱ་ཆེར་བསྟན་པ་ཞིག་རེད། དེ་ཡང་དུས་རབས་བརྒྱད་པའི་ནང་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་ནང་བསྟན་རིག་གཞུང་ཐོག་མར་དར་སྤེལ་གནང་བའི་སྐབས་སུ། ཁོང་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཆེད་མཁས་ཀྱི་སློབ་དཔོན་གཙོ་བོ་དེ་ཡིན་པས། ད་ལྟ་བོད་ཡུལ་དུ་

མདོ་སྔགས་ཟུང་འབྲེལ་གྱི་ཤེས་རིག་རྒྱ་ཆེན་པོ་ཞིག་དར་ཐུབ་པ་བྱུང་བ་ནི་གོང་གི་གཞུང་ལུགས་དེ་དག་གི་བདག་རྐྱེན་ལས་བྱུང་བ་ཤེས་ཐུབ།  འཇམ་མགོན་བླ་མ་ཙོང་ཁ་པའི་ཞལ་ནས། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །ཅེས་གསུངས་པ་དང་། ཁོང་གི་གསུང་རབ་ཕལ་ཆེ་བའི་བརྗོད་བྱ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ཡིན་པ་ལྟར་ན།  བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་ནི་གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་ཡིན་པ་མཐོང་ཐུབ་རུང་།  ད་ལྟའི་ཆར་སྔགས་ཆོག་གྱེར་མི་མང་བ་ཙམ་ལས་ནང་རྒྱུད་ཀྱི་གཞུང་འཆད་ཉན་ཉམས་ལེན་པ་ནི་ཧ་ཅང་དཀོན་ལ།   རྒྱུད་གཞུང་འཆད་ཉན་གནང་མི་ཉུང་ཤས་ཡོད་པ་དག་གིས་ཀྱང་ཐོས་པའི་གོ་བ་ཅུང་ཟད་ཙམ་ཞིག་རྙེད་པས་སེམས་ཁ་ཡོངས་སུ་ཁེངས་ནས་སྡོད་པ་ལས།   ཐོས་དོན་བསམ་སྒོམ་དང་འབྲེལ་ཏེ་ཕྱག་བཞེས་ཚད་ལྡན་གྱིས་ཉམས་བཞེས་གནང་མི་ནི་དཀོན་པ་མ་ཚད། རྒྱུད་གཞུང་འདི་ཚོའི་དཔེ་རྒྱུན་ཙམ་ཡང་མཐོང་དཀོན་པའི་ཚོད་དུ་སྣང་།  དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གིས། རྙིང་མ་པ་རྣམས་ནི་བོན་པོས་དྲན་པ་ནམ་མཁར་དད་པ་བྱེད་པ་ལྟར། རང་གྲུབ་མཐའ་དེ་ནི་བོད་བཙན་པོའི་སྐབས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྲོལ་གཏོད་པར་ངོས་འཛིན་བྱེད་ནའང་། ང་ཚོའི་ད་བར་ལྟ་ཚུལ་དེ་ཡང་དག་པར་བསྟན་པའི་དཔྱད་གཞིའི་ཡིག་ཆ་རྙེད་སོན་ཐུབ་མེད་པས་ན།   རྙིང་མའི་ལུགས་ནི་ཧ་ལམ་རྒྱལ་པོ་དར་མ་བཀྲོངས་རྗེས་བོད་དུ་དར་བའི་གསང་སྔགས་ཀྱི་སྒྲུབ་ལུགས་ཤིག་ཡིན་པར་སེམས།[8]ཞེས་སོགས་གསུངས་པ་ལྟར་ན། ཡིག་ཆ་འདི་ཚོ་དཔེ་རྒྱུན་དཀོན་པས་ཁོང་གིས་ལྟ་རྒྱུ་མ་རྙེད་པ་ཡིན་ན་ཕངས་སེམས་སྐྱེ་བ་ཞིག་རེད།   དེ་མིན་ཡིག་ཆ་འདི་ཚོ་ལ་དཔྱད་གཞིའི་རིན་ཐང་མེད་པར་འཛིན་གྱིན་ཡོད་ན་ནི། རིན་ཐང་ཡོད་པར་འཛིན་པའི་རྒྱུ་ཆ་དག་དང་གཤིབ་བསྡུར་གྱིས་དཔྱད་པ་བྱ་འོས།   ཡང་ན་ཁོང་ལ་ཡང་དགོངས་གཞི་གཞན་ཞིག་ཡོད་པ་ཡིན་ན་ནི་གླེང་རིན་ཆེར་མེད་པ་དེ་རེད།

ད་ལྟའི་ཆར་བོད་ཡུལ་གྱི་སློབ་གཉེར་ལམ་ལུགས་ནི་མདོ་ཕྱོགས་ཁོ་ན་ཙམ་ལས་སྔགས་ཕྱོགས་ཀྱི་འཆད་ཉན་ཧ་ཅང་ཉུང་ལ།   ཆེད་ལས་སློབ་གཉེར་བ་ཕལ་ཆེ་བས་ཀྱང་གསང་སྔགས་ནི་འཛེམ་བྱ་ཞིག་ཏུ་ལྟ་བ་དང་།  ཡང་སྔགས་པར་ཁས་འཆེ་བ་མང་པོ་ཞིག་ནི་རྒྱུད་ཀྱི་བསྟན་དོན་ལྟ་གྲུབ་ཀྱི་གནད་གསང་གང་ཡང་སློབ་གཉེར་ལ་མི་བརྩོན་པར། འདོན་ཆོག་དང་ལྷ་སྒྲུང་བརྒྱུད་བསྒྲགས་ཙམ་གྱི་ངང་འཚོ་བ་བསྐྱལ་མི་མང་བའི་རྐྱེན་གྱིས། ཐོག་མར་མཁན་སློབ་ཆོས་གསུམ་གྱིས་ནང་བསྟན་བོད་དུ་བསྒྱུར་སྤེལ་སྐབས་ཀྱི་འཆར་གཞི་ལྟར།  ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་རིག་གཞུང་རྨ་མེད་པ་ཞིག་རྒྱུན་འཛིན་དཀའ་བའི་གནས་སུ་གྱར་ཏེ།  འཇིག་རྟེན་བྱེད་པོ་ལྟ་བུར་འཛིན་པའི་གུ་རུ་པདྨ་འབྱུང་གནས་ནི་ལྷ་སྒྲུང་ནང་གི་མི་སྣ་ཞིག་ཏུ་བསྒྱུར།  ཁོང་གིས་བརྩམས་བསྒྱུར་གནང་བ་མདོ་སྔགས་ཟབ་མོའི་གཞུང་ལུགས་ཀྱི་མཚན་ཐོའི་དཀར་ཆག་ཙམ་ཡང་མཐོང་རྒྱུ་མེད་པའི་གནས་སུ་གྱར།  དད་པ་ཅན་དུ་ཁས་འཆེ་པ་རྣམས་ཀྱིས་ནི་ལྷ་སྒྲུང་རང་བཞིན་དུ་བསྒྱུར་ཅི་ཐུབ་བྱེད། ཤེས་རབ་ཅན་དུ་བརློམ་པ་དག་གིས་ནི་དེ་དག་རྫུན་སྒྲུང་དུ་བཤད་ཅི་ཐུབ་བྱེད་པའི་དུས་ཚོད་འདིར།  སྔར་ཡབ་མེས་མི་རབས་མང་པོའི་གསེར་དངུལ་དང་ཚེ་སྲོག་གི་འགྲོ་གྲོན་རྫོགས་མེད་ཅིག་བཏང་ནས་ཉོས་ཏེ། ཕྱི་རབས་ཚ་རྒྱུད་ཀྱི་ནོར་སྐལ་དུ་བཞགས་པ་འདི་དག་ལ་དོན་ངོ་མ་ད་ལྟའི་ཆར། དངོས་ཡོད་བེད་སྤྱོད་ཀྱི་རིན་ཐང་གང་ཡང་མེད་བསྡད་པ་ཞིག་རེད་དམ་ཡང་ན་བེད་སྤྱོད་ཀྱི་རིན་ཐང་ཞིག་ཡོད་རུང་།  རྒྱུན་འཛིན་པར་ཁས་འཆེ་བ་དག་བླུན་ཆེ་བས་ལྟོ་གོས་གཏམ་གསུམ་འཚོལ་ཐབས་ཀྱི་ལག་ཆ་ཙམ་ལས་མ་ཤེས་པ་རེད།  དེའི་སྐོརཞིབ་འཇུག་ཚད་ལྡན་ཞིག་བྱ་རྒྱུ་དེ་གལ་གནད་ཆེན་པོ་རེད།

 པདྨ་སཾ་བྷ་ཝའི་གསུང་རབ་དཔེ་གཞི་མི་འདྲ་བ་རྣམས་ཀྱི་འབྱུང་ཁུངས།

 གཅིག །རྒྱལ་བའི་བཀའ་འགྱུར་བྲིས་མ་ཤེལ་མཁར། དོལ་པོ། སྟོག་ཕོ་བྲང་། ཕུག་བྲག །གོན་དྷོ་ལ། ཧེ་མིས་བྲིས་མ། ཧེ་མིས་གསེར་བྲིས་ཁ་འཐོར་བཅས་བདུན། བཀའ་འགྱུར་སྤར་མ། པེ་ཅིང་། སྣར་ཐང་། ལྷ་ས། སྡེ་དགེ། ལི་ཐང་། ཅོ་ནེ། རྭ་རྒྱ། ཨུརྒ་བཅས་བརྒྱད། བྲིས་མ་བདུན་བཅས་བཀའ་འགྱུར་དཔེ་གཞི་མི་འདྲ་བ་བཅོ་ལྔ།

གཉིས། སྔ་འགྱུར་རྒྱུད་འབུམ་བྲིས་མ་ལ་རྟིང་སྐྱེས་རྒྱུད་འབུམ། སྒང་སྟེང་རྒྱུད་འབུམ། མཚམས་བྲག་རྒྱུད་འབུམ། དགྲ་མེད་རྩེའི་རྒྱུད་འབུམ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་བཞེངས་པ་ད་ལྟ་དབྱིན་ཡུལ་དུ་བཞུགས་པ། ཁམས་གཞི་ཆེན་རྒྱུད་འབུམ། བཻ་རོ་རྒྱུད་འབུམ་དུ་གྲགས་པའི་བྲིས་མ་བཅས་དཔེ་སྣ་བདུན་དང་། སྡེ་དགེའི་ཤིང་པར་མ་དང་བཅས་དཔེ་གཞི་མི་འདྲ་བ་བརྒྱད། ཡུལ་དབུས་ནས་རྒྱུད་འབུམ་འཐོར་མའི་དཔེ་གཞི་ཁག་གསུམ་བཅས་ཁྱོན་བསྡོམས་དཔེ་གཞི་མི་འདྲ་བ་བཅུ་གཅིག །

གསུམ། བསྟན་འགྱུར་བྲིས་མ་ལ། ཚལ་པའི་བསྟན་འགྱུར་སྐྱ་བྲིས་དང་། ཕོ་ལྷའི་གསེར་བྲིས་གཉིས། བསྟན་འགྱུར་སྤར་མ་ལ་པེ་ཅིང་དང་། སྣར་ཐང་། སྡེ་དགེ་གསུམ་བཅས་དཔེ་གཞི་མི་འདྲ་བ་ལྔ།

བཞི། དཔེ་མཛོད་ཁང་ལ་མཚོན་ན། འབྲས་སྤུངས་གནས་བཅུ་ལྷ་ཁང་། རྩེ་ཕོ་བྲང་། ཞ་ལུ། རྒྱང་རྩེ། སྙེ་མོ་བྱེ་མཁར། ལྷོ་ཁ་གྲོ་མཁར། ཀེ་རུ། ཁམས་དཔལ་སྤུངས། རྫོང་སར་སོགས་ཡུལ་གྲུ་མང་པོ་ནས་བཙལ་འཚོལ་བགྱིས་པ་རྣམས་ཀྱི། ད་ལམ་འདིར་པདྨ་སཾ་བྷ་ཝའི་གསུང་རབ་ཀྱི་དཔེ་གཞི་མི་འདྲ་བ་མང་ཤོས་ལ་སྣ་ཁ་བཅུ་གཅིག་ཙམ་དང་། བརྒྱད། ལྔ། གསུམ་སོགས་ཅི་རིགས་ཤིག་ཡོད་རུང་དཔེ་གཞི་མི་འདྲ་པ་རྣམས་ཀྱི་ནང་དོན་གཅིག་རུང་ཚིག་སྦྱོར་མི་འདྲ་བ་དང་། ལྷག་ཆད་ཀྱི་ཁྱད་པར་ཧ་ཅང་ཆེ་བས་འདི་རྣམས་དཔེ་བསྡུར་གྱི་གོ་སྐབས་ཤིག་འབྱུང་ཐུབ་ན། དཔེ་གཞི་མི་འདྲ་བའི་ཁྱད་པར་ཞིབ་ཕྲའི་རྒྱུས་ལོན་ཡོང་བ་ཞིག་ཡིན་རུང་། ད་ལྟའི་ཆར་བུ་བརྒྱའི་མ་ལ་རྒན་གཡོག་མི་རྙེད་པའི་དཔེ་ལྟར་པདྨ་སཾ་བྷ་ཝའི་གསུང་རབས་ཡིག་རྙིང་གི་རིན་ཐང་མཐོང་མི་ཧ་ཅང་དཀོན་པས་དེ་འདྲ་ཡོང་ཁག་པོ་རེད།  །

ཞེས་བོད་རབ་བྱུང་བཅུ་བདུན་པའི་ཁྲོ་མོ་ཤིང་འབྲུག་ཟླ་བ་དང་པོ། སྤྱི་ལོ་༢༠༢༤་ཟླ་༢པའི་ཚེས་༨ནས་༡༤་བར་ཉིན་བདུན་རིང་ལོ་སར་ངལ་གསོའི་རིང་། པདྨ་སཾ་བྷ་ཝའི་གསུང་རབ་རྣམས་ཚར་གཅིག་ཀློག་འདོན་ཞུས་ནས་དཀར་ཆག་ཏུ་བཀོད་པ་ལ་གཞི་བྱས། སླར་ཡང་དུ་བོད་ཤིང་སྦྲུལ་ཟླ་བ་དང་པོ་སྤྱི་ལོ་༢༠༢༥་ཟླ་༢པའི་ཚེས་༢༨ཀྱི་ལོ་སར་ངལ་གསོའི་རིང་ཆོས་ཚན་སྣོན་འཕྲི་དང་འབྲེལ་བའི་སྒོ་ནས། དམིགས་བསལ་ཆོས་ཚན་བཅུ་གསུམ་ཞིབ་ཏུ་ཀློག་འདོན་ཞུས་ནས་དཀར་ཆག་ཏུ་བཀོད་པ་པོ་ནི། མཐོ་སྒང་བོད་ཀྱི་བཟའ་བཏུང་རིག་གནས་ཞིབ་འཇུག་པ་མགོན་སེང་ཀརྨ་བདེ་ལེགས་ལགས་སོ། །​​​ 

དཔྱད་ཡིག་དང་ཞབས་མཆན། 

[1] འབྲས་སྤུངས་གནས་བཅུ་ལྷ་ཁང་བཞུགས། ཕྱི་ར་༡༩༥། དབའ་བཞེད་དཔེ་རྙིང་ལག་བྲིས་ལྡེབ་༧་རྒྱབ་ངོས་ཀྱི་ཕྲེང་༦་པར་གསལ།

[2] སྒྲ་སྦྱོར་བཀས་གསར་དུ་བཅད་པ་དཔེ་རྙིང་ལག་བྲིས་ལྡེབ་༢་པའི་མདུན་ངོས་ཕྲེང་༢པར་གསལ།

[3] ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དཔལ་བརྩེགས་དང་ནམ་མཁའི་སྙིང་པོས་མཛད་དོ་ཞེས་པ་ཤིང་སྤར་མའི་ལྡེབ་༡་མདུན་ངོས་ཕྲེང་༢པར་གསལ།

[4] བདུད་འཇོམས་བཀའ་མ་ལག་བྲིས་རྒྱབ་ཆོས་སྐོར་གྱི་ཆོས་སྡེའི་གླེགས་བམ༼ཟ༽པ་ནང་དུ་གསལ།

[5] མཚན་བརྗོད་འགྲེལ་ཉི་ཟླ་འབར་བའི་སྒྲོན་མ་དཔེ་རྙིང་ལག་བྲིས་ལྡེབ་༢༦༡་ཁྲི་སྲོང་ལྡེའུ་བཙན་དང་སྐ་བ་དཔལ་བརྩེགས་གཉིས་ཀྱིས་གུ་རུ་པདྨའི་སྐུ་གསུང་ཐུགས་ལ་བསྟོད་པ་ཞིག །

[6] འབྲས་སྤུངས་གནས་བཅུ་ལྷ་ཁང་བཞུགས། ཕྱི་ར་༡༩༥། དབའ་བཞེད་དཔེ་རྙིང་ལག་བྲིས་ལྡེབ་༨་རྒྱབ་ངོས་ཀྱི་ཕྲེང་༧་པར་གསལ།

[7] གསར་རྙིང་ལ་སོགས་པའི་བཞེད་པ་སོ་སོར་འབྱེད་པར་བྱེད་པ་གསང་བ་རྒྱ་མཚོ་མཐའ་ཡས་ལག་བྲིས་ལྡེབ་༣པའི་མདུན་ངོས་ཀྱི་ཕྲེང་༦་པར་གསལ།

[8] མཁར་རྨེའུ་བསམ་གཏན་གྱི་གསུང་འབུམ་ཕྱོགས་སྒྲིག་མདའ་དང་འཕང་སྟོད་ཆ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་སྤར་བ་ཞེས་པ་ལྡེབ་༡༦༥གསལ།

– – – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།