བརྩམས་ཆོས་ཆེས་མང་བའི་བོ་དོང་པཎ་ཆེན།

2
2124

གླེང་སློང་བའི་གཏམ།

སྤྱི་ལོ་ཉིས་སྟོང་བཅུ་གཅིག་གི་ལོར་བདག་ཧི་མ་ལའི་རིག་མཛོད་ཁང་གི་ལས་མི་དཀྱུས་མ་ཞིག་ཏུ་གྱུར་པ་དང་། དེ་ནས་བཟུང་ཧི་མ་ལའི་རིག་མཛོད་ཁང་གིས་སྙིང་སྟོབས་དགུ་འགྱུར་གྱི་ཀ་བ་བརྟན་པོ་དམ་དུ་བཙུགས་ནས། སྔོན་ནས་བོད་ཁུལ་ཀུན་ཏུ་དབུ་བརྩམས་ཀྱང་ལས་རྔ་སྐྱོང་མ་ཐུབ་པའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་མོ་དཔར་རྒྱུར་གཏན་ཁེལ་བྱས།ཕྲན་ཆུང་ཁོ་བོས་ཀྱང་དེ་དང་ལྷན་ཅིག་སྲོག་གི་དབང་བོ་མ་ཤོར་གྱི་བར་དུ་བོ་དོང་གསུང་འབུམ་དཔར་སྐྲུན་ཐད་ལ་འབད་པ་བྱེད་རྒྱུའི་དམ་བཅའ་སྙིང་ལ་བཀོད་པ་ཡིན།

དེའི་རྒྱུ་མཚན་ཅིའི་ཕྱིར་ཡིན་ཞེ་ན། གཅིག་ཏུ་ན་བོ་དོང་གསུང་འབུམ་པོད་བརྒྱ་མ་ཞེས་བོད་དམངས་ཁྲོད་དུ་ལྷང་ལྷང་དུ་གྲགས་ནའང་། དཔེ་རྒྱུན་དཀོན་པའི་རྐྱེན་གྱིས་བོད་ཀྱི་རིག་པའི་གནས་ལ་དགའ་བའི་དམངས་ཁྲོད་པ་དག་བཤད་མ་དགོས། གྲྭ་ས་བ་དག་དང་། སློབ་གྲྭ་བ་ཁག་གིས་ཀྱང་མཐོང་ལམ་དུ་འགྱུར་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཚུལ་ཞིག་ཏུ་ལྷུང་ཡོད་པ་དེར་དམིགས་པ་དང་། གཉིས་སུ་ན་རྩོམ་པ་བོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ཁོང་ལ་མཚོན་ནས་བཤད་ནའང་། སྐུ་ཚེ་དཀའ་ཚེགས་ལ་མ་འཛེམས་པར་འབད་པ་ཁྲི་སྟོང་བསྣོལ་མར་བསྡེབས་ནས། བོད་ཀྱི་ཆོས་དང་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་གི་དཀའ་བའི་གནད་རྣམས་ལ་འགྲེལ་བཤད་དང་། འགྱུར་སོགས་མ་དག་པ་རྣམས་དག་པར་མཛད་པའི་དགེ་མཚན་མངོན་དུ་འགྱུར་ཆེད་ཡིན་ནོ།།

དེ་དང་ཆབས་ཅིག་ཏུ་རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར་ཞེས་པའི་དཔེ་ལྟར་དུ། དེབ་ཆུང་འདི་འདྲ་ཞིག་འབྲི་འདོད་སྐྱེས་ཤིང་། ལྷག་པར་དུ་ཁོ་བོ་ནི་བོ་དོང་གསུང་འབུམ་ཡིག་གཏགས་པ་ནས་འབྲི་ཀློག་དཔེ་བསྡུར་བ་དང་། སྣ་ཚོགས་དཔེ་བསྡུར་བ། ཞུ་དག་པ་དང་ཞུ་ཆེན་པ། དཔྱད་འཇོག་པ་སོགས་རིམ་གྱིས་བརྒྱུད་པ་ལ་བརྟེན་ནས། བོ་དོང་གསུང་འབུམ་ལ་ཆ་རྒྱུས་མེད་པ་ནས་ཡོད་པར་གྱུར་པ་དང་། ལྷག་པར་དུ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་རྣམ་པར་ཐར་པ་ངོ་མཚར་དགའ་སྟོན་ལ། ལན་གསུམ་གྱི་བར་དུ་ལྟ་བའི་གོ་སྐབས་བཟང་བོ་ཐོབ་པ་ལ་སོགས་པའི་ཆ་རྐྱེན་དུ་མ་ལ་བརྟེན་ནས། དོན་ངོ་མ་བཤད་ན་གླང་ཁུར་ལུག་གིས་ལེན་པའི་ངང་ཚུལ་འདི་ནི། རང་གི་ཕྲག་སྟེང་དུ་བླངས་པ་ཡིན་ནོ།།

ཡིན་ནའང་ཕྲན་ཆུང་བདག་ལ་ལྷན་སྐྱེས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན། ཡང་ན་ཐོས་རྒྱ་མཐོང་རྒྱ་ཧ་ཅང་ཆུང་བའི་ཁར། ལས་བྲེལ་གྱི་ཞོར་དུ་བྲིས་པ་ཡིན་པས། འབྲི་སྟངས་སོགས་ཀྱིས་མ་འདང་བ། དཔེར་ན། བཤད་དགོས་པ་མ་བཤད་པ་དང་། བཤད་མི་དགོས་པ་བཤད་པ། གོང་དུ་བཤད་རྒྱུ་འོག་ཏུ་བཤད་པ་དང་། འོག་ཏུ་བཤད་རྒྱུ་གོང་དུ་བཤད་པ་སོགས་སྐྱོན་གྱི་ཕུང་བོ་གང་མང་ཞིག་ཡོད་ངེས་པས་ན། བློ་གཟུ་བོར་གནས་པའི་མཁས་པའི་དབང་བོ་རྣམས་ཀྱིས་བསམ་འཆར་ལྷུགས་བརྗོད་ཡོད་པ་ཞུའོ།།

འོ་འདིར་གསལ་བཤད་ཅིག་ལ། ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་གྱི་ལོ་རྒྱུས་ཤིག་ལ་འོལ་ཚོལ་བྱེད་པའི་སྤོབས་པ་བདག་ལ་གཞི་ནས་མེད་པས་ན། དེབ་ཆུང་འདི་ཉིད་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་གཞིར་བཞག་ནས་བྲིས་པ་ཡིན་པས། ཀུན་གྱི་ཡིད་ཆེས་ཀྱི་གནས་སུ་རུང་ངོ་ཞེས་པ་དེའོ།།

དང་བོ། བོ་དོང་འཇིགས་མེད་གྲགས་པའི་མཚན་གྱི་རྣམ་གྲངས།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་མཚན་གྱི་རྣམ་གྲངས་ནི། སྐུ་ཆུང་དུས་ཀྱི་མཚན་ལ་སངས་རྒྱས་སྐྱིད་དང་། དེ་ནས་འཇིགས་མེད་གྲགས་པ། ཆོས་ཀྱི་རྒྱལ་མཚན། སངས་རྒྱས་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། དབྱངས་ཅན་དགའ་བའི་པཎྜི་ཏ། དབྱངས་ཅན་དགའ་བའི་ཞབས། དྷརྨ་དྷྭ་ཛ། གསང་བས་བྱིན། དཔལ་ལྡན་མཐུ་སྟོབས་གྲུབ་པ། དཔལ་འཆི་བ་མེད་པའི་སྡེ། ཡོངས་གྲགས་སུ་བོ་དོང་པཎ་ཆེན་དུ་འབོད། ཡིན་ནའང་བོ་དོང་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱི་ནང་དུ་བོ་དོང་ཁོང་གིས་འཇིགས་མེད་གྲགས་པ་བེད་སྤྱད་བཏང་ཡོད་པ་རེད།

གཉིས་པ། བོ་དོང་འཇིགས་མེད་གྲགས་པའི་འཁྲུངས་ཡུལ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་འཁྲུངས་ཡུལ་ནི། གཙང་ལ་སྟོད་ལྷོ་ཕྱོགས་དབྱིག་གུ་ཞེས་བྱ་བའི་འབྲོག་གནས་སུ་འཁྲུངས་པ་ཡིན་ཞེས། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་དུ་གསལ་ལོ།།

གསུམ་པ། བོ་དོང་འཇིགས་མེད་གྲགས་པའི་ཡབ་ཡུམ་གྱི་མཚན།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་ཡབ་ཡུམ་གྱི་མཚན་ནི། ཡོངས་གྲགས་སུ་ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་། ཡུམ་བྱང་ཆུབ་སྒྲོན་ཡིན་ལ། ཡུམ་བྱང་ཆུབ་སྒྲོན་ནི། ལོ་ཆེན་བྱང་ཆུབ་རྩེ་མོའི་གཅུང་གི་སྲས་མོ་དང་། བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་སྲིང་མོ་ཡིན་པས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ནི། ཕར་དེད་ན་ས་སྐྱའི་ཚ་བོ་ཡིན་པ་ཤེས་བྱ་བར་བྱའོ།།

བཞི་བ། བོ་དོང་འཇིགས་མེད་གྲགས་པ་འཁྲུངས་འདས་ཀྱི་ལོ་ཚིགས།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་འཁྲུངས་འདས་ཀྱི་ལོ་ཚིགས་ནི། བོད་རབ་བྱུང་དྲུག་པའི་བགྲང་བྱ་ལྔ་བཅུ་བ་མེ་མོ་འབྲུག་གི་ལོ། སྤྱི་ལོ ༡༣༧༦ ལོར་འཁྲུངས་པ་དང་། རབ་བྱུང་བརྒྱད་པའི་བགྲང་བྱ་ལྔ་བ་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ་སྟེ། སྤྱི་ལོ ༡༤༥༡ ལོའི་བོད་ཟླ་གསུམ་པའི་གནམ་གང་ཉིན་དགུང་ལོ་བདུན་ཅུ་དོན་དྲུག་སྟེང་དུ་སྐུ་གཤེགས་སོ།། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་འཁྲུངས་འདས་ཀྱི་ལོ་ཚིགས་འདི་ནི། དུང་དཀར་ཚིག་མཛོད་ཆེན་མོ་དང་ལོ་གཅིག་གིས་མི་མཐུན་མོད། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་གྱི་ནང་དུ་གསལ་བ་གཞིར་བཟུང་བ་ཡིན་ནོ།།རྐྱེན་དབང་གིས་ཁོང་སྐུ་ཆུང་དུས་ཀྱི་ལོ་ཚིགས་ལ་གསང་རྒྱ་ཡོད་པ་ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་དུ་གསལ་ལོ།།

ལྔ་བ། བོ་དོང་འཇིགས་མེད་གྲགས་པའི་དགེ་རྒན།

བོ་དོང་པཎ་ཆེན་གྱི་གསུང་རྩོམ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་དགེ་རྒན་ནི། སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་སྤྱན་སྔར་ཡི་གེའི་ཀློག་བསླབས། ཨེ་ཆོས་སྡེའི་མཁས་པའི་དབང་བོ་ཆོས་ཀྱི་རྡོ་རྗེའི་སྤྱན་སྔར་ཚད་མ་སོགས་བསླབས། རྗེ་རིན་པོ་ཆེ་དཔལ་ལྡན་གྲགས་པའི་སྤྱན་སྔར་དབུ་ཚད་སོགས་བསླབས། རེ་མདའ་ཆེན་པོ་གཞོན་ནུ་བློ་གྲོས་དཔལ་བཟང་བོ་མཆོག་ནི་བསྙེན་རྫོགས་སྐབས་ཀྱི་ལས་ཀྱི་སློབ་དཔོན་ཡིན། ལོ་ཆེན་ནམ་མཁའ་བཟང་བོའི་སྤྱན་སྔར་སྒྲ་བསླབས་པ་དང་། འོད་ཟེར་ཅན་གྱི་རྟོག་པ། གཟུངས་ཆེན་གྲྭ་ལྔ། འཇམ་དཔལ་དཔའ་བོ་གཅིག་སྒྲུབ། མི་གཡོ་བ་རྟུལ་ཕོད། ཁྲོ་བོ་རྣམ་རྒྱལ། གནོད་གནས་ཀྱི་དབང་བོའི་རྟོག་པ། གར་མཁན་མཆོག སླར་ཡང་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་ཀྱི་སྐོར་རྣམས་གསན། ལོ་ཙཱ་བ་ཤེས་རབ་དཔལ་གྱི་སྤྱན་སྔར་ཡང་སྒྲ་བསླབས། རྒྱ་མ་བ་ཡོན་ཏན་འོད་ཀྱི་སྤྱན་སྔར་ཐེག་པ་ཆེན་པོ་བློ་སྦྱོང་ཉམས་ཁྲིད་དང་། གཙུག་ཏོར་རྣམ་རྒྱལ། རྣམ་འཇོམས། གཟུངས་ཕྲན་མང་བོ། རི་རབ་ཆེན་པོ། ཁང་བ་བརྩེགས་པ། རྡོ་རྗེ་མཆུ། རིག་པ་མཆོག འཇམ་དཔལ་རྩ་རྒྱུད། སླར་ཡང་རྣམ་སྣང་མངོན་བྱང་རྣམས་གསན། སྣག་གི་དབོན་པོ་བདག་པོ་བསོད་ནམས་ཡོན་ཏན་གྱི་སྤྱན་སྔར་ས་ཕུར་གྱི་དབང་སྐུར་གསན། རིན་པོ་ཆེ་ལམ་འབྲས་པ་བློ་བཟང་དཀར་བོའི་སྤྱན་སྔར་ཀྱཻ་རྡོ་རྗེ་མན་ངག་ལུགས། ཌོམ་བི་ལུགས། མཚོ་སྐྱེས་ལུགས། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་རྣམས་དང་། ཟླ་གསང་ཐིག་ལེ། ཐིག་ལེ་སྐོར་གསུམ་སླར་ཡང་རྟག་གཉིས་ཀྱི་སྐོར་ཡང་གསན། གཉག་ཕུ་བ་བྱང་ཆུབ་མགོན་པོའི་སྤྱན་སྔར་དོན་ཞགས་ཀྱི་སྐོར་རྣམས་དང་། མཁའ་འགྲོ་རྒྱ་མཚོ། གདན་བཞི། ཕུར་བ་རྩ་དུམ། སྔ་འགྱུར་གྱི་གསང་བ་སྙིང་བོ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལས་འོངས་པའི་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་དྲུག་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་གསན། དཔལ་ལྡན་སྟག་ལུང་ཐང་བ་ཆེན་པོ་བཀྲ་ཤིས་དཔལ་བརྩེགས་ཀྱི་སྤྱན་སྔར་ནཱ་རོ་ཆོས་དྲུག་དང་དོ་ཧ་སྐོར་གསུམ་ལ་སོགས་པ་གསན། བུ་ཆེན་རྗེ་མཆོག་ནི་དགེ་ཚུལ་མཛད་དུས་ཀྱི་སློབ་དཔོན་ཡིན། ཐེག་ཆེན་ཆོས་ཀྱི་རྒྱལ་བོའི་སྤྱན་སྔར་ས་སྐྱ་བའི་ཐུན་མོང་མ་ཡིན་པའི་མན་ངག་མང་དུ་གསན་པ་ཡིན་ནོ།།

དྲུག་པ། བོ་དོང་འཇིགས་མེད་གྲགས་པའི་སློབ་གཉེར་བྱས་སའི་དགོན་སྡེ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་སློབ་གཉེར་བྱས་སའི་ཆོས་སྡེ་ནི། གྱམ་བསམ་གཏན་གླིང་དང་། དཔལ་ཨེའི་གཙུག་ལག་ཁང་། གུང་ཐང་གི་ཆོས་གྲྭ་ཆེན་པོ། དཔལ་ངམ་རིང་ཆོས་གྲྭ། དཔལ་མངོན་དགའི་ཆོས་གྲྭ་ཆེན་པོ་སོགས་ཡིན་ལ། དེ་ལས་དཔལ་ཨེའི་གཙུག་ལག་ཁང་ཞེས་པའི་དགོན་པ་འདི་ཁོང་གི་གདན་སའི་གཙོ་བོ་ཡིན་པར་གྲགས་ཤིང་། དགོན་སྡེ་འདི་ནི་ད་ལྟ་གཞིས་རྩེ་ས་ཁུལ། ལྷ་རྩེ་རྫོང་། བོ་དོང་གྲོང་བའི་དབུས་སུ་ཡོད་དོ།།

བདུན་པ། བོ་དོང་འཇིགས་མེད་གྲགས་པས་གྲྭ་སྐོར་མཛད་ཚུལ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པས་གྲྭ་སྐོར་མཛད་ཚུལ་ནི། དགུང་ལོ་བཅུ་དྲུག་ནས་དཔལ་ས་སྐྱ་དང་། རྩེ་ཐང་གི་ཆོས་གྲྭ་ཆེན་པོ། དཔལ་གསང་ཕུ་ནེའུ་སོགས་སུ་གཞུང་བཅུ་གསུམ་གྱིས་གྲྭ་སྐོར་མཛད་ཅིང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ནི། པོ་ཏི་བཅུ་ཕྲག་བརྒལ་བའི་གྲྭ་སྐོར་གྱི་ཐོག་མའི་སྲོལ་འབྱེད་པ་བོ་ཡིན་པར་གྲགས་ལ། གཞུང་བཅུ་གསུམ་ནི། ཚད་མ་རྣམ་འགྲེལ། ཕར་ཕྱིན། འདུལ་བ་མདོ་རྩ། མངོན་པ་ཀུན་བཏུས། མདོ་སྡེ་རྒྱན། དབུས་མཐའ། རྒྱུད་བླ་མ། རྩ་ཤེ། འཇུག་པ། བཞི་བརྒྱ་བ། སྙིང་བོ་བདེན་གཉིས། རང་འགྲེལ། སྤྱོད་འཇུག་དང་བཅུ་གསུམ་ཡིན་པར་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་དུ་གསལ་ལོ།།

བརྒྱད་པ། བོ་དོང་འཇིགས་མེད་གྲགས་པའི་རྩོད་ཟླ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་རྩོད་ཟླ་ནི། གོང་དུ་བཤད་པ་ལྟར་དུ། དགུང་ལོ་བཅུ་དྲུག་ནས་དཔལ་ས་སྐྱ་དང་། རྩེ་ཐང་གི་ཆོས་གྲྭ་ཆེན་པོ་སོགས་སུ་ཕེབས་ནས་མི་ཕམ་གཡག་དང་། རོང་སྟོན་ཤེས་བྱ་ཀུན་གཟིགས། རྟོག་གེ་བ་ཆེན་པོ་དགེ་བ་རྒྱལ་མཚན། དགེ་བའི་བཤེས་གཉེན་བསོད་ནམས་སྐྱབས། མཁས་གྲུབ་དགེ་ལེགས་དཔལ་ལ་སོགས་པར་ཆོས་ཀྱི་བགྲོ་གླེང་མཛད་ནས་མཁས་པའི་སྙན་པ་གངས་ལྗོངས་ཁྱོན་ལ་ཁྱབ་པ་ཡིན་ནོ།། རྗེ་མི་ཕམ་གཡག་ནི། ས་སྐྱ་སངས་རྒྱས་དཔལ་བ་ཡིན་ཞེས་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་དུ་མཆན་བུ་བཏབ་ཡོད་དོ།།

དགུ་བ། བོ་དོང་འཇིགས་མེད་གྲགས་པས་རྩོམ་གྱི་མགོ་བརྩམས་པ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པས་རྩོམ་འབྲི་བའི་མགོ་བརྩམས་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཉིད་དགུང་ལོ་སུམ་ཅུ་བཞེས་པ་ཙམ་ན་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་འགྲེལ་བའི་དགོངས་པ་འཁྲུངས་ཏེ། ཞེས་གསལ་བ་ལྟར་དུ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་དགུང་ལོ་སུམ་ཅུའི་སྟེང་ནས་རྩོམ་ཡིག་འབྲི་འདོད་ཐུགས་ལ་འཁྲུངས་ཏེ། རྩོམ་ཡིག་འབྲི་བའི་དབུ་བརྩམས་པ་གསལ་བོར་ཤེས་སོ།།

བཅུ་བ། བོ་དོང་འཇིགས་མེད་གྲགས་པའི་རྩོམ་འབྲི་འདོད་ཀྱི་རྒྱུ་རྐྱེན།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པ་ལ་རྩོམ་འབྲི་འདོད་ཀྱི་དགོངས་པ་འཁྲུངས་པའི་རྒྱུ་རྐྱེན་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཕྱོགས་འདིར་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་། མཁས་གྲུབ་ལོ་པཎ་སྐྱེས་མཆོག་དུ་མའི་བཀའ་དྲིན་ཆེན་པོས་ས་འདི་བསྐལ་བ་བཟང་བོ་ཉིད་དུ་མཛད་ནས། མཐའ་ཡས་པའི་བསོད་ནམས་ཆེན་པོའི་དབང་ལས་རྒྱུད་སྡེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གྲངས་མེད་པ་ཁ་བ་ཅན་འདིར་བྱོན་པར་གྱུར་ཏེ། རྒྱུད་སྡེ་འགའ་ཞིག་བཤད་པ་དང་སྒྲུབ་པའི་སྲོལ་ཆེན་པོ་དག་ཀྱང་ཚུགས་པར་གྱུར་མོད། ཕལ་ཆེར་འདི་དག་ལ་དབང་སྐུར་པ་མེད་ཅིང་། དེའི་ཕྱིར་ན་བཤད་དུ་མི་རུང་ངོ་ཞེས་གཙུག་ལག་ཁང་གི་གྲྭ་མིག་གི་ཁྲིར་བཀོད་ནས་མཆོད་རྟེན་ལྟ་བུར་མཆོད་པའི་ཡུལ་ཙམ་དུ་བྱེད་ཅིང་། ལ་ལས་མོ་མ་དག་གི་ཁ་ལས་བྱུང་བའི་ཆོས་ཀྱི་རྡུལ་སྤྲུགས་བྱེད་དོ་ཞེས་ཀློག་མཁན་རྣམས་ཀྱིས་ཀློག་པ་ཙམ་དུ་ཟད་ལ། ཁ་ཅིག་ཏུ་ཁོ་བོ་ཅག་གིས་རྒྱུད་ཀྱང་ཉིད་ཀྱི་ལུང་ཐོབ་བོ་དེ་ཉིད་ཁོ་ནའི་སླད་དུ་ན་རྒྱུད་འགའི་ལུང་བྱེད་པ་ལ་མི་འཇིགས་པ་ཉིད་དོ་ཞེས་དེ་དང་དེ་འཆད་པར་བྱེད་དོ།། ཞེས་གསལ་བ་དང་། ད་དུང་ཕྱོགས་གཞན་ཞིག་ལས་བཤད་ན་འདི་ལྟར་ཡང་ཡིན་འདུག་སྟེ། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། གངས་རིའི་ཁྲོད་ཀྱི་རིག་སྔགས་འཆང་གི་ཤིང་རྟའི་སྲོལ་ཆེན་པོ་ཀུན་ཏུ་འབྱེད་པ་ལ་མཆོག་གི་སྤོབས་པ་དང་ལྡན་པ། གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་རྣལ་ལམ་དུ་བྱོན་ནས་ཁོ་བོའི་རྣམ་བཤད་རྒྱ་མཚོ་ལ་ནོར་བར་སྣང་ན་དེ་དག་ཀྱང་སུན་དབྱུང་ཞིང་། རྡོ་རྗེ་ཐེག་པ་ལ་སོགས་པའི་གསུང་རབ་ཀུན་གྱི་འགྲེལ་བ་དཔལ་དེ་ཉིད་འདུས་པ་དཔའ་བོ་ཆེན་པོ་ཁྱོད་ཀྱིས་ཅི་དགའ་བར་རྩོམས་ཤིག ཅེས་རང་གི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མཆོག་གི་ཅོད་པན་བཅིངས་ཏེ། བླ་ན་མེད་པའི་གོ་འཕང་ཆེན་པོ་ལ་འགོད་པར་མཛད་དོ།། ཞེས་གསལ་བ་དང་། ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ནུབ་ཅིག་ཏུ་རྣལ་ལམ་དུ་བུ་སྟོན་རིན་པོ་ཆེ་སྐུ་དར་ལ་བབས་པ་ཤིན་ཏུ་མཛེས་པ་བརྗིད་པའི་པཎྜི་ཏའི་ཆ་བྱད་ཅན་ཞིག་ཏུ་བྱོན་ནས། འདི་ལྟར་ཐུབ་པའི་གསུང་རབ་ཀུན་གྱི་དོན་འགྲེལ་བ་ནི་ཤིན་ཏུ་དགའ་ཞིང་འདུན་པར་བྱ་བའི་གནས་ལགས་ཀྱི། བདག་ཉིད་ཆེན་པོ་ཁྱེད་ཀྱིས་ཅི་དགའ་བར་དཔལ་དེ་ཉིད་འདུས་པ་མྱུར་དུ་རྩོམ་པར་མཛོད་ཅིག ཅེས་ལྷག་པར་བསྐུལ་བ་ཡིན་ནོ།། ཞེས་གསལ་བ་དང་། ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། རེ་ཞིག་གི་དུས་ན་འཕགས་པ་འཇིག་རྟེན་དབང་ཕྱུག་རང་བྱོན་བཞུགས་པའི་གནས་མང་དུ་ཡུལ་སྐྱིད་པའི་གྲོང་དང་ཉེ་བའི་ས། སྨན་གདོང་ཞེས་པའི་ནགས་འདབས་ཤིག་ན་བཞུགས་པའི་ཚེ་ན། ཡོངས་སུ་རྫོགས་པའི་པཎ་ཆེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་གི་ཆ་བྱད་དུ་མཛད་ནས། གསུང་རབ་མཐའ་དག་གི་གླེགས་བམ་གླང་བོ་ཆེ་བདུན་གྱི་ཁུར་དུ་བཀལ་ཏེ་ཕེབས་པའི་སྣང་བ་བྱུང་། དེ་ནས་སུམ་མདོ་ཆེན་པོ་ཞིག་ཏུ་དཔལ་ལྡན་སེང་གེའི་ཁྲི་ལ་མངོན་པར་བཞུགས་ནས། སྒྲ་དང་སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གང་དང་གང་གི་གླེགས་བམ་དེ་དང་དེ་རྣམས་ལཉྫ་དང་ཝརྟུ་སོགས་ཇི་སྙེད་པའི་ཡི་གེའི་ཚོགས་དང་ལྡན་པའི་རྒྱ་དཔེའི་རྣམ་པ་ཕྱག་ཏུ་བཟུང་ནས་ལེགས་པར་གསུངས་ཤིང་རབ་ཏུ་བསྩལ་ཏེ། མཐར་པོ་ཏི་ལྔ་ཙམ་ཞིག་ལ་འདི་དག་ནི་ཉིད་རང་མཁས་པར་སྣང་བས་ངས་བཤད་མི་དགོས་པ་ཉིད་དེ། མདོར་ན་ཁོ་བོས་ཁྱེད་ལ་ཐུབ་པའི་གསུང་རབ་ཀུན་གྱི་ལུང་བྱས་ཟིན་གྱི། ད་ནི་འདི་རྣམས་ཀྱི་བཤད་སྒྲུབ་དག་གིས་བསྟན་པའི་བདག་པོ་གྱིས་ཞེས་གསུངས་པའི་སྣང་བ་བྱུང་ངོ་།། ཞེས་གསལ་བ་དང་། གོང་གི་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་གྱི་ནང་གི་ལུང་འདི་དག་གི་དོན་ལ་གཞིགས་ན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ཁོང་གི་རྨི་ལམ་དུ། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་དང་། ཆོས་རྗེ་བུ་སྟོན་རིན་པོ་ཆེ། ཡོངས་སུ་རྫོགས་པའི་པཎ་ཆེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་སྐྱེས་བུ་དམ་པ་མང་བོ་རིམ་པ་བཞིན་དུ་བྱོན་ནས་རྩོམ་འབྲི་དགོས་པའི་ལུང་བསྟན་དང་བསྐུལ་མ་བྱས་པ་ལ་སོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་ད་གཟོད་ཁོང་གི་ཐུགས་ལ་རྩོམ་འབྲི་འདོད་ཀྱི་དགོངས་པ་བླ་ན་མེད་པ་འཁྲུངས་པ་གསལ་བོར་ཤེས་ཡོང་ངོ་།།

བཅུ་གཅིག་པ། བོ་དོང་འཇིགས་མེད་གྲགས་པའི་རྩོམ་རྩལ་མི་འདྲ་བ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་རྩོམ་རྩལ་གཞན་དང་མི་འདྲ་བ་ཞིག་ཡིན་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དེ་ནས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཐུགས་དམ་གྱི་རིམ་པ་རྣམས་ཀྱི་རྗེས་ཐོབ་ཏུ་རྩོམ་པར་མཛད་པའི་ཚུལ་ནི། ཡི་གེ་བ་ཉི་ཤུ་ཙམ་ལ་རང་རང་གི་གནས་མི་འཆོལ་བར་ཆུ་བོ་ཆེན་པོ་དལ་གྱིས་འབབ་པ་བཞིན་དུ་ཀུན་ཏུ་རྩོམ་པར་མཛད་པ་ནི། འཇིག་རྟེན་དག་ན་དཔེར་བྱ་བ་ལས་འདས་པའི་རྣམ་པར་ཐར་པ་དཔག་པར་དཀའ་བ་ཡིན་ཏེ། ཞེས་པ་དང་། ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཁྱེད་ཀྱི་ཞིང་ཁམས་དང་འཕྲིན་ལས་གཞན་ན་རྒྱ་ཆེ་བ་ཡིན་ཞེས་བསྐུལ་བ་ལ་བརྟེན་ནས། རྩོམ་ཡིག་བ་སུམ་ཅུ་ཙམ་གྱིས་བྲི་བར་གནང་སྟེ་དཔལ་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པར་མཛད་ཅིང་། ཞེས་གསལ་བ་འདི་དག་གི་དོན་ལ་གཞིགས་ན། ངོ་མ་བློ་ཡུལ་ལས་འདས་པའི་རྩོམ་རྩལ་ཁྱད་པར་བ་ཞིག་ཡོད་པར་མངོན་ཏེ། དེ་སྔ་ཡན་ཆད་ལ་ཡི་གེ་བ་དྲུག་གི་ཁ་ཐོན་པའི་རྩོམ་པ་བོ་བོད་དུ་བྱུང་བར་བཤད་ཀྱང་། ཡི་གེ་བ་ཉི་ཤུ་ཙམ་ལ་རང་རང་གི་གནས་མི་འཆོལ་བར་ཆུ་བོ་ཆེན་པོ་དལ་གྱིས་འབབ་པ་བཞིན་དུ་ཀུན་ཏུ་རྩོམ་པར་མཛད་པའི་རྩོམ་པ་བོ་ནི། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཆེན་པོ་འཇིགས་མེད་གྲགས་པ་མ་གཏོགས་བོད་ལ་བྱུང་མ་མྱོང་བར་མ་ཟད། འཛམ་གླིང་ས་སྒང་ཧྲིལ་བོ་འདིའི་སྟེང་དུའང་ཕལ་ཆེར་བྱུང་མེད་ཚོད་ཡིན་ནོ།།

བཅུ་གཉིས་པ། བོ་དོང་པཎ་ཆེན་གྱི་རྩོམ་རྩལ་གཞན་ལས་ལྷག་དགོས་དོན།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་རྩོམ་རྩལ་ནི་གཞན་དང་མི་འདྲ་བའམ་གཞན་ལས་ལྷག་དགོས་དོན་ནི། ཁོང་ལ་གཞན་ལས་ལྷག་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་པས་ཡིན་ལ། ཡང་ན་ཕྱོགས་གཞན་ཞིག་ནས་བཤད་ན། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ལྷའི་དྲིན་གྱིས་རྩོམ་པའི་ཐོག་མ་ལ་འཇུག་པ་ཉིད་ནས་ཡོངས་སུ་རྫོགས་པའི་བར་དུ་ནག་པོའི་རྩ་ལག་གིས་བར་ཆད་ཀྱི་རྣམ་པ་ཇི་སྙེད་པ་བརྩམས་པར་གྱུར་ཀྱང་ཀུན་ཏུ་རྫི་བར་མ་ནུས་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔྱོད་པས། བླ་ན་མེད་པའི་མཛད་པ་ཆེན་པོ་གྲུབ་པ་ན། ལྷག་པའི་ལྷ་ཚོགས་རྣམས་ལ་གཏང་རག་གི་མཆོད་པ་ཆེན་པོའི་སླད་དུ། རྒྱུད་སྡེ་རིན་པོ་ཆེ་འགྱུར་རོ་འཚལ་གྱི་ལྷ་ཚོགས་རྒྱ་མཚོ་ཇི་སྙེད་པའི་བསྟོད་ཆེན་འདོད་པ་འཇོ་བ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ། རྒྱུད་སྡེ་རིན་ཆེ་ལས་ཇི་སྐད་གསུངས་པའི་ལྷའི་གྲངས་མཚན་ཞལ་ཕྱག་ཐམས་ཅད་རབ་ཏུ་གསལ་བར་སྐྱེད་པ་ཐམས་ཅད་ཀྱིས་ངེས་པར་འགྱུར་བའི་གནས་མཆོག་ཏུ་ཡ་མཚན་ཆེན་པོ་ཡང་ཡུན་མི་རིང་བ་ཉིད་དུ་གྲུབ་པར་མཛད་དེ། ཚུལ་འདི་ཙམ་གྱིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་ཡིན་ནོ།། ཞེས་གསལ་བ་འདིའི་དོན་ལ་གཞིགས་ན། ཁོང་ལ་གཞན་ལས་ལྷག་པའི་རྣམ་དཔྱོད་ཁྱད་པར་པ་ཞིག་ཡོད་པའི་ཁར། རྩོམ་འབྲི་བའི་མགོ་བརྩམས་པ་ནས་མཇུག་གྲུབ་པའི་བར་དུ། ལྷག་པའི་ལྷ་ཚོགས་རྣམས་ཀྱིས་རྒྱབ་རྟེན་དང་དཔུང་རོགས་བླ་ན་མེད་པ་མཛད་ཡོད་པ་ཡང་གསལ་བར་བསྟན་ཡོད་དོ།།

བཅུ་གསུམ་པ། བོ་དོང་འཇིགས་མེད་གྲགས་པར་རྩོམ་སྐུལ་བྱས་པ།

བསྟན་བཅོས་རྩོམ་འཕྲོར་ལུས་པའི་སྐབས་སུ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པར་བླ་མ་རྒྱལ་དཀོན་པས་བསྐུལ་མ་བྱས་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། བསྟན་བཅོས་ཆེན་པོའི་རྩོམ་པས་རབ་ངལ་བའི།། རང་གི་འཁོར་ན་བརྩེ་བས་རབ་བསྐུལ་ཏེ།། དེ་ལས་ལྡོག་དང་ཡང་ན་གྲུབ་པའི་རྟགས།། འདིར་ནི་རྩོམ་ཞེས་ཀུན་ཏུ་སྨྲ་བ་ན།། བུ་དག་མ་འཇིགས་འཇིག་རྟེན་ཀུན་གྱི་མིག ། དེ་ནི་བདག་གི་ལག་པའི་རྩེ་མོར་གནས།། གྲུབ་པའི་གཏན་ཚིགས་ཡང་དག་དེ་ཁོ་ན།། ཞེས་ནི་གསང་བ་ཟབ་མོ་ཞལ་ན་རྒྱུ།། ཞེས་བྱ་བ་ནི། སྔ་མོའི་དུས་སུ་བླ་མ་རྒྱལ་དཀོན་པས་བདག་ཉིད་ཆེན་པོ་ལ་སྙན་བསྐུལ་ཏེ། འུ་ཅག་གི་བསྟན་བཅོས་འདི་ནི་གྲུབ་པའི་དུས་ཤིག་མི་ཡོང་བ་འདྲ། སྔར་ཡང་ཡུན་དེ་ཙམ་ཞིག་སོང་། ད་དུང་གྲུབ་པའི་མཐའ་མི་འདུག་པས་འདི་མིས་བཞེངས་པ་ལྟ་ཅི་སྨོས། ཞེས་པ་དང་། ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ངེད་རང་གིས་བརྩམས་པའི་དཔེ་འདི་ཡང་ཀློག་མཁན་ཞིག་ཡང་མི་ཡོང་ངེས་ན། འདི་ལྟ་བུའི་སྤྲོས་པས་ཅི་མཛད། ཆོས་རྗེའི་ཐུགས་ལ་ཇི་ལྟར་དུ་ཤར་ན་མི་གཟིགས་པ་མིན་པ་སྐུ་ནི་བགྲེས་པོ་རང་དུ་སོང་འདུག ད་ནི་ཐུགས་དམ་དངོས་མཛད་ན་ལེགས། ཡང་གྲུབ་ཐོབ་ཀྱི་སྤྱོད་པ་བློར་ཤོང་བ་མ་ཡིན་པས། དེ་ལྟར་ཡིན་ན་ཉིད་གྲུབ་རྟགས་ཤིག་སྟོན་རན་ཞེས་ཞུས་པ་ན། རིན་པོ་ཆེའི་གསུང་གིས་དེ་ལྟར་དུ་མ་འཇིགས་དང་། བསྟན་བཅོས་ཆེན་པོ་འགྲུབ་པར་འགྱུར་གྱི་གདུལ་བྱའི་བསོད་ནམས་ཀྱི་བྱེ་བྲག་དང་སྦྱར་ནས་འཕྲིན་ལས་ཀྱང་ཆུང་བ་མ་ཡིན་ནོ།། གྲུབ་པའི་རྟགས་ཀྱང་བསྟན་བཅོས་ཆེན་པོ་འདི་ཁོ་ན་ཡིན་ནོ།། ཞེས་གསུངས་ཏེ། གསུང་འདི་ནི་མཆོག་ཏུ་དཔྱད་གཞི་ཆེ་བའི་བླ་ན་མེད་པའི་རྣམ་པར་ཐར་པ་བསམ་པར་དཀའ་བ་ཡིན་ནོ།། ཞེས་གསལ་བ་ལྟར་དུ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ཁོང་དགུང་ལོ་བགྲེས་པས་རྩོམ་གྱི་མཇུག་འགྲུབ་པར་དཀའ་བར་འདུག་སྙམ་ནས། བླ་མ་རྒྱལ་དཀོན་པས་སེམས་ཁྲལ་དང་བཅས་པས་ཁོང་ལ་གྲུབ་རྟགས་ཀྱི་ངང་ནས་རྩོམ་གྱི་མཇུག་འགྲུབ་དགོས་པར་བསྐུལ་མ་བྱས་པར། ཁོང་གིས་གྲུབ་པའི་རྟགས་ཀྱང་བསྟན་བཅོས་ཆེན་པོ་འདི་ཁོ་ན་ཡིན་ནོ།། ཞེས་ལན་བཏབ་པ་འདི་ཡང་བདེན་པར་ངེས་ཏེ། ཡིག་མཁན་ཉི་ཤུའི་སྨྱུག་ཁ་དང་བསྟུན་ནས་དུས་གཅིག་ཏུ་གཞུང་ཉི་ཤུ་རྩོམ་མཁན་གྱི་མཁས་པ་བོ་དོང་མ་གཏོགས་སུ་ཞིག་མཆིས་ཏེ་མ་མཆིས་སོ།།

བཅུ་བཞི་བ། བོ་དོང་འཇིགས་མེད་གྲགས་པའི་སྨྱུག་རྩལ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་སྨྱུག་རྩལ་ནི། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་རང་གི་ཡིག་མཁན་པ་དག་དང་ཡིག་རྩལ་འགྲན་ཏེ་སྨྱུག་རྩལ་གྱི་ཁྱད་ཆོས་གསལ་བར་གྱུར་པ། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། གཞན་གྱིས་འབད་ཀྱང་སྒྲུབ་པར་མི་ནུས་པའི།། ཡི་གེའི་ཕུང་བོ་དཔག་ཡས་ཕྱག་གི་རྩེར།། བཀོད་ནས་སྐལ་བཟང་དད་པའི་བང་མཛོད་མཆོག། གང་བར་མཛད་ལ་ཁྱོད་ཉིད་སྐྱབས་སུ་གྱུར།། ཅེས་བྱ་བ་ནི། དུས་ཤིག་གི་ཚེ་དབེན་གནས་ཆོས་སྡིངས་སུ་ཉིད་ཀྱི་རྩོམ་ཡིག་པ་དཔོན་ཡིག་དཀོན་མཆོག་རྒྱལ་མཚན་ལ་བཀའ་གནང་ནས། རང་རེ་ཡིག་མཁན་དཔོན་གཡོག་གཉིས་ཡི་གེ་སུ་མགྱོགས་བྱེད་པ་ཡིན་པས་ཁྱོད་རང་ཡང་ཤོག་བུའི་ལས་མང་བར་གྱིས། ངས་ཀྱང་གླེགས་ཤིང་གང་བྱས་པ་མང་དུ་བསགས་ཡོད་གསུངས། དེ་ནས་སང་དཔོན་ཡིག་དཀོན་རྒྱལ་གྱིས་ནམ་ལངས་ཏེ་ཡི་གེ་མཐོང་འཕྲལ་ནས་ས་སྲོས་ཀྱི་བར་ལ་བརྩོན་པར་བྲིས་པས་གདོང་འདོན་ཕྱེད་དང་བཅུ་དགུ་ཚར། རྗེ་བཙུན་གྱི་ཞལ་སྔ་ནས་ཐུགས་དམ་ཉི་མ་ཤར་བ་ཕན་ལ་གྲོལ་བ་མཛད་ནས་ཕྱག་བྲིས་ཀྱི་དབུ་བཙུགས་ཏེ། བར་སྐབས་སུ་གསོལ་མཛད། དེ་ནས་དགོང་མཆོད་ཀྱི་བར་དུ་ཐུགས་རྩོམ་དང་བསྟུན་ནས་བྲིས་པར་མཛད་པ་བདེ་མཆོག་རིམ་ལྔའི་ཁྲིད་ཡིག་ཆེན་མོའི་གསང་བའི་རིམ་པའི་སྐབས་ནས། གླེགས་ཤིང་མདའ་ཚད་བཅུ་བཞིའི་ལོགས་རེར་ཡིག་ཕྲེང་བཅོ་བརྒྱད་དང་བཅུ་དགུ་བྱས་པ་དང་། གདོང་འདོན་དྲུག་གི་ལོགས་རེ་ལ་ཡིག་ཕྲེང་བཅུ་གཅིག་དང་བཅུ་གཉིས་བྱས་པའི་ཉི་ཤུ་ཙམ་བྲིས་པར་བྱས་ཏེ། དེ་ཉིད་རྗེས་སུ་རྩིས་བཏང་བས་བརྒྱད་ཕྲེང་ཡོད་པའི་གདོང་འདོན་སུམ་ཅུ་སོ་ཕྱེད་དང་དྲུག་བྱུང་སྟེ། དེའི་དགོང་མོ་རང་རེ་གཉིས་འགྲན་པ་ཡིན། གང་བྲིས་རྣམས་ཁྱེར་ལ་ཤོག་གསུངས། དཔོན་ཡིག་གིས་དེ་ལྟར་དུ་ཕུལ་ནས་གཟིགས་པས། ཡིག་མཁན་ཆེན་མོ་ཅུང་མི་དོ་བ་འདུག་སྟེ། འོན་ཀྱང་མགྱོགས་པོ་རང་ཡིན་གསུངས། བཞད་པ་དང་བཅས་པས་མཉེས་པར་སྣང་ངོ་།། ཞེས་གསལ་བ་ལྟར་དུ། ངོ་མ་ཁོང་གི་གྲུབ་རྟགས་ཞེ་ནའང་ཆོག་ལ། ཡོན་ཏན་ཞེ་ནའང་རུང་། འཇོན་ནུས་ཞེ་ནའང་འགྲིག་སྟེ། གང་ལྟར་ཁོང་ལ་རྩོམ་རྩལ་ཡོད་པ་མ་ཟད་སྨྱུག་རྩལ་ཁྱད་པར་བ་ཞིག་ཡོད་པ་གསལ་ཐག་ཆོད་པ་ཡིན་ནོ།།

བཅོ་ལྔ་བ། བོ་དོང་འཇིགས་མེད་གྲགས་པའི་རྩོམ་གྱི་བར་ཆད།

བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་རྩོམ་གྱི་བྱ་བར་བར་ཆད་བྱུང་བའི་ཚུལ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། སྐབས་ཤིག་གི་ཚེ་ལ་སྟོད་ལྷོའི་སའི་ཆ་ས་སྐྱ་ཞེས་བྱ་བའི་དགོན་པར་མགུལ་ཆམ་བྱུང་ནས་ཤིན་ཏུ་བསྙེལ་ཏེ། བསྟན་བཅོས་ཆེན་པོ་རྩོམ་པའི་ངལ་གསོ་བ་ལ་མངོན་པར་ཕྱོགས་པ་དང་། ཉིན་ཞིག་གི་དུས་སུ་བདག་ཉིད་ཆེན་པོ་གཟིམ་ཁང་གི་ཁང་ཐོག་ཏུ་བྱོན་ནས་ནམ་མཁའ་ལ་གཟིགས་ཏེ། གུས་པའི་ཚུལ་མང་དུ་མཛད་ཅིང་སྤྱན་ཆབ་མང་དུ་གཡོས། མྱུར་དུ་མཆོད་པ་བཟང་བོ་ཤོམས་གསུངས་ཏེ། དེ་ལྟར་དུ་བགྱིས་པར་ནམ་མཁའ་ཐམས་ཅད་རྣམ་པར་བཀྲ་བའི་འཇའ་འོད་ཀྱིས་གང་བར་གྱུར་ཅིང་། ཁ་བ་ལྟར་ཤིན་ཏུ་དཀར་བའི་མདོག་ཅན་གྱི་མེ་ཏོག་གི་ཆར་ཆེན་པོ་དང་། སྤྲིན་མེད་ཀྱང་ཆར་ཟིམ་བུ་ལྟ་བུ་ཤིན་ཏུ་ཕྲ་བ་ཞིག་བབས་པ་ན། རིན་པོ་ཆེ་བླ་འཁོར་བ་ཞབས་དྲུང་ན་བཞུགས་པས་ཕྱག་བཟེད་པའི་ཚེ། རིན་པོ་ཆེ་ཉིད་ཀྱི་གསུང་གིས། དེ་མྱོངས་པར་གྱིས་དང་གསུངས། དེ་བཞིན་དུ་མཛད་པས། སྔར་ལྗགས་ཐོག་ཏུ་མ་མྱོང་བའི་རོ་ཤིན་ཏུ་ཞིམ་པ་ཞིག་བྱུང་ནས་དེ་ལྟར་ཞུས་པས། འདི་ནི་ལྷའི་བདུད་རྩི་ཡིན་པ་སྙམ་བྱེད་དོ་གསུངས་ཤིང་། དེའི་ཚེ་ན་བདག་ཉིད་ཆེན་པོ་ཉིད་ཀྱིས། བཅོམ་ལྡན་འདས་རྗེ་བཙུན་མ་ཕམ་པ་ལྷའི་བུའི་འཁོར་གྲངས་མེད་པ་དང་བཅས་པ་མངོན་སུམ་དུ་གཟིགས་ཏེ། དེ་མ་ཐག་ཏུ་སྙུང་བ་ཡང་ལེགས་པར་དྭངས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ཉིད་ཆེན་པོ་དེ་ཉིད་ལ་བླ་ན་མེད་པའི་རིམ་གྲོ་རྒྱ་ཆེར་མཛད་པ་ཡིན་ནོ།། ཞེས་གསལ་བ་ལྟར་དུ། བསྟན་བཅོས་ཆེན་པོ་དཔལ་དེ་ཁོ་ན་ཉིད་འདུས་པ་ཆེན་མོ་རྩོམ་པའི་ཚེ་ན། ཡང་ནས་ཡང་དུ་སྐུ་བསྙུངས་པ་ལ་སོགས་པ། རྩོམ་པ་ལ་བར་ཆད་བྱུང་བར་མངོན་ནོ།།

བཅུ་དྲུག་པ། བོ་དོང་གསུང་འབུམ་དཔར་བསྐྲུན་སྐོར།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོ་ཆེན་མོ་དཔར་དུ་བསྐྲུན་པའི་སྐོར་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ༡ རྗེ་གྲུབ་ཐོབ་ཆེན་པོ་ཉིད་ཀྱི་ཕྱག་དཔེ་རྩ་བར་གྱུར་པ་ཉིད་དང་། ༢ བོ་དོང་ཚོགས་པས་ཡོངས་སུ་རྫོགས་པར་བཞེངས་པ་གཅིག་དང་། ༣ འདིར་ཡོངས་སུ་རྫོགས་པར་བཞེངས་པ་གཅིག ༤ རིན་སྤུངས་སུ་དྲུང་ཆེན་ནོར་བུ་བཟང་བོ་སྐུ་མཆེད་ཀྱིས་སྦྱིན་བདག་མཛད་ནས་ཡོངས་སུ་རྫོགས་པར་བཞེངས་པ་གཅིག ༥ ཏའི་སི་ཏུ་ལྷ་བཙན་སྐྱབས་ཀྱིས་སྦྱིན་བདག་མཛད་དེ་ཡོངས་སུ་རྫོགས་པར་བཞེངས་པ་གཅིག ༦ ཆོས་ཀྱི་རྒྱལ་བོ་རྣམ་རྒྱལ་གྲགས་པའི་ཞལ་སྔ་ནས་སྦྱིན་བདག་མཛད་ནས་ཡོངས་སུ་རྫོགས་པར་བཞེངས་པ་གཅིག ༧ ཆོས་ཀྱི་དབང་ཕྱུག་དཔལ་བཀའ་དྲུག་པའི་ཞལ་སྔ་ནས་སྦྱིན་བདག་མཛད་དེ་ཡོངས་སུ་རྫོགས་པར་བཞེངས་པ་གཅིག་སྟེ། དེང་གི་བར་ལ་རྒྱས་པ་ཚར་བདུན། རྒྱལ་མཁར་རྩེ་ནས་སི་ཏུ་རབ་བརྟན་པས་སྦྱིན་བདག་མཛད་པའི་འབྲིང་བོ་ཕྱེད་ཙམ་དང་། ཤངས་རྣམ་རྒྱལ་གླིང་བས་འབྲིང་བོ་ཕྱེད་ཙམ། ཤངས་པ་དཔོན་བསོད་རྒྱལ་གྱིས་འབྲིང་བོ་ཕྱེད་ཙམ། སྡེ་སྣོད་གསུམ་པ་ཆེན་པོ་དཔལ་ལྡན་སངས་རྒྱས་ཀྱིས་སྦྱིན་བདག་མཛད་པའི་འབྲིང་བོ་ཡོངས་སུ་རྫོགས་པ་གཅིག་རྣམས་དང་། ཤེལ་དཀར་ཆོས་སྡེས་སྦྱིན་བདག་མཛད་པའི་རྒྱུད་སྡེ་རིན་པོ་ཆེ་སྤྱིའི་རྣམ་པར་བཞག་པ། མངའ་རིས་ཆོས་སྡེ་ནས་སྦྱིན་བདག་མཛད་པའི་ཁྲིད་ཡིག་སྦས་དོན་གསལ་བ། ཟུར་ཚོ་བས་སྦྱིན་བདག་མཛད་པའི་དཔལ་དེ་ཉིད་འདུས་པའི་སྙིང་བོ། ཞེས་གསལ་བ་ལྟར་དུ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་མོ་ཆ་ཡོངས་སུ་ཚང་བ་ཚར་བདུན་དཔར་དུ་གྲུབ་པ་གསལ་བོ་ཡིན་ནོ།།

བཅུ་བདུན་པ། བོ་དོང་འཇིགས་མེད་གྲགས་པས་རྩོམ་མཇུག་བསྡུས་པ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པས་རྩོམ་གྱི་བྱ་བའི་མཇུག་བསྡུས་པའི་ཚུལ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཆོས་ཀྱི་ཕུང་བོ་ཡོངས་རྫོགས་པའི།། བསྟན་བཅོས་ཆེན་པོ་གང་བར་གྱིས།། ཁྱོད་ཀྱི་ཞིང་ཁམས་གཞན་ན་ཞེས།། ནམ་མཁའ་ལས་ནི་སྒྲོག་པར་ཐོས།། ཞེས་བྱ་བ་ནི་། དེ་ནས་ལུག་ལོ་ཤར་མ་ཐག་པའི་དུས་ཤིག་གི་ཚེ། ཐམས་ཅད་མཁྱེན་པའི་ཞལ་ལས་འདི་སྐད་དུ་ཐོས་ཏེ། རྒྱལ་བའི་རྣམ་འཕྲུལ་འདྲ་བའི་གསུང་གིས་རྩོམ་པའི་མཇུག་ཡོངས་སུ་གང་བ་ལ་བརྩོན་པར་གྱིས་ཤིག ཁྱེད་ཀྱི་ཞིང་ཁམས་དང་འཕྲིན་ལས་གཞན་ན་རྒྱ་ཆེ་བ་ཡིན་ཞེས་བསྐུལ་བ་ལ་བརྟེན་ནས། རྩོམ་ཡིག་པ་སུམ་ཅུ་ཙམ་གྱིས་བྲི་བར་གནང་སྟེ་དཔལ་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པར་མཛད་ཅིང་། དེའི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་ནས། ཡི་གེ་བ་ཡི་གེའི་སྒྱུ་རྩལ་ཞན་པ་དག་གིས་ཉི་མ་རེ་ལ་ཤོག་བུ་ཁ་གྲངས་སུམ་ཅུ་མ་བྲིས་ཚར་བར་གྱུར་ཅིང་རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ། དེ་ཉིད་སྙིང་བོ། སྦས་དོན་གསལ་བ་རྣམས་ཀྱི་ཞུས་དག མཆན་བུ་རྣམས་ཞིབ་པར་མཛད། དཔལ་འདུས་པ་ཡོངས་སུ་རྫོགས་པ་ལ་ཡང་ཞུས་དག་རགས་པར་གནང་ནས་གླེགས་བམ་རྒྱ་མཚོར་གུར་ཀུམ་དང་ཚོས་ཀྱིས་རྣམ་པར་ཕྱེ་ཞིང་། མཆན་བུ་འདེབས་དགོས་པ་རྣམས་ཞིབ་ཏུ་བཏབ་ནས་གླེགས་བམ་རྣམས་རང་རང་དུ་བསྒྲིགས་ཤིང་བསྟན་བཅོས་ཆེན་པོའི་མཇུག་སྡུད་པར་མཛད་ནས་དགོངས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་ཡིན་ནོ།། ཞེས་གསལ་བ་ལྟར་དུ།
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པས། བསྟན་བཅོས་ཆེན་པོ་དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོ་ཆེན་མོའི་མཇུག་ལེགས་པར་བསྡུས་ཏེ། ཐ་ན་གླེགས་བམ་རྒྱ་མཚོར་གུར་ཀུམ་དང་ཚོས་ཀྱིས་རྣམ་པར་ཕྱེ་ཞིང་། མཆན་བུ་འདེབས་དགོས་པ་རྣམས་ལ་ཞིབ་ཏུ་མཆན་བུ་བཏབ་ནས་གླེགས་བམ་རྣམས་རང་རང་དུ་བསྒྲིགས་པ་ལ་སོགས་པའི་ཞིབ་ཚགས་ཀྱི་བྱ་བ་རྣམས་ཡོངས་སུ་འགྲུབ་པའི་སྒོ་ནས་བརྩམས་ཆོས་ཀྱི་མཇུག་ལེགས་པར་བསྡུས་ཡོད་པ་གསལ་ལོ།།བསྟན་བཅོས་ཆེན་མོའི་མཇུག་བསྡུས་པའི་བྱ་བ་འདི་ལ་བལྟས་ཡོང་ནའང་སྐྱེས་བུ་དམ་པའི་མཛད་འཕྲིན་དེ་ཁྱད་པར་བ་ཞིག་ཡིན་པ་ཤེས་ཡོང་ངོ་།།

བཅོ་བརྒྱད་པ། བོ་དོང་འཇིགས་མེད་གྲགས་པའི་རྩོམ་གྱི་མཛད་པ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་རྩོམ་གྱི་མཛད་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ལྷག་པའི་ལྷ་རབ་འབྱམས་ལ་བསྟོད་པ། བསྟན་པ་འཛིན་པའི་མཁས་གྲུབ་ཆེན་པོ་རྣམས་ལ་བསྟོད་པ་དང་། རྒྱ་བོད་ཀྱི་གནས་ཁྱད་པར་ཅན་རྣམས་ཀྱི་བསྟོད་པ་དང་། རྒྱལ་བོ་སོ་སོ་ལ་བསྔགས་ཤིང་ཤིས་པ་བརྗོད་པ་དང་། རང་གིས་བཀུར་བར་འོས་པའི་དམ་པ་རྣམས་དང་། བཤེས་གཉེན་ཆེན་པོ་རྣམས་ལ་ཞུ་འཕྲིན་དུ་མཛད་པ་དང་། ཡུལ་སོ་སོའི་དགེ་བའི་བཤེས་གཉེན་རྣམས་དང་། རྒྱལ་བོ་དང་། བློན་པོ་དང་། དམངས་ཕལ་བ་རྣམས་ལ་འཕྲིན་དུ་གནང་བ་དང་། བྲིས་ལན་དང་གདམས་པ་མཛད་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་བོར་དེ་རྣམས་སོ་སོ་ཁོ་ན་མཛད་པ་ལྟ་བུ། ཞེས་གསལ་བ་ལྟར་དང་། བཅོམ་ལྡན་འདས་ཀྱི་སྐྱེས་རབས་དང་། གཞན་གྱི་རྟོགས་པ་བརྗོད་པ་དང་། སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་དང་། ཆོས་ལ་སྐུལ་བའི་གཏམ་དང་། ངེས་པར་འབྱུང་བའི་ཚིག་གི་དོན་སྟོན་པའི་སྙན་ངག་དང་། ཟློས་གར་དང་། དེ་དང་དེའི་བསྟན་བཅོས་ཕྲན་བུ་མཛད་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་བོར་དེ་ཁོ་ན་མཛད་པ་ལྟ་བུ། ཞེས་པ་ཇི་བཞིན་དུ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་རྩོམ་ཡིག་ཚད་ནི། དུས་འགྱུར་སོགས་ཀྱི་དབང་གིས་ད་ལྟ་ངོ་མ་ལྐོག་གྱུར་གྱི་གནས་སུ་ལྷུང་ཡོད་མོད། ཡིན་ན་དངོས་སུ་བཞུགས་ཡོད་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པར་པོད་བརྒྱ་ཕྲག་ལས་བརྒལ་བ་འདིས་ཀྱང་། ད་ལྟའི་བར་དུ་འཛམ་བུ་གླིང་དུ་བྱུང་མ་མྱོང་བའི་ལོ་རྒྱུས་གསར་བ་ཟླ་མེད་པ་ཞིག་བསྐྲུན་ཡོད་པ་འདི་ལྟ་བུ་ཡིན་ནོ།།

བཅུ་དགུ་བ། བོ་དོང་འཇིགས་མེད་གྲགས་པའི་བརྩམས་ཆོས་ཀྱི་ཚད།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་སྐུ་ཚེ་གང་གི་བརྩམས་ཆོས་ཀྱི་ཚད་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། འཕགས་པའི་ཡུལ་ནས་མངོན་པར་འོངས་གྱུར་པའི།། གླང་ཆེན་བདུན་གྱིས་ཁུར་བའི་གླེགས་བམ་ཚོགས།། སྣ་ཚོགས་རྒྱ་དཔེའི་རི་མོར་རབ་བཀྲ་བ།། ལུང་དང་བཤད་པའི་དགའ་སྟོན་རབ་ཏུ་བསྩལ།། ཅེས་པ་དང་།
ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། གཞན་ཡང་ཉིད་ཀྱི་རིན་ཆེན་སྨྱུ་གུའི་རྩེས།། མ་བྲིས་མདོ་རྒྱུད་བསྟན་བཅོས་གང་ཞིག་ཡོད།། དེའི་ཕྱིར་ཁྱོད་ཀྱི་རྩོམ་པ་གཅིག་པུས་ཀྱང་།། ཐུབ་བསྟན་དཀར་བོ་ཉིད་དུ་རབ་ཏུ་མཛད།། ཅེས་གསལ་བ་ལྟར་དུ། གླང་བོ་ཆེ་ཁལ་བདུན་ལ་ལོང་བའི་རྒྱ་དཔེའི་གླེགས་བམ་གྱི་ཚོགས་ལ་འགྲེལ་བ་གནང་བ་མ་ཟད། ཁོང་གིས། གཞན་ཡང་ཉིད་ཀྱི་རིན་ཆེན་སྨྱུ་གུའི་རྩེས།། མ་བྲིས་མདོ་རྒྱུད་བསྟན་བཅོས་གང་ཞིག་ཡོད།། ཅེས་གསུངས་པ་ལྟར་དུ། བོད་གངས་ཅན་གྱི་ཡུལ་འདིར་བཞུགས་པའི་བཀའ་མདོ་རྒྱུད་བསྟན་བཅོས་རིག་གནས་དང་བཅས་པ་མ་ལུས་པར་འགྲེལ་བ་མཛད་པ་མ་ཟད། མ་དག་པའི་གཞུང་རྣམས་དག་པར་བཅོས་པ་ལ་སོགས་པ་མཐའ་ཡས་པ་ཞིག་ཡོད་པ་ད་ལྟ་དངོས་སུ་བཞུགས་པའང་པོད་གྲངས་བརྒྱ་ཕྲག་ལས་བརྒལ་ཡོད་པ་འདི་དག་གོ།།

ཉི་ཤུ་བ། བོ་དོང་གསུང་འབུམ་ནང་དུ་གཞན་གྱི་གསུང་ཡང་ཡོད་པ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཉིད་འདུས་པའི་རྒྱ་མཚོ་ཆེན་མོའི་ནང་དུ་གཞན་གྱི་གསུང་ཡང་ཁ་ཤས་ཡོད་པ་ནི། པོད་ང་བདུན་པའི་ནང་གི་ཆོས་ཚན་ལྔ་བ་ནི་གུ་མའི་གདམ་ངག་སྐོར་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་ལུགས། ཞེས་པ་དང་། པོད་གོ་གསུམ་པའི་ནང་གི་བཀའ་བརྒྱུད་ཀྱི་ལག་ལེན་ལྷན་ཐབས་རྣམས་ཕྱོགས་གཅིག་ཏུ་བཀོད་པ། ཞེས་པའི་ནང་དུ་གཞན་གྱིས་གསུང་ཁ་ཤས་ཡོད་ལ། དེ་ནི་སྐྱོན་ཞིག་མ་ཡིན་པར་ཁོང་གི་རྣམ་ཐར་ངོ་མཚར་དགའ་སྟོན་གྱི་ནང་དུའང་། འགྱུར་བཅོས་དང་། མ་དག་པ་རྣམས་དག་པར་བྱས་པ་སོགས་ཡོད་ཅེས་གསལ་བོར་གསུངས་ཡོད་པ་ནང་བཞིན་རེད།
དེ་དག་ནི། དཔེར་ན། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་ཉེར་གཅིག་ནས་ལྡེབ་མ་ཉེར་བརྒྱད་པའི་བར་གྱི། མཁའ་སྤྱོད་མ་དཀར་མོའི་བསྟོད་པ། པཎྜི་ཏ་དཱི་པཾ་ཀ་རས་མཛད་པ་དང་། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རིན་ཆེན་བཟང་བོས་བསྒྱུར་པ་ཞིག་བཞུགས། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་དོན་བཞི་ནས་ལྡེབ་མ་དོན་དྲུག་བར་གྱི། རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མས་མཛད་པ་རྫོགས་སོ།། བདག་ཁྱུང་བོ་རྣལ་འབྱོར་པས་དེ་ཉིད་མཉེས་པར་བྱས་ནས་ཞུ་བ་ལེགས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་དོན་དྲུག་པ་ནས་ལྡེབ་མ་བརྒྱད་ཅུའི་བར་གྱི། བླ་མའི་དབང་བཞི་ཡེ་ཤེས་ཌཱ་ཀི་མ་ནི་གུ་མས་མཛད་པ་རྫོགས་སོ།། ཌཱ་མ་དེ་ཉིད་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་པའོ།། བདག་ཁྱུང་བོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱངས་པར་བྱས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་གྱ་གཅིག་པ་ནས་ལྡེབ་མ་བརྒྱ་དང་ཉེར་གསུམ་བར་གྱི། ཆོས་དྲུག་གི་སྐོར་གྱི་མཇུག་ཏུ། རིན་པོ་ཆེའི་མཁས་གྲུབ་པའི་གསུང་དཔག་ཏུ་མེད་ཀྱང་། རགས་རིམ་ཡི་གེར་ཆོས་རྗེ་ཞང་བས་བཀོད་པར་གདའ་འོ།། ཞེས་པ་དང་།
མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བརྒྱ་དང་ཉེར་གསུམ་པ་ནས་ལྡེབ་མ་བརྒྱ་དང་ཞེ་དྲུག་པའི་བར་གྱི། སྒྱུ་ལུས་ཀྱི་སྦྱང་བ་གཉིས་པ་ཞེས་བྱ་བ། བདག་ཁྱུང་བོ་རྣལ་འབྱོར་པས་ཡིག་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བརྒྱ་དང་ཞེ་དྲུག་པ་ནས་ལྡེབ་མ་བརྒྱ་དང་ཞེ་བདུན་པའི་བར་གྱི། འོད་གསལ་འཆར་སྒོ་ངོས་འཛིན། བདག་ཁྱུང་བོ་རྣལ་འབྱོར་པས་ཉམས་སུ་མྱངས་པར་བྱས་ནས་ཡི་གེར་བཀོད་པའོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བརྒྱ་དང་གྱ་བརྒྱད་པ་ནས་ལྡེབ་མ་བརྒྱ་དང་གྱ་དགུ་བའི་བར་གྱི། དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བརྒྱ་དང་དགུ་བཅུ་བ་ནས་ལྡེབ་མ་བརྒྱ་དང་གོ་གཉིས་པའི་བར་གྱི། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བརྒྱ་དང་གོ་བཞི་བ་ནས་ལྡེབ་མ་བརྒྱ་དང་གོ་ལྔའི་བར་གྱི། དཔལ་རྡོ་རྗེ་གཏུམ་པོ་མི་གཡོ་བའི་སྒྲུབ་ཐབས་དང་། འཕགས་པ་མི་གཡོ་བའི་སྒྲུབ་ཐབས། འཆི་ཁ་མ་ཆིག་ཆོད་ཀྱི་གདམས་པ། སྒྲིབ་པ་རྣམ་པར་སེལ་བའི་སྒྲུབ་ཐབས། འཇམ་དཔལ་སྨྲ་བའི་སེངྒེའི་སྒྲུབ་ཐབས། ཡི་གེ་དྲུག་མའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་འཕགས་མའི་སྒྲུབ་ཐབས་སོགས་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་པ་བཞུགས་པ་སོགས་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་ཉིས་བརྒྱ་དང་ང་དགུ་བ་ནས་ལྡེབ་མ་ཉིས་བརྒྱ་དང་གྱ་དགུ་བའི་བར་གྱི། སྒྱུ་མ་གསལ་བྱེད་རིན་ཆེན་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་རཏྣ་བིརྱ་འམ་རྨོག་ཅོག་པས་མཛད་པ། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་ཉིས་བརྒྱ་དང་གྱ་དགུ་བ་ནས་སུམ་བརྒྱ་དང་སོ་གཅིག་པའི་བར་གྱི། སྒྱུ་མ་ལམ་གྱི་རིམ་པ་དྲི་མེད་སྙིང་བོ་ཞེས་བྱ་བ། མཁའ་འགྲོ་ནི་གུ་མས་མཛད་པ། མཁའ་འགྲོ་མ་དེ་ཉིད་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་པའོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་སུམ་བརྒྱ་དང་སོ་གཅིག་པ་ནས་སུམ་བརྒྱ་དང་སོ་གསུམ་པའི་བར་གྱི། སྒྱུ་མ་ལམ་རིམ་གྱི་ས་བཅད། ཁྱུང་བོ་རྣལ་འབྱོར་གྱིས་ཡི་གེར་བཀོད་པ་རྫོགས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་སུམ་བརྒྱ་དང་སོ་བཞི་བ་ནས་བཞི་བརྒྱ་དང་དྲུག་པ་བར་གྱི། སྒྱུ་མ་ལམ་གྱི་རིམ་པའི་དོན་འགྲེལ། མཁའ་འགྲོ་ནི་གུ་མས་མཛད་པ་རྫོགས་སོ།། མཁའ་འགྲོ་མ་དེ་ཉིད་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་པའོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བཞི་བརྒྱ་དང་བཅོ་བརྒྱད་པ་ནས་ལྡེབ་མ་བཞི་བརྒྱ་དང་ཉི་ཤུའི་བར་གྱི། རང་སེམས་འཆི་མེད་རང་གྲོལ་རྗེ་བཙུན་དྷརྨ་པྲཛྙཱས་མཛད་པ་རྫོགས་སོ།། ཞེས་པ་དང་། མ་ཡིག་གི་པོད་གོ་གསུམ་པའི་ལྡེབ་མ་བཞི་བརྒྱ་དང་ཞེ་བརྒྱད་པ་ནས་ལྡེབ་མ་བཞི་བརྒྱ་དང་ལྔ་བཅུའི་བར་ནི། རྗེ་བཙུན་ཆེན་པོ་བིར་ཝ་བ་ཡི་གསུང་ཡིན་པ་རེད། འདི་དག་ལ་ནི། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་མཆོག་གིས། མ་དག་པ་རྣམས་དག་པར་བྱས་ནས་བོད་ཀྱི་ཆོས་རིག་ཐམས་ཅད་པོ་དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོ་ཆེན་པོ་ཞེས་པའི་བསྟན་བཅོས་འདིའི་ནང་དུ་ཚུད་པར་བྱས་པ་ཡིན་ནོ།།

ཉེར་གཅིག་པ། བོ་དོང་འཇིགས་མེད་གྲགས་པའི་གསུང་གཞན།

བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་གསུང་འབུམ་མ་ཡིག་གི་པོད་འདི་དག་གི་ནང་དུ་ཚུད་མེད་པའི་བོ་དོང་འཇིགས་མེད་གྲགས་པའི་གསུང་གཞན་དག་ནི། བོ་དོང་པཎ་ཆེནའཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་མོ་དངོས་སུ་བཞུགས་པའི་པོད་འདི་དག་གི་ནང་དུ་མི་བཞུགས་ཀྱང་། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་གྱི་ནང་དུ་ཁ་བྱང་གསལ་བའི་བརྩམས་ཆོས་འགའ་ཞིག་འདིར་དགོད་པར་བྱའོ།།

བོ་དོང་པཎ་ཆེན་གྱི་གསུང་འབུམ་དཔེ་ཚོགས།

བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དཔལ་གནམ་ས་ཐམས་ཅད་ཀྱི་དབང་ཕྱུག་གོང་མ་གྲགས་པ་རྒྱལ་མཚན་པའི་ཕོ་བྲང་སྣེ་གདོང་གི་ཕོ་བྲང་འཁོར་དང་བཅས་པ་ལ་བསྔགས་པ་བསྟོད་པ་ངང་བ་རྣམ་པར་རྒྱལ་བའི་སྒྲ་དབྱངས་ཀྱི་འཇུག་པ་ཞེས་བྱ་བ་དང་། ཁྲ་འབྲུག་དང་དགོན་ཐང་འབུམ་མོ་ཆེ་ལ་བསྟོད་པའི་ཚིགས་སུ་བཅད་པ། དཔལ་གསང་ཕུའི་བསྟོད་པ་བླ་ན་མེད་པ། སྙན་དངགས་ཀྱི་བསྟན་བཅོས་པདྨ་དཀར་བོའི་ཆུན་པོ་ངང་བའི་བུ་མོ་ཡིད་ལ་དགའ་བ་འཕེལ་བ་ཞེས་བྱ་བའི་ལེའུ་དང་བོ། རྒྱལ་བུ་སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པར་བཏང་བའི་སྐྱེས་རབས་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་དོན་རྒྱན་གསལ་བའི་མེ་ལོང་ཞེས་བྱ་བ། རྗེ་བཙུན་ཆེན་པོ་རེད་འདའ་བ་ལ་ཇི་ལྟར་མངའ་བས་སྤྱོད་པ་རྒྱ་མཚོ་ལས་བརྩམས་ཏེ་རྣམ་པར་ཐར་པའི་སྒོ་ནས་བསྟོད་པ་འདོད་པ་འཇོ་བ་ཞེས་བྱ་བ། བླ་མ་རིན་པོ་ཆེ་བཟང་གྲགས་པའི་མཛད་པའི་བླ་མ་རྗེའི་བསྟོད་པ། མཆོག་ཏུ་གྱུར་པའི་བསྟོད་པ། རྗེ་བཙུན་མི་གཡོ་བའི་བསྟོད་པ་མེ་ཏོག་གི་ཆུན་འཕྱང་ཞེས་བྱ་བ། རྒྱུད་སྡེ་རིན་པོ་ཆེ་འགྱུར་རོ་འཚལ་གྱི་ལྷ་ཚོགས་རྒྱ་མཚོ་ཇི་སྙེད་པའི་བསྟོད་ཆེན་འདོད་པ་འཇོ་བ་ཞེས་བྱ་བ། ཡང་ན། ཆོས་ཀྱི་རྒྱལ་བོ་རྣམ་རྒྱལ་གྲགས་པས་གསོལ་བ་བཏབ་ངོར། ཤིན་ཏུ་གསལ་བར་རྣམ་པར་ཕྱེ་བའི་སྙན་དངགས་སྤྲིན་གྱི་ཕོ་ཉ་མཆན་བུ་ཅན་སོགས་སོ།།
བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་བརྩམས་ཆོས་འདི་ནི་ཁོང་གི་གསུང་འབུམ་དངོས་ཡོད་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་འདིའི་ཁྲོད་དུ་མི་བཞུགས་ཁོ་བོས་དངོས་སུ་པོད་རེ་རེའི་ནང་ཞིབ་འཇུག་བྱས་ནས་འདིར་བཀོད་ཡིན་པ་ལས་འོལ་ཚོད་ཀྱིས་འདིར་བཀོད་པ་མ་ཡིན་ནོ།།༼ཕྱིས་སུ་གསར་དུ་རྙེད་པའི་པོད་ལྔ་གསུང་འབུམ་འདིའི་ཁར་བསྣན་པ་ལས། གོང་དུ་ཆད་འདུག་པ་འདིའི་འགའ་རེ་ཡོད༽

ཉེར་གཉིས་པ། བོ་དོང་ཚེག་བར་བརྒྱ་དང་ཉེར་བདུན་མ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་ཚིགས་བཅད་ཚེག་བར་བརྒྱ་དང་ཉེར་བདུན་ཅན་མ་ནི། ཧ་རི་ཙན་དན་ལྗོན་པའི་འཁྲི་ཤིང་སྙེ་མ་རྒྱས་པའི་གཡུར་ཟ་རབ་ལྡེམ་མེ་ཏོག་ན་ཆུང་འཛུམ་དཀར་སྟོན་པར་སྙན་ཕྲ་གསལ་འགྱུར་རྣ་བའི་བཅུད་ལེན་བུང་བ་གཞོན་ནུའི་སྲེད་ལྡན་རྣམས་ཀྱི་འདོད་པའི་ཟློས་གར་ཅིར་ཡང་བསྒྱུར་པའི་ཤིན་ཏུ་ཉམས་དགའ་རིན་ཆེན་ནེའུ་གསིང་མངོན་པར་རྒྱས་པའི་པད་མའི་མཚོ་འགྲམ་ཡིད་འོང་ངང་བའི་དེད་དཔོན་རྣམས་ནི་དལ་གྱིས་སྒེག་པའི་མགྲིན་པ་མཐོ་ལྡན་དྲིལ་ཆེན་སྒྲོག་པའི་རོལ་མོའི་དབྱངས་མཐའ་ངང་བའི་བུ་མོ་མཛེས་མ་རྣམས་གྱིས་གླུ་དབྱངས་ལ་བསྲེས་གཡེར་ཁའི་དྲིལ་བུས་གསུང་སྙན་རྗེས་མཐུན་མཐིང་རིལ་རྣམས་ཀྱི་སྒྲ་སྙན་སྣ་ཚོགས་དོ་ར་བཀོད་པར་མེ་ཏོག་གུར་གྱི་ལྡིང་ཁང་ན།། རིགས་རྒྱས་ཡིད་འཕྲོག་ལྷས་མ་མཛེས་ལྡན་དབྱིབས་མཛེས་ཀུན་སྟོད་མཛེས་པར་ཁེབས་བྱས་སྐྲ་མཚམས་ཕྲེང་བ་གསེར་ཕྲེང་ནོར་བུའི་འོད་ཕྲེང་འཚེར་ལྡན་མེ་ཏོག་ཕྲེང་བའི་ལན་ཚར་གཡོ་བྱེད་བཅུ་དྲུག་ལང་ཚོའི་རྣམ་འགྱུར་མཐའ་ཡས་དཀྱུས་རིང་སྤྱན་གཉིས་མཐོན་མཐིང་རྣམ་བཀྲ་མིག་ཟུར་གཡོ་བའི་ཤིན་ཏུ་སྐྱེངས་གྱུར་སྨིན་འཁྱུགས་བྲིས་འདྲ་རིང་དུ་བྲོས་ཤིང་ཤངས་ཀྱི་གཟེངས་ནི་ཤིན་ཏུ་མཐོ་བས་དེ་ལ་བལྟས་གྱུར་ཡ་མཚན་སྐྱེས་པའི་འཛུམ་དཀར་དགོད་པས་གསེར་གྱི་སྙན་བྱ་ཅུང་ཟད་འདར་མཛད་དཀར་འཇམ་གཞོན་ཤ་འཇམ་སྙན་འཁྲིལ་ཆགས་ཟླ་ཟེར་ཤར་བས་ཆགས་པའི་གཉིད་ལས་མིག་གིས་ཀུ་མུད་ཁ་ཟུམ་བྱེད་པའི་སྔོན་མེད་ཟླ་བའི་ལུས་ཅན་མ།། གདུགས་དཀར་ཐིག་ལེའི་རླུང་གཡབ་ལས་ཟེགས་རབ་བསིལ་ཆུ་ཐོར་སིམ་བུ་དལ་འབབ་ལྟ་བའི་མི་ངོམས་འཆི་མེད་མཛེས་མས་ལག་གདུབ་འཁྲོལ་བའི་རྔ་ཡབ་གཡོ་ལྡན་ན་ཆུང་ཆགས་པའི་སྨིན་མ་བསྐྱོད་པས་གྱེན་དུ་ཁྱོད་ལྟ་སྙན་གོང་ཨུཏྤལ་འཇུག་པས་ཅི་བྱ་ལས་འདི་ལ་ནི་སྤྱན་ཟུར་མཛེས་པ་ཡོངས་རྫོགས་མིན་ནམ་ཙན་དན་ལྗོན་པའི་ལྕུག་ཕྲན་སྐུ་འདིར་ལུས་ཕྲ་མ་རྣམས་དྲི་ཞིམ་སི་ལས་མངོན་པར་བྱུགས་པའི་ལག་སོར་བྲེལ་གྱུར་ཉིད་ཀྱི་ལྷས་མར་མེ་ཏོག་འདོགས་པའི་ཟོལ་ལ་རབ་བརྟེན་སྙིང་སྡུག་ཁྱོད་ལ་འོ་ཡང་བྱེད་པའི་བཞིན་ལེགས་མ་རྣམས་ཤིན་ཏུ་སྐྱེངས་གྱུར་མཛེས་མ་གཞན་གྱི་མགྲིན་པར་འཁྱུད་ཅིང་ཡིབ་པར་བྱེད།། དཀར་ཟླུམ་མཁྲེང་རྒྱས་ཁྱོད་ཀྱིས་ནུ་མས་ངོ་ཚ་སྐྱེས་གྱུར་ནུ་ལྡན་འགའ་ཞིག་རང་གི་ནུ་མ་སྟོད་གཡོགས་གྱོན་པའི་སྒྱུ་ཡིས་བསྒྲིབས་ནས་ཉིད་ལ་དོ་ཤལ་འགོད་པའི་སེན་རྗེས་ཟླ་བ་ཚེས་འདྲ་ཅི་ཡང་བྱུང་གྱུར་མཐའ་དག་བདུད་རྩིའི་སྐུ་ཅན་ཁྱོད་ལ་རབ་ཆགས་སྒེག་པའི་བུ་མོས་པུས་བཙུགས་ཞལ་ཟས་སྟོབ་པའང་ཕྱག་སོར་རེག་པའི་དགའ་བས་དྲན་ཉམས་ཕན་ཚུན་བརླ་རྒྱས་ཟུར་གྱིས་སྟོན་པས་བདག་སེམས་ཆགས་པའི་གཉིད་ཀྱིས་ནོན་ཏེ་ཕྱག་སོར་རིན་ཆེན་གདུ་བུའི་སྒྲ་ལྡན་བུང་བའི་འདབ་རྩེ་མངོན་པར་འདར་བ་རྒྱུད་མང་པད་མར་ཤིན་ཏུ་འབབ་པའི་གསུང་གི་པད་བྱས་བདག་གི་སྤྱི་བོར་ཞབས་གཉིས་མྱུར་དུ་གཞག་ཏུ་གསོལ།།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་ཚིགས་བཅད་ཚེག་བར་བརྒྱ་དང་ཉིར་བདུན་ཅན་མ་འདིར་འཇོག་དགོས་དོན་ནི། བོད་ཀྱི་རྩོམ་རིག་གི་ལུས་ཀྱི་སྐོར་ལས། བཅད་ལྷུག་སྤེལ་གསུམ་ཡོད་ལ། དེ་ལས་ཚིགས་བཅད་ཀྱི་ཚེག་བར་ལ་ཡ་མཐའ་གཅིག་ནས་བཟུང་སྟེ་བྲིས་ཆོག་པ་ས་སྐྱ་པཎྜི་ཏས་བརྩམས་པའི་འཇམ་དབྱངས་ལ་བསྟོད་པ་ལས། ཚེག་བར་གཅིག་མ་ནས་ཚེག་བར་ལྔ་བའི་བར་གྱི་ཚིགས་བཅད་ནི།
༡ ཚེག་བར་གཅིག་མའི་ཚིགས་བཅད་ལ།
བློ།། མཆོག ། དཔལ།། དབྱངས།།
༢ ཚེག་བར་གཉིས་པའི་ཚིགས་བཅད་ལ།
དབྱངས་ཅན།། ཁྱོད་བསྒྲུབས།། སྤོབས་པ།། བརྟན་ཐོབ།།
༣ ཚེག་བར་གསུམ་པའི་ཚིགས་བཅད་ལ།
ཁྱོད་ཀྱི་གསུང་།། གཉིས་མེད་བློ།། ལྕགས་སྒྲོག་གིས།། སྦྲེལ་ལེགས་འདྲ།།
༤ ཚེག་བར་བཞི་བའི་ཚིགས་བཅད་ལ།
རྒྱལ་སྲས་དབང་བོ།། འཇམ་དབྱངས་ཁྱོད་ཀྱིས།། ལེགས་བཤད་ནོར་རྒྱུན།། བདག་བློ་ཚིམ་མཛད།།
༥ ཚེག་བར་ལྔ་བའི་ཚིགས་བཅད་ལ།
བརྩེ་ལྡན་ཁྱོད་ཀྱི་གསུང་།། དྲི་ཟའི་པི་ཝང་ལྟར།། སྙན་ཅིང་འཇེབས་པ་ཡིས།། གདུལ་བྱའི་ཡིད་འཕྲོག་བྱེད།།
ཅེས་གསལ་བོར་གསུངས་ཡོད་པ་འདིས་མཚོན་ལ། མ་མཐའི་ཚད་བཟུང་བ་ནི་ད་སྔ་ཡན་ཆད་ལ་མ་མཐོང་ཡང་། ད་རེ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་ཚིགས་བཅད་ཚེག་བར་བརྒྱ་དང་ཉེར་བདུན་ཅན་མ་འདི་མཐོང་ཡོང་ཚེ། ཚིགས་བཅད་ཀྱི་ཚེག་བར་ལ་མ་མཐའི་ཚད་འཛིན་པ་དཀའ་བར་མཐོང་བས་འདིར་བཀོད་པ་ཡིན་ནོ།།

ཉེར་གསུམ་པ། བོ་དོང་གསུང་འབུམ་པོད་གྲངས་ཐད་ཀྱི་བཤད་ཚུལ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་གྱི་པོད་གྲངས་ཐད་ཀྱི་བཤད་ཚུལ་མི་འདྲ་བ་ནི། དམངས་ཁྲོད་ཀྱི་བཤད་སྲོལ་ཞིག་ལ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་ལ་པོད་གྲངས་བརྒྱ་གྱ་དགུ་ཡོད་པའི་བཤད་ཚུལ་གཅིག་དང་། ད་ལྟ་དངོས་སུ་བཞུགས་ཡོད་པའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་གསུང་འབུམ་ལག་བྲིས་མར་པོད་བརྒྱ་སོ་བརྒྱད་ཡོད་པ། དུང་དཀར་ཚིག་མཛོད་ཆེན་མོ་ལས། དེ་ཉིད་བསྡུས་པའི་རྒྱ་མཚོ་དང་། འཇུག་པའི་སྒོ་བཞི། ལེའུ་ཉི་ཁྲི་ཆིག་སྟོང་། མན་ངག་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་པས། རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་བ་ལ་གླེགས་བམ་ཉི་ཤུ། བསྡུས་པ་ལ་གླེགས་བམ་གཉིས། བསྡུས་པའི་སྙིང་བོ་ལ་གླེགས་བམ་གཅིག་བཅས་བསྡོམས་པའི་གླེགས་བམ་བརྒྱ་སོ་གསུམ་ཡོད་པ་སོགས་གྲངས་ཀ་མི་གཅིག་པ་གསུམ་ཙམ་མོ།།
ད་ལྟ་དངོས་སུ་བཞུགས་པའི་པོད་བརྒྱ་སོ་བརྒྱད་ཀྱི་བདག་ཉིད་ཅན་འདིའི་ནང་དུའང་། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ནང་དུ་གསལ་བའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་བརྩམས་ཆོས་མང་བོ་ཞིག་ཚུད་མེད་པས་ན། བོ་དོང་གསུང་འབུམ་གྱི་གྲངས་ཀ་ད་ལྟ་ཤིན་ཏུ་ལྐོག་གྱུར་གྱི་གནས་སུ་ལྷུང་ཡོད་པ་ཞིག་གོ།།

ཉེར་བཞི་བ། བོ་དོང་གསུང་འབུམ་གྱི་སྤྱིའི་སྒྲིག་རིམ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་པོ་ཞེས་བྱ་བའི་ས་བཅད་དམ་སྒྲིག་རིམ་ནི། ཧ་ལས་པའི་ཞིབ་ཚགས་ཅན་ཞིག་ཡིན་ལ། གཤམ་གྱི་འདི་ལྟར་རོ།།
གཅིག བྱིས་པ་འཇུག་པའི་སྒོ་ལ། ༡ ལུས་ཀྱི་བསླབ་པ། ༢ ངག་གི་བསླབ་པ། ༣ ཡིད་ཀྱི་བསླབ་པ་གསུམ་མོ།།
1 ལུས་ཀྱི་བསླབ་པ་ལ། ༡ གནས་པའི་བསླབ་པ། ༢ ལུས་བཙས་པའི་བསླབ་པའོ།།
2 ངག་གི་བསླབ་པ། ༡ ཡི་གེ་ཀློག་པའི་བསླབ་པ། ༢ ཡི་གེ་བྲི་བའི་བསླབ་པའོ།།
3 ཡིད་ཀྱི་བསླབ་པ་ལ། ༡ འཇིག་རྟེན་ལུགས་ཀྱི་བསྟན་བཅོས། ༢ བརྟག་པའི་བསྟན་བཅོས་སོ།།
1 འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལ། ༡ རྒྱལ་བོའི་ལུགས་ཀྱི་བསྟན་བཅོས། ༢ བློན་པོའི་ལུགས་ཀྱི་བསྟན་བཅོས། ༣ ཕལ་བའི་ལུགས་ཀྱི་བསྟན་བཅོས་སོ།།
2 བརྟག་པའི་བསྟན་བཅོས་ལ། ༡ ནང་སེམས་ཅན་གྱི་བརྟག་པ། ༢ ཡོ་བྱད་ཀྱི་བརྟག་པའོ།།

གཉིས་པ། མཁས་པ་འཇུག་པའི་སྒོ་ལ། ༡ བཟོ་རིག་པ། ༢ གསོ་རིག་པ། ༣ སྒྲ་རིག་པ། ༤ གཏན་ཚིགས་རིག་པ། ༥ ནང་རིག་པའོ།།

གསུམ་པ། མདོ་ལ་འཇུག་པའི་སྒོ་ལ། ༡ བསྟན་པ་སྤྱིའི་རྣམ་པར་བཞག་པ། ༢ ཁྱད་པར་གྱི་རྣམ་པར་བཞག་པའོ།།
2 ཁྱད་པར་གྱི་རྣམ་པར་བཞག་ལ། ༡ བྱེ་བྲག་ཏུ་སྨྲ་བའི་དེ་ཉིད་དང་། ༢ མདོ་སྡེ་བའི་དེ་ཉིད་དང་། ༣ སེམས་ཙམ་པའི་དེ་ཉིད་དང་། ༤ དབུ་མ་བའི་དེ་བཞིན་ཉིད་བཞིའོ།།

བཞི་བ། སྔགས་ལ་འཇུག་པའི་སྒོ་ལ། ༡ རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་དང་། ༢ ཁྱད་པར་གྱི་རྣམ་པར་བཞག་པའོ།།
2 ཁྱད་པར་གྱི་རྣམ་པར་བཞག་ལ། ༡ བྱ་བའི་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ། ༢ སྤྱོད་པའི་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ། ༣ རྣལ་འབྱོར་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ། ༤ རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པའོ།།

༡ བྱ་བའི་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ་ལ། ༡ དཀྱིལ་འཁོར་གྱི་དབང་གི་ཆོ་ག་དང་། ༢ དཀྱིལ་འཁོར་གྱི་རྣམ་པར་ངེས་པ་དང་། ༣ མངོན་པར་རྟོགས་པ་དང་། ༤ མངོན་རྟོགས་ཀྱི་རྣམ་པར་ངེས་པ་དང་། ༥ རྒྱུད་བཤད་པ་དང་། ༦ ཕྱིའི་ལས་ཚོགས་དང་། ༧ ནང་གི་སྒོམ་རིམ་གྱི་རྣམ་པར་བཞག་པའོ།།

༢ སྤྱོད་པའི་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ་ལ། ༡ དཀྱིལ་འཁོར་གྱི་དབང་གི་ཆོ་ག་དང་། ༢ དཀྱིལ་འཁོར་གྱི་རྣམ་པར་ངེས་པ་དང་། ༣ མངོན་པར་རྟོགས་པ་དང་། ༤ མངོན་རྟོགས་ཀྱི་རྣམ་པར་ངེས་པ་དང་། ༥ རྒྱུད་བཤད་པ་དང་། ༦ ཕྱིའི་ལས་ཚོགས་དང་། ༧ ནང་གི་སྒོམ་རིམ་གྱི་རྣམ་པར་བཞག་པའོ།།

༣ རྣལ་འབྱོར་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ་ལ། ༡ དཀྱིལ་འཁོར་གྱི་དབང་གི་ཆོ་ག་དང་། ༢ དཀྱིལ་འཁོར་གྱི་རྣམ་པར་ངེས་པ་དང་། ༣ མངོན་པར་རྟོགས་པ་དང་། ༤ མངོན་རྟོགས་ཀྱི་རྣམ་པར་ངེས་པ་དང་། ༥ རྒྱུད་བཤད་པ་དང་། ༦ ཕྱིའི་ལས་ཚོགས་དང་། ༧ ནང་གི་སྒོམ་རིམ་གྱི་རྣམ་པར་བཞག་པའོ།།

༤ རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དེ་ཉིད་རྣམ་པར་བཞག་པ་ལ། ༡ དཀྱིལ་འཁོར་གྱི་དབང་གི་ཆོ་ག་དང་། ༢ དཀྱིལ་འཁོར་གྱི་རྣམ་པར་ངེས་པ་དང་། ༣ མངོན་པར་རྟོགས་པ་དང་། ༤ མངོན་རྟོགས་ཀྱི་རྣམ་པར་ངེས་པ་དང་། ༥ རྒྱུད་བཤད་པ་དང་། ༦ ཕྱིའི་ལས་ཚོགས་དང་། ༧ ནང་གི་སྒོམ་རིམ་གྱི་རྣམ་པར་བཞག་པའོ།།

ཉེར་ལྔ་བ། བོ་དོང་གསུང་འབུམ་ལག་བྲིས་མའི་སྒྲིག་རིམ།

བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་གསུང་འབུམ་ལག་བྲིས་མར། སྤྱིར་པོད་བརྒྱ་དང་སོ་བརྒྱད་ཡོད་པ་ལས། ཚད་མའི་སྐོར་ལ་པོད་གཉིས། ཤེར་ཕྱིན་གྱི་སྐོར་ལ་པོད་གསུམ། དབུ་མའི་སྐོར་ལ་པོད་གཅིག འདུལ་བའི་སྐོར་ལ་པོད་གཉིས། མཛོད་ཀྱི་སྐོར་ལ་པོད་གཅིག མངོན་པའི་སྐོར་ལ་པོད་གཅིག གསང་སྔགས་རྒྱུད་སྡེ་བཞིའི་སྐོར་ལ་པོད་བརྒྱ་དང་བཅུ་དྲུག ཆོས་འབྱུང་གི་སྐོར་ལ་པོད་གཅིག སྐྱེས་རབས་ཀྱི་སྐོར་ལ་པོད་གཉིས། སྒྲ་གཞུང་གི་སྐོར་ལ་པོད་གསུམ། སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་བཅོས་ཀྱི་སྐོར་ལ་པོད་གཅིག བཟོ་དང་སྨན་གྱི་སྐོར་ལ་པོད་གཅིག འཇིགས་མེད་འབངས་ཀྱིས་བརྩམས་པའི་བོ་དོང་འཇིགས་མེད་གྲགས་པའི་རྣམ་ཐར་ལ་པོད་གཅིག་ཡོད་པ་དང་། དེ་ལ་ཆོས་ཚན་བཅུ་གསུམ་མོ།། ཁྱོན་བསྡོམས་པའི་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་གསུང་འབུམ་ལག་བྲིས་མར་པོད་བརྒྱ་དང་སོ་བརྒྱད་ཡོད་ལ། རྣམ་ཐར་གྱི་ཆོས་ཚན་མ་ཐེ་བའི་གསུང་འབུམ་ཁོ་ན་ལ་ཆོས་ཚན་ཆིག་སྟོང་བཞི་བརྒྱ་ཉེར་དགུ་ཡོད་དོ།།

ཉེར་དྲུག་པ། བོ་དོང་གསུང་འབུམ་ནང་གི་སྐུང་ཡིག་རེ་འགའ།

ང་ཚོས་བོ་དོང་འཇིགས་མེད་གྲགས་པའི་གསུང་འབུམ་དཔེ་སྒྲིག་བྱས་པའི་སྐབས་སུ་དངོས་སུ་འཕྲད་པའི་དཀའ་ཁག་སྟེ། བོད་ཀྱི་ཡི་གེ་སྐུང་ཡིག་འབྲི་ལུགས་ལས་བརྒལ་བའི་སྐུང་ཡིག་རེ་འགའ་འདིར་བཀོད་པ་ཡིན་ལ།
གཤམ་གྱི་དཔེར་བརྗོད་དག་གི་སྔ་མ་དག་ནི། བོ་དོང་འཇིགས་མེད་གྲགས་པའི་་གསུང་འབུམ་ལག་བྲིས་མའི་ནང་དབུ་ཅན་དང་དབུ་མེད་གང་རུང་གིས་བྲིས་ཡོད་པའི་སྐུང་ཡིག་ཡིན་ལ། ཕྱི་མ་དག་ནི། ང་ཚོས་སྐུང་ཡིག་དེ་རིགས་གྲོལ་བར་བྱས་པ་ཡིན་ནོ།།
བསྟོས-བསྟན་བཅོས། ཉོས-ཉན་ཐོས། ཉང-ཉན་རང་། གྲེག-གྲང་རེག ཆུན-ཆ་མཐུན། རྣོལ-རྣལ་འབྱོར། མཁྲོ-མཁའ་འགྲོ། གནོད-གཞན་དོན། གག-གང་ཟག ལྷིག-ལྷན་ཅིག འགིག-འགའ་ཞིག ཎ-མེད། ཌ-ཡོད། ཕེར-ཕལ་ཆེར། གཞང-གཞན་ཡང་། མཚིད-མཚན་ཉིད། མཐས-མཐའ་ཡས། ཡུན-ཡུལ་ཅན། ཕུན-ཕན་ཚུན། དལ-དཀྱིལ་འཁོར། གགི-གང་གི། གྲན-གྲངས་ཅན། དོང-དོན་གཞན་ཡང་། དེ་པ-དེ་བཞིན་གཤེགས་པ། ཁེན-ཁས་ལེན།
འདི་དང་འདིའི་རིགས་ཀྱི་སྐུང་ཡིག་ཧ་ལས་པའི་མང་བོ་འདུག་ཀྱང་། འདིར་མཚོན་ཙམ་ཞིག་བཀོད་པ་ཡིན་ནོ།།
བོ་དོང་གསུང་འབུམ་མ་ཡིག་ལག་བྲིས་མ་འདི་ཉིད་དབུ་མེད་ཅིག་ལས་དབུ་ཅན་དུ་བསྒྱུར་པའི་བཤད་ཚུལ་ཡོད་ལ། དེ་བདེན་པར་ངེས་ཏེ་དབུ་ཅན་གྱི་ནང་དུ་འང་སྐུང་ཡིག་འདི་དང་འདིའི་རིགས་ཧ་ཅང་མང་བོ་ཡོད་པ་རེད།

ཉེར་བདུན་པ། གསུང་འབུམ་འདི་བོ་དོང་པཎ་ཆེན་གྱི་ཡིན་ཚུལ།

འཇུག་པའི་སྒོ་བཞིའི་བདག་ཉིད་ཅན་གྱི་དཔལ་དེ་ཁོ་ན་ཉིད་ཅེས་པའི་པོད་གྲངས་མང་བོའི་གསུང་འབུམ་འདིའི་རྩོམ་པ་བོ་ནི། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ཡིན་པ་ལ་ཐེ་ཚོམ་མི་དགོས་པ་ནི། སྤྱིར་བཏང་པོད་འདིའི་སྤྱི་ཁོག་གཞུང་གཅིག་ཏུ་བཟུང་ནས། པོད་དང་བོའི་མགོར་མཆོད་བརྗོད་སོགས་ཡོན་ནའང་། བྱེ་བྲག་ཏུ་པོད་འགའ་རེའི་ནང་དུ་ཁོང་གི་མཚན་དང་འབྲེལ་བའི་ཚིགས་སུ་བཅད་པ་ཡོད་པ་དག་ནི། གཞན་རྣམས་ཡིད་ཆེས་ཀྱི་གནས་སུ་ཁོ་བོས་འདིར་དྲངས་པ་ཡིན་ནོ།།
པོད་གཉིས་པའི་ཆོས་ཚན།《མཁས་པ་འཇུག་པའི་བཟོ་རིག་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ》ཞེས་པ་འདིའི་ནང་དུ། རིག་པའི་གནས་ལྔ་དག་ལ་མཁས་མིན་ན།། ཀུན་མཁྱེན་རྒྱུ་དང་བྲལ་ཕྱིར་ཐོབ་མིན་པས།། དེ་སླད་འགྲོ་རྣམས་རྗེས་སུ་གཟུང་བའི་ཕྱིར།། འཇི༵གས་མེ༵ད་ཀྱིས་འདིར་བཟོ་བའི་རིག་པ་བཤད།། ཅེས་པ་དང་།
པོད་དྲུག་པའི་ཆོས་ཚན།《སྙན་ངག་གི་དོན་རྒྱན་རབ་ཏུ་གསལ་བའི་མེ་ལོང》ཞེས་པ་འདིའི་ནང་དུ། དོན་གྱི་རྒྱན་གྱི་གཟུགས་ནི་རབ་སྣང་སྐལ་བཟང་མེ་ལོང་མཁས་པ་འཇི༵གས་མེ༵ད་གྲ༵གས་པ༵་ཞེས་པ་འདིར་ཡོད་དེ།། གང་གི་མདུན་དུ་ཕུར་བུའི་ལྕེ་ཡང་རི་བོ་བརྒྱ་ཡི་ནོན་པ་ཉེར་ཐོབ་དྲང་སྲོང་རྐང་མིག་དེ་དག་ཀྱང་།། ཀུན་ནས་འདར་བས་རྐང་བའི་འོག་ཏུ་ལོ་བརྒྱར་ཉལ་བྱེད་བརྒྱ་བྱིན་གྱིས་གང་ཐལ་མོ་སྦྱར་ནས་ཡུན་རིང་ལོན།། དབྱངས་ཅན་མ་ཡིས་ལུགས་བརྒྱ་ལྡན་པའི་སྙན་ངག་གཏམ་ཚེ་དཔའ་བོ་ཞེས་བྱའི་སྙན་ངག་མཁན་དེའང་བྲོས་ནས་སོང་།། ཞེས་པ་དང་།
ཡང་ན། སྙན་ངག་གི་དོན་གྱི་རྒྱན་རབ་ཏུ་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། སྒྲ་དང་། ཚད་མ་དང་། སྙན་ངག་ལ་སོགས་ཏེ་ཕལ་མོ་ཆེའི་ཤེས་བྱ་མཐའ་དག་ལ་བློ་ཡི་སྣང་བ་ཐོབ་པ། དཔལ་འཆི་བ་མེད་པའི་སྡེ། ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། འཇི༵གས་མེ༵ད་གྲ༵གས་པ༵འམ་མིང་གཉིས་པ་དྷརྨ་དྷྭ་ཛས་རབ་ཏུ་གྲུབ་པར་བྱས་པ་རྫོགས་སོ།། །། ཞེས་དང་།
པོད་བདུན་པའི་ཆོས་ཚན།《རིགས་ཐིགས་ལས་གསུངས་པའི་ནང་བའི་ཚད་མའི་རྣམ་བཞག་བཤད་པ》ཞེས་པ་འདིའི་ནང་དུ། དེས་ན་ཕལ་མོ་ཆེ་འདི་དག་ནི་དོན་ཕྲ་བ་ལ་ཅུང་ཟད་དཔྱོད་པའི་ཚེ། མགྲོན་པོ་ཕྱོགས་བསླད་པ་ལྟར་མངོན་སུམ་གྱིས་མཐོང་བ་ལ་ཡང་རྨོངས་ཤིང་། དམུས་ལོང་གི་གཟུགས་ལ་བརྟགས་པ་ལྟར་དོན་སྤྱི་ཙམ་ཡང་མ་ཤར་ན། དུག་ཆུས་མྱོས་པ་ལྟར། ཅི་སྨྲའི་གཏོལ་མི་སྣང་བར་མཐོང་ནས། མཁས་པའི་དེད་དཔོན་འཇི༵གས་མེ༵ད་གྲ༵གས་པ༵་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཁོ་བོའི་སྙིང་རྗེའི་མཆི་མ་ཐུལ་བས་གདོང་ཁེབས་པར་གྱུར་པ་འདི་གདོན་མི་ཟ་བ་ཡིན་ནོ།། ཞེས་པ་དང་།
པོད་བརྒྱད་པའི་ཆོས་ཚན།《ཚད་མ་རིགས་པའི་སྣང་བའི་སྨད་ཆ》ཞེས་པ་འདིའི་ནང་དུ། རྡོ་རྗེའི་ཕུག་ལམ་སྐུད་པས་བརྒྱུས་བཞིན་དུ།། ལམ་འདིར་འགའ་ཞིག་ཞུགས་ན་དོན་ཡོད་ཅེས།། འཇི༵གས་མེ༵ད་བློ་ཡི་རི་ལ་ཚད་མ་ཡི།། ཉི་མའི་དབང་བོའི་སྣང་བ་ཅི་ཡང་བཤད།། ཅེས་པ་དང་།
ཡང་ན། ཁས་བླངས་རྒྱ་མཚོའི་ཡུལ་འདི་ལ།། བྱིས་པའི་རི་བོང་ཐམས་ཅད་འཁོར།། མཁས་པ་ངང་བའི་དེད་དཔོན་ང་།། འཇི༵གས་མེ༵ད་རྒྱ་མཚོའི་ཕ་མཐར་ཕྱིན།། ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ཞེས་པ་དང་།
ཡང་ན། ཚད་མ་རིགས་པའི་སྣང་བ་ཞེས་བྱ་བ། མདོ་དང་། རྣམ་འགྲེལ་ལ་སོགས་པ་ཚད་མའི་བསྟན་བཅོས་མཐའ་དག་གིས་དགོངས་པ་ཕྱིན་ཅི་མ་ལོག་པར་འབྱེད་པ་འདི་ནི། གཞུང་ལུགས་འབུམ་ཕྲག་བརྒྱ་ཡིས་བློ་གྲོས་ཀྱི་མགུལ་བ་མཛེས་པར་བྱས་པ། ཐེག་པ་ཆེན་པོའི་སློབ་དཔོན་འཇི༵གས་མེ༵ད་གྲ༵གས་པ༵། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཞུང་ལུང་ལུགས་ཆེན་པོ་རྫོགས་སོ།། ཞེས་པ་དང་།
པོད་དྲུག་པའི་ཆོས་ཚན།《བསྟན་པ་སྤྱིའི་རྣམ་པར་བཞག་པའི་སྟོད་ཆ》ཞེས་པ་འདིའི་ནང་དུ། གང་ཡང་འདི་ན་ཡང་དག་བསྟན་པ་བཤད་དང་སྒྲུབ་པས་འཛིན་པ་དེ་ནི་འཇིག་རྟེན་ཀུན་གྱི་མིག་གཅིག་སྟེ།། དེ་མེད་དམུས་ལོང་ཕྲེང་བ་ཉིད་ཕྱིར་ལུས་དང་སྲོག་ལའང་མངོན་པར་བལྟོས་མེད་དམ་ཆོས་གཅིག་པུ་བརྟེན་པར་རིགས།། འདི་ཉིད་མི་ཤེས་དོན་དུ་མི་གཉེར་གྲོག་འཁར་བ་ཡི་སྐྱབས་ལ་བརྟེན་པ་རྣམ་མང་མཐོང་ནས་འཇི༵གས་མེ༵ད་ཀྱིས།། དྲང་སྲོང་རང་གི་མདོ་སྡེའི་ལམ་ལ་འཁྲུལ་མེད་ཞུགས་ཏེ་རྡོ་རྗེའི་ཕུག་རྗེས་སྐུད་པས་བརྒྱུས་བཞིན་རབ་གསལ་བྱ།། ཞེས་པ་དང་།
ཡང་ན། ལུང་དང་རིགས་པའི་བློ་མིག་བྲལ་རྣམས་ཀྱིས།། བསྟན་པའི་དེ་ཉིད་གསལ་བར་མ་མཐོང་ན།། འཇི༵གས་མེ༵ད་གྲ༵གས་པ༵འི་སྒྲོན་ཆེན་ལ་བརྟེན་ནས།། བློ་སྤྱན་མངའ་བས་ད་ལྟ་འདི་ན་མཐོང།། ཞེས་པ་དང་།
ཡང་ན། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་སོ་སོར་ཡང་དག་རིག་པ་འཐོབ།། འཇི༵གས་མེ༵ད་ཤེས་རབ་རྣོ་ཞིང་ཆགས་མེད་ངག ། དེ་ནི་སྲོག་ཆགས་ཀུན་ཀྱི་ཐེ་ཚོམ་གཅོད།། ཅེས་པ་དང་།
པོད་ཉེར་གཅིག་པའི་ཆོས་ཚན། 《འདུལ་བའི་ལས་ཆོག་བསླབ་པའི་ཐེག་པ》ཞེས་པ་འདིའི་ནང་དུ། ལས་ཀྱི་ཆོ་ག་བསླབ་པའི་ཐིགས་ཞེས་བྱ་བ་འདི་ནི། དོན་དུ་གཉེར་བའི་སློབ་མ་འགའ་ཞིག་གིས་གསོལ་བ་བཏབ་ནས། མང་དུ་ཐོས་པའི་དགེ་སློང་འཇི༵གས་མེ༵ད་གྲ༵གས་པ༵་ཞེས་བྱ་བས་སྦྱར་བ་རྫོགས་སོ།། །། ཞེས་པ་དང་།
པོད་ཉེར་བཞི་བའི་ཆོས་ཚན།《རྒྱུད་སྡེ་སྤྱིའི་རྣམ་བཤད》ཞེས་པ་འདིའི་ནང་དུ། རྒྱུད་རྣམས་སྤྱི་ཡི་རྣམ་བཞག་ཉི་ཟླ་ནི།། མཐའ་དག་བསྡུས་པའི་སྣང་བ་མཚུངས་མེད་པ།། འཇི༵གས་མེ༵ད་བློ་ཡིས་མཁའ་ལས་འདིར་འཆར་གྱིས།། ཤེས་རབ་མིག་ལྡན་ཐམས་ཅད་དགའ་བར་མཛོད།། ཅེས་པ་དང་།
ཡང་ན། སྣ་ཚོགས་གདུལ་བྱའི་བསམ་པ་མཐའ་ཡས་འཇུག་ངོགས་རྒྱ་ཆེན་མཁའ་མཉམ་བགྲོད་དཀའ་ཁ་དོག་མཐོང་བས་སྙིང་ལ་ནི།། འཇིགས་པ་མི་ཟད་ཤིན་ཏུ་སྐྱེས་གྱུར་འོན་ཀྱང་སྤྱི་བརྟོལ་རྡོ་བའི་གཟིངས་ལ་བརྟེན་ནས་སོང་བས་མཐར་ནུབ་པ།། དེ་དང་གཞན་ཡང་མ་བཤད་ལོག་བཤད་ཐེ་ཚོམ་ཙམ་བསྐྱེད་ཁྭ་ཏ་རྣམས་ཀྱང་ཆུ་གཏེར་རླབས་འཐོར་འཇུག་འདོད་པ།། སྐྱེ་སྙིང་ནང་ནས་མཆི་མ་ཉེར་ལྟུང་འཇི༵གས་མེ༵ད་གྲ༵གས་པ༵འི་དེད་དཔོན་ཁོ་བོ་ལམ་འདིར་ཅི་ཡང་ཕྱོགས་པར་གྱུར།། ཅེས་པ་དང་།
པོད་སོ་གསུམ་པའི་ཆོས་ཚན། 《ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་མངོན་རྟོགས》ཞེས་པ་འདིའི་ནང་དུ། དེའི་ཕྱིར་མཚུངས་མེད་ནུས་མཐུ་མངའ་བདག་རྒྱུད།། དངོས་གྲུབ་རྒྱ་མཚོའི་རྦ་རླབས་འདུ་འགོད་ཅན།། ཁ་དོག་མཐོང་བས་འཇིགས་ནས་ཕལ་ཆེར་གྱི།། རིང་དུ་སྤངས་དེར་འཇི༵གས་མེ༵ད་ཁོ་བོ་འཇུག ། ཅེས་པ་དང་།
པོད་སོ་བདུན་པའི་ཆོས་ཚན།《འཕགས་པ་གནོད་གནས་ཀྱི་དབང་བོའི་དཀྱིལ་ཆོག་རྣམ་ངེས་དང་བཅས་པ》ཞེས་པ་འདིའི་ནང་དུ། དཔེར་ན་སངས་རྒྱས་མིག་འདྲ་སྟེ།། ཡང་དག་ལམ་ནི་སྟོན་མཛད་པ།། དེ་བཞིན་སྔགས་པ་འཇི༵གས་མེ༵ད་ཀྱང་།། ཐེག་ཆེན་གནས་འདིར་སྟོན་པ་ཡིན།། ཞེས་པ་དང་།
པོད་ཞེ་གཉིས་པའི་ཆོས་ཚན།《རྩ་རྒྱུད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ཆོག་རྒྱས་འབྲིང་བསྡུས་གསུམ》ཞེས་པ་འདིའི་ནང་དུ། ཐབས་དང་ཤེས་རབ་གཤོག་ཡངས་དཀར་བོར་བསྐྱོད་པ་ཡི།། འཇི༵གས་མེ༵ད་གྲ༵གས་པ༵་ངང་བའི་རྒྱལ་བོ་དེད་དཔོན་པོ།། རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་འཕུར་བའི་རྗེས་སུ་ནི།། རིག་པ་འཛིན་འདོད་ངང་བའི་ཚོགས་རྣམས་ལྡིང་ཞིང་ཤོག། ཅེས་པ་དང་།
པོད་ཞེ་དྲུག་པའི་ཆོས་ཚན།《དཔལ་མཆོག་བདེ་བ་ཆེན་པོའི་དཀྱིལ་ཆོག་རྣམ་ངེས་དང་བཅས་པ》ཞེས་པ་འདིའི་ནང་དུ། དཀྱིལ་འཁོར་ཆོ་ག་རྒྱུད་ཀྱི་རྣམ་ངེས་དང་།། མན་ངག་ལོག་པར་འཆད་པ་བསལ་བའི་ཕྱིར།། འཇི༵གས་མེ༵ད་གྲ༵གས་པ༵ས་རྒྱལ་བ་འབའ་ཞིག་གི ། དབང་བྱས་ཤིང་རྟའི་སྲོལ་འདི་རྣལ་འབྱོར་ཕྱེ།། ཞེས་པ་དང་།
པོད་ལྔ་བཅུ་བའི་ཆོས་ཚན།《རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག》ཞེས་པ་འདིའི་ནང་དུ། ལུང་རིགས་སྐྱ་བ་འཛིན་པའི་ཁ་ལོ་བ།། འཇི༵གས་མེ༵ད་གྲ༵གས་པ༵འི་དེད་དཔོན་ང་ཉིད་ཀྱིས།། མོས་དགེ་ཕུན་ཚོགས་ལྡན་པའི་དོན་མཐུན་རྣམས།། རྣལ་འབྱོར་རྒྱ་མཚོའི་ཕ་རོལ་ཕྱིན་པར་བྱ།། ཞེས་བྱ་བ་དང་།
པོད་ང་ལྔ་བའི་ཆོས་ཚན།《གཙུག་ཏོར་དགུ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག》ཞེས་པ་འདིའི་ནང་དུ། འགྲོ་བ་ཀུན་གྱི་གཙུག་གི་ནོར་བུ་ལྟའི།། གཙུག་ཏོར་དགུ་བའི་འཁོར་ལོར་ཕྱག་བྱས་ནས།། གཙུག་དགུའི་ཀུ་མུད་གསལ་བྱེད་འཇིག་རྟེན་གྱི།། གཙུག་གི་ཟླ་བ་འཇི༵གས་མེ༵ད་གྲ༵གས་པ༵་ཤར།། ཞེས་པ་དང་།
པོད་ང་བདུན་པའི་ཆོས་ཚན།《གསང་བ་ནོར་བུའི་ཐིག་ལེའི་མངོན་རྟོགས》ཞེས་པ་འདིའི་ནང་དུ། ཟབ་མོའི་རྒྱུད་འདིར་མ་བཤད་ལོག་པར་བཤད།། བཤད་པ་ལོག་པས་སྒྲུབ་པ་ལོག་གྱུར་པ།། དེ་རྣམས་ཚར་གཅད་དེ་ཉིད་རྣམ་བཤད་པ།། འཇི༵གས་མེ༵ད་གྲ༵གས་པ༵ས་འཇིགས་མེད་འདི་བྱའོ།། ཞེས་པ་དང་།
པོད་དྲུག་ཅུ་རེ་བདུན་པའི་ཆོས་ཚན།《འཇམ་དཔལ་ཞལ་ལུང་གི་མངོན་རྟོགས་རྒྱས་པ》ཞེས་པ་འདིའི་ནང་དུ། དེ་ཕྱིར་ངན་འགྲོའི་ཁོར་མོ་འཇིགས་རུང་དུ།། སྡུག་བསྔལ་རླབས་ཀྱིས་བཅོམ་རྣམས་རྗེས་གཟུང་ཕྱིར།། མཁས་པའི་དེད་དཔོན་འཇི༵གས་མེ༵ད་གྲ༵གས་པ༵་ང་།། ཞལ་ལུང་གྲུ་ཆེན་བཅས་ཏེ་བདེ་བླག་འགྲོ།། ཞེས་པ་དང་།
པོད་དྲུག་ཅུ་རེ་བརྒྱད་པའི་ཆོས་ཚན།《གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཇོ་བོ་མར་མེ་མཛད་ཡེ་ཤེས་ཀྱི་ལུགས་དང་མཐུན་པ》ཞེས་པ་འདིའི་ནང་དུ། གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཇོ་བོ་མར་མེ་མཛད་ཡེ་ཤེས་ཀྱི་ལུགས་དང་མཐུན་པ་འདི་ནི། བླ་མ་དཀོན་མཆོག་གླིང་བས་གསོལ་བ་བཏབ་པའི་ངོར། རྡོ་རྗེ་ཐེག་པའི་སློབ་དཔོན་འཇི༵གས་མེ༵ད་གྲ༵གས་པ༵ས་སྦྱར་བའོ།། ཞེས་པ་དང་།
པོད་བདུན་ཅུ་བའི་ཆོས་ཚན།《གཤིན་རྗེའི་གཤེད་གདོང་དྲུག་པའི་རྒྱུད་ལེའུ་བཅུ་བའི་བཤད་པ་རིམ་པར་ཕྱེ་བ》ཞེས་པ་འདིའི་ནང་དུ། ལུང་དང་རིགས་པ་མན་ངག་དང་ནི་མཐོང་བ་འབྲས་ལྡན་རང་དང་གཞན་གྱིས་ལག་ཏུ་བླངས་ཤིང་ཡིད་ཆེས་པའི།། འཕྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ལ་རྣམ་པར་འཆད་བྱེད་བཤད་པའི་རྒྱུད་གང་བདག་གིས་འདིར་ནི་རབ་ཕྱེ་བས།། ཕྱི་དང་ནང་གི་གནོད་པའི་དྲ་བ་ཀུན་ནས་གཅོད་བྱེད་འཁོར་ལོ་རྣམ་གཉིས་འགྲོ་བ་ཀུན་གྱིས་ལེགས་ཐོབ་ནས།། སྣང་བྱེད་ནོར་བུ་པདྨ་རྡོ་རྗེའི་གཙོ་བོའི་ཞལ་ནི་སྦྱོར་བ་དྲུག་ལྡན་འཇི༵གས་མེ༵ད་གྲ༵གས་པ༵་སྐྱེ་གྱུར་ཅིག ། ཅེས་པ་དང་།
པོད་བརྒྱད་ཅུ་བའི་ཆོས་ཚན་ཞིག་ཏུ། བཞི་བ་ནི་བལ་བོ་ཕམ་ཐིང་བའམ། བལ་ཡུལ་ན་ཨ་ངེས་པ་ཆེན་པོ་གྲགས་ཤིང་། དགེ་སློང་འཇི༵གས་མེ༵ད་གྲ༵གས་པ༵་ཞེས་ཀྱང་ཞུ་བ་ནཱ་རོ་བའི་དྲུང་དུ་ལོ་དགུ་བཞུགས་ནས་བདེ་མཆོག་གི་སྒོ་ནས་དམན་པ་དང་འབྲིང་གི་དངོས་གྲུབ་ཐོབ་པ་དེ་ཡིན་ནོ།། ཞེས་པ་དང་།
པོད་གྱ་གསུམ་པའི་ཆོས་ཚན། 《རྣལ་འབྱོར་བཞིའི་ཁ་སྦྱོར་ཧེ་རུ་ཀའི་མངོན་རྟོགས་རྣམ་ངེས》ཞེས་པ་འདིའི་ནང་དུ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་རྒྱ་མཚོ་ནི།། སྔོན་ཆད་བཤད་པའི་གྲུ་གཟིངས་མ་བཅོས་པ།། འཇི༵གས་མེ༵ད་ལེགས་བཤད་མན་ངག་རླུང་དར་ཅན།། བཅས་པ་དེང་འདིར་སྐལ་ལྡན་རོལ་པར་མཛོད།། ཅེས་པ་དང་།
ཡང་ཆོས་ཚན་འདིའི་ནང་དུ། རྡོ་རྗེས་བུག་པའི་ལམ་དུ་སྲད་བུ་རྣམས།། འགྲོ་བ་རྣམ་ཀུན་དོན་ཡོད་ཡིན་པའི་ཕྱིར།། མཁའ་འགྲོའི་དབང་བོ་འཇི༵གས་མེ༵ད་གྲ༵གས་པ༵་ང་།། འཕུར་བའི་རྗེས་སུ་ཐམས་ཅད་འོང་བར་རིགས།། ཞེས་པ་དང་།
པོད་གྱ་དགུ་བའི་ཆོས་ཚན།《མངོན་འབྱུང་ཆེན་པོའི་དཀྱིལ་ཆོག་མཁས་པ་ཆེན་པོ་ས་མན་ཏི་ཤྲིའི་ལུགས》ཞེས་པ་འདིའི་ནང་དུ། རྒྱུད་མཚོ་མཐིང་ནག་ཁ་དོག་གིས་འཇིགས་པས།། གཞན་གྱིས་རྒྱང་རིང་སྤངས་པར་འཇི༵གས་མེ༵ད་ཀྱིས།། ལེགས་བཤད་གྲུ་གཟིངས་རིན་ཆེན་འདི་བཙུགས་ནས།། མན་ངག་རླུང་གི་དར་གྱིས་ཀུན་བགྲོད་བྱ།། ཞེས་བྱ་བ་དང་།
པོད་གོ་གཅིག་པའི་ཆོས་ཚན།《དཔལ་མགོན་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་སྐུར་བའི་ཆོ་ག་རྒྱས་པ》ཞེས་པ་འདིའི་ནང་དུ།
དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་དབང་སྐུར་བའི་ཆོ་ག་དཔལ་ཕྱོགས་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་བོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། མཁན་ཆེན་མཚོ་རྒྱལ། ཀླུའི་དབང་བོ། རིན་ཆེན་རྡོ་རྗེ། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་བོ། སྔགས་འཆང་དགེ་སྐྱབས། སྔགས་འཆང་དགེ་མཐོང་། བལ་བོ་ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ་བོ། ས་ཆེན་ཀུན་སྙིང་། རྗེ་བཙུན་བསོད་རྩེ། རྗེ་བཙུན་གྲགས་རྒྱལ། ཆོས་རྗེས་པཎ་ཆེན། འགྲོ་མགོན་འཕགས་པ། ཟང་ཚང་བདེ་ལྡན་དཔལ། གྲུབ་ཐོབ་རིན་རྒྱལ། མཆོག་ལྡན་དཔལ། ཀུན་དགའ་བསོད་ནམས་རྒྱལ་མཚན། བླ་ཆེན་བསོད་དབང་། དཔལ་ལྡན་འཇི༵གས་མེ༵ད་གྲ༵གས་པ༵འོ།། ཞེས་པ་དང་།
པོད་གོ་ལྔ་བའི་ཆོས་ཚན། 《དཔལ་ཡང་དག་པར་སྦྱོར་བའི་རྒྱུད་བཤད་སྟོད་ཆ》ཞེས་པ་འདིའི་ནང་དུ། རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་དཔའ་བོ་དང་མཁའ་འགྲོ་མ་མཐའ་ཡས་པས་བྱིན་གྱིས་བརླབས་པ་ཁོ་ན་ལས། རྡོ་རྗེ་ཐེག་པའི་སློབ་དཔོན་འཇི༵གས་མེ༵ད་གྲ༵གས་པ༵། རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཁོ་བོས་རྟོགས་པ་ཡིན་ནོ།། ཞེས་པ་དང་།
པོད་དགུ་བཅུ་གོ་བརྒྱད་པའི་ཆོས་ཚན། 《རྡོ་རྗེ་གུར་རིགས་བསྡུས་པའི་དཀྱིལ་འཁོར་གྱི་མངོན་རྟོགས》ཞེས་པ་འདིའི་ནང་དུ། དུག་ཆེན་འོ་མ་བཅོས་པའི་སླུ་ཐབས་ཀྱིས།། བདག་གཞན་ངེས་པར་རློག་བྱེད་རྣམས་མཐོང་ནས།། རྒྱལ་བ་སྟོན་པ་ཁོ་ནའི་དབང་བྱས་ཏེ།། ཤིང་རྟའི་སྲོལ་འདི་འཇི༵གས་མེ༵ད་གྲ༵གས་པ༵ས་ཕྱེ།། ཞེས་པ་དང་།
པོད་བརྒྱ་དང་གཉིས་པའི་ཆོས་ཚན།《རྒྱུད་ཀྱི་རྒྱལ་བོ་བརྟག་པ་དང་བོའི་རྒྱ་ཆེར་འགྲེལ་བ》ཞེས་པ་འདིའི་ནང་དུ། རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དཔའ་བོ་དང་མཁའ་འགྲོ་མ་མཐའ་ཡས་པས་བྱིན་གྱིས་བརླབས་པ་ཁོ་ན་ལས་རྡོ་རྗེ་ཐེག་པའི་སློབ་དཔོན་འཇི༵གས་མེ༵ད་གྲ༵གས་པ༵། རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཁོ་བོས་རྟོགས་པ་ཡིན་ནོ།། ཞེས་པ་དང་།
པོད་བརྒྱ་དང་བཅུ་བདུན་པའི་ཆོས་ཚན།《དཔལ་དུས་ཀྱི་འཁོར་ལོའི་མངོན་རྟོགས》ཞེས་པ་འདིའི་ནང་དུ། སྣ་ཚོགས་གདུལ་བྱའི་བསམ་པ་མཐའ་ཡས་འཇུག་ངོགས་རྒྱ་ཆེན་མཁའ་མཉམ་བགྲོད་དཀའ་ཁ་དོག་མཐོང་བས་སྙིང་ལ་ནི།། འཇིགས་པ་མི་ཟད་ཤིན་ཏུ་སྐྱེས་གྱུར་འོན་ཀྱང་སྤྱི་བརྟོལ་རྡོ་བའི་གཟིངས་ལ་བརྟེན་ནས་སོང་བས་མཐར་ནུབ་པ།། དེ་དང་གཞན་ཡང་མ་བཤད་ལོག་བཤད་ཐེ་ཚོམ་ཙམ་བསྐྱེད་ཁྭ་ཏ་རྣམས་ཀྱང་ཆུ་གཏེར་རླབས་འཐོར་འཇུག་འདོད་པ།། ཀྱེ་སྙིང་ནང་ནས་མཆི་མ་ཉེར་ལྷུང་འཇི༵གས་མེ༵ད་གྲ༵གས་པ༵འི་དེད་དཔོན་ཁོ་བོ་ལམ་འདིར་ཅི་ཡང་ཕྱོགས་པར་གྱུར།། ཅེས་པ་དང་།
པོད་བརྒྱ་དང་བཅུ་དགུ་བའི་ཆོས་ཚན།《དེ་ཉིད་འདུས་པ་ཆེན་པོའི་མཛད་བྱང》ཞེས་པ་འདིའི་ནང་དུ། རྒྱལ་བ་སྲས་དང་བཅས་པ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས། རང་དང་གཞན་གྱི་གྲུབ་པའི་མཐའ་དང་། མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དཔལ་འཆི་བ་མེད་པའི་སྡེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཇི༵གས་མེ༵ད་གྲ༵གས་པ༵་ཞེས་བྱ་བས་མདོ་སྔགས་ཀྱི་བསྟན་པ་བཤད་པ་དང་སྒྲུབ་པའི་བདག་ཉིད་མི་ནུབ་པའི་ཉི་མ་དང་མི་འགྲིབ་པའི་ཟླ་བ། ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ་ཆེན་པོ། རྒྱལ་བའི་གཞུང་ལུགས་ཐམས་ཅད་ཀྱི་མཐར་སོན་པ་བཀླགས་པས་གྲུབ་པ་ཆེན་པོ་ཡོངས་སུ་རྫོགས་སོ།། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག ཅེས་པ་དང་།
པོད་བརྒྱ་དང་ཉེར་གཉིས་པའི་ཆོས་ཚན།《བྱ་བ་སྤྱིའི་སྒྲུབ་ཐབས》ཞེས་པ་འདིའི་ནང་དུ། མན་ངག་གྲུ་གཟིངས་ཆེན་པོའི་རྒལ་ཐབས་ཤེས།། བྱ་བ་རྒྱ་མཚོའི་རིམ་པ་ཀུན་ལ་མཁས།། དངོས་གྲུབ་རིན་ཆེན་གླིང་ལ་དབང་སྒྱུར་པ།། མཁས་པའི་དེད་དཔོན་འཇི༵གས་མེ༵ད་ཁོ་བོ་ཙམ།། ཝ་སྐྱེས་རྔ་མར་འཇུས་ནས་ཆུ་གཏེར་ལ།། བགྲོད་པའི་ངལ་བ་དེ་ཉིད་འདིར་བཏང་ནས།། དད་བརྩོན་རླུང་གི་དར་ནི་འཛིན་པ་ཡིས།། ཁོ་བོའི་ལེགས་བཤད་གྲུ་ཆེན་འདིར་ཞུགས་ཤིག ། ཅེས་པ་དང་།
པོད་བརྒྱ་དང་ཉེར་དགུ་བའི་ཆོས་ཚན།《དཔལ་ཡང་དག་སྦྱོར་བའི་རྒྱུད་བཤད》ཞེས་པ་འདིའི་ནང་དུ། རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དཔའ་བོ་དང་མཁའ་འགྲོ་མ་མཐའ་ཡས་པ་བྱིན་གྱིས་བརླབས་པ་ཁོ་ན་ལས་རྡོ་རྗེ་ཐེག་པའི་སློབ་དཔོན་འཇི༵གས་མེ༵ད་གྲ༵གས་པ༵་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཁོ་བོས་རྟོགས་པ་ཡིན་ནོ།། ཞེས་པ་དང་།
གོང་གི་འདི་དག་གི་ནང་དུ་གཅིག་པ་འགའ་རེ་འདུག་མོད། ཡིན་ནའང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་མོའི་ནང་པོད་རེ་རེའི་ཆོས་ཚན་སོ་སོར་གསལ་བ་ཇི་བཞིན་འདིར་བཀོད་པ་ཡིན་ནོ།།

ཉེར་བརྒྱད་པ། བོ་དོང་པཎ་ཆེན་གྱི་མཛད་པ་གཞན་དག

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་རྩོམ་གྱི་མཛད་པ་ལས་གཞན་པའི་མཛད་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། མཚན་མ་ཡིད་ལ་བྱེད་པ་གང་ཡང་མི་གཟིགས་པར་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་གདམས་པ་དང་རྗེས་སུ་གདམས་པའི་གསུང་གི་རྗེས་སུ་འབྲངས་ཏེ། བརྩོན་འགྲུས་ཆེན་པོའི་རྩེ་མོར་འཛེགས་པས་རྒྱལ་བ་མཆོག་དང་དེའི་སྲས་ཀྱི་སྐུ་དང་ཕོ་བྲང་ཆེན་པོ་འབུར་དུ་དོད་པ་དང་། རི་མོར་བྱས་པའི་བཀོད་པ་མཛད་པ་ལ་བསམས་ན། སྐུ་ཚེ་ཧྲིལ་བོར་དེ་ཁོ་ན་མཛད་པ་ལྟ་བུ། ཞེས་པ་དང་།
ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། བཀའ་བསྟན་བཅོས་འགྱུར་རོ་འཚལ་གྱི་ཟབ་རྒྱས་ཀྱི་བཀའི་གནས་རྣམས་ཀྱི་འགྱུར་བཅོས་པ་ལ་བལྟས་ན་སྐུ་ཚེ་ཧྲིལ་བོར་འགྱུར་ཁོ་ན་མཛད་པ་ལྟ་བུ། ཞེས་པ་དང་།
ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོ་འཆད་རྩོམ་གྱིས་གཏན་ལ་ཕབས་ཏེ་ཕྱོགས་དེ་ཉིད་གཅིག་པུའི་མཛད་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་བོར་གནས་འདི་ཁོ་ན་ལྷུར་མཛད་པ་ལྟ་བུ། ཞེས་པ་དང་།
ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དཔལ་ལྡན་བླ་མ་དམ་པ་རྣམས་ལས་ཕྱི་ནང་གི་གདམས་པ་དང་། རྗེས་སུ་གསན་པའི་སྙིམ་པར་གསོལ་བ་ལ་བལྟས་ན། སྐུ་ཚེ་ཧྲིལ་བོར་མང་དུ་ཐོས་པ་ཁོ་ན་བཙལ་བ་ལྟ་བུ། ཞེས་པ་དང་།
མདོ་རྒྱུད་རབ་འབྱམས་ཀྱི་གླེགས་བམ་མཐའ་དག་སྤྱན་ཟུར་ལྷུང་བ་ཙམ་གྱིས་ཚིག་དོན་བདེ་བླག་ཏུ་ཆུད་པར་མཛད་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་བོར་ཚུལ་འདི་ཁོ་ན་མཛད་པ་ལྟ་བུ། ཞེས་པ་དང་།
ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། རྒྱུད་སྡེ་རབ་འབྱམས་གྱི་ལྷག་པའི་ལྷས་ཞལ་གཟིགས་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་བོར་དེ་དང་དེའི་བསྙེན་པ་དང་སྒྲུབ་པ་ལ་ཆིག་ཧྲིལ་དུ་མཛད་པ་ལྟ་བུ། ཞེས་པ་དང་།
ཡང་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དཔལ་དེ་ཁོ་ན་ཉིད་འདུས་པ་ཐོས་པ་དང་སྒོམ་པ་དང་འཆད་པ་དང་རྩོམ་པ་དང་རྩོད་པ་དང་ཚུལ་བཞིན་དུ་ཉམས་སུ་བཞེས་པ་ཀུན་ཏུ་གྲུབ་པར་མཛད་པའི་མཛད་པ་ཕྲ་རགས་སོ་སོ་ལ་བལྟས་ན། དེ་ཁོ་ན་རེ་རེར་ཡང་སྐུ་ཚེ་ཧྲིལ་བོར་མཛད་པ་ལྟ་བུ་སྟེ། དེ་ལྟར་ན་བརྩོན་འགྲུས་ཆེན་པོ་དེ་དག་ཀྱང་བསམ་སྦྱོར་ཕུན་སུམ་ཚོགས་བའི་སྒོ་ནས་བདེན་པ་གཉིས་ལས་མི་འདའ་བའི་བརྩོན་འགྲུས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཡིན་ནོ།། ཞེས་གསལ་བར་ཡོད་པར་བསམས་ན། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་སྐུ་ཚེ་མཛད་པ་འཕྲིན་ལས་ཐམས་ཅད་འདི་ལྟར་དོན་ཡོད་པར་མཛད་ཡོད་པ་འདི་ལ། ལེ་ལོ་དང་རྣམ་གཡེང་གི་མལ་ས་རུ་འགྲེ་ལྡོག་བྱེད་ཀྱིན་པའི་དེང་གི་ང་རང་ཚོ་རྣམས་ཀྱིས་རློམ་དཀའ་བའི་གནས་སུ་འདུག་མོད། ཡིན་ནའང་མཛད་པ་རེ་རེའི་མིག་མཐོང་ལག་ཟིན་ཡིན་པར་སུས་ཀྱང་བསྙོན་འདང་མི་ཐུབ་པའི་ཡ་མཚར་བའི་གནས་ཁོ་ན་ཉིད་དོ།།

ཉེར་དགུ་བ། བོ་དོང་པཎ་ཆེན་གྱིས་སློབ་མ་བསྐྱངས་པའི་མཛད་པ།

བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་སློབ་མ་བསྐྱངས་པའི་མཛད་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། བཟོ་རིག་ནས་བཟུང་ཡོངས་སུ་རྫོགས་པའི་བར།། དེ་དང་དེ་ཡི་བཀའ་བབས་ཉི་ཤུ་གསུམ།། འཇམ་པའི་རྡོ་རྗེ་མི་ཡི་ཟློས་གར་མཁན།། རྣམ་དག་འཁོན་གྱི་གདུང་རྒྱུད་རྣམ་པ་གསུམ།། རིགས་སྔགས་འཆང་བའི་ཁྱུ་མཆོག་ཆེན་པོ་ཞིག ། ཉི་མ་ཟླ་བ་ལྟར་གྲགས་མཁས་གྲུབ་གཉིས།། འཇིག་རྟེན་གསུམ་གྱི་མིག་གཅིག་ལོ་ཆེན་གསུམ།། ཕྱོགས་ལས་རྣམ་པར་རྒྱལ་བའི་བཤེས་གཉེན་དྲུག ། མདོ་སྔགས་ཡོངས་རྫོགས་མཁས་པ་བཅུ་གསུམ་དང་།། པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་གཉིས།། འདུས་པ་རྒྱ་མཚོའི་གཙུག་རྒྱན་བཅུ་དྲུག་དང་།། མཚན་ཉིད་རབ་འབྱམས་སྨྲ་བའི་བཤེས་གཉེན་བཞི།། སྔགས་གཞུང་རབ་འབྱམས་སྨྲ་བའི་མཁས་པ་གཉིས།། སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་བཞི།། དྲག་པོའི་རྟུལ་ཞུགས་རྫོགས་པའི་སྔགས་འཆང་གཉིས།། བཀའ་བཅུ་ལེགས་པར་སྨྲ་བ་སྟོང་ཕྲག་གཅིག ། བཀའ་བཞི་ཀུན་ཏུ་སྨྲ་བ་སྟོང་ཕྲག་ཟུང་།། ཕར་ཚད་ཤེས་པའི་སློབ་མ་ཁྲི་ཕྲག་བརྒལ།། ཚེ་འདི་བློས་བཏང་སྒྲུབ་ཆེན་ལྔ་བཅུར་ལྡན།། ལྷག་པར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ།། རྡོ་རྗེ་ཕག་མོ་གསང་བའི་མཛོད་འཛིན་མ།། ས་ལ་དགེ་སློང་མ་ཡིས་རབ་གྲགས་པ།། སྤྲུལ་བའི་གར་གྱིས་ཀ་བ་འཛིན་པར་མཛད།། ཅེས་གསལ་བ་ལྟར།
ཁོང་གིས་གསོ་རིག་པ་དང་རི་མོ་བ། སྒྲ་བ་དང་སྙན་ངག་པ། འཆད་པ་བ་དང་རྩོད་པ་བ། རྩོམ་པ་བོ་དང་འདུལ་འཛིན་པ། ཡང་ན་མདོ་རྒྱུད་ཀྱི་གཞུང་ལུགས་ལ་བྱེ་བྲག་ཏུ་མཁས་པའི་སློབ་མ་མང་བོ་བསྐྱངས་པ་ལས། སློབ་མའི་གཙོ་བོ་རྣམས་ནི་འདི་ལྟ་སྟེ། འཁོན་གྱི་གདུང་རྒྱུད་གསུམ་ནི། བཀའ་སྲུང་བྲན་དུ་བཀོད་པ་བདག་པོ་ཆེན་པོ་གྲགས་པ་བློ་གྲོས། དེའི་སྲས་སློབ་དཔོན་ཆེན་པོ་གྲགས་པ་རྡོ་རྗེ། ཐེག་ཆེན་ཆོས་ཀྱི་རྒྱལ་བོའི་དབོན་པོ་མཁན་པོ་བདེ་ལེགས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་བོ།
སྔགས་འཆང་བའི་ཁྱུ་མཆོག་གཅིག་པུ་ནི། རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་རྒྱལ་མཚན།
ཉི་ཟླ་ལྟར་གྲགས་པའི་མཁས་པ་གཉིས་ནི། རང་དང་མཉམ་པའི་མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་བོ། དཔང་ལོ་ཆེན་པོའི་སྐུ་སྐྱེ་བློ་གྲོས་བརྟན་པར་འབོད་པ་དང་གཉིས་སོ།།
འཇིག་རྟེན་གྱི་མིག་གསུམ་ནི། དཔལ་ཨེའི་ལོ་ཙཱ་བ་ཆེན་པོ་བསོད་ནམས་དཔལ་བཟང་བོ། ལོ་ཙཱ་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན། ལོ་ཙཱ་བ་ཆེན་པོ་ཐུགས་རྗེ་དཔལ་ཏེ་གསུམ་མོ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག་ནི། བོ་དོང་སྟག་སྡེའི་ཆེན་པོ་དོལ་བ་རྒྱལ་མཚན་གྲགས། མཁན་པོ་བཤེས་གཉེན་ཉི་མ། དཔལ་རྩེ་ཐང་བ་ཆོས་ཀྱི་གྲགས་པ། གསུང་ཕུ་བཀའ་བཅུ་བ་པདྨ་བཟང་བོ། སྣར་ཐང་བ་དགེ་འདུན་གྲུབ། ཤངས་ཆོས་འཁོར་སྒང་བའི་མཁན་ཆེན་བཀའ་བཅུ་བ་ཤེས་རབ་རིན་ཆེན་ཏེ་དྲུག་གོ །
མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ་ནི། བོ་དོང་རྟ་རའི་ཆེན་པོ་རིན་པོ་ཆེ་ཆོས་བཟང་བ། དོལ་བ་རྒྱལ་བཟང་། བོ་དོང་གྲང་མོ་ཆེའི་ཆེན་པོ་རྒྱལ་གྲགས། བྲང་མོ་ཆེའི་ཆེན་པོ་ཤེས་རབ་གྲགས། སྟག་སྡེ་བ་ཤེས་རབ་དཔལ། བླ་མ་ཀུན་དགའ་དཔལ། བོ་དོང་རྟ་རའི་ཆེན་པོ་འཇམ་དཀར། བོ་དོང་བྲང་མོ་ཆེའི་ཆེན་པོ་སེངྒེ་རྒྱལ་མཚན། སློབ་དཔོན་ཆོས་ཀྱི་ཉི་མ། གསང་ཕུ་བ་ཆོས་རྗེ་རོང་ཆུང་ཤེས་རབ་དཔལ་བཀའ་བཅུ་བ་རཏྣ་ཤྲཱི། ཤེལ་དཀར་བ་མཁན་ཆེན་རྗེ་བཙུན་པ། ངམ་རིང་རབ་འབྱམས་པ་སངས་རྒྱས་སེངྒེ་སྟེ་བཅུ་གསུམ་མོ།།
ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་གདན་ས་པ་གཉིས་ནི། མཁན་ཆེན་དོན་གྲུབ་དཔལ་འབྱོར། ཚོགས་པ་དགེ་འདུན་སྒང་བའི་མཁན་ཆེན་མཉམ་མེད་མཁས་པ་ཆེན་པོ་སེངྒེ་དཔལ།
གཙུག་རྒྱན་བཅུ་དྲུག་ནི། བླ་འཁོར་ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་རིན་ཆེན། མཁན་ཆེན་འཇིགས་མེད་གྲགས་པ། མཁན་ཆེན་བཤེས་གཉེན་བློ་གྲོས་རྒྱལ་མཚན། ངམ་རིང་མཁན་ཆེན་བསོད་ནམས་སྐྱབས། མཁན་པོ་དཀོན་ཁང་བ་ཉི་མ། མངོན་དགའི་ཆོས་དབོན་འཇམ་དབྱངས་ཀུན་དགའ་ལེགས་པ། མཁན་ཆེན་རྒྱལ་མཚན་བློ་གྲོས། ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་མཁན་པོ་དཀོན་མཆོག་བཟང་བོ། བྱམས་ཆེན་གྱི་མཁན་པོ་སྐུ་སྐྱེ། འཛིམས་ཀྱི་མཁན་པོ་བཀྲ་ཤིས་རིན་ཆེན། མཁན་ཆེན་རྒྱལ་ལྷའི་རྒྱལ་བོ། མཐུ་སྟོབས་དབང་ཕྱུག་ནམ་མཁའ་རྒྱལ་མཚན། འཕགས་པ་ནམ་སྙིང་། མདར་མཁན་ཆེན་བདེ་ལེགས་རྒྱལ་མཚན། དགེ་འདུན་སྒང་བའི་གཞིའི་མཁན་པོ་བྱང་ཆུབ་མཆོག་ལྡན་ཏེ་བཅུ་དྲུག་གོ །
མཚན་ཉིད་རབ་འབྱམས་པ་བཞི་ནི། གསང་ཕུ་བ་གོ་བོ་རབ་འབྱམས། ཤེལ་དཀར་བ་ཡོན་རྒྱམ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། མངའ་རིས་པ་ནམ་མཁའ་བསོད་ནམས་སོ།།
སྔགས་རབ་འབྱམས་པ་གཉིས་ནི། ཤབ་ལྷུན་རྩེ་བ་ཀུན་མཁྱེན་འཕགས་འོད། མཉམ་མེད་པ་སངས་རྒྱས་དཔལ་བཟང་བོ་དང་གཉིས་སོ།།
སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི་ནི། ཤྲཱི་རི་ཇོ་གདན་པ་རས་ཆེན་གཞོན་ནུ་དཔལ་ལྡན་ཆོས་རྗེ་བརྩོན་འགྲུས་རྒྱལ་མཚན། ལ་ཕྱི་བ་ཆེན་པོ་ནམ་མཁའ་རྒྱལ་མཚན། ཡར་འབྲོག་རྒྱ་མཚོའི་གླིང་གི་མ་གྲུབ་པའི་རྒྱལ་མོ་བསོད་ནམས་འཛོམས་དང་བཞིའོ།།
སྔགས་འཆང་དྲག་པོ་གཉིས་ནི། ངམ་རིང་གི་ཨཱ་ནནྟ། གུང་ཐང་གི་བླ་ཆེན་ཆོས་དཔལ་བཟང་བོ་དང་གཉིས་སོ།།
བཀའ་བཅུ་བ་སྟོང་ཕྲག་གཅིག་ནི། དཔལ་ལྡན་ས་སྐྱ་བ་བསོད་ནམས་བློ་གྲོས་སོགས་ཏེ་སྟོང་ཕྲག་གཅིག་གོ །
བཀའ་བཞི་བ་སྟོང་ཕྲག་ཟུང་ནི། འབྲས་སྤུངས་པ་བླ་མ་མུ་སྲད་བཀའ་བཞི་བ་སོགས་སྟོང་ཕྲག་ཟུང་ངོ་།།
ཕར་ཚད་ཤེས་པ་ཁྲི་ཕྲག་བརྒལ་བ་ནི། གངས་རིའི་ཕྲེང་བས་བསྐོར་བའི་དག་པའི་གཞི་ཆེན་པོ་འདི་ཉིད་ལ་མངོན་པར་འཁོད་པའི་བཤེས་གཉེན་ཕལ་ཆེ་བ་དག་གོ །
སྒྲུབ་ཆེན་ལྔ་བཅུ་ནི། ཚེ་འདི་བློས་བཏང་བའི་བྱ་བྲལ་བ་ཆེན་པོའི་རྟུལ་ཞུགས་ཡོངས་སུ་རྫོགས་པ། བདག་ཉིད་ཆེན་པོའི་བཀའི་དམ་ཚིག་ལས་མི་འདའ་བ་ཤ་སྟག་ལྔ་བཅུར་གྱུར་པ་དང་། དེ་ཐམས་ཅད་ལ་ཕུལ་དུ་གྱུར་པའི་གསང་བའི་མཛོད་འཛིན་པར་མཛད་པ་ནི། སྔོན་ཨུ་རྒྱན་སྤྲུལ་བའི་གནས་སུ་དཔལ་ཨིཎྜ་བྷུ་ཏིའི་ལྕམ་མོ་དཔལ་མོ་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་རིག་མ་ལྷ་ལྕམ་མན་དྷ་ར་བ། བདག་ཉིད་ཆེན་པོ་འདིའི་ཞབས་པད་བསྟེན་པ་ལ་ནི་ཆོས་ཀྱི་སྒྲོན་མེ་ཞེས་སྤྲུལ་བའི་སྐུ་འཛིན་པར་མཛད་པའི་རྣལ་འབྱོར་དབང་མོ་དཔལ་རྡོ་རྗེ་ཕག་མོ་ཉིད་ཡིན་ནོ།།

སུམ་ཅུ་བ། བོ་དོང་པཎ་ཆེན་གྱི་མཛད་པ་ཁྱད་པར་བ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་མཛད་པ་ཁྱད་པར་བ་ནི། བདག་གིས་རབ་བཏགས་བྱས་པ་མ་ཡིན་པར། ཁོང་གི་རྣམ་ཐར་ངོ་མཚར་དགའ་སྟོན་ལས་ཉུང་ཤས་ཤིག་བཏུས་པ་ཡིན་པས་ཁྱེད་ཀློག་མཁན་དག་ཡིད་ཆེས་པའི་གནས་སུ་མཛོད་ཅིག བོ་དོང་པཎ་ཆེན་ལ་མཚོན་ན་མཁས་པ་ཞིག་ཡིན་པས་མ་ཚད་གྲུབ་ཆེན་ཞིག་ཀྱང་ཡིན་ལ། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་འདིའི་མཛད་པ་ཐམས་ཅད་དོན་ངོ་མར་གནམ་སར་མི་ཤོང་བ་ལྟ་བུ་རེད། དེ་བས་གཤམ་ནས་ཐུན་མོང་མ་ཡིན་པའི་མཛད་པ་རེ་རེ་ལ་གཟིགས་པར་ཞུ།

ལ་སྟོད་བྱང་ངམ་རིངས་སུ་བོ་དོང་པཎ་ཆེན་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་རྩོད་པ་མཛད་ཚུལ།

བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དེ་ཡང་བདག་ཉིད་ཆེན་པོ་དཔལ་ཨེ་ཆོས་འབྱུང་གི་དགེ་འདུན་གྱི་དབུས་སུ། དཔལ་འདུས་པ་རིན་པོ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཇུག་ཏུ་ཉང་སྟོད་ནས་སི་ཏུ་རབ་བརྟན་པས་སྤྱན་དྲངས་ཏེ། རྒྱལ་མཁར་རྩེར་ཕེབས་པའི་ལམ་འདུལ་ཆུང་དུ་སྐྱེ་བོའི་ཚོགས་མང་བོ་ལ་ཐུགས་བསྐྱེད་གསུངས། དེར་མེ་ཏོག་གི་ཆར་ཆེན་པོ་བབས་ཏེ། དེ་ཡང་མུ་ཏིག་གི་མདོག་ལྟ་བུ་དཀར་བོ་དང་། པདྨ་རཱ་ག་ལྟར་དམར་བོ་དང་། ཨིནྡྲ་ནི་ལ་ལྟར་སྔོན་པོ་རྣམས་ཏེ་སྣ་གསུམ་དུ་བབས་ཏེ། ཐམས་ཅད་ངོ་མཚར་དུ་འཛིན་ཅིང་། འདུལ་ཆུང་གི་རྫོང་དཔོན་དེས་མེ་ཏོག་ཁ་ཅིག་ཟེའུའི་སྣོད་དུ་བཅུག་ནས་སྔོན་དུ་སི་ཏུ་བ་ལ་སྐྱེས་སུ་བསྐུར་ཅིང་། དེ་ནས་ཉང་སྟོད་དུ་ཕེབས། དཔལ་འཁོར་བདེ་ཆེན་དུ་མཁན་པོས་གཙོ་མཛད་འདུས་པ་རྒྱ་མཚོ་དང་། སི་ཏུ་བས་ཐོག་དྲངས་མི་ཆེན་པོའི་ཚོགས་དང་བཅས་པ་ཐམས་ཅད་དཔལ་དེ་ཉིད་འདུས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེར་ཡང་ལྷ་རྫས་ཀྱི་མེ་ཏོག་ཀུན་ཏུ་གཡོ་བའི་མཆོད་པ་ཆེན་པོ་ཐོབ་པས་ཐམས་ཅད་ངོ་མཚར་བར་གྱུར་ཏོ།། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ལོ་ལོ་ཆོས་ལུང་བའི་བླ་མ་ལེགས་པ་བཟང་བོས་ཕྱག་རྒྱ་ཆེན་པོ་དང་དབུ་མ་ལྟ་ཁྲིད་སོགས་ཟབ་ཆོས་འགའ་ཞིག་ཞུ་བའི་དུས་ན། ཉིན་ཞིག་ཆོས་ཐུན་ཉན་དུ་འོངས་པའི་ཚེ། རྗེ་བཙུན་བླ་མའི་ཆོས་ཀྱི་སེངྒེའི་ཁྲི་ལ་རྗེ་བཙུན་འཇམ་པའི་དབྱངས་དར་དང་རིན་པོ་ཆེས་བརྒྱན་པ་གཞོན་ནུ་ཆ་ལུགས་ཅན་གཅིག་བཞུགས་པ་མངོན་སུམ་དུ་མཐོང་སྟེ། དད་པ་དང་གུས་པས་ཉིན་མཚན་དུ་བདག་ཉིད་ཆེན་པོ་སྒྲུབ་པ་ལ་འཇུག་ཅིང་། དུས་ཕྱིས་བླ་མ་དེ་ཉིད་ཀྱི་གསུང་གིས་མི་ཀུན་འཇམ་དབྱངས་ལ་སོགས་པའི་སྒྲུབ་པ་བྱེད་པར་སྣང་མོད། ཅེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། མངའ་རིས་གུང་ཐང་དུ་བཞུགས་པའི་དུས་ཤིག་གི་ཚེ། རྗེ་བཙུན་མི་གཡོ་བའི་སྒྲུབ་པ་མཛད་དེ་ཐོ་རངས་ཀྱི་ཐུན་གྱི་མཐར། སྒྲུབ་ཁང་གི་ཐོག་དང་ནམ་མཁའ་རོ་གཅིག་ཏུ་འདྲེས་པ་ལྟ་བུའི་སྣང་བ་བྱུང་། དེ་ནས་ཤར་གྱི་ནམ་མཁའ་ལས་མངོན་པར་ཐོན་པའི་སྤྲིན་དཀར་བོ་གླང་བོ་ཆེ་མངོན་པར་གཡོ་བ་ལྟ་བུ་གཅིག་གི་རྗེས་སུ་གཅིག་སྙེག་པ་འདྲ་བའི་རྣམ་པར་འཕྲུལ་བ་ལྟ་བུ་གཟིགས། དེའི་མོད་ལ་དེ་དག་གི་དབུས་ན་དཔལ་ཁྲོ་བོ་གཏུམ་པོ་ཆེན་པོ་མཆོག་ཏུ་མི་བཟད་པའི་སྐུའི་བཀོད་པ་རྣམ་པར་བཀྲ་བ་གཟིགས་ཏེ། ཐུགས་ཐེ་ཚོམ་དུ་གྱུར་ནས་རྒྱུད་སྡེ་ལས་གསུངས་པའི་བརྡའི་བརྟག་པ་མཛད་པས་ཐུགས་ཡིད་ཆེས་པའི་མཚན་མ་གཟིགས་ཤིང་དེའི་ཚེ་ན་གནས་གཙང་མའི་ལྷའི་བུ་གསུམ་མངོན་པར་འོངས་ནས་འདི་སྐད་དུ་གླེང་སྟེ། ཅིའི་ཕྱིར་ན་རྗེ་བཙུན་མི་གཡོ་མགོན་པོ་མཐོང་བ་ལ་ཐེ་ཚོམ་དུ་བགྱིད། མཆོག་ཏུ་གྱུར་པའི་བསྟོད་པ་དག་ཀྱང་རྩོམས་ཤིག་ཅེས་བསྐུལ་ནས། རྗེ་བཙུན་མི་གཡོ་བའི་བསྟོད་པ་མེ་ཏོག་གི་ཆུན་འཕྱང་ཞེས་བྱ་བ་དེ་མ་ཐག་ཏུ་ཐལ་བྱུང་དུ་མཛད། ཅེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་སྐབས་ཤིག་ཏུ་གསོལ་པས་སྙུན་གྱི་རོ་མ་དེ་ལངས་ནས། དེའི་གཉེན་པོར་ཡེ་ཤེས་ཀྱི་མཁའ་ལྡིང་གི་སྒྲུབ་པ་མཛད། ཞག་བདུན་ཕྲག་གཉིས་ཙམ་ནས་ཞབས་གཡས་གཡོན་གྱི་མཐེའུ་ཆུང་མའི་རྩེ་མོ་ལས་ཁྱུང་གི་སྡེར་མོ་ཤིན་ཏུ་རྣོ་བ་རྩེ་སོར་བཞི་ཙམ་དངོས་སུ་ཐོན་ཞིང་གསལ་སྣང་གཏན་པོ་བྱུང་བའི་ཚོད་དུ་སྣང་ལ། དེའི་དུས་ན་ཚོགས་པ་ཆེན་པོའི་གདན་གཅིག་པ་དག་ཞབས་དྲུང་ན་གནས་པ་ལས་དེ་མཐོང་ཞིང་། རིན་པོ་ཆེ་ཉིད་ཀྱི་གསུང་གིས། ད་ཞག་བདུན་ཕྲག་ཙམ་བསྲིངས་ན་བདག་གི་ལུས་འདི་དུད་འགྲོ་ཞིག་ཏུ་འགྲོ་བ་སྙམ་བྱེད་གསུངས། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དཔལ་ཆོས་འབྱུང་བའི་རྒྱ་མཚོ་ཆེན་པོར་དྲུག་ཅུ་བའི་གཏོར་བཟློག་མཛད་པའི་ཚེ། དབོན་པོ་བསོད་ནམས་དཔལ་ལྡན་ཞེས་པས། རྗེ་བཙུན་གྱི་ཞལ་ནས་གླང་ཆེན་གྱི་མཆེ་བ་ལས་ཀྱང་ཆེས་དཀར་བའི་ཁྲོ་བོའི་མཆེ་བ་སྐྱ་ནར་བྱུང་བ་ལན་མང་དུ་མཐོང་ཞིང་། ཁ་ཅིག་གིས་དབུའི་སྟེང་དུ་འཇམ་དཔལ་ཁྲོ་བོའི་རྭ་རྩེ་སྔོ་བསངས་པ་མཐོང་། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་ཨེའི་བཙུན་གྱི་བསྙེན་སྔགས་ཀྱིས་ཀུན་ཏུ་བསྒོ་བའི་གུ་གུལ་གྱི་དུད་སྤྲིན་ཆེན་པོས་འབྱུང་བོ་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། སླར་དེ་དག་གི་མིག་ལྟ་བ་ཙམ་ཡང་མི་བཟོད་པ་ཡིན། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་ཨེའི་མ་ཎི་ལྐོག་ཅེས་པར་གཏོར་སྐྱོང་ཆེན་པོ་ཞིག་མཛད་པའི་ཚེ་ན། ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྒྱལ་མཚན་གྱིས། རྗེ་བཙུན་གྱི་ཞལ་ལས་རྣམ་པར་གཙིགས་ཤིང་ཤིན་ཏུ་མི་བཟད་པར་རྣོ་བའི་མཆེ་བ་དམ་ཟ་བ་མཐོང་སྟེ། ཡོན་ཏན་གྱི་ཁྱད་པར་དུ་མ་གོ་ནས་དེའི་དགོང་མོ་ཁོང་རང་རྣམ་པའི་གྲྭ་ཚང་གི་མཆོད་པའི་གྲལ་ལ་དེ་རིང་གི་གཏོར་སྐྱོང་མཛད་པའི་འཕྲོས་བྱུང་བ་ན། དགེ་བའི་བཤེས་གཉེན་རྒྱལ་མཚན་གྲགས་ཀྱིས་འདི་སྐད་དུ་བསྒྲགས་ཏེ། དེ་རིང་དྲུང་མཁན་ཆེན་པོའི་གཏོར་སྐྱོང་མཛད་ལུགས་དེ་གཡས་རང་ཆུང་། གར་མཁན་པའི་མཆེ་བ་ཞལ་དུ་བཅུག་ནས་དེ་ལྟར་དུ་མཛད་པ་ཟེར། དེར་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་མིག་ཟུང་རིག་རིག་ཏུ་སོང་། ཁོང་རང་གི་གཅེན་རྟོག་གེ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དོལ་བ་རྒྱལ་བཟང་སྤྱན་ཆེས་ཆེར་མཛད་ནས། ཁོ་དེ་རིང་རྒྱལ་མཚན་གྲགས་གང་སྐད་ཟེར་བ། མཁན་ཆེན་པའི་ཞལ་ལ་ཅི་འདུག་པ་གསུངས། དེའི་ཚེ་ན་རྒྱལ་གྲགས་པའི་ཐུགས་དགོངས་ལ་ད་ནི་གཞན་གྱིས་སྐལ་བར་མ་བྱས་པའི་མིག་གི་བདུད་རྩི་དམ་པ་ཞིག་བདག་གིས་ཐོབ་བོ་སྙམ་ནས། སིམ་སྟེ་མགྲིན་པ་བསྐྱིལ་ནས་ཀུན་ཏུ་དང་བར་མཛད་པ་ཡིན་ལ། འདི་དག་ཀྱང་དེ་དུས་གྲལ་ན་འཁོད་པའི་མང་དུ་ཐོས་པ་རྫུན་དུ་མི་སྨྲ་བ་དག་གི་ཁ་ལས་ཐོས་པ་ཡིན་ནོ།། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་དཀའ་བཅུ་བ་ཀུན་དགའ་དཔལ་ལྡན་གྱི་དྲི་མ་མེད་པའི་མིག་གིས་བདག་ཉིད་ཆེན་པོ་གདོད་མ་ནས་གྲུབ་པའི་དཔའ་བོ་ཆེན་པོ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་དཔལ་གསང་བ་འདུས་པའི་ཕོ་བྲང་ལྷ་སོ་གཉིས་ཀྱི་བདག་ཉིད་ཅན་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་སྒྱུ་མ་ཆེན་པོའི་གཞལ་མེད་ཁང་ལྷ་ལྔའི་བདག་ཉིད་ཅན་དང་། ཐུགས་ཀ་ཆོས་ཀྱི་འཁོར་ལོར་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ལྷ་དགུའི་བདག་ཉིད་ཅན་དང་། ལྟེ་བ་སྤྲུལ་བའི་འཁོར་ལོར་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་དང་། གསང་གནས་བདེ་སྐྱོང་གི་འཁོར་ལོར་བུདྡྷ་ཀ་པཱ་ལ་ལྷ་ཉེར་ལྔའི་བདག་ཉིད་ཅན་དུ་བཞུགས་པ་མངོན་སུམ་དུ་མཐོང་ཞིང་། དཔལ་ངམ་རིང་གི་དཀའ་བཅུ་བ་སངས་རྒྱས་སེངྒེས་ཀྱང་རྨི་ལམ་དུ་དེ་ཁོ་ན་བཞིན་དུ་གཟིགས་པར་གྱུར་སྣང་ལ། བདག་ཅག་རིག་པའི་རབ་རིབ་ཀྱིས་འཕྲོགས་པའི་མིག་གིས་མངོན་སུམ་དུ་མ་གྱུར་པར་ཟད་མོད། རྗེ་བཙུན་དམ་པའི་སྐུ་མི་ཟད་པའི་རྒྱན་གྱི་འཁོར་ལོ་དུས་རྟག་ཏུ་དེ་ཁོ་ན་བཞིན་དུ་བཞུགས་པར་སེམས་སོ།། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་སྐབས་ཤིག་གི་ཚེ་ཤེལ་དཀར་དུ་བོ་དོང་སྒྲུབ་པ་བོ་ལ་འུ་ཅག་གི་རྐང་བ་འདི་ཕུར་གསུངས། དེ་ལྟར་དུ་བྱེད་པ་ན་རིན་པོ་ཆེའི་གསུང་གིས། རྒྱུ་ཁུགས་འདི་ན་མཁའ་འགྲོ་ཞིག་བཞུགས་ཀྱི་ཡོད་པས། ༀ་མ་ཧཱ་བཱིརྱ་ཧཱུཾ་ཕཊ། ཅེས་བསྒྲགས་པས་བསྙེན་པ་བྱེད་པ་དང་བསྟུན་ནས་བྱེད་པ་གྱིས་གསུངས། དེ་ལྟར་སྐུ་ལྷ་ཞལ་ཕྱག་གི་རྣམ་པར་བཞེངས་ནས། གསུང་བཟླས་པའི་རྣལ་འབྱོར་གྱི་ནུས་པ་ཕུལ་དུ་གྱུར་པ་ནི། ཤེལ་དཀར་དུ་ཏའི་སི་ཏུ་ལྷ་བཙན་པ་ལ་ཚེ་དབང་མཛད་པའི་བསྙེན་པའི་སྐབས་སུ། དགུན་གྱི་དུས་ཤིན་ཏུ་གྲང་བ་ཡིན་ཡང་། དབང་གི་བུམ་པ་དེའི་ནང་དུ་སྔོ་ལྗང་སེར་ལོ་འདབ་རྣམ་པར་བཀྲ་བ་དང་བཅས་པའི་སྡོང་བུ་ཞིག་ལ་མངོན་པར་ཁ་བྱེ་བའི་མེ་ཏོག་མཐིང་ག་ཆུང་ངུ་ཞིག་བཞད་པའི་དཔལ་དུ་བྱེད་པར་གྱུར་པ་ན། སྐུ་དྲུང་ན་ཡོད་པ་ཐམས་ཅད་ཀྱིས་མེ་ཏོག་དེ་ལ་སུས་ཐོབ་བྱེད་པ་དཔལ་བླ་འཁོར་རིན་པོ་ཆེས་མངོན་སུམ་དུ་གཟིགས་པར་གྱུར་ཏེ། བདག་གི་རྟོག་པ་ལ་སི་ཏུ་བ་འདི་མི་ཆེན་ཐམས་ཅད་ཀྱི་ནང་ནས་ཚེའི་རྩེ་མོར་འཛེགས་ཤིང་སྐུ་ནད་ཀྱིས་མི་བརྫི་བ་འདི། གང་དུ་བརྗོད་པའི་དབང་བསྐུར་པ་འདི་དག་གི་བྱིན་རླབས་དང་རྟེན་འབྲེལ་ཆེན་པོ་བླ་ན་མེད་པ་འགྲིག་པར་སེམས་སོ།། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་རེ་ཞིག་གི་ཚེ་ན་མངའ་བདག་གཅེ་ནེ་བ་ལ། བོད་རྫོགས་ཇོ་བོ་མཆེད་གསུམ་བྱ་བ་སྔོན་པཎྜི་ཏ་མཆེད་གསུམ་བོད་དུ་འགྲོ་བར་ཆས་པ་ལ། དེར་ལས་ཀྱི་དབང་གིས་འབྱུང་བོས་བར་ཆད་བྱས་ནས་ཚེའི་མཐར་གྱུར་ཏེ། མི་མ་ཡིན་མཐུ་ཆེན་པོ་དག་ཏུ་སྐྱེས་པའི་གདུག་རྩུབ་ཤིན་ཏུ་ཆེ་བ་ཞིག་ཡོང་བར་སྣང་བ་ལས། དེས་ཁོང་བ་ལ་གནོད་པ་བསྐྱལ་ནས་སྙིང་རླུང་ལངས་ཏེ། འབྱུང་བོ་དེ་དག་གིས་ཁྲིད་པ་ལ་སོགས་པའི་སྣང་བ་བྱུང་། རེས་ཟ་མ་གང་ཡང་མགྲིན་པར་མི་འགྲོ། རེས་སུས་ཀྱང་མི་ཐུབ་པའི་ཤེད་སྟོབས་ཆེན་པོས་ལས་སུ་མི་རུང་བ་བགྱིད་ཅིང་། དེ་ལྟར་ན་བར་ཆད་ཀྱི་དབང་དུ་སོང་ནས་སོས་པར་རེ་བ་བོར་བ་ཞིག་ལ་བྱིན་རླབས་ཞུ་བའི་སླད་དུ་རྗེ་བཙུན་སྤྱན་དྲངས། ཕེབས་ནས་ཁོང་བའི་སྙིང་གར་ཞབས་གཡས་པ་བཞག་ནས། དྲག་པོའི་ལྟ་སྟངས་ཀྱིས་གཟིགས་ཤིང་། ཏིང་ངེ་འཛིན་གྱིས་གཟིར་བས། དེ་འཕྲལ་དུ་རང་ཞི་ལ་ནད་ལས་ཐར་པས་ལྷག་པར་གུས་པ་བྱེད་ཅིང་དགེ་བསྙེན་གྱི་སྡོམ་པ་ནོད་ནས་ངུར་སྨྲིག་གི་རྒྱལ་མཚན་དག་ཀྱང་བླངས་སོ།། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་རིན་པོ་ཆེ་བླ་འཁོར་བའི་དྲུང་ནས་སྐུ་ཁམས་ཤིན་ཏུ་བསྙུངས་ཏེ། སྲོག་གི་བར་ཆད་དུ་འགྱུར་དུ་དོགས་པ་ན། རྗེ་གྲུབ་ཐོབ་ཆེན་པོས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། དྲུག་ཅུ་བའི་གཏོར་བཟློག་མཛད་པས། དེ་མ་ཐག་ཏུ་འབྱུང་བོའི་ཆོ་འཕྲུལ་ཐམས་ཅད་ཞི་ནས། སྙུང་བ་ལས་གྲོལ་ཅིང་། གཞན་ཡང་དྲུག་ཅུ་བ་མཛད་པའི་དུས་སུ་མཐུ་སྟོབས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་ནོ།། བདག་ཅག་གིས་ལན་འགར་མཐོང་བ་ན་ཡང་སྔོན་གྱི་ཞལ་རས་ཀྱིས་ཁ་དོག་གནས་གྱུར་ཏེ། ཁ་ཅིག་ཏུ་མཐིང་ག་དང་། ལ་ལར་པདྨ་རཱ་ག་ལྟ་བུའི་མདངས་མཆོག་ཏུ་མངོན་པར་མཐོང་ཞིང་ཚུལ་དེ་ལྟར་བཞུགས་པ་ན། སྐུའི་བཀོད་པ་གསུང་གི་བཟླས་བརྗོད་ལ་སོགས་པའི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པ་མཐོང་བར་གྱུར་པ་ན་འཇམ་དཔལ་དྲག་པོ་དངོས་སུ་བདག་ཅག་གི་མིག་གི་བདུད་རྩིར་ཐོབ་བོ་སྙམ་པའི་སྣང་བ་འབྱུང་བ་ཡིན་ནོ།། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་སྐྱིད་གྲོང་དུ་བཞུགས་པའི་དུས་བྱང་སྟག་ལུང་ནས་ཆོས་རྗེ་རིན་པོ་ཆེ་ངག་དབང་གྲགས་པའི་ཞལ་སྔ་ནས་ཀྱི་སྐུ་རིམ་གྱི་དྲུག་ཅུ་བ་ཞུ་མི་བྱུང་། དེ་ལ་ཐུགས་མཆོག་ཏུ་གཞོལ་བས་དང་ངོས་ཆེན་པོ་མཛད། སྔོན་ས་སྐྱ་པཎྜི་ཏ་ཆེན་པོས་མུ་སྟེགས་འཕྲོག་བྱེད་དང་རྩོད་པ་མཛད་པའི་ཚེ་བཞུགས་ས་མཛད་པའི་དཔལ་གནས་དབུ་རྩེ་ཞེས་པའི་མཆོད་ཁང་ཞིག་གི་བར་ཁང་དུ། སང་དྲུག་ཅུ་བ་མཛད་རྒྱུའི་དོ་ནུབ་དེར་བོ་དོང་སྒྲུབ་པ་བོའི་མིག་ཡུལ་དུ། རྗེ་རིན་པོ་ཆེའི་སྐུ་མདུན་ན། བོང་བུ་ཆེན་པོ་རྒྱབ་བརྒལ་བས་ཁྱེར་བ་ནས་རྣག་གི་རྒྱུན་འབབ་པས་ཤིན་ཏུ་རིད་པ་གཉིས། གཅིག་གིས་གཅིག་ལ་ལྟ་ཞིང་མིག་ནས་མཆི་མའི་རྒྱུན་འཛག་པ་ཉམ་ཐག་པར་གནས་ཤིང་། རིན་པོ་ཆེ་བཞུགས་ཁྲིའི་སྟེང་ནས་དྲག་པོའི་ལྟ་སྟངས་མཛད་ནས་བཞུགས་པ་མཐོང་། དེའི་དྲུག་ཅུ་བ་ཚར་གསུམ་མཛད་ཟིལ་ཆེན་པོ་བྱུང་གྲོལ་ནས་རྗེའི་གསུང་གིས་ད་དཔལ་ཀ་དྲུག་པ་ཁམས་དྭངས་ཡོད་གསུངས། རྗེས་སུ་སྟག་ལུང་གི་སྐད་ཆ་ཚོར་བ་ལ་དཔགས་ན། དེ་ནས་སྐུ་ཁམས་ལེགས་པར་དྭངས་པའི་མགོ་བལྟས་ནས། དེང་ནི་སྙུང་གི་དྲི་མ་མཐའ་དག་རྒྱང་དུ་བསྲིངས་ཞེས་ཐོས་ཏེ། རྗེ་བཙུན་གྱི་ཞལ་སྔ་ནས་ལུང་བསྟན་པ་ཁོ་ན་བཞིན་བྱུང་ངོ་།། ཁོ་བོ་བཅད་ལུང་གི་ནང་ན་ལམ་དུ་ཞུགས་ཏེ་རྟ་ཐོག་ན་གནས་པས། ཏོག་ཏོག་གི་ཐང་དེ་ན་ཡར་སླེབ་དུས་ཡེ་ཤེས་ཆེན་པོའི་ཟིལ་ཆེན་པོ་གཅིག་བྱུང་། དེའི་མདུན་རྗེ་བཙུན་མཐུ་སྟོབས་ཀྱི་མགོན་པོ་བིར་ཝ་བ་སྐུ་བོངས་མི་ཉིས་འགྱུར་ཙམ་པ་སྐུ་མདོག་དམར་ནག་གཟི་བྱིན་ཤིན་ཏུ་ཆེ་བ་མེ་ཏོག་གི་ཕྲེང་བ་དང་སྦྲུལ་ཆེན་པོས་བརྒྱན་པ་ཞིག་བཞུགས་འདུག རྟ་ལས་བབས་ཏེ་ཕྱག་གུས་པར་བཙལ་རྗེས་སུ་འཛིན་པར་ཞུས་པས། ཁྱོད་ཀྱིས་ལམ་འབྲས་ཐོབ་བམ་གསུངས། ཐུགས་ཚམ་ཚོམ་པའི་ངོས་ནས་མ་ཐོབ་ཟེར་བ་ཞིག་ཡིད་ལ་མེད་ཞུས། དེ་ནས་རྩ་བ་རྡོ་རྗེའི་ཚིག་རྐང་ཚར་གཅིག་གནང་། གྲུབ་མ་ཐག་ལ་ནུབ་བྱང་གི་ཕྱོགས་ལ་གཤེགས་སོ།། ཁོ་བོས་ཀྱང་རྗེས་སུ་འབྲངས་ནས་སླད་ཀྱིས་ཕྱི་བཞིན་དུ་སོང་བ་ལས། དགེ་སྡིངས་ཀྱི་དགོན་པར་བཞུད། བདག་གིས་ཀྱང་འོངས་པ་ལས་དེའི་ལྷ་ཁང་གི་ནང་དུ་གཤེགས། རྗེ་བཙུན་ཉིད་ཀྱི་སྐུ་རི་མོར་བྲིས་པ་དེ་ལ་ཐིམ་སོང་གསུངས། ཞེས་པ་དང་།
བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཡང་ཉིན་ཞིག་གི་ཚེ་ཀ་དྲུག་མའི་སྟེང་དུ་མགོན་པོའི་སྤྲུལ་བ་ཡིན་པའི་མི་ནག་པོ་མཚན་དཔེས་བརྒྱན་པ་གཅིག་གིས་མེ་ཆེན་པོ་སྦར་ནས་འུ་ཅག་གིས་གོས་ཐམས་ཅད་བསྲེགས་ཤིང་། མེ་སྟོབས་རྒྱས་ནས་ཁང་བ་འདི་ཡང་ཚིག་པ་སྙམ་པ་བྱུང་། དེའི་ངག་གིས་རྗེ་བཙུན་རིན་པོ་ཆེ་བསུ་བ་ལ་བྱོན་པའི་གང་ཟག་མང་བོ་ནི་མྱ་ངན་གྱིས་ནོན་གདའོ་ཟེར། སླར་ཡང་རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྤྲུལ་བ་མི་དཀར་བོ་ཞིག་མདུན་དུ་བྱོན་ནས་སྤྱན་ཆབ་མང་བོ་བསིལ། ད་ནི་སེམས་ཅན་ཐམས་ཅད་ཀྱི་རེ་ལྟོས་ཁྱོད་ལ་བཅོལ་ལོ་གསུངས་ནས་ནམ་མཁར་ཡལ་གསུངས། ཞེས་པ་དང་།
གོང་དུ་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པའི་ལོ་རྒྱུས་ཉུང་ཤས་ཤིག་འདིར་དྲངས་པ་ནི། ཕལ་བའི་བློ་ཡུལ་ལས་འདས་པའི་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་དག་ས་བཅད་མ་སྟོངས་པ་ཙམ་ཡིན་ནོ།།

སོ་གཅིག་པ། བོ་དོང་པཎ་ཆེན་འདའ་ཁའི་ཞལ་འདོན།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་སྐུ་མྱ་ངན་ལས་འདའ་ཁར་ཞལ་འདོན་དུ་གནང་བའི་ཚིགས་བཅད་མ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། དེ་ནས་མྱ་ངན་ལ་མྱུར་དུ་འདའ་བར་ཉེ་བ་ན། ཉིན་གཅིག་གཟིམ་ཆུང་དཔལ་འཛོམས་སུ་གཟིམ་མལ་ལ་བརྟེན་པའི་ངང་ནས། སྐུ་ཤེད་མེད་ཀྱང་སྐུ་ལུས་ཀྱི་གར་གྱི་རྣམ་འགྱུར་ཆེས་ཁྱད་པར་བྱས་པ་དུ་མ་མཛད་ཅིང་།
ཞལ་ལས།
གཅིག་གི་དང་བོར་དགུ་དབུས་ན།།
གང་ཞིག་བཅུ་ཡིས་མ་བཅིངས་པ།།
དེ་ནི་བཅིངས་མེད་ཅེས་བྱ་སྟེ།།
དེ་མཁྱེན་པས་ནི་མཆོག་མཁྱེན་ནོ།།
ཞེས་གདངས་དང་བཅས་ནས་ཡང་དང་ཡང་དུ་བསྐྱར་གྱིན་གསུངས་སོ།། ཞེས་གསལ་ལོ།། ཚིགས་སུ་བཅད་པ་འདི་ནི། འདིར་བཀོད་དོན་ཚིགས་བཅད་འདིའི་ནང་གི་གསང་བ་ལ་དོན་སྣང་ཡོང་ཆེད་དུ་ཡིན་ནོ།།

སོ་གཉིས་པ། བོ་དོང་པཎ་ཆེན་སྤྲུལ་སྐུ་ཞིག་ཡིན་པའི་ལྟ་ཚུལ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་སྤྲུལ་སྐུ་ཞིག་ཡིན་པའི་ལྟ་ཚུལ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་བོ་འཕགས་པ་རིན་པོ་ཆེའི་སྐུ་སྐྱེ་ཡིན་ཞེས་ངེས་པར་གསུངས་ལ། དྭགས་པོ་བཀའ་བརྒྱུད་པ་མང་དག་གི་ཞལ་ལས་སྒྲོག་པ་ལ་ནི། མཉམ་མེད་ཡང་དགོན་པ་ཆེན་པོ་ལ་མཆོག་ཏུ་མོས་པར་མཛད་པ་སོགས་དུ་མའི་སྒོ་ནས་སྤྱན་སྔ་རིན་ཆེན་ལྡན་གྱི་སྐུའི་སྐྱེ་བ་ཉིད་དོ་ཞེས་འབོད་པར་ཡང་བྱེད་ལ། ཞེས་གསལ་བ་ལྟར་རོ།།

སོ་གསུམ་པ། བོ་དོང་པཎ་ཆེན་ལོ་ཙཱ་བ་ཞིག་ཡིན་ཚུལ།

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་རྗེ་འཇིགས་མེད་གྲགས་པ་ལོ་ཙཱ་བ་ཞིག་ཡིན་པ་ནི། བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྔགས་རིང་འདི་བོད་དུ་འགྱུར་བ་ཞིག་བྱུང་ན་སྙམ། རྒྱ་གར་ལྷོ་ཕྱོགས་ཀྱི་པཎྜི་ཏ་ཤ་རི་པཱུ་ཏྲ་ལ་སྒྱུར་པར་ཞུས་པས་ཀྱང་མ་བསྒྱུར། རྗེས་སུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཔལ་ནགས་ཀྱི་རིན་ཆེན་ལ་སྒྱུར་པར་ཞུས་པས་ཀྱང་མ་འགྱུར་བྱུང་བ། དྲུང་བ་ལོ་ཆེན་བསམ་གྱིས་མི་ཁྱབ་པ་ཡིན་པས། འདི་ལ་འགྱུར་ཞིག་མཛད་དགོས་ཞུས་པས། རྗེ་བཙུན་གྱི་གསུང་གིས་དེ་བསྒྱུར་བས་ཆོག་ལེགས། དེ་ལ་དེ་ཙམ་གྱི་ངལ་བ་མི་དགོས་གསུངས། གསོལ་བྱའི་གྲལ་དེ་ཉིད་དུ་འགྱུར་མཛད་པས། ཇ་ཡུན་གཉིས་ཙམ་གྱི་བར་དུ་ལེགས་པར་གྲུབ་སྟེ། ཞེས་གསུངས་པ་འདིས་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པ་ལགས་ནི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞིག་ཡིན་པ་ཡང་གསལ་བོར་བྱས་ཡོད་དོ།།

སོ་བཞི་བ། བོ་དོང་གསུང་འབུམ་ལག་བྲིས་མར་ཁ་གསབ་བྱས་པའི་སྐོར།

བོ་དོང་གི་གསུང་འབུམ་ལག་བྲིས་གློག་པར་མ་དེ་ཉིད། ང་ཚོས་བསྒྲིགས་ནས་མཇུག་རྫོགས་ལ་ཉེ་བའི་དུས་སུ། སྐྱབས་རྗེ་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་པོད་ལྔ་མཁོ་སྤྲོད་གནང་བའི་དཀར་ཆག་འདི་ལྟར། སྨན་དཔྱད་བདུད་རྩིའི་བུམ་བཟང་་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བའི་དཀའ་བའི་གནས་བཤད་པ་ལུང་གི་སྙེ་མ་བྲིས་མ་ལས་ཁ་མི་ཚང་ཁ་བསྐངས། དབུ་ཤོག་གཅིག་ཆད་པའི་བོ་དོང་རྣམ་ཐར་ངོ་མཚར་རྒྱ་མཚོ་ཞེས་པ་ཁྲི་རྐང་མ་ཤོག་བུ་གྱ་བཞིའི་བདག་ཉིད་ཅན། འདིའི་རྩོམ་པ་བོ་ནི། ཀུ་སུ་ལུ་པ་མི་བསྐྱོད་རྡོ་རྗེ། རྡོ་རྗེ་ལུས་ཀྱི་སྦས་བཤད་རིན་ཆེན་སྙིང་བོ་ཞེས་བྱ་བའི་ཤོག་བུ་ཉི་ཤུའི་ཅན་ཞིག འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་མཁྱེན་བརྩེའི་དབང་ཕྱུག་རྡོ་རྗེ་འཆང་ཆོས་ཀྱི་རྒྱལ་མཚན་ཞེས་སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཆེན་པོ་གང་དེའི་བཀའ་འབུམ་ཐོར་བུ་ཞེས་བྱ་བར་ལྡེབ་མ ༦༩༩ ཅན། པོད་འདིའི་དཀར་ཆག་ནི།དང་བོ་ནི། ཨོཾ་གྱི་ཚོམས་ལ། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་བུང་བའི་སྒྲ་དབྱངས། རྣལ་འབྱོར་དབང་ཕྱུག་བི་རཱུ་བའི་བསྟོད་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་རིན་པོ་ཆེའི་ཕྲེང་བ། ལོ་ཆེན་གྲགས་པ་རྒྱལ་མཚན་ལ་བསྟོད་པ་དད་པའི་མེ་ཏོག རྗེ་བཙུན་རེད་མདའ་བའི་བསྟོད་པ་འདོད་པ་འཇོ་བ། རྗེ་བླ་མ་ལ་ཆེད་དུ་བསྟོད་པ་བཞུགས་སོ།།ལམ་འབྲས་ཕྱག་མཆོད་ཀྱི་ཞབས་སུ་འཛུད་རྒྱུའི་དཔལ་ལྡན་བླ་མ་དམ་པ་དང་དཔང་ལོ་ཡབ་སྲས་ཀྱི་བསྟོད་པ། རྗེ་བཙུན་ཉིད་ཀྱི་རྒྱུན་གྱི་ཐུགས་དམ་དུ་མཛད་པའི་བསྟོད་དབྱངས་ཀྱི་ཕྲེང་བ་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། རྒྱལ་བའི་བསྟན་པ་འཛིན་པའི་རྒྱ་བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ལ་བསྔགས་པའི་སྐོར་ཏེ་རིམ་པར་ཕྱེ་བ་དང་བོའོ།།

གཉིས་པ་ནི། ཨཱ་ཡི་ཚོམས་ལ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེས་རབས་ཀྱི་སྒོ་ནས་བསྟོད་པ་རིན་པོ་ཆེའི་ཕྲེང་བ། མཚུངས་པ་མ་མཆིས་པར་བསྟོད་པ། བདེན་པ་གཉིས་ཀྱི་སྒོ་ནས་བསྟོད་པ། སྦྱིན་པའི་སྤྱོད་ཚུལ་གྱི་སྒོ་ནས་བསྟོད་པ་དད་པའི་རྦ་རླབས། སངས་རྒྱས་ཀླུ་དབང་རྒྱལ་བོའི་བསྟོད་པ་ཀླུ་སྒྲུབ་ལུགས་སུ་བསྒྲུབས་པ། རྒྱལ་བ་མི་ཕམ་པ་ལ་བསྟོད་པ་ཇོ་སྟོན་པ་རྡོ་རྗེ་སེངྒེས་བསྐུལ་བ་དང་། གློ་བོའི་བྱམས་ཆེན་ལ་བསྟོད་པ་བོ་བསྟོད། ངམ་རིང་བྱམས་ཆེན་འགྲུབ་པར་འགྱུར་བའི་བསྟོད་པ་སྨོན་ལམ་དང་བཅས་པ་དངོས་གྲུབ་སྙེ་མ། ཁྲོ་ཕུ་བྱམས་ཆེན་ལ་བསྟོད་པ་དད་པའི་རྦ་རླབས། བསྟོད་པ་འཆི་བླུ་མ་དང་། བྱ་རྒྱུད་ཀྱི་བྱམས་པ་ལ་བསྟོད་པ། འཇམ་དབྱངས་དཀར་བོའི་བསྟོད་པ་དོན་རྒྱན་གྱི་སྙེ་མ་དང་། འཇམ་དབྱངས་དམར་སེར་གྱི་བསྟོད་པ་ཆོས་རྗེ་མཁས་གྲུབ་པས་བསྐུལ་བ། འཇམ་དབྱངས་སྨྲ་སེང་གི་བསྟོད་པ། འཇམ་དཀར་ཨ་ར་པ་ཙ་ནའི་བསྟོད་པ། བྱ་རྒྱུད་ཀྱི་འཇམ་དབྱངས་ཀྱི་བསྟོད་པ། སྤྱན་རས་གཟིགས་སེངྒེའི་སྒྲས་ཞལ་གཟིགས་ཤིང་དུག་གི་བསྙུན་ལས་གྲོལ་བའི་དུས་སུ་དེའི་ཉམས་དང་སྦྱར་བའི་བསྟོད་པ་པདྨ་དཀར་བོའི་ཕྲེང་བ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་སྙིང་རྗེའི་རྒྱང་འབོད། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་མ་ལ་བསྟོད་པ། མི་གཡོ་དཀར་བོ་ཞལ་གཟིགས་དུས་གནས་གཙང་མའི་ལྷ་རྣམས་ཀྱིས་བསྐུལ་ནས་དེའི་བཀོད་པ་དང་སྦྱར་བའི་བསྟོད་པ་མེ་ཏོག་གི་ཆུན་འཕྱང་། མི་གཡོ་སྔོན་པོ་ལ་བསྟོད་པ་ཚིག་དོན་དངོས་གྲུབ་ཀྱི་སྙེ་མ། མི་ཕམ་གཡག་དང་རྩོད་པ་མཛད་དུས་སུ་བསྟོད་པ་ཞལ་གཟིགས་མ། གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ། སྒྲོལ་དཀར་གྱི་བསྟོད་པ། སེང་ལྡན་ནགས་སྒྲོལ་གྱི་བསྟོད་པ། ཕག་དཀར་གྱི་བསྟོད་པ་ཀ་མད་དང་མཐུན་པ། དབྱངས་ཅན་མའི་བསྟོད་པ་པདྨ་དཀར་བོའི་ཕྲེང་བ། དབྱངས་ཅན་གྱི་མགུལ་རྒྱན། རྒྱན་གྱི་ཕྲེང་བ། མེ་ཏོག་གི་ཆུན་པོ། བུང་བའི་གླུ་དབྱངས། གུར་མགོན་གྱི་བསྟོད་པ་ལྷ་ཆེན་དགྱེས་བྱེད་ཆེ་འབྲིང་ཆུང་གསུམ། རྣམ་སྲས་ཀྱི་བསྟོད་པ་རིན་ཆེན་ཕྲེང་བ་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད་པའི་སྐོར་ཏེ་རིམ་པར་ཕྱེ་བ་གཉིས་པའོ།།

གསུམ་པ་ནི། ཨཱི་ཡི་ཚོམས་ལ། རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ལ་བསྟོད་པའི་རིམ་པ་འདོད་པ་འཇོ་བ་དངོས་གྲུབ་ཀྱི་སྙེ་མ་སྟེ། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། ཡི་དམ་གྱི་ལྷ་རྣམས་ལ་སོ་སོའི་མངོན་རྟོགས་དང་མཐུན་པར་བསྟོད་པའི་སྐོར་ཏེ་རིམ་པར་ཕྱེ་བ་གསུམ་པའོ།།

བཞི་བ་ནི། ཨཱུ་ཡི་ཚོམས་ལ། ཨེ་ཆོས་འབྱུང་བས་རྒྱ་མཚོ་མཁས་པའི་ངང་བ་ཅན་ལ་བསྟོད་པ་ཕྱོགས་ཀྱི་མཛེས་མའི་རྣ་རྒྱན། དཔལ་གསུང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་ལ་བསྟོད་པ་རྒྱ་མཚོའི་རྦ་རླབས། ཕོ་བྲང་ཆེན་པོ་སྣེ་གདོང་ལ་བསྔགས་པ་ངང་བ་རྣམ་པར་རྒྱལ་བའི་སྒྲ་དབྱངས་ཀྱིས་འཇུག་པ། སི་ཏུ་རབ་བརྟན་ཀུན་བཟང་འཕགས་ཀྱི་ཕུན་ཚོགས་དང་ཉེ་བའི་ཕུན་ཚོགས་ཀྱི་དཀར་ཆག་སྐྱེ་དགུ་མཛེས་པར་བྱེད་པའི་མགུལ་རྒྱན། ཏའི་སུ་ཏུ་ལྷ་བཙན་སྐྱབས་ཀྱི་འགྲེལ་ཆུང་དོན་གསལ་དཔར་དུ་སྒྲུབ་པའི་དཀར་ཆག་གི་ཚིགས་སུ་བཅད་པ་སྟེ། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས་ཆོས་ཀྱི་གྲྭ་ས་ཆེན་པོ་དང་ཕོ་བྲང་རྣམས་ལ་བསྔགས་པ་རྒྱལ་བའི་གསུང་རབ་བཞེངས་པའི་དཀར་ཆག་གི་ཚིགས་སུ་བཅད་པ་སོགས་ཏེ་རིམ་པར་ཕྱེ་བ་བཞི་བའོ།།

ལྔ་བ་ནི། རཱྀ་ཡི་ཚོམས་ལ། སྤྱན་སྔ་བསོད་ནམས་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག གོང་མ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག སླར་ཡང་དེ་ཉིད་ལ་ཕུལ་བ་ཀ་མད་སུམ་ཅུ་དང་བསྟུན་པ། ཆོས་ཀྱི་རྒྱལ་བོ་གྲགས་པ་འབྱུང་གནས་ལ་ཕུལ་བའི་ཞུ་ཡིག བླ་མ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་ཕུལ་བའི་ཞུ་འཕྲིན་ཆེ་བ་གཉིས་དང་ཆུང་བ་གཅིག སྟག་ལུང་ཐང་བ་ཆེན་པོ་དཔལ་ངག་དབང་གྲགས་པ་ལ་གནང་བའི་བཀའ་ཤོག ཐེལ་མཁན་ཆེན་པ་ཞལ་སྔ་ནས་ཀུན་རྒྱལ་བ་ལ་གནང་བའི་བཀའ་ཤོག ཚོགས་ཆེན་པའི་མཁན་ཆེན་དོན་གྲུབ་དཔལ་འབྱོར་ལ་སྤྲིངས་པ། བོ་དོང་མཁན་ཆེན་འཇིགས་མེད་གྲགས་པ་ལ་གདམས་པའི་བཀའ་ཤོག བཤེས་གཉེན་དོལ་བོ་བ་ལ་གདམས་པའི་བཀའ་ཤོག ཧ་སྲུ་བླ་མ་ལ་གདམས་པའི་བཀའ་ཤོག གམ་པ་སློབ་དཔོན་པ་ལ་གདམས་པའི་བཀའ་ཤོག འཕོ་བ་འཆི་བླུ་མ། ཡར་ཀླུང་བཙན་པོ་ཇོ་བོ་ཆོས་རྗེ་ལ་གནང་བ། རིག་སྔགས་འཆང་ཆེན་པོ་བདག་ཆེན་རྣམ་རྒྱལ་གྲགས་པ་ལ་གནང་བའི་སྤྲིངས་ཡིག་གི་སྐོར་ལ་རབ་བརྗིད་མ། སླར་ཡང་དེ་ཉིད་ལ་གནང་བ་ཕྱོགས་ལས་མ། ཀ་མད་ལས་བརྩམས་པ། དངུལ་དཀར་མེ་ལོང་མ། སྤྲིན་གྱི་ཕོ་ཉ། མི་དབང་མ། ཡང་མི་དབང་ཆེན་པོའི་དྲུང་དུ་ཞུས་པའི་བཀའ་ཤོག་གཅིག བདག་ཆེན་གྱིས་ཚུལ་ཕུལ་བ་བསོད་ནམས་མ་དང་དེའི་ལན་ཡིད་འཕྲོག་མ། ཚོགས་གཉིས་མ། མཛེས་སྐུ་མ། ལྷ་དབང་མ། རབ་ཡངས་མ་རྣམས་དང་། ཡར་འབྲོག་དམག་དཔོན་ཨ་མོ་གྷ་སིད་དྷི་ལ་བསྩལ་པའི་བཀའ་ཤོག་སྐོར་ལ། ཐོག་མར་གནང་བ་གླིང་གཞི་མ། ཡ་རབས་མ། རྒྱ་མཁར་རྩེའི་ཕེབས་ལམ་ནས་གནང་བ་ཡར་འབྲོག་མ། ཕུན་ཚོགས་མ། ཤེས་བྱ་མ། ཆོས་རྒྱུད་མ། ཧྱེེ་ཏུ་ཀུན་དགའ་རྒྱལ་མཚན་མཆེད་དང་བཅས་པ་ལ་གནང་བའི་བཀའ་ཤོག བསོད་ནམས་མ་དང་། དཔག་བསམ་མ། ཡང་མཆེད་དང་བཅས་པ་ལ་ཤིས་པ་བརྗོད་པ་རྣམས་དང་། མང་སྲོང་བཙན་ལ་གནང་བའི་བཀའ་ཤོག བོ་དོང་ཨེའི་དགེ་འདུན་རྒྱ་མཚོ་ལ་གནང་བའི་སྤྲིངས་ཡིག་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཞལ་སློབ་བསྟན་པའི་སྦྱིན་བདག་དྲག་ཞན་ལ་གནང་བའི་བཀའ་ཤོག་སྤྲིངས་ཡིག་གི་སྐོར་ཏེ་རིམ་པར་ཕྱེ་བ་ལྔ་བའོ།།༼ཚོམས་འདི་མ་ཡིག་ལས་ཆ་ཚང་ཆད༽

དྲུག་པ་ནི། ལཱྀ་ཡི་ཚོམས་ལ། སྟག་ལུང་ཐང་བ་ཆེན་པོ་ལ་དཔལ་ངག་དབང་གྲགས་པའི་དྲི་བ་ལན་དང་བཅས་པ། མཁས་གྲུབ་དཔོན་པོ་ཆོས་ཀྱི་རྒྱལ་མཚན་གྱི་དྲི་བ་ལན་དང་བཅས་པ། ཆོས་རྗེ་རོང་ཆུང་ཤེས་རབ་དཔལ་བའི་དྲིས་ལན། དུས་ཀྱི་འཁོར་ལོའི་མངོན་དཀྱིལ་གྱི་དྲིས་ལན་རིན་ཆེན་ཕྲེང་བ། སྒྲུབ་པ་བོ་ནམ་མཁའ་བཟང་བོའི་དྲིས་ལན། ཡར་འབྲོག་ཁྲི་དཔོན་ནམ་མཁའ་བཟང་བོའི་དྲིས་ལན་བརྒལ་བ་བཅུ་གཉིས་མ། ལམ་རིམ་བདུད་རྩིའི་ཐིགས་པ། དཔལ་ངག་དབང་གྲགས་པ་ལ་བསྩལ་པ་ཟབ་ལམ་ཆོས་ཀྱི་སྡོམ་བཞི་ཞེས་པ་ཆོས་རྫོངས་ཞལ་བཀོས་སུ་གནང་བ། ས་མཐའ་དག་གི་དབང་ཕྱུག་གྲགས་པའི་མཚན་ཅན་ལ་གདམས་པའི་ཞུ་ཡིག་རྒྱལ་བོ་ལ་གཏམ་དུ་བྱ་བ། བོ་དོང་བའི་བཤེས་གཉེན་ཉི་མ་སེངྒེ་ལ་གདམས་པ་ཉི་མའི་སྤྲིངས་ཡིག་ཐོག་མཐའ་བར་གསུམ། བླ་མ་དཀོན་ཡེ་ཤེས་ལ་གདམས་པ། ལ་ཕྱི་བ་ཆེན་པོ་ནམ་མཁའ་རྒྱལ་མཚན་ལ་གདམས་པ་ཟབ་མོ་གསང་བའི་ཉེ་ལམ་དང་། ཡར་འབྲོག་དམག་དཔོན་ནམ་མཁའ་བཟང་བོ་ལ་ཐོག་མའི་སྐྱེས་སུ་གནང་བ་ཟབ་མོ་གསང་བའི་ཉེ་ལམ། དབེན་གནས་དཔལ་མོ་ཆོས་སྡིངས་ཀྱི་བཅའ་ཁྲིམས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། ཕྱོགས་ཀྱི་ཞལ་སློབ་རྣམས་ཀྱི་དྲིས་ལན་དང་ཞལ་གདམས་ཀྱི་སྐོར་ཏེ་རིམ་པར་ཕྱེ་བ་དྲུག་པའོ།།
བདུན་པ་ནི། ཨཻ་ཡི་ཚོམས་ལ། བླ་མ་བསྟེན་ཚུལ་གསུང་མཚན་མ་བླ་མའི་རྣལ་འབྱོར་སྒོམ་པའི་མན་ངག་དངོས་གྲུབ་ཀྱི་འབྱུང་གནས། བློ་སྦྱོང་གི་ཁྲིད། དབུ་མ་ལྟ་བའི་ཁྲིད། རྣལ་འབྱོར་བཞིའི་རིམ་པ། ཟབ་གསལ་གྱི་ལྟ་ཁྲིད། གསང་འདུས་རིམ་ལྔའི་ཁྲིད། བླ་མ་རྡོ་རྗེ་འཆང་དབང་མ་ཞེས་པའི་གསོལ་འདེབས་རིམ་ལྔ་དང་སྦྱར་བ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཐུགས་རྗེ་ཆེན་པོའི་དམར་ཁྲིད། གཅོད་ཀྱི་ཉམས་ལེན་མདོར་བསྡུས། སྦས་དོན་གྱི་གདམས་པ་ཉེར་མཁོ། སྦས་དོན་གྱི་ཁྲིད་ཐོབ་པས་བླ་མེད་ཀྱི་ཁྲིད་ཐམས་ཅད་ཐོབ་ཚུལ། གདམས་པ་སྒོ་བཞིའི་ཟུར་འདེབས་དང་བླ་མའི་གདུང་མཆོད་འབུལ་ཚུལ་དྭངས་མའི་བཤད་པ། ཡང་དག་ལྷན་ཅིག་དང་འཕོ་བའི་མན་ངག བར་དོའི་ཆོས་བཤད། གསང་འདུས་ལ་བསྟེན་པའི་ཚེ་ཁྲིད་ཟབ་པ་བཞི་ལྡན་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྲིད་རིམ་སྐོར་ཏེ་རིམ་པར་ཕྱེ་བ་བདུན་པའོ།།

བརྒྱད་པ་ནི། ཨཽ་ཡི་ཚོམས་ལ། སྟག་མོ་ལས་སྦྱིན་གྱི་རྟོགས་བརྗོད་པདྨ་དཀར་བོའི་ཆུན་པོ་ངང་བའི་བུ་མོ་ཡིད་ལ་དགའ་བ་འཕེལ་བ། སྙན་ངག་གི་བསྟན་བཅོས་དབྱངས་ཅན་གྱི་མགུལ་རྒྱན། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་དོན་རྒྱན་རབ་ཏུ་གསལ་བའི་མེ་ལོང་། ཡང་དོན་རྒྱན་སོ་ལྔའི་དཔེ་བརྗོད་མདོར་བསྡུས་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ། ཚུལ་ཁྲིམས་ཀྱི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས། རྣལ་འབྱོར་ཉི་ཤུ་བ་ཞེས་བྱ་བའི་གཞུང་ཤིང་། སྟོང་ཉིད་སུམ་ཅུ་བའི་གཞུང་ཤིང་། མཚན་བརྗོད་བཀླག་ཐབས་གནས་བརྟན་ཕྱག་མཆོད་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། རྟོགས་བརྗོད་ཀྱི་སྙན་ངག་ལས་བསྟན་བཅོས་ཐོར་བུའི་སྐོར་ཏེ་རིམ་པར་ཕྱེ་བ་བརྒྱད་པའོ།།

དགུ་བ་ནི། ཨཾ་གི་ཚོམས་ལ། སྡོམ་པ་གསུམ་གྱི་རྩ་ལྟུང་གི་རྣམ་བཞག་མདོར་བསྡུས། རྒྱུད་སྡེ་བཞིའི་ལག་ལེན་རྣམ་ངེས་མདོར་བསྡུས། རྒྱུད་སྡེ་བཞིའི་ལམ་རིམ། རྒྱུད་སྡེ་སྤྱི་རྣམ་བདུད་རྩིའི་ཐིགས་པ། བླ་མེད་ཀྱི་སྤྱི་བཤད་དགོས་འདོད་ཀུན་འབྱུང་། བླ་མེད་སྤྱིའི་བདག་འཇུག་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་བཞག་བསྡུས་པ། གསང་འདུས། བདེ་མཆོག ཀྱཻ་རྡོར་རྣམས་ཀྱི་སྦྱང་གཞི་སྦྱོང་བྱེད་ཀྱི་བཤད་པ་མདོར་བསྡུས་རེ། དཔལ་དུས་ཀྱི་འཁོར་ལོ་ལྷ་དགུའི་སྒྲུབ་ཐབས་མདོར་བསྡུས། དུས་འཁོར་དཔའ་གཅིག་གི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་མདོར་བསྡུས། དེའི་ཤོག་དྲིལ་ནག་པོ་དང་ལུས་དཀྱིལ་སྒོམ་ཐབས། བདེ་མཆོག་མཁའ་ལྡིང་གི་སྒྲུབ་ཐབས། མཁའ་སྤྱོད་ཞལ་གཉིས་མའི་སྒྲུབ་ཐབས། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་བདག་མེད་མའི་ལམ་དུས་ཀྱི་དབང་། ཕྱག་རྡོར་འབྱུང་བོའི་འདུལ་བྱེད་བླ་མེད་དང་སྦྱར་བའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག ཚེ་དཔག་མེད་འཆི་བདག་འཇོམས་པའི་མངོན་དཀྱིལ། ཕག་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས། ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས། སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། འཇམ་དཀར་གྱི་སྒྲུབ་ཐབས། དབང་སྡུད་འདོད་པའི་ལྕགས་ཀྱུ་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས། བསྐྱེད་རིམ་སྤྱིའི་བཤད་པ་ལག་ལེན་རྣམ་ངེས་སྒྲུབ་དཀྱིལ་ལས་ཚོགས་ཀྱི་སྐོར་ཏེ་རིམ་པར་ཕྱེ་བ་དགུ་བའོ།།

བཅུ་བ་ནི། ཨཿཡི་ཚོམས་ལ། གུར་ཞལ་ལྕམ་དྲལ་སོགས་བསྟན་སྲུང་རྣམས་ལ་མཆོད་གཏོར་འབུལ་བའི་རིམ་པ་རྒྱས་བསྡུས་གཉིས། གུར་མགོན་ལྕམ་དྲལ་དང་མགོན་པོ་ཞལ་བཞི་བའི་མངོན་སྤྱོད་བྱ་བའི་བསྐུལ་བ་ཤིན་ཏུ་རྒྱས་པ། གསང་སྔགས་རྡོ་རྗེ་ཐེག་པའི་ནང་གི་བསྔོ་བ་མདོར་བསྡུས་པ། མདོ་ལུགས་ཀྱི་བསྔོ་བ་བྱ་ཚུལ་རྒྱས་པ། མས་མོལ་དང་མས་མོལ་བྱ་ཚུལ་མདོར་བསྡུས། མདོ་ལས་བྱུང་བའི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་ཆོ་ག མདོ་སྔགས་ཀྱི་དོན་མདོར་བསྡུས་པའི་སྨོན་ལམ་རྣམས་ནི། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་བཀའ་འབུམ་ཐོར་བུ་བ་ལས་བསྟན་པ་སྲུང་བའི་ཆོས་སྐྱོང་རྣམས་ཀྱི་མཆོད་གཏོར། མདོ་སྔགས་ཀྱི་བསྔོ་བ་སྨོན་ལམ་སོགས་ཀྱི་སྐོར་ཏེ་རིམ་པར་ཕྱེ་བ་བཅུ་བའོ།།

གསུང་འབུམ་ཐོར་བུའི་ནང་དུ་ཆད་པའི་གསུང་རྩོམ་དག་གི་ནི། རྒྱལ་བ་མི་ཕམ་པ་ལ་བསྟོད་པ། གློ་བོའི་བྱམས་ཆེན་ལ་བསྟོད་པ་བོ་བསྟོད། འཇམ་དཀར་ཨ་ར་པ་ཙ་ནའི་བསྟོད་པ། བྱ་རྒྱུད་ཀྱི་འཇམ་དབྱངས་ཀྱི་བསྟོད་པ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་སྙིང་རྗེའི་རྒྱང་འབོད། དབྱངས་ཅན་མའི་བསྟོད་པ་པདྨ་དཀར་བོའི་ཕྲེང་བ། གུར་མགོན་གྱི་བསྟོད་པ་ལྷ་ཆེན་དགྱེས་བྱེད་ཆེ་འབྲིང་ཆུང་གསུམ། རྣམ་སྲས་ཀྱི་བསྟོད་པ་རིན་ཆེན་ཕྲེང་བ། ཕོ་བྲང་ཆེན་པོ་སྣེ་གདོང་ལ་བསྔགས་པ་ངང་བ་རྣམ་པར་རྒྱལ་བའི་སྒྲ་དབྱངས་ཀྱིས་འཇུག་པ། སྤྱན་སྔ་བསོད་ནམས་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག གོང་མ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག སླར་ཡང་དེ་ཉིད་ལ་ཕུལ་བ་ཀ་མད་སུམ་ཅུ་དང་བསྟུན་པ། ཆོས་ཀྱི་རྒྱལ་བོ་གྲགས་པ་འབྱུང་གནས་ལ་ཕུལ་བའི་ཞུ་ཡིག བླ་མ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་ཕུལ་བའི་ཞུ་འཕྲིན་ཆེ་བ་གཉིས་དང་ཆུང་བ་གཅིག སྟག་ལུང་ཐང་བ་ཆེན་པོ་དཔལ་ངག་དབང་གྲགས་པ་ལ་གནང་བའི་བཀའ་ཤོག ཐེལ་མཁན་ཆེན་པ་ཞལ་སྔ་ནས་ཀུན་རྒྱལ་བ་ལ་གནང་བའི་བཀའ་ཤོག ཚོགས་ཆེན་པོའི་མཁན་ཆེན་དོན་གྲུབ་དཔལ་འབྱོར་ལ་སྤྲིངས་པ། བོ་དོང་མཁན་ཆེན་འཇིགས་མེད་གྲགས་པ་ལ་གདམས་པའི་བཀའ་ཤོག བཤེས་གཉེན་དོལ་བོ་བ་ལ་གདམས་པའི་བཀའ་ཤོག ཨ་སྲུ་བླ་མ་ལ་གདམས་པའི་བཀའ་ཤོག གམ་པ་སློབ་དཔོན་ལ་གདམས་པའི་བཀའ་ཤོག འཕོ་བ་འཆི་བླུ་མ། ཡར་ཀླུང་བཙན་པོའི་ཇོ་བོ་ཆོས་རྗེ་ལ་གནང་བ། རིག་སྔགས་འཆང་ཆེན་པོ་བདག་ཆེན་རྣམ་རྒྱལ་གྲགས་པ་ལ་གནང་བའི་སྤྲིངས་ཡིག་རབ་བརྗིད་མ། སླར་ཡང་དེ་ཉིད་ལ་གནང་བ་ཕྱོགས་ལས་མ། ཀ་མད་ལས་བརྩམས་པ། དངུལ་དཀར་མེ་ལོང་མ། སྤྲིན་གྱི་ཕོ་ཉ། མི་དབང་མ། ཡང་མི་དབང་ཆེན་པོའི་དྲུང་དུ་ཞུས་པའི་བཀའ་ཤོག་གཅིག བདག་ཆེན་གྱིས་ཚུལ་ཕུལ་བ་བསོད་ནམས་མ་དང་དེའི་ལན་ཡིད་འཕྲོག་མ། ཚོགས་གཉིས་མ། མཛེས་སྐུ་མ། ལྷ་དབང་མ། རབ་ཡངས་མ་དང་། ཡར་འབྲོག་དམག་དཔོན་ཨ་མོ་གྷ་སིད་དྷི་ལ་བསྩལ་པའི་བཀའ་ཤོག་ཐོག་མར་གནང་བ་གླིང་གཞི་མ། ཡ་རབས་མ། རྒྱ་མཁན་ཆེན་རྩེའི་ཕེབས་ལམ་ནས་གནང་བ་ཡར་འབྲོག་མ། ཕུན་ཚོགས་མ། ཤེས་བྱ་མ། ཆོས་རྒྱུད་མ། ཧྱེེང་ཏུ་ཀུན་དགའ་རྒྱལ་མཚན་མཆེད་དང་བཅས་པ་ལ་གནང་བའི་བཀའ་ཤོག བསོད་ནམས་མ། དཔག་བསམ་མ། ཡང་མཆེད་དང་བཅས་པ་ལ་ཤིས་པ་བརྗོད་པ། མང་སྲོང་བཙན་ལ་གནང་བའི་བཀའ་ཤོག བོ་དོང་ཨེའི་དགེ་འདུན་རྒྱ་མཚོ་ལ་གནང་བའི་སྤྲིངས་ཡིག ལམ་རིམ་བདུད་རྩིའི་ཐིགས་པ། བློ་སྦྱོང་གི་ཁྲིད། རྣལ་འབྱོར་བཞིའི་རིམ་པ། གསང་འདུས་རིམ་ལྔའི་ཁྲིད། བླ་མ་རྡོ་རྗེ་འཆང་དབང་མ་ཞེས་པའི་གསོལ་འདེབས་རིམ་ལྔ་དང་སྦྱར་བ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཐུགས་རྗེ་ཆེན་པོའི་དམར་ཁྲིད། གཅོད་ཀྱི་ཉམས་ལེན་མདོར་བསྡུས། སྦས་དོན་གྱི་གདམས་པ་ཉེར་མཁོ། སྦས་དོན་གྱི་ཁྲིད་ཐོབ་པས་བླ་མེད་ཀྱི་ཁྲིད་ཐམས་ཅད་ཐོབ་ཚུལ། གདམས་པ་སྒོ་བཞིའི་ཟུར་འདེབས་དང་བླ་མའི་གདུང་མཆོད་འབུལ་ཚུལ་དྭངས་མའི་བཤད་པ། ཡང་དག་ལྷན་ཅིག འཕོ་བའི་མན་ངག བར་དོའི་ཆོས་བཤད། གསང་འདུས་ལ་བརྟེན་པའི་ཚེ་ཁྲིད་ཟབ་པ་བཞི་ལྡན། སྟག་མོ་ལས་སྦྱིན་གྱི་རྟོགས་བརྗོད་པདྨ་དཀར་བོའི་ཆུན་པོ་ངང་བའི་བུ་མོ་ཡིད་ལ་དགའ་བ་འཕེལ་བ། ཚུལ་ཁྲིམས་ཀྱི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས། རྣལ་འབྱོར་ཉི་ཤུ་བ་ཞེས་བྱ་བའི་གཞུང་། སྟོང་ཉིད་སུམ་ཅུ་བའི་གཞུང་། མཚན་བརྗོད་ཀློག་ཐབས། སྡོམ་པ་གསུམ་གྱི་རྩ་ལྟུང་གི་རྣམ་བཞག་མདོར་བསྡུས། རྒྱུད་སྡེ་བཞིའི་ལམ་རིམ། བླ་མེད་ཀྱི་སྤྱི་བཤད་དགོས་འདོད་ཀུན་འབྱུང་། བླ་མེད་སྤྱིའི་བདག་འཇུག་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་བཞག་བསྡུས་པ། རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་མདོར་བསྡུས། དེའི་ཤོག་དྲིལ་ནག་པོ། ལུས་དཀྱིལ་གྱི་སྒོམ་ཐབས། བདེ་མཆོག་མཁའ་ལྡིང་གི་སྒྲུབ་ཐབས། མཁའ་སྤྱོད་ཞལ་གཉིས་མའི་སྒྲུབ་ཐབས། མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། ཕྱག་རྡོར་འབྱུང་བོའི་འདུལ་བྱེད་བླ་མེད་དང་སྦྱར་བའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག ཚེ་དཔག་མེད་འཆི་བདག་འཇོམས་པའི་མངོན་དཀྱིལ། ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས། སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས། འཇམ་དཀར་གྱི་སྒྲུབ་ཐབས། དབང་སྡུད་འདོད་པའི་ལྕགས་ཀྱུ། མདོ་ལུགས་ཀྱི་བསྔོ་བ་བྱ་ཚུལ་རྒྱས་པ་བཅས་སོ།།
སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས་པའི་གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ལས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱས་པ་ཁྲིད་དུ་སྦྱར་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་ལྡེབ་མ ༥༩༦ ཅན་བཅས་ཁ་གསབ་བྱས་སོ།།

སོ་ལྔ་བ། ཧི་མ་ལའི་རིག་མཛོད་ཁང་གིས་བསྒྲིགས་པའི་བོ་དོང་གསུང་འབུམ་ཆེན་མོ།

བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་གསུང་འབུམ་ལག་བྲིས་མར། སྤྱིར་པོད ༡༣༨ ཡོད་པ་ལས། ཚད་མའི་སྐོར་ལ་པོད། ༢ ཤེས་ཕྱིན་གྱི་སྐོར་ལ་པོད། ༣ དབུ་མའི་སྐོར་ལ་པོད། ༡ འདུལ་བའི་སྐོར་ལ་པོད། ༢ མངོན་པ་མཛོད་ཀྱི་སྐོར་ལ་པོད། ༢ གསང་སྔགས་རྒྱུད་སྡེ་བཞིའི་སྐོར་ལ་པོད། ༡༡༦ ཆོས་འབྱུང་གི་སྐོར་པོད། ༡ སྐྱེས་རབས་ཀྱི་སྐོར་ལ་པོད། ༢ སྒྲ་གཞུང་གི་སྐོར་ལ་པོད། ༣ སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་ཀྱི་སྐོར་ལ་པོད། ༡ བཟོ་དང་སྨན་གྱི་སྐོར་ལ་པོད། ༡ སྒོ་གསུམ་བསླབ་བྱ་ལ་པོད། ༢ བོ་དོང་འཇིགས་མེད་གྲགས་པའི་རྣམ་ཐར་གྱི་སྐོར་ལ་པོད། ༡ དཀར་ཆག་ལ་པོད། ༡ བཅས་ཁྱོན་བསྡོམས་པོད། ༡༣༨ ཡོད་དོ།།
ཁ་གསབ་ཀྱི་པོད་ལ་བཀའ་བུམ་ཐོར་བུ་ལ་པོད། ༡ ལམ་རིམ་ལ་པོད། ༡ རྣམ་ཐར་ལ་པོད། ༡ ཕར་ཕྱིན་ལ་པོད། ༡ སྨན་ཡིག་ལ་པོད། ༡ བཅས་པོད་ལྔའོ།། དེ་དག་སྤྱི་བསྡོམས་པའི་མ་ཡིག་ལ་པོད། ༡༤༣ ཡོད།
སྤྱིར་བོ་དོང་གསུང་འབུམ་མ་ཡིག་ལ་པོད ༡༣༨ ཡོད་པ་ལས་ཟློས་སྐྱོན་ཅན་དག་དོར་བའི་ལྷག་མ་ལ་པོད། ༡༢༣ དེའི་ཁར་གསར་རྙེད་པོད། ༥ བསྣན་པའི་མ་ཡིག་ལ་པོད ༡༢༨ ཡོད།
ཧི་མ་ལ་རིག་མཛོད་ཁང་གིས། བོ་དོང་གསུང་འབུམ་ནང་གསལ་བ་ལྟར་འཇུག་པའི་སྒོ་བཞི་ལྟར་བསྒྲིགས་ཅི་ཐུབ་བྱས་ཡོད་ལ། དེ་ནི་བོ་དོང་པཎ་ཆེན་གྱི་རྣམ་ཐར་ཆེན་མོར་པོད། ༡ བྱིས་པ་འཇུག་པའི་སྒོ་ལ་པོད། ༡ མཁས་པ་འཇུག་པའི་སྒོ་ལ་པོད། ༦ མདོ་ལ་འཇུག་པའི་སྒོ་ལ་པོད། ༡༠ སྔགས་ལ་འཇུག་པའི་སྒོ་ལ་པོད། ༧༥ བོ་དོང་དང་བོ་དོང་གསུང་འབུམ་ཞིབ་འཇུག་ལ་པོད། ༡ གསུང་འབུམ་གྱི་དཀར་ཆག་གསར་རྙིང་ལ་པོད། ༡ བཅས་པོད། ༩༥ བདག་ཉིད་ཅན་དུ་བསྒྲིགས་ཡོད་དོ།།

སོ་དྲུག་པ། བོ་དོང་པཎ་ཆེན་རྣམ་ཐར་མདོར་བསྡུས་ནས་གླེང་བ།

བོ་དོང་ཁོང་ནི་བྱོན་པའི་དུས་སྐབས་ནི། རབ་བྱུང་གི་ཆ་ནས་བཤད་ན། རབ་བྱུང་དྲུག་པའི་སྨད་དང་བདུན་པའི་སྟོད་རེད། དུས་རབས་ཀྱི་ཆ་ནས་བཤད་ན། དུས་རབས་བཅུ་གསུམ་པའི་སྨད་དང་དུས་རབས་བཅུ་བཞི་བའི་སྟོད་རེད། སྤྱི་ལོའི་ཆ་ནས་བཤད་ན། སྤྱི་ལོ 1375-1451གྱི་བར་རེད།
ཁོང་ནི་མཚན་གྱི་རྣམས་གྲངས་ལ་མང་བོ་ཞིག་འདུག་ཀྱང་ཡོངས་གྲགས་སུ་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པ་རུ་འབོད།
ལས་རིགས་ནི། བོད་ལ་སྐྱ་སེར་རིགས་གཉིས་ཡོད་པའི་ནང་ནས་གྲྭ་བ་རེད། དེ་བས་ཁོང་གི་བྱ་བ་གཙོ་བོ་ཡང་རྩོད་འཆད་རྩོམ་གསུམ་དང་སྒྲུབ་པ་ཉམས་ལེན་རེད།
དང་བོ་རྩོད་པ་ནི། དགུང་ལོ་བཅུ་དྲུག་ནས་དཔལ་ས་སྐྱ་དང་། རྩེ་ཐང་གི་ཆོས་གྲྭ་ཆེན་པོ། དཔལ་གསང་ཕུ་ནེའུ་སོགས་གྲྭ་སྐོར་ནས་མི་ཕམ་གཡག རོང་སྟོན་ཤེས་བྱ་ཀུན་གཟིགས། མཁས་གྲུབ་དགེ་ལེགས་དཔལ་ལ་སོགས་པར་ཆོས་ཀྱི་བགྲོ་གླེང་མཛད་ནས་མཁས་པའི་སྙན་པ་གངས་ལྗོངས་ཁྱོན་ལ་ཁྱབ།
གཉིས་པ་འཆད་པ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཀྱི་སྒོ་ནས་མཁས་པ་སྐྱེད་བསྲིངས་བྱས་པ་དང་། མངའ་རིས་དང་བླ་འཁོར། གུང་ཐང་དང་མང་ཡུལ་སོགས་ལ་ཕེབས་ནས། ས་གནས་ཀྱི་དད་ལྡན་མང་ཚོགས་ལ་དབང་ལུང་རྗེས་གསུམ་མཐའ་ཡས་པ་བསྩལ་པའོ།།
གསུམ་པ་རྩོམ་པ་ནི། དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་པོ་རེད། འདི་ལ་སྤྱིའི་ས་བཅས་བཞི་ཡོད་དེ། བྱིས་པ་འཇུག་པའི་སྒོ། མཁས་པ་འཇུག་པའི་སྒོ། མདོ་ལ་འཇུག་པའི་སྒོ། སྔགས་ལ་འཇུག་པའི་སྒོ་བཞི་བོ་དེ་རེད། ས་བཅད་འདི་རེ་རེ་ལའང་བྱེ་བྲག་གི་ས་བཅད་ཡོད་པས་ཧ་ཅང་གི་སྒྲིག་རིམ་ལྡན་པ་ཞིག་རེད།
བཞི་བ་སྒྲུབ་པ་སྙིང་བོར་མཛད་པ་ནི། དབེན་གནས་ཆེན་པོ་ཆོས་སྡིངས་སོགས་སུ་སྒྲུབ་པ་སྙིང་བོར་མཛད་ནས། རྗེ་བཙུན་མ་སྒྲོལ་མ། དབྱངས་ཅན་མ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། དཔལ་བིར་ཝ་བ། ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། པཎ་ཆེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་པའི་ལྷག་པའི་ལྷ་མཆོག་མང་བོས་ཞལ་མངོན་སུམ་དུ་གཟིགས་པ་བྱུང་ངོ་།།
མཐར་དགུང་ལོ་བདུན་ཅུ་དོན་དྲུག་སྟེང་གྲུབ་པའི་བསྟི་གནས་ཆེན་པོ་གསང་སྔགས་བདེ་ཆེན་གླིང་གི་གཟིམ་ཆུང་དཔལ་འཛིན་དུ་སྐུ་གཤེགས་སོ།། རྣམ་ཐར་མདོར་བསྡུས་འདི་ནི། ཁོང་གི་སློབ་མ་ཤཱཀྱའི་དགེ་བསྙེན་འཇིགས་མེད་འབངས་སམ་ཡར་འབྲོག་པ་ནམ་མཁའ་བཟང་བོས། བོ་དོང་རིན་པོ་ཆེ་སྐུ་གཤེགས་ནས་ལོ་གསུམ་པ་སྤྱི་ལོ 1453 ལ་མཛད་པའི་བོ་དོང་རྣམ་ཐར་ངོ་མཚར་གྱི་དགའ་སྟོན་ལ་གཞི་བཅོལ་ནས་བཤད་པ་ཡིན་ནོ།།

Loading

2 མཆན།

  1. བོ་དོང་པཎ་ཆེན་བོད་ཀྱི་མཁས་པ་པོ། རྩོམ་པའི་མཐའ་ལ་ཕྱོགས་ཡང་དཀར་པོ་ལས། པད྄་དཀར་འཆང་བའི་རིན་ཆེན་གཏེར་སྣོད་ཅན། ཁྱོད་ཞལ་པད་མོ་འདབས་ལ་འབབ་པར་འཚལ།། ༢༠༢༡/༤/༢༧ མགོ་ལོག་པ་བློས་གྲཌ་ནས།།

  2. པན་ཆེན་མང་པོ་དཔེ་ཆར་འཁྲུལ་འདུག་ཀྱང་།།
    བོ་དོང་ཕྱོགས་ལས་རྣམ་པར་རྒྱལ་དེ་མིན།།
    མཁས་གྲུབ་ཕལ་གྱིས་གྲུབ་དོན་མ་བྲིས་ཀྱང་།།
    འཇིགས་མེད་གྲགས་པའི་མཚན་ཅན་དེ་མིནོ།།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།