སོ་མ་པུ་རིའི་གཙུག་ལག་ཁང་ཆེན་མོ་ངོ་སྤྲོད།

0
1854

དེ་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་ལས[1]།

ཁྱོད་སྔོན་སོ་མ་པུ་རི་ན། །རྟོག་གེ་འབར་བ་གསུང་བའི་ཚེ། །
ད་ནི་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་བཏང་འགྱུར་གསུང་། །

ཞེས་གསལ་བ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ནང་ཡང་ཡང་གསལ་ཞིང་། འཕགས་བོད་ཀྱི་ལོ་པཎ་གྲུབ་དུ་མས་མཛད་པ་སྐྱོང་ཡུལ་སོ་མ་པུ་རིའི་གཙུག་ལག་ཁང་ཆེན་མོ་ཞེས་པ་འདི་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། དེ་ཝ་པཱ་ལ་འཁྲུངས་པའི་ལོ་རྒྱུས་ཀྱང་ལྷན་སྐྱེས་རོལ་པའི་ལོ་རྒྱུས་དང་ཕྱོགས་འདྲར་སྣང་བས། ཕན་ཚུན་དཔེ་བྱས་པའི་བརྗོད་རིགས་ཡིན་མིན་བརྟག་དགོས་ལ། སོ་མ་པུ་རིཡོངས་སུ་གྲགས་པ་འདི་སོམ་པུ་རི་གསར་པ་ཡིན་ནོ་ཞེས་ཀྱང་གྲགས་སོ། །ཞེས་གསལ་བ་ལྟར། གཙུག་ལག་ཁང་འདིའི་མཚན་གྱི་དག་སྡེབ་ལ། སོ་མ་པུ་རི་དང་། སོམ་པུ་རི། སུ་མ་པུ་རི། སོ་མ་པཱུ་རི། སཽ་མ་པུ་རི་ཞེས་དག་སྡེབ་འབྲི་ཚུལ་མི་འདྲ་བ་ལྔ་སྣང་ཞིང་། འབྲུག་པ་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[3]། དེ་ནས་ཡང་དུས་རིང་པོ་ཞིག་ན་ (ཏི་ལོ་པ་) འཁོར་བ་ལས་ཡིད་བྱུང་ནས་རང་གི་སྲས་རྒྱལ་པོར་བཀོད་དེ་སོ་མ་པུ་རི་དུར་ཁྲོད་ཀྱི་གཙུག་ལག་ཁང་བྱ་བ་དེ་ན་ཧེ་རུ་ཀ་རང་བྱུང་གི་སྐུ་བཞུགས། ཞེས་གསུངས་པ་ལྟར།  ལེགས་སྦྱར་གྱི་སོ་མ་པུ་རི་ (सोमापुरा) (Somapura) ཞེས་པ་དུར་ཁྲོད་ཀྱི་གཙུག་ལག་ཁང་ཞེས་པའི་དོན་ཡིན་ནོ།།

གཙུག་ལག་འདི་ཉིད་རྒྱ་གར་གྱི་གནའ་བོའི་གཙུག་ལག་ཁང་ཆེན་མོ་ལྔ་སྟེ། འཇམ་མགོན་ཨ་མེས་ཞབས་ (1597-1659/1660) ཀྱིས་མཛད་པའི་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་དམ་པའི་ཆོས་འབྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་ལས[4]། ཇོ་བོ་ཆེན་པོ་དེ་ཉིད་ཀྱི་སྙན་པའི་གྲགས་པས་འཕགས་ཡུལ་ཀུན་ཏུ་ཁྱབ་སྟེ། དེའི་ཚེ་མ་ག་དྷ་དང་། ཨོ་ཏནྟ་པུ་རི་དང་། སོ་མ་པུ་རི་དང་། ན་ལེནྟྲ་དང་། བི་ཀྲ་མ་ལ་ཤཱི་ལའི་གནས་གཞི་རྣམས་ན་པཎྜི་ཏ་དང་གྲུབ་ཐོབ་ཤིན་ཏུ་མང་། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་ (Nalanda) གཙུག་ལག་ཁང་དང་། བི་ཀྲ་མ་ཤཱི་ལའི་ (Vikramashila) གཙུག་ལག་ཁང་། ཨོ་ཏནྟ་པུ་རིའི་ (Odantapuri) གཙུག་ལག་ཁང་དང་། སོ་མ་པུ་རིའི་ (Somapura) གཙུག་ལག་ཁང་། ཇ་གད་ད་ལའི་ (Jagaddala) གཙུག་ལག་ཁང་བཅས་ཀྱི་ཡ་གྱལ་ཞིག་དང་། ཕྱི་ལོའི་དུས་རབས་བརྒྱད་པར་བཞེངས་པའི་གཙུག་ལག་ཁང་གྲགས་ཅན་ཞིག་ཀྱང་ཡིན།

སོ་མ་པུ་རིའི་གཙུག་ལག་ཁང་འདི་ཉིད་ཀྱི་བཟོ་བཀོད་ནི། གསང་སྔགས་དཀྱིལ་འཁོར་གྱི་དབྱིབས་ལྟར་བཞེངས་ཤིང་། དབུས་ཀྱི་གཙུག་ལག་ཁང་ཆེན་མོའི་མཐོ་ཚད་ལ་མི་ཊར་ ༣༢ དང་། རྒྱ་ཁྱོན་ལ་མི་ཊར་ ༣༠༠ ལྷག་ཙམ་ཡོད་པར་མ་ཟད། མཐའ་འཁོར་དུ་གྲྭ་ཤག་གྲངས་ ༡༧༧ གྱིས་ཡོངས་སུ་བསྐོར་བས་མཛེས་སྡུག་ལྟ་ན་སྡུག་ཅིང་། ཡིད་དབང་འཕྲོག་པའི་གནའ་བོའི་ནང་པའི་གཙུག་ལག་ཁང་ཆེན་མོ་ཞིག་ཡིན། གཙུག་ལག་འདི་ཉིད་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཙམ་ལ་འཕགས་ཡུལ་གྱི་ནང་པའི་གཙུག་ལག་ཁང་སྤྱི་དང་མཚུངས་པར་གཏོར་བཤིག་གནོད་སྐྱོན་འཕོག་སྟེ། ཕྱི་ལོ་ ༡༩༢༧ ལོར་བྷཾ་ག་ལ་ནས་རྗེས་ཤུལ་རྙེད་སོན་གྱིས་ངོས་འཛིན་ཐུབ་པ་ཞིག་ཡིན།

སོ་མ་པུ་རིའི་གཙུག་ལག་ཁང་འདི་སུས་བཞེངས་པ་ནི། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་(1922-2001) མཆོག་གིས་མཛད་པའི་བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་གི་དཀར་ཆག་ལས[5]། རྒྱལ་པོ་དེ་ཝ་པཱ་ལས་སོ་མ་པུ་རིའི་གཙུག་ལག་ཁང་དང་། ཞེས་དེ་ཝ་པཱ་ལས་བཞེངས་པར་གསུངས་ཀྱང་། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ (1571-1626) གྱིས་མཛད་པའི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[6]། དཔལ་ལྡན་ཆོས་སྐྱོང་གིས་རྒྱ་མཚོ་སྦས་པའི་ལྷ་ཁང་དང་། དེས་བ་རེནྡྲའི་ཡུལ་དུ་སོ་མ་པུ་རིའི་གཙུག་ལག་ཁང་དང་། དེའི་སྲས་དེ་ཝ་པཱ་ལས་ (730-777) བི་ཀྲ་མ་ཤཱི་ལ་བཞེངས་པ་སོགས་པཱ་ལ་བདུན་བརྒྱུད་དང་། སེ་ན་བཞི་བརྒྱུད་སོགས་ཀྱིས་དཀོན་མཆོག་ལ་བླ་མར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ། །ཞེས་སོ་མ་པུ་རིའི་གཙུག་ལག་ཁང་ནི། རྒྱལ་པོ་དྷརྨ་པཱ་ལས་ (770-800 AD) བཞེངས་པར་གསུངས་པས་རྒྱལ་པོ་སུ་བཞེངས་པ་མིན་ལ་བཞེད་པ་མི་མཐུན་ནོ།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[7]ཀྱང་། གཞན་ཡང་ཀརྞ་རི་པའི་སློབ་མ་ཨཱ་ནནྟ་ཤྲཱིར་གྱུར་ཏེ་རྡོ་རྗེ་གདན་དུ་གནས་བརྟན་བྱས། ས་ར་ཧའི་སློབ་མ་དཱ་ན་ཀིརྟིར་གྱུར་ཏེ་པཎྜི་ཏ་ཐམས་ཅད་ཀྱི་བླ་མར་གྱུར། རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་རྒྱལ་དྷི་པཱ་ལ་རཱ་ཛཱར་གྱུར་ཏེ། གྲུབ་ཐོབ་བརྒྱད་ཅུ་ཕལ་ཆེར་མཆོད་གནས་སུ་རྟག་པར་བཞུགས་པ་ལ་ལོ་བརྒྱད་ཅུ་རྩ་བཞིར་མཆོད་ཅིང་སོ་མ་པུ་རི། ཛ་གཏ་པཱ་ལ་ཀོ་ཊ་ལ། ཨོ་རྒྱན་ལ་སོགས་པའི་གཙུག་ལག་ཁང་ཆེན་པོ་བདུན་བཞེངས་པ་སོགས་ཀྱི་སྔོན་གནས་དྲན། ཞེས་ཆོས་རྒྱལ་དྷི་པཱ་ལ་ར་ཛཱས་གཙུག་ལག་ཁང་ཆེན་པོ་བཞེངས་པའི་ཁོངས་སུ་སོ་མ་པུ་རི་ཡང་བཞེངས་པར་གསུངས་པ་བཅས་རྒྱལ་པོ་དེ་ཝ་པཱ་ལ་དང་། དྷརྨ་པཱ་ལ། གཽ་པཱ་ལ་བཅས་འདི་གསུམ་སོ་སོས་བཞེངས་པའི་འདོད་ཚུལ་མི་མཐུན་ནོ།།

དེ་ལྟར་བྱུང་བ་ཡང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[8]། གང་ལྟར་པཱ་ལའི་རྒྱལ་ཐོག་གི་སྐབས་སུ་ནཱ་ལནྡཱ་དང་། ཨོ་ཏནྟ་པུ་རི་དང་། རྡོ་རྗེ་གདན་ (Vajrasana) ཝི་ཀྲ་མ་ཤཱི་ལ་བཅས་ནི་ནང་ཆོས་ལ་སློབ་གཉེར་གནང་སའི་བསྟི་གནས་གདན་ས་ཆེན་པོ་བཞི་ཡིན་ཅིང་། གཞན་ཡང་ཤེས་པ་ལ་ཆ་བཞག་ན་སོ་མ་པུ་རིའི་གཙུག་ལག་ཁང་། ཇ་གད་ད་ལའི་གཙུག་ལག་ཁང་ (Jagaddala-mahavihara) བཅས་ཡོད།

སོ་མ་པུ་རིའི་གཙུག་ལག་ཁང་ཆེན་པོའི་དགོན་ཤུལ་ནི་ཕྱི་ལོ་ ༡༩༢༧ ལོར་ཤར་བྷཾ་ག་ལ་ནས་རྙེད་ཅིང་། དེ་ནས་ཐོན་པའི་བརྐོས་ཡིག་ལ་ཞིབ་འཇུག་བྱས་འབྲས། སོ་མ་པུ་རིའི་ཆོས་སྐྱོང་གཙུག་ལག་ཁང་ཆེན་པོ་ (Somapuri Dharmapala- Mahaviharasya) ཞེས་པའི་མཚན་བརྗོད་ཀྱི་ཡོད་པར་གསལ་པོར་ཆགས་རུང་། བཞེངས་མཁན་རྒྱལ་ཐོག་གཉིས་པ་དཔལ་ལྡན་དྷརྨ་པཱ་ལ་མིན་པར་དེ་ཝ་པཱ་ལ་ཡིན་པར་མཐོང་ཚུལ་ཡོང་གི་ཡོད་པ་ནི་ཤར་བྷཾ་ག་ལར་པཱ་ལའི་རྒྱལ་རབས་སྟོབས་ཤུགས་སླེབས་པ་ནི་དེ་ཝ་པཱ་ལའི་སྐབས་སུ་ཡིན་པའི་རྒྱུ་མཚན་གྱིས་རེད། དགོན་ཤུལ་ཞིབ་འཇུག་བྱས་འབྲས་དགོན་པ་ཆགས་སྟངས་ཤྲཱི་ལངྐ་དང་། ཀམ་བྷོ་ཊ་ཡི་དགོན་པ་དང་འདྲ་གི་ཡོད་པ་རེད། ཅེས་གསལ་བ་ལྟར་བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་གཞན་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ལ། ལྷག་པར་བོད་དང་གཙུག་ལག་ཁང་ཆེན་མོ་དེ་དག་ཕལ་མོ་ཆེའི་བར་དམིགས་བསལ་འབྲེལ་བ་དམ་ཟབ་ཅིག་ཀྱང་ཆགས་ཡོད། ཅེས་གསུངས་པ་ལྟར་རོ།།

སོ་མ་པུ་རིའི་གཙུག་ལག་ཁང་གང་དུ་ཆགས་པའི་ཡུལ་ནི། སྡེ་དགེའི་བཀའ་འགྱུར་དཀར་ཆག་ལས[9]། རྒྱལ་པོ་དེ་ཝ་པཱ་ལ་རྒྱལ་པོ་སྔ་མ་ལས་དབང་ཆེ་བར་གྱུར་ཏེ། ཤར་ཕྱོགས་ཝ་རེནྡྲའི་ཡུལ་དུ་སོ་མ་པུ་རིའི་གཙུག་ལག་ཁང་བཞེངས། ཞེས་ཤཪ་ཕྱོགས་ཝ་རེནྡྲའི་ཡུལ་དུ་བཞེངས་པར་གསུངས་ལ། སོ་མ་པུ་རིའི་གཙུག་ལག་ཁང་ནི། དེང་སྐབས་བྷང་ལ་དྷེ་ཤིའི་མངའ་ཁོངས་ཀྱི་ན་གན་ (Naogaon District) ཞེས་པའི་རྫོང་ཁོངས་སུ་ཆགས་ཡོད་ཅིང་། གཙུག་ལག་ཁང་འདི་ནི་སྔར་ནང་པའི་སློབ་གཉེར་གྱི་བསྟི་གནས་ཁང་ཆེན་པོ་ཞིག་ཡིན་ལ། ཨར་ལས་འཛུགས་སྐྲུན་གྱི་ངོས་ནས་འཛམ་གླིང་ནང་དཔེ་མཚོན་རང་བཞིན་གྱི་སྙན་གྲགས་ཅན་ཞིག་ཡིན།

གཙུག་ལག་ཁང་འདི་ཐོག་མར་བཞེངས་སྐབས་ས་གཞི་ཇི་ལྟར་བརྟག་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། རྒྱལ་པོ་གཽ་པཱ་ལ་འདས་པ་ན་དེ་ཝ་པཱ་ལ་དེ་ཉིད་རྒྱལ་སྲིད་དུ་བསྐོས། རྒྱལ་པོ་གོང་མ་ལས་ཀྱང་མངའ་ཐང་ཆེ་སྟེ་ཤར་ཕྱོགས་ཝ་རེནྡྲར་མངའ་འོག་ཏུ་འདུས། གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་ཞིག་རྩིག་པར་བཞེད་ནས་སཽམ་པུ་རི་བཞེངས་པ་ཡིན་ཏེ། འདི་ལ་བོད་ཀྱི་ལོ་རྒྱུས་ཕལ་ཆེར་ལྟར་ན། ལྟས་མཁན་རྣམས་ན་རེ། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས། དཀའ་ཐུབ་པའི་གནས་ནས་ཀོང་བུ་བླངས་ཏེ་མར་མེ་སྤར་བ་ཡི་དམ་གྱི་མདུན་དུ་བཞག་སྟེ་གསོལ་བ་བཏབ་ན་ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་གང་དུ་བསྐྱུར་བ་དེར་ལྷ་ཁང་རྩིགས་ཤིག །རྒྱལ་པོའི་མངའ་ཐང་ཡང་ཇེ་འཕེལ་དུ་འགྱུར་ཞིང་། ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པར་འགྱུར་རོ་ཟེར། དེ་ལྟར་བྱས་པས་བྱ་རོག་ཅིག་བྱུང་ནས། ཀོང་བུ་མཚོ་ཞིག་ལ་བསྐྱུར་བས་ཡིད་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་སྐམས་ལ་རྩིག་ཏུ་བཞུག་གོ །ཞག་བདུན་བདུན་ནས་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་ཏེ། དེ་བཞིན་བྱས་པས་ཞག་ཉེར་གཅིག་ནས་མཚོ་བསྐམས། དེར་ལྷ་ཁང་བཞེངས་པའི་ལོ་རྒྱུས་ལ་རྨི་ལམ་དུ་མི་ནག་པོ་ཞིག་བྱུང་ནས། ནག་པོ་ཆེན་པོ་ལ་མཆོད་པ་གྱིས། མཚོ་གནོད་སྦྱིན་རྣམས་ཀྱིས་སྐེམས་པར་བྱེད་དོ་ཞེས་པ་ལས་གཞན་དེ་ཁོ་ན་བཞིན་དུ་བྱུང་བས། དེའི་ལོ་རྒྱུས་སཽ་མ་པུ་རི་ལ་སྦྱར་བ་མིན་ནའང་རུང་ངོ༌། །དེ་བཞིན་དུ་དེ་ཝ་པཱ་ལ་འཁྲུངས་པའི་ལོ་རྒྱུས་ཀྱང་ལྷན་སྐྱེས་རོལ་པའི་ལོ་རྒྱུས་དང་ཕྱོགས་འདྲར་སྣང་བས། ཕན་ཚུན་དཔེ་བྱས་པའི་བརྗོད་རིགས་ཡིན་མིན་བརྟག་དགོས་ལ། སཽ་མ་པུ་རི་ཡོངས་སུ་གྲགས་པ་འདི་སཽ་མ་པུ་རི་གསར་པ་ཡིན་ནོ་ཞེས་ཀྱང་གྲགས་སོ། །ཞེས་གསལ་བ་ལྟར་སཽ་མ་པུ་རི་ལ་གསར་རྙིང་གཉིས་ཡོད་པར་གསུངས་སོ།།

དེ་ལྟར་སོ་མ་པུ་རིའི་གཙུག་ལག་ཁང་གསར་རྙིང་གཉིས་ཀྱི་ངོས་འཛིན་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས་ལས[11]། ཡང་ཡུལ་ར་དྷའི་རྒྱལ་པོས་གསོལ་བ་བཏབ་ནས། སོ་མ་པུ་རིའི་ལྷ་ཁང་ཞིག་ལ་རབ་གནས་མཛད། སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བར་ལྷ་ཁང་ནམ་མཁའ་ལ་ལན་གསུམ་དུ་འཕགས་ཤིང་། ལྷ་རྣམས་གར་བྱེད་པར་སྣང་ངོ་། །འདི་སོ་མ་པུ་རིརྙིང་པ་ཡིན། ཕྱིས་བྱུང་བ་ཚ་གསུམ་ (ཚ་བ་གསུམ་) གྱི་གཙུག་ལག་ཁང་ནི་སོ་མ་པུ་རིགསར་པ་སྟེ། རྒྱལ་པོ་དེ་ཝ་པཱ་ལས་སོ་མ་རུ་རའི་གནས་གཞི་དང་། གྲོང་རྣམས་ས་ཡུལ་གསར་པར་སྤོས་པས་སྔ་མའི་མིང་དེ་ག་གསར་པ་ལའང་གྲགས་སོ། །ཞེས་སོ་མ་པུ་རི་གསར་པ་ནི། ཚ་བ་གསུམ་གྱི་གཙུག་ལག་ཁང་ཡིན་པར་གསུངས་ལ། དེ་ནི་ལེགས་སྦྱར་གྱི་མཚན་དུ་ཏྲཱི་ཀསྟུ་ཀའི་གཙུག་ལག་ཁང་ཞེས་པ་དེ་ཡིན་ལ། ཚ་བ་གསུམ་གྱི་གཙུག་ལག་ཁང་གི་ངོ་སྤྲོད་སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་གྱི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།

སོ་མ་པུ་རིའི་གཙུག་ལག་ཁང་ཇི་ལྟར་བཞེངས་པ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[12]། དེ་ཚེ་ཤར་ཕྱོགས་ཝ་རེནྡྲ་ཡི་ཡུལ། །མུ་སྟེགས་ལྷ་རྟེན་མང་དུ་ཡོད་པ་ལ། །ཉིན་བཞིན་སྲོག་ཆགས་མང་བསད་མཆོད་པ་བྱེད། །སྒྲོལ་མའི་རྣལ་འབྱོར་པ་ཞིག་མཆིས་པ་དེས། །སྙིང་རྗེས་ཕྱི་པའི་རྟེན་རྣམས་འཇིག་པར་བསམས། །རྒྱལ་པོ་དེ་ལ་ཞུས་ཞེས་ཡི་དམ་གྱིས། །ལུང་བསྟན་ཐོབ་ནས་ས་ཏེ་བཙུགས་ཏེ་ཞུས། །རྒྱལ་པོས་གནང་ནས་དཔུང་ཚོགས་རྣམ་བཞིས་ཆས། །དེ་ཚེ་མི་ནག་འཇིགས་ཤིང་ཆེ་བ་ཞིག །ཧ་ཅང་མི་རིང་སྔུན་དུ་འགྲོ་མཐོང་ནས། །དྲིས་པས་མགོན་པོ་མ་ཧཱ་ཀཱ་ལ་ཡིན། །མུ་སྟེགས་རྟེན་རྣམས་ཁྱེད་ཀྱིས་མི་ཤིགས་སྐད། །དེ་ལ་གྲོགས་སུ་གསོལ་བ་བཏབ་པ་ན། །འོ་ན་བྱེ་མའི་ཕུང་པོ་འདི་སོལ་ལ། །འོག་ན་སྔོན་གྱི་སངས་རྒྱས་འོད་སྲུང་གི །གཙུག་ལག་ཁང་ཡོད་དེ་ལ་མཆོད་པ་གྱིས། །ང་ནི་གཙུག་ལག་ཁང་འདིའི་བསྟན་སྲུང་ཡིན། །ལྷ་རྟེན་འཇིག་ཚེ་རོལ་མོའི་སྒྲ་ཆེན་སྒྲོགས། །དེ་ནས་ང་ཡིས་གདོང་གྲོགས་བྱ་འོ་སྐད། །བྱེ་མ་བསལ་བས་འོད་སྲུང་གཙུག་ལག་ཁང་། །མ་ཉམས་པ་ཞིག་བྱུང་སྟེ་མཆོད་པ་བྱས། །སྔོན་ཚེ་དུས་ཀྱི་འཕེན་པ་མ་བཏང་བར། །འགོག་པར་ཞུགས་པའི་དགྲ་བཅོམ་ཞིག་ཀྱང་ལངས། །སྟོན་པ་འོད་སྲུང་གང་ན་བཞུགས་ཞེས་ཟེར། །དེ་འདས་འདི་ནི་དེ་ཡི་བསྟན་ཡང་མིན། །ཤཱཀྱའི་རྒྱལ་པོའང་འདས་ཞེས་བརྗོད་པ་ན། །མཁར་འཕགས་ཆོ་འཕྲུལ་བསྟན་ཏེ་མྱ་ངན་འདས། །རྒྱལ་པོས་གཙུག་ལག་ཁང་དེ་རྒྱ་ཆེར་བརྒྱན། །སོ་མ་པུ་རིའི་གཙུག་ལག་ཁང་ཞེས་གྲགས། །བསྟན་པའི་འབྱུང་ཁུངས་ཆེན་པོ་ཞིག་ཏུ་གྱུར། །མཆོག་གི་དངོས་གྲུབ་ཐོབ་པའི་པཎ་ཆེན་བཞི [13]འང་། །སྒོ་སྲུང་ཚུལ་དུ་རྟག་པར་གནས་སོ་སྐད། །དེ་ནས་དབང་ཕྱུག་ཆེན་པོའི་ལྷ་རྟེན་རྣམས། །དམག་གིས་བསྐོར་ཏེ་རོལ་མོ་སྣ་ཚོགས་པའི། །སྒྲ་ཆེན་བསྒྲགས་པའི་མོད་ལ་རང་ཞིག་གྱུར། །ཝ་རེནྡྲ་ཀུན་རྒྱལ་པོའི་ཆབ་འོག་གྱུར། །ཞེས་གསུངས་པའི་བསྟན་པའི་འབྱུང་ཁུངས་ཆེན་པོ་སུ་མ་པུ་རིའི་གཙུག་ལག་ཁང་ཆེན་དེ་ཉིད་ནི། སོ་མ་པུ་རི་སྔ་ཕྱི་གཉིས་ནས་ཕྱི་མ་སྟེ་ཚ་བ་གསུམ་གྱི་གཙུག་ལག་མིན་ནམ་སྙམ་པས་དཔྱད་དགོས་སོ།།

 སོ་མ་པུ་རིའི་གཙུག་ལག་ཁང་རྒྱལ་པོ་གང་གི་ཉམས་གསོ་གནང་བ་ནི། དེ་ཡང་སྡེ་དགེ་བཀའ་འགྱུར་གྱི་དཀར་ཆག་ལས[14]། དེའི་འོག་ཏུ་རྒྱལ་པོ་མ་ཧཱ་པཱ་ལས་ཨོ་ཏནྟ་པུ་རིར་ཉན་ཐོས་ཀྱི་དགེ་འདུན་གཙོ་བོར་མཆོད་ཅིང་། དགེ་སློང་ལྔ་བརྒྱ་དང་ཆོས་སྟོན་པ་ལྔ་བཅུ་ལ་འཚོ་བ་སྦྱོར། ཨུ་རུ་བཱ་སའི་གཙུག་ལག་ཁང་བཞེངས་ཏེ། དེར་ཡང་ཉན་ཐོས་སེནྡྷ་པ་ལྔ་བརྒྱ་ལ་འཚོ་བ་སྦྱར། བི་ཀྲ་མ་ལར་ཡང་སྔར་བཞིན་མཆོད། ན་ལནྡར་ཡང་ཆོས་གཞི་འགའ་རེ་བཙུགས། ན་ལནྡྲ་དང་། ཏྲི་ཀ་ཊུ་ཀ་དང་། སཽ་མ་པུ་རི་སོས་སུའང་ཆོས་གཞི་མང་པོ་བཙུགས། འདི་སྐབས་རྟོག་གེ་བ་ཤེར་འབྱུང་སྦས་པ་དང་། ཛེ་ཏཱ་རི་ཆེན་པོ་སོགས་ཀྱིས་བསྟན་བཅོས་རྩོམ་པ་སོགས་བསྟན་པ་ལ་བྱ་བ་ལྷག་པར་མཛད། ཁྱད་པར་ཕྱི་མ་ནི་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཏེ། མདོ་སྔགས་ཀྱི་བསྟན་བཅོས་བརྒྱ་རྩ་བརྒྱད་མཛད་པར་གྲགས་སོ། །ཞེས་རྒྱལ་པོ་མཧཱ་པཱ་ལས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཆོས་གཞི་མང་དུ་བཙུགས་ནས་རྒྱས་པར་མཛད་པར་གསལ་ལོ།།

གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[15]། བི་ཀྲ་མ་ཤཱི་ལའི་རབ་གནས་ཀྱི་ལོ་རྒྱུས་ན། ཡང་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏནྟ་པུ་རི་དང༌། ཤྲཱི་ནཱ་ལནྡ་དང༌། སོ་མ་པུ་རི་སྟེ། གཙུག་ལག་ཁང་བཞི་པོ་དེ། སོ་སོའི་བར་བར་ན་ཉིན་ལམ་མང་པོས་ཆོད་པ་ཡིན་ཅིང༌། བི་ཀྲ་མ་གསར་བཞེངས་ཡིན། སོ་མ་པུ་རི་ཞིག་གསོས་ཡིན་ཟེར། གཞན་གཉིས་ནའང་རྒྱལ་པོས་ལྷ་ཁང་གསར་དུ་བཞེངས་པ་མང་དུ་ཡོད་པ་རྣམས་ལ་རབ་ཏུ་གནས་པར་ཞུས་པས། སློབ་དཔོན་གྱིས་སྐུའི་བཀོད་པ་བཞི་སྤྲུལ་ཏེ། གཙུག་ལག་ཁང་བཞི་ཅར་ལ་རབ་ཏུ་གནས་པ་དུས་གཅིག་ཏུ་མཛད། དེ་སྐབས་བི་ཀྲ་མ་ཤཱ་ལར་རབ་གནས་ཀྱི་ཞལ་བསྲོ་ཆེན་པོ་ཡོད་པའི་སྐབས། མུ་སྟེགས་ཀྱི་རྣལ་འབྱོར་མ་དཔོན་གཡོག་གཉིས་ཀྱིས་སྐྲུར་འོངས་པས། དགེ་ཚུལ་མ་རུངས་པ་རྣམས་ཀྱིས་བརྡུངས་སོ། །གཡོག་མོས་འདི་ལ་ནུས་པ་སྟོན་དགོས་ཞེས་ཡང་ཡང་གསོལ་བ་བཏབ་པས། དཔོན་མོས་སྔགས་བཟླས་པས། རབ་གནས་ཀྱི་དཀྱིལ་འཁོར་གྱི་འོག་ནས་ཆུ་བརྡོལ། དེར་སློབ་དཔོན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེགས་པས་དེས་ཆར་དྲག་པོ་ཕབ་བོ། །དེ་ཡང་སློབ་དཔོན་གྱིས་ཕྱག་བཀབ་སྟེ་བསྲུངས་པས་དཀྱིལ་འཁོར་ལ་གནོད་པ་ནི་མ་བྱུང་ཞིང་། རབ་གནས་ལེགས་སོ། །ཕྱིས་ཀྱང་ལོ་རེའི་དུས་ལ་དེའི་ཉིན་པར་མུ་སྟེགས་ཀྱི་གནོད་པ་རེ་ཡོང་། ཚུགས་ནི་མི་ཚུགས་སོ། །ནཱ་ལེནྡྲ་བཏུལ་བའི་ལོ་རྒྱུས་ན། དེར་སློབ་དཔོན་ཆེན་པོ་དེས། ནཱ་ལེནྟྲ་དང་། བི་ཀྲ་མ་ལ་ཤཱི་ལའི་གནས་ཀྱི་བདག་པོ་ཡང་མཛད། དེ་སྐབས་ཨོ་ཏནྟ་པུ་རི་ན་གནས་པའི་ཉན་ཐོས་སེནྡྷ་པ་རྣམས་དང་། རྣམ་པར་རྟོག་པས་གཡེངས་པའི་དགེ་སློང་རྣམས་ཀྱིས་ངན་དུ་ཟེར་ཞིང་། སློབ་དཔོན་ནཱ་ལེནྟྲར་བཞུགས་པའི་སྐབས་ཤིག་ན། དགེ་སློང་དེ་རྣམས་ཀྱིས། སངས་རྒྱས་ཡེ་ཤེས་ཚུལ་ཁྲིམས་དང་མི་ལྡན་པས་དགེ་འདུན་གྱི་མཁན་པོར་རུང་བ་མ་ཡིན་ཞེས་ཡང་ཡང་རྒོལ་བ་དང་། གསང་སྔགས་ལ་གཤེ་ཞིང་། རྡོ་རྗེ་གདན་གྱི་སེནྡྷ་པ་སིང་གྷ་ལ་པ་མང་པོས། ཧེ་རུ་ཀའི་སྐུ་བརྙན་དངུལ་ལས་བསྒྲུབས་པ་བཤིག་སྟེ་རྙེད་པར་བྱས་སོ། །ཞེས་བྱུང་བ་ལྟར། སོ་མ་པུ་རིའི་གཙུག་ལག་ཁང་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་། བི་ཀྲ་མ་ཤཱི་ལའི་གཙུག་ཁང་བར་དུ་ས་ཁད་ཉེ་འགྱངས་ཇི་ཙམ་ཡོད་པ་དང་། ལྷག་པར་བི་ཀྲ་མ་ཤཱི་ལའི་གཙུག་ལས་སོ་མ་པུ་རིའི་གཙུག་ལག་ཁང་འདི་ཉིད་བཞེངས་སྔ་བ་ཡིན་པ་རྟོགས་ནུས་སོ།།

 སོ་མ་པུ་རིའི་གཙུག་ལག་ཁང་གི་པཎ་གྲུབ་གྲགས་ཅན་ནི། དེ་ཡང་འཇམ་མགོན་ཨ་མེས་ཞབས་ (1597-1659/1660) ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེ་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་དང་སྦྱར་ཏེ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་མཁས་པ་དགའ་བྱེད་ལས[16]།

འཕགས་པའི་ཡུལ་གྱི་སོ་མ་པཱུ་རི་རུ། །
དམར་སེར་ཞེས་པ་མེ་མོ་སྦྲུལ་ལ་བལྟམས། །
རྣམ་བྱུང་ས་འབྲུག་ལོ་ལ་དངོས་གྲུབ་བརྙེས། །
སོ་ཝ་ན་ཐར་འགྱུར་མེད་རྟག་བཞུགས་པའི། །
འཁྲུལ་ཞིག་དཔལ་ལྡན་ཆོས་སྐྱོང་ལ་གསོལ་བ་འདེབས། །

ཞེས་དཔལ་ནཱ་ལེནྡྲའི་པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་ངམ་ཕྱིས་གྲུབ་པ་ལ་གཤེགས་པའི་མཚན་གྲུབ་ཆེན་བི་རཱུ་པ་ཞེས་གྲགས་པ་གང་དེ་སོ་མ་པཱུ་རིར་འཁྲུངས་པར་གསུངས་ལ། དེ་བཞིན་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས[17]།

སོ་མ་པུ་རིའི་གཙུག་ལག་ཁང་ཆེན་དུ། །
རབ་བྱུང་བསྙེན་རྫོགས་འདུལ་ཁྲིམས་ལེགས་པར་བསྐྱངས། །
སྔ་མའི་ལས་འབྲེལ་དབང་གིས་སྤྲུལ་པ་ཡི། །
དབང་བསྐུར་བྱིན་རླབས་གདམས་པ་ཡང་དག་གནང༌། །

ཞེས་གྲུབ་ཆེན་བི་རཱུ་པའི་རྣམ་ཐར་གྱི་སྐབས་སུ་མ་རི་དང་འབྲེལ་བ་མང་དུ་བྱུང་བར་གསལ་ལོ།།

གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[18]། ཇོ་བོ་རྗེ་དང་སོ་མ་པུ་རིའི་སྒོ་སྲུང་ངག་དབང་གྲགས་པ་དང་མཇལ་བས་དོན་དམ་པའི་རྒྱུད་དྲུག་ཅེས་པ་མཐར་ཐུག་འབའ་ཞིག་སྟོན་པའི་རྒྱུད་སོགས་རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན་ཏེ་མནལ་སད་པ་ན་ཐམས་ཅད་མཁྱེན་ནས་གདའ་སྐད། ཅེས་བྱུང་ཞིང་། དེ་བཞིན་བསྟན་འགྲོ་ཡོངས་ལ་ཕན་པའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་ལས[19]། དེ་ཡང་(ཇོ་བོས་)རྒྱུད་སྡེ་ཐམས་ཅད་མཁྱེན་སྙམ་པའི་ཐུགས་དགོངས་མངའ་བ་ལ་ནུབ་གཅིག་རྨི་ལམ་དུ། གོ་སཽ་མ་པུ་རིའི་སྒོ་སྲུང་གི་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་དང་མཇལ། གསེར་མ་ཎི་པ་ཏྲ་སྙིམ་པ་གང་ཕུལ། བརྡའི་ཕྱག་བཅུ་གཉིས་བཙལ་ནས། རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན། མནལ་སད་པ་ན་ཐམས་ཅད་མ་བརྗེད་པར་མཁྱེན་ནས་གདའ་སྐད། དེའི་ནང་དོན་དམ་པའི་རྒྱུད་དྲུག་ཅེས་པ་མཐར་ཐུག་འབའ་ཞིག་སྟོན་པ་ཡང་བཞུགས་གདའ་སྐད། ཅེས་པཎྜི་ཏ་ངག་དབང་གྲགས་པ་མཆོག་ཀྱང་སོ་མ་པུ་རིའི་གཙུག་ལག་ཁང་གི་སྒོ་སྲུང་བར་མཛད་ཅིང་ཇོ་བོ་དང་མཇལ་བར་མ་ཟད། ཐུན་མིན་གྱི་རྣམ་ཐར་བྱུང་ཡུལ་ཡང་གཙུག་ལག་ཁང་འདི་ཉིད་ཡིན་པར་གསལ་ལོ།།

ཡང་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[20]། གྲུབ་པའི་དབང་ཕྱུག་ཏིལླི་པ་ནི། དང་པོར་དམན་པ་དང་མཐུན་པར་ལམ་སྦྱང་ཚུལ་ནི། རྒྱ་གར་ཤར་ཕྱོགས་ཛ་གོར་ཡབ་བྲམ་ཟེ་གསལ་བ་དང་ཡུམ་བྲམ་ཟེ་མོ་གསལ་ལྡན་མའི་ཁབ་ཏུ་འཁྲུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྗེས་སུ་བཟུང་ཞིང་བུམ་པ་བཟང་པོ་བསྒྲུབས་ནས་བྱིན་པས་རྒྱལ་པོར་གྱུར། རྫུ་འཕྲུལ་གྱི་སྤྱོད་པས་རྒྱལ་ས་ཕས་རྒོལ་ལས་ཆེས་ཆེར་རྒྱལ་བར་མཛད། སྲས་རྒྱལ་སར་བཞག་ནས། སོ་མ་པུ་རིའི་དུར་ཁྲོད་ཀྱི་གཙུག་ལག་ཁང་དུ་བྱོན་རང་གི་ཞང་པོ་ལ་རབ་ཏུ་བྱུང༌། ཞེས་གྲུབ་ཆེན་ཏིལླི་པ་རབ་ཏུ་བྱུང་ཡུལ་གཙུག་ལག་ཁང་འདིར་ཡིན་ལ། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་ནུབ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོག་གསོལ་ནས་ལོ་བཅུ་གཉིས་སྒྲུབ་པ་མཛད་ཚུལ་ཡང་རྣམ་ཐར་ལས་ལས་བྱུང་ངོ་།།

དེ་བཞིན་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་རྟོགས་བརྗོད་ལས[21]། བླ་མ་ར་ཧུ་ལ་གུཔྟ་བཛྲས་རི་ནག་པོའི་ཁོང་གསེང་དུ་སྒྲུབ་པ་མཛད་པས་དགྱེས་རྡོར་སོགས་ཡི་དམ་མང་པོའི་ཞལ་གཟིགས། ཁྱད་པར་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་གཟིགས། དེས་དཔལ་ལྡན་ཨ་ཏི་ཤ་ལ་གནང་ནས་སོ་མ་པུ་རིའི་ནགས་སུ་ཟླ་བ་གསུམ་སྒྲུབ་པ་མཛད་པས། ཞལ་དངོས་སུ་བསྟན་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་པ་སྩལ། ཞེས་ཀྱང་བྱུང་ལ། ཇོ་བོ་རྗེ་ (982-1054) རང་ཉིད་ཀྱིས་མཛད་པའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་[22]ཀྱང་། བདག་སྔོན་སོ་མ་པུ་རིའི་ནགས་གསེབ་ན་འདུག་པ་ན། འཇིག་རྟེན་དབང་ཕྱུག་གིས་ཞལ་མངོན་སུམ་དུ་བསྟན་ནས་རིགས་ཀྱི་བུ་མྱུར་དུ་འཚང་རྒྱ་བར་འགྱུར་བ་དང་། གཞན་གྱི་དོན་འདོད་ན་བྱང་ཆུབ་ཀྱི་སེམས་སྦྱང་བ་དང་། སྤེལ་བ་ལ་བརྩོན་འགྲུས་གྱིས་ཤིག་ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཞེས་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ལུང་བསྟན་མཛད་ཡུལ་ཡང་སོ་མ་པུ་རིའི་གཙུག་ལག་ཁང་དང་འདིའི་ནགས་འདབས་སུ་ཡིན་པར་གསལ་ལོ།།

སོ་མ་པུ་རིའི་གཙུག་ལག་ཁང་གི་མཁན་པོ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[23] ། ཤནྟི་པ་ལ། སློབ་དཔོན་དེ་ན། མ་ག་དྷའི་ཡུལ་དུ་བྲམ་ཟེའི་རིགས་ལས་འཁྲུངས་ཏེ། རིག་བྱེད་དང༌། རིག་བྱེད་ཀྱི་ཡན་ལག་རྣམས་དང༌། བརྟག་པ་བརྒྱད་ལ་སོགས་པ་ལ་ཆུང་ངུ་ནས་མཁས་པར་སྦྱངས་སོ། །ཁ་ཅིག་རྗེ་རིགས་སུ་འདོད་པའང་ཡོད་གསུང༌། ཨོ་ཏནྟ་པུ་རིར་ཐམས་ཅད་ཡོད་སྨྲའི་སྡེ་ལ་རབ་ཏུ་བྱུང༌། ཉན་ཐོས་ཀྱི་སྡེ་སྣོད་གསུམ་པོ་ཐམས་ཅད་ཐུགས་སུ་ཆུད། བི་ཀྲ་མ་ཤཱི་ལར་བྱོན་ཏེ། ཛེ་ཏ་རི་ཆེན་པོ་ལ་སོགས་པ་མཁས་པ་མང་པོ་ལ་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་ཕལ་ཆེར་གསན། གནས་བརྟན་སློབ་དཔོན་ཆེན་པོར་གྱུར་ཏེ། སོ་མ་པུ་རིའི་མཁན་པོར་ཡང་མངའ་གསོལ། ལོ་འགའ་གཙུག་ལག་ཁང་དེ་ཉིད་ཀྱི་གནས་བརྟན་མཛད་དོ། །ཞེས་སློབ་དཔོན་ཤཱནྟི་པ་ཆེན་པོ་མཆོག་སོ་མ་པུ་རིའི་གཙུག་ལག་ཁང་གི་མཁན་པོ་བསྐོ་གཞག་མཛད་པར་གསལ་ལ། གཞན་ཡང་མཁས་པ་སྒོ་དྲུག་ལས་ཕྱོགས་བཞིའི་མཁས་པ་རྣམས་ཀྱིས་ཀྱང་གཙུག་ལག་ཁང་འདིའི་མཁན་པོ་ཡང་གཅིག་ལྕོགས་སུ་མཛད་པ་བཅས། དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ། པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་། གྲུབ་ཆེན་ཏཻ་ལོ་པ། སློབ་དཔོན་ཤཱནྟ་ཏི་པ་སོགས་ཀྱི་རྣམ་ཐར་དང་འབྲེལ་བའི་གཙུག་ལག་ཁང་ཞིག་གོ།

སོ་མ་པུ་རིའི་གཙུག་ལག་ཁང་དུ་བཀའ་བསྡུ་གཉིས་པ་མཛད་ཚུལ་ནི། ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས [24]།

བསྡུ་བ་བར་པ་ཡངས་པ་ཅན། །སུ་མ་པུ་རིའི་གཙུག་ལག་ཁང་། །
དུས་ནི་བརྒྱ་དང་བཅུ་ཙམ་ན། །བསྡུ་བ་པོ་ནི་ཟླ་སྒུར་སོགས། །
གསོལ་འདེབས་པ་ནི་གྲགས་པ་སྟེ། །འདུས་པ་དགྲ་བཅོམ་བདུན་བརྒྱའོ། །
སྦྱིན་བདག་རྒྱལ་པོ་ཨ་ཤོ་ཀ །

ཞེས་བཀའ་བསྡུ་བྱ་ཡུལ་དང་། བྱེད་པའི་དུས། བཀའ་བསྡུ་བ་པོ། གསོལ་བ་འདེབས་པ་པོ། འདུས་པ་ཇི་ཡོད། སྦྱིན་བདག་སུ་ཡིན་བཅས་ཞལ་གསལ་དུ་བྱུང་བ་ལས། བཀའ་བསྡུ་བར་པ་མཛད་ཡུལ་སུ་མ་པུ་རིའི་གཙུག་ལག་ཁང་དུ་ཡིན་པར་གསུངས་ལ། དེ་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ (1308-1363/64) མཛད་པའི་ཀློང་ཆེན་ཆོས་འབྱུང་ལས་[25]ཀྱང་། སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་བྱའི་ལོ། །ཡུལ་ཡངས་པ་ཅན་གྱི་རྩྭ་ཅན་གྱི་ལྗོངས། གྲོང་ཁྱེར་སྐུ་སྨ་སྤུ་རིའི་གཙུག་ལག་ཁང་དུ། སྡེ་པ་བཅོ་བརྒྱད་པོ་ལྟ་སྤྱོད་ལ་མཐུན་པའི་དོན་གཏན་ལ་དབབ་པའི་ཆེད་དུ། དགྲ་བཅོམ་པ་ཟླ་བ་སྒུར་པོ་དང་། གྲགས་པ་སོགས་མི་དགུས་མཛད་དོ། །ཞེས་བྱུང་བ་ལྟར། བཀའ་བསྡུ་གཉིས་པ་མཛད་ཡུལ་ནི། སྐབས་འདིའི་སོ་མ་པུ་རིའི་གཙུག་ལག་ཁང་ཡིན་ན། སོ་མ་པུ་རིའི་གཙུག་ལག་ཁང་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་བཞེངས་པར་གྲགས་པས་དུས་འགྲིག་དཀའ་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་ [26]ཀྱང་། བཀའ་བསྡུ་གཉིས་པ་མཛད་པའི་གནས་ནི། ཡངས་པ་ཅན་གྱི་ཀུསྨ་པུ་རིའི་གཙུག་ལག་ཁང་ཡིན། ཞེས་བཀའ་ཐང་དུ་ཡངས་པ་ཅན་གྱི་སུ་མ་པུ་རིའི་གཙུག་ལག་ཁང་དང་། དུང་དཀར་ཚིག་མཛོད་ཆེན་མོར་ཡངས་པ་ཅན་གྱི་ཀུསྨ་པུ་རིའི་གཙུག་ལག་ཁང་ཞེས་བྱུང་། འོན་ཀྱང་ཡོངས་གྲགས་སོ་མ་པུ་རིའི་གཙུག་ལག་ཁང་ནི་བྷཾ་ག་ལའི་ནང་དུ་དང་། ཡངས་པ་ཅན་ནི་རྒྱ་གར་འཕགས་ཡུལ་གྱི་བྷི་ཧར་མངའ་སྡེའི་ནང་ཆགས་ཤིང་། དེ་གཉིས་བར་ས་ཁད་རིང་བས་དཔྱད་གཞིར་སྣང་ངོ་།།

གཙུག་ལག་ཁང་འདི་ཉིད་ནི་བསྟན་བཅོས་མཛད་ཡུལ་དང་། བསྟན་བཅོས་སྒྲ་སྒྱུར་མཛད་ཡུལ་ཡང་ཡིན་པ་ནི། རྒྱ་གར་གྱི་མཁན་པོ་ཀ་ལཱ་པ་མཧཱ་ཞེས་པས་མཛད་ཅིང་། རྣལ་འབྱོར་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ནས་རང་འགྱུར་གནང་བའི་ཆོས་ཀྱི་སྐུའི་སྣང་བའི་ཆོ་ག་ལས[27]།

སོ་མ་པུ་རིའིགཙུག་ལག་ཁང་ཆེན་དུ། །
ནག་པོ་ཞབས་ཞེས་བྱ་བའི་རྣལ་འབྱོར་པས། །
རྣལ་འབྱོར་ཚེ་འཕོས་དེ་བ་པཱ་ལ་ཡིས། །
ཡབ་མཆོག་དྷརྨ་པཱ་ལ་འདས་གྱུར་པའི། །
ཆེད་དུ་གསོལ་བཏབ་རྒྱལ་པོའི་ཞལ་ངོ་རུ། །
མཆོད་རྟེན་ཆོ་ག་མེ་ཏོག་ཚལ་དུ་མཛད། །
སྤྲོས་བཅས་སྤྲོས་མེད་ཚུལ་གྱི་ལམ་མཆོག་འདི། །
དེང་སང་རྣལ་འབྱོར་རྣམས་ཀྱིས་གདབ་པར་རིགས། །

ཞེས་ཆོས་ཀྱི་སྐུའི་སྣང་བའི་ཆོ་ག་མཛད་ཡུལ་སོ་མ་པུ་རིའི་གཙུག་ལག་ཁང་ཡིན་པར་གསལ་ལ། དེ་བཞིན་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པར་གྲགས་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀའ་དྲིན་ཞུས་པ་ལས། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་རྒྱ་བརྩོན་འགྲུས་སེངྒེ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞེས་བྱུང་བ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཇོ་བོ་བོད་དུ་གདན་འདྲེན་མཁན་གྱི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་བཅས་ནས་བསྟན་བཅོས་འདི་ཉིད་སོ་མ་པུ་རིའི་གཙུག་ལག་ཏུ་སྒྲ་སྒྱུར་མཛད་པར་གསལ་བ་བཅས་སོ་མ་པུ་རིའི་གཙུག་ལག་ཁང་གི་ངོ་སྤྲོད་མདོར་བསྡུས་སོ།།  །།

སོ་མ་པུ་རིའི་གཙུག་ལག་ཁང་གཏོར་བཤིག་སོང་བའི་རྗེས་ཤུལ།

སོ་མ་པུ་རིའི་གཙུག་ལག་ཁང་གི་དཔྱད་གཞི་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

དཔྱད་ཡིག་དང་ཞབས་མཆན།

[1] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༣༡
[2] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༣༽ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་ ༢༠༢
[3] པདྨ་དཀར་པོའི་གསུང་འབུམ། པོད། ༼༢༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༦༦ན༢
[4] ཨ་མྱེས་ཞབས་བཀའ་འབུམ། པོད། ༼ཆ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༧ན༣
[5] བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ། པོད། ༼ཁ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༡༠༢༧
[6] ཆོས་འབྱུང་ངོ་མཚར་རྒྱ་མཚོ། པོད། ༼ང༽ དཔེ་གཟུགས། དཔེ་རིང་། ཤོག་གྲངས་ ༧བ༦
[7] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༢༣
[8] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༩༠
[9] བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག །དེབ་ཨང་ ༡༠༥ པ། ཀྲུང་གོའི་བོད་རིག་པ། ༢༠༠༩ ལོ། ཤོག་གྲངས་ ༡༥༦
[10] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་ ༢༡༥
[11] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༤༽ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་གྲངས་ ༢༨
[12] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༩༨
[13] དང་པོ། ཤར་སྒོ་སྲུང་བ་སློབ་དཔོན་རཏྣ་ཨཱ་ཀ་ར་སྟེ་ཤཱནྟི་པ་དང་། གཉིས་པ། ལྷོ་སྒོ་སྲུང་བ་པྲཛྙ་ཀ་ར་གུཔྟ་སྟེ་ཤེས་རབ་འབྱུང་གནས་བློ་གྲོས། གསུམ་པ། ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག།།བཞི་པ། བྱང་སྒོ་སྲུང་བ་པཎ་ཆེན་ན་རོ་པ་བཅས་ཡིན་འདུག།
[14] བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག །དེབ་ཕྲེང་ ༡༠༥ པ། ༢༠༠༨ ལོ། ཀྲུང་གོའི་བོད་རིག་པ། ཤོག་གྲངས་ ༡༥༨
[15] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༣༽ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་གྲངས་ ༣༤༨
[16] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼ཀ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༥༩ན༥
[17] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གེ༽ དེབ་ཨང་ ༤༨ པ། ༢༠༠༨ ལོ། ཤོག་གྲངས་ ༤༢༠
[18] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༦༡
[19] ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད། ༼༧༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༢༧༨
[20] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༣ན༥
[21] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། པོད། ༼༤༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣
[22] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་། ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༣༡༤

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།