མདོ་སྨད་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལ་གཞས་བཤད་པ།

3
672

གླེང་གཞི། 

མདོ་སྨད་ཡུལ་གྲུ་འདི་ཡང་བོད་རིགས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་གླུ་གར་དང་རོལ་དབྱངས་སྣ་ཚོགས་དར་ཆེ་བ་སྟེ། སྙན་མོ་ངག་གིས་དབྱངས་སུ་གྱེར་བའི་གླུ་ཁ་མཚར་དང་གླུ་ཤགས། སྲིད་པ་འདྲི་བ། ལ་གཞས་ལེན་པ་བཅས་ནི་མདོ་སྨད་སྲོལ་རྒྱུན་གྱི་དམངས་གླུའི་བྱེ་བྲག་ཡིན་པ་དང་༌། གཞན་ཡང་ལུས་ཀྱི་སྟངས་སྟབས་སྣ་ཚོགས་དང་ངག་གི་འགྱུར་ཁུགས་གཉིས་བསྡོངས་ནས་ཉམས་འགྱུར་མཚོན་པ་ལ་ཨ་རྩེད་དང་རྩེད་རིགས་སོགས་དམངས་ཁྲོད་ཀྱི་རོལ་རྩེད་དང༌་། འཆམ་དང་རྣམ་ཐར་འཁྲབ་པ་ནི་ཆོས་ལུགས་ཀྱི་ཆོ་ག་ལྟར་སོང་ལ། དེ་མིན་མི་རབས་ནས་མི་རབས་བར་དུ་ངག་ནས་བརྒྱུད་པའི་འཚོ་བའི་ཐད་ཀྱི་གཏམ་རྒྱུད་སྣ་ཚོགས་དང་ཁེད། གེ་སར་སྒྲུང་བཅས་གནས་བབ་དང་བསྟུན་ནས་འོས་འཚམ་འཆད་ཉན་བྱེད་པའི་སྲོལ་འདུག་ལ། རྡུང་ལེན་དང་སྒོར་བྲོ་སོགས་ནི་མདོ་སྨད་ཡུལ་ལ་མཚོན་ན་གསར་དུ་དར་བའི་རོལ་རྩེད་ཀྱི་ཁོངས་སུ་གཏོགས། གོང་དུ་འཁོད་པའི་རོལ་རྩེད་ཀྱི་རིགས་འདི་དག་ཚང་མ་རེ་རེ་བཞིན་ཞིབ་ཏུ་བཀྲལ་བ་ལ་ཚེགས་ཆེ་རུང་དོན་སྙིང་ལྡན་པ་ཞིག་ཏུ་སེམས་མོད། འདིར་དཀྱུས་གཅིག་ཏུ་བརྗོད་ན་ཡི་གེ་མང་བ་དང་ཉོག་སྐྱོན་དུ་འགྲོ་ཉེན་ཆེ་བས་རེ་ཞིག་མདོ་སྨད་དམངས་ཁྲོད་དུ་དར་ཆེ་བའི་ལ་གཞས་ཁོ་ན་སྐབས་སུ་བབ་པའི་བརྗོད་བྱའི་ཚུལ་དུ་གཏན་ལ་དབབ་པར་བྱའོ།།

 དང་པོ། ལ་གཞས་དང་མདོ་སྨད་བོད་རིགས་ཀྱི་འཚོ་བ།

ལ་གཞས་ནི་ཕོ་མོའི་བརྩེ་དུང་གཙོ་བོར་མཚོན་པའི་ཚིག་སྦྱོར་བཅུད་ལྡན་རྣམས་དྲི་བ་དྲིས་ལན་གྱི་ཚུལ་དུ་དབྱངས་སུ་གྱེར་བའི་མཛའ་གཞས་ཀྱི་རིགས་ཤིག་ཡིན། དེར་མདོ་སྨད་ཁ་སྐད་དུ་‘‘ལ་ཡེ་’’ཟེར་ཞིང༌། ‘‘ཡེ’’སྒྲ་ནི་གཞས་ཀྱི་གནའ་བོའི་སྐད་དུ་སོང་ལ། ‘‘ལ’’ནི་གཞས་འདིའི་རིགས་གཏོང་སྐབས་ཀྱི་དབྱངས་རྟའི་མིང་ལྟ་བུར་ཆགས་འདུག་པས། ས་ཁུལ་ཁ་ཤས་སུ་མཛའ་གཞས་འདིའི་རིགས་གཏོང་བ་ལ་‘‘ལ་ལ’’ལེན་པའམ‘‘ཁ་ལ་ལ་སྒྲོ་གུ་སྒྲོག་སྒྲོག་བྱེད་’’ཅེས་ཀྱང་ཟེར། མདོ་སྨད་བོད་རིགས་ཤིག་ལ་མཚོན་ན་ལ་གཞས་ཐོས་མ་མྱོང་བ་དང་ལ་གཞས་རེ་གཉིས་ལེན་མི་ཤེས་པའི་ན་གཞོན་ཞིག་ཕལ་ཆེར་ཡོད་མི་སྲིད་པས། ཕོ་མོ་རྒན་གཞོན་སུ་ཡིན་རུང་ལ་གཞས་ཐོས་མ་ཐག་ཀུན་གྱིས་འཛུམ་དམུལ་ལེར་ཉན་པ་དང་བློ་གཏད་ནས་བྲོ་བ་མྱོང་བ་ཡིན། དེ་བས་ལ་གཞས་ཀྱིས་ཀུན་གྱི་དྭང་བ་འདྲེན་ནུས་པ་དང་འཚོ་བའི་ཁྲོད་དུ་གཏིང་ཟབ་ཅིང་ཁྱབ་རྒྱ་ཧ་ཅང་ཆེ་བ་གོ་ནུས། ཡིན་ནའང་ལ་གཞས་ནི་ཉེན་ཁ་ཅན་གྱི་གཞས་ཤིག་ཀྱང་ཡིན་ཏེ། གལ་སྲིད་སུ་ཞིག་གིས་ལེན་ཡུལ་དང་ལེན་སྟངས་སོགས་ཀྱི་ཚུལ་མ་ཤེས་པར་གཉེན་སྟོན་ཞིག་གི་སྐབས་སུ་ཕ་ཨ་ཁུ་མང་པོ་ཁྲོམ་པར་འཛོམས་གྲལ་དུ་འཁོད་མ་ཐག་ལ་གཞས་བླངས་ཚེ་ཀུན་གྱི་དྭང་བ་འདྲེན་རྒྱུ་ཕར་ཞོག་ཉིན་དེའི་སྟོན་མོའི་གོ་རིམ་དཀྲུགས་ཤིང་སྟོན་མོ་རབ་ཀྱི་གྲས་སུ་མི་ཚུད་པ་ལྟ་བུ་ཡིན་པས་ལ་གཞས་ལེན་ཡུལ་དང་ལེན་དུས། ལེན་སྟངས། དབྱངས་རྟ་སོགས་སྐབས་དང་བསྟུན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ།

ལ་གཞས་ལེན་ཡུལ་ལ་མཚོན་ན་གཙོ་བོ་མི་ཚོགས་མང་པོ་འདུ་སར་གླུ་བ་རྣམས་ཆེད་དུ་བཀུག་ནས་གོ་རིམ་ཚང་བའི་སྒོ་ནས་ལེན་པ་ཤུགས་ཆེ་ལ། རི་ཀླུང་དང་འདུ་འཛིས་དབེན་པའི་ལུང་སྟོང་ངམ། ན་གཞོན་གྱི་རིགས་ཁོ་ན་ངལ་རྩོལ་སོགས་ལ་ཞུགས་པའི་ཚེ་ནའང་ངེས་མེད་དུ་ལེན་པ་ཡིན་མོད། དེ་ནི་སྔ་མ་ནང་བཞིན་མགོ་རྔ་ཆ་ཚང་བ་ཞིག་མ་ཡིན་པར་སྦྱོང་བརྡར་བྱེད་པའམ་ཐར་ཐོར་རེ་ལེན་པ་ཙམ་དུ་ཟད།

དེ་ཡང་ལེན་དུས་ལ་མཚོན་ན་ཕལ་ཆེར་ལུགས་རྙིང་གི་དབྱར་ཟླ་དྲུག་པའི་སྔ་རྗེས་སུ་མདོ་སྨད་ཡུལ་གྲུ་སོ་སོར་རང་རང་གི་སྲོལ་དང་བསྟུན་པའི་ཆོས་ལུགས་ཀྱི་ཆོ་ག་དང་འབྲེལ་བའི་འདུ་ཚོགས་ཆེན་པོ་རེ་ཡོད་པ་སྟེ། དཔེར་ན་ཁྲི་ཀའི་ལྷ་རྩེད་དང་རེབ་གོང་གླུ་རོལ་སོགས་སྲོལ་རྒྱུན་གྱི་འདུ་ཚོགས་ཆེ་གྲས་དང༌། གཞན་ཡང་ས་གནས་སོ་སོས་ལབ་ཙེ་བསྟོད་པ་དང་རྟ་རྒྱུག་འགྲན་སྡུར་ལྟ་བུའི་འདུ་ཚོགས་ཏེ། ཐུང་ན་ཉིན་གཅིག་དང་རིང་ན་ཉིན་གསུམ་མམ་བདུན་གྱི་བར་དུ་དགའ་སྟོན་ལ་རོལ་བའི་སྐབས་སུའང་ལ་གཞས་ལེན་པ་ཡིན་ལ། དེ་ཡང་སྤང་ལྗོངས་ངོས་གཙང་བའམ་ལྗོན་པའི་ཚལ་ཉམས་དགའ་བ་སོགས་བདམས་ནས་སྔ་དྲོའི་ཆ་ལ་ཆོས་ལུགས་ཀྱི་ཆོ་ག་གང་ཡོད་རྣམས་ཚིམ་པར་བསྒྲུབས་ནས་ཕྱི་དྲོའམ་མུན་རུབ་ལ་ཉེ་བའི་ཚེ་ན་ད་གཟོད་ལ་གཞས་ལེན་པའི་མགོ་རྩོམ་པ་དང༌། དེ་ནས་ཕལ་ཆེར་ནམ་གུང་བར་དུ་ལེན་པ་ནི་ལ་གཞས་ཀྱི་འདུ་ཚོགས་ཆེ་བའི་རིགས་སུ་གཏོགས། གཞན་ཡང་གཉེན་སྟོན་དང་ཁང་སྟོན་སོགས་འདུ་ཚོགས་ཆུང་ངུའི་སྐབས་སུའང་ལ་གཞས་ལེན་པའི་སྲོལ་ཡོད་པ་སྟེ། དེའང་གོང་ནས་བརྗོད་པ་ལྟར་སྔ་དྲོའི་ཆ་ལ་སྐབས་སུ་བབ་པའི་ཆོ་ག་རྣམས་ཚགས་པར་བྱས་ནས་བསྟོད་གླུ་དང་འདྲི་གླུ་ཤག་གླུ་སོགས་རིམ་པར་བླངས་ནས་ས་སྲོད་དམ་མུན་རུབ་པའི་རྗེས་སུ་ད་གཟོད་ལ་གཞས་ལེན་པའི་མགོ་རྩོམ་ངེས་ཡིན།

དེའང་འདུ་ཚོགས་ཆེ་ཆུང་གང་ཡིན་རུང་ཐོག་མར་གླུ་བ(ཕོ་ཞིག་གིས་མགོ་རྩོམ་པའི་དཔེ་སྲོལ་ཡོད)ཞིག་གིས་བསྟོད་གླུའི་དབྱངས་རྟ་ལ་དྲངས་ནས་རྒན་རབས་ལ་གནང་བ་ཞུ་བ་གུས་ལུགས་མཚོན་བྱེད་དུ་གནང་བ་ཞུ་དགོས་པ་ཙམ་ལས་སྤྱིར་གནང་བ་མི་འཐོབ་རྒྱུ་མེད་པ་དང་ཕ་མ་མིང་སྲིང་སོགས་ཕན་ཚུན་ལ་འཛེམ་ཡུལ་ཡོད་པ་རྣམས་གཡོལ་དགོས་པ་སོགས་ཀྱི་དོན་མཚོན་པ་སྟེ་‘‘རི་མཐོན་པོ་ཡོད་ན་དམའ་མོ་བྱོས།། ང་བྱ་རྒྱལ་ཁྱུང་ཆེན་འབབ་རྒྱུ་ཡིན།། ངོ་སྲུང་ནི་ཡོད་ན་སེམས་ཆུང་བྱོས།། ང་གླུ་བས་གླུ་རྒན་(འདིར་ལ་གཞས་ལ་གོ་དགོས)ལེན་རྒྱུ་ཡིན།།’’ ལྟ་བུ་བླངས་པའི་ཚེ་ན། འདུ་ཚོགས་ལ་ཞུགས་མཁན་རྣམས་ཀྱིས་ལ་གཞས་ལེན་རྒྱུ་ཡིན་པ་ཧ་གོ་ནས་མིང་སྲིང་ངམ་འཛེམ་ཡུལ་དུ་གྱུར་པའི་ཉེ་འབྲེལ་རྣམས་དང་ཁ་གྱེས་ངེས་ཡིན། དེ་ནས་རིམ་བཞིན་ཕོ་མོ་གཉིས་ཀྱིས་གཞས་ཚིག་དབྱངས་རྟ་ལ་དྲངས་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩེད་མགོ་རྩོམ་པའི་སྐོར་དང་ཞེ་མཐུན་པའི་སྐོར་སོགས་གོ་རིམ་ལྡན་པའི་ངང་ནས་ལེན་ངེས་ཡིན་(འདིའི་སྐོར་དོན་ཚན་གཉིས་པ་ལས་ཞིབ་ཏུ་དགྲོལ་བར་བྱ)པས་མདོ་སྨད་ལ་གཞས་ནི་དགའ་ཞོར་ལ་འཛེམ་པ་དང་འཛེམ་ཞོར་ལ་ལེན་པའི་སྲོལ་ཆགས་འདུག

ལ་གཞས་ལེན་སྟངས་ནི་ལེན་མཁན་གྱི་གླུ་བས་ལག་པ་ཡ་གཅིག་གིས་འགྲམ་རྩ་སྐྱོར་བ་དང༌། ལག་པ་ཡ་གཅིག་ཏུ་ཁ་བཏགས་སམ་ཚོན་མདངས་བཀྲག་པའི་མགོ་དཀྲིས། ཡང་ན་ཨ་རག་གི་དམ་བུ་སོགས་གང་རུང་ཞིག་འཛིན་པ་དང༌། ལན་རེར་གྱེན་ལ་སྒྲེང་ནས་ལུས་པོ་ལྡེམ་མྱུར་ལྡན་པའི་ངང་ལ་གཞས་ལེན་ཞོར་དུ་གོམ་པ་བཅུ་ཙམ་གྱི་ཕ་རོལ་ན་ཡོད་པའི་ལེན་གྲོགས་བུ་མོའི་ལག་ཏུ་འཇོག་པ་དང༌། བུ་མོས་ཀྱང་སྟངས་སྟབས་སྔ་མ་རྣམས་འདྲ་བའི་སྟེང་ཅུང་ཙམ་ངོ་ཚ་བའི་ཚུལ་གྱིས་སྒེག་པ་དང་དུལ་བའི་ཉམས་ཀྱིས་ལན་སློག་པ་ཡིན། ཡང་དེའི་ཚེ་ན་ཉན་མཁན་རྣམས་ཀྱིས་རང་རང་གི་འདོད་པ་ལྟར་གླུ་བ་རྣམས་ལ་དགའ་རྟགས་ཀྱི་དཔའ་པོར་གྱུར་བའི་སྒོར་མོ་སོགས་སྟེར་བ་ལ་‘‘དགའ་དཔང་བཏགས་’’ཟེར་བའི་གཟེངས་སུ་བསྟོད་སྲོལ་ཡོད་ལ། གླུ་བ་ཕན་ཚུན་ཞེ་མཐུན་ནས་བཟའ་ཟླར་འགྱུར་པའང་ཡོད། ཡང་གལ་ཏེ་གླུ་བ་ཕན་ཚུན་སུ་ཞིག་ལ་གཞས་ཚིག་གི་གྲངས་ཀ་ཉུང་ཞིང་ལན་མ་ཁེལ་བ་ཡིན་ན་དེ་ཉིད་ལ་ངོ་ཚ་ཆེ་ཞིང་ཕ་རོལ་པོས་དྲི་བ་ཡང་ཡང་བཏོན་ནས་འགྲོ་རུ་མི་འཇུག་པ་དང་གནའ་དུས་སུ་ཐུ་བ་བཅད་འགྲོ་བའི་དཔེ་ཡང་ཡོད་འདུག དེ་བས་ཨ་མདོ་ས་ཁུལ་གྱི་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་ལ་གཞས་ལ་འདྲིས་ཆ་ཡོད་པ་དང་ལ་གཞས་རེ་གཉིས་ལེན་ཤེས་པ་བདེན་མོད། འོན་ཀྱང་མདོ་སྨད་པ་ཚང་མ་ནི་ལ་གཞས་ཐད་ཀྱི་གླུ་བ་མིན།

དེའང་ལ་གཞས་ལེན་མཁན་རང་ཉིད་ལ་ལྷན་སྐྱེས་ཀྱི་གྲེ་བ་བདེ་མོ་ཞིག་ཡོད་དགོས་པར་མ་ཟད་སྔོན་རབས་ནས་བརྒྱུད་པའི་གཞས་ཚིག་མང་པོ་ཡོད་དགོས་པ་དང༌། གསར་གཏོད་ཀྱི་ནུས་པ་ལྡན་པའི་བློ་རིག་མྱུར་མོ་ཞིག་ཀྱང་ངེས་པར་དུ་མཁོ། སྐྱེས་གཟུགས་ཀྱི་ཆ་བྱད་སོགས་ལ་ཚོད་འཛིན་ནན་མོ་མེད་དེ། ལན་རེར་གཟུགས་གཞི་ཐུང་བ་དང་ངོ་གདོང་ནག་པ། ཐ་ན་མིག་ཡ་ལོང་བ་སོགས་ལུས་ཀྱི་ཡན་ལག་མི་ཚང་བ་ཞིག་གིས་ཀུ་རེའམ་ཀྱལ་ཀའི་གཏམ་གྱིས་རང་མཚང་རང་གིས་འདོན་ཞོར་ལ་ཕ་རོལ་པོ་ཟིལ་གྱིས་གནོན་པའམ་ཀུན་གྱི་དྭང་བ་འདྲེན་ནུས་པ་ལྟ་བུའང་ཡོད་དོ།།

གཉིས་པ། གཞས་ཚིག་གི་ནང་དོན།

ལ་གཞས་ནི་གོང་ནས་བརྗོད་པ་ལྟར་ཕོ་མོའི་བརྩེ་དུང་མཚོན་པའི་མཛའ་གཞས་ཀྱི་གྲས་སུ་གཏོགས་པས་དེའི་གཞས་ཚིག་གི་ནང་དོན་གཙོ་བོའང་འདོད་པའི་གཏམ་ལས་མ་འདས་མོད། དེའང་སྙན་ངག་གི་རོ་བཅུད་ལྡན་པའི་གཞས་ཚིག་རྣམས་གང་དྲན་གྱིས་ལྷུག་པོར་གྱེར་པ་ཞིག་མ་ཡིན་པར་འོས་འཚམ་གྱི་གོ་རིམ་ངེས་ཅན་ཞིག་ཡོད་པ་སྟེ། ལ་གཞས་ལེན་རུང་བའི་འདུ་ཚོགས་ཆེ་ཆུང་གང་ཡིན་རུང་ཐོག་མར་བསྟོད་གླུ་དུ་མ་ཞིག་བླངས་ནས་རྒན་རབས་ལ་ཆང་སྐལ་ཕུལ་བ་དང༌། དེ་ནས་རིམ་བཞིན་བར་བརྒལ་གྱི་གཞས་ཚིག་བསྟོད་གླུའི་དབྱངས་རྟ་ལ་དྲངས་ནས་བླངས་རྗེས། རྩེད་མགོ་བརྩམས་པ་ནས་བཟུང་ལ་གཞས་ཀྱི་དབྱངས་རྟ་ལ་དྲངས་ཏེ་ལེན་པ་ཡིན། དེ་ཡང་རྩེད་མགོ་རྩོམ་པའི་སྐོར། རོགས་འགྲོགས་པའི་(རོགས་འདེམ་པའམ་རོགས་བཙལ་བའང་ཟེར)སྐོར། ཞེ་མཐུན་པའི་སྐོར། རོགས་དྲན་པའི་(སྨྲེང་བའི་སྐོར)སྐོར། ཁ་འབྲལ་བའི་སྐོར། བདེ་མོ་འཇོག་པའི་སྐོར་སོགས་རིམ་བཞིན་དྲི་བ་དྲིས་ལན་གྱི་ཚུལ་དུ་ལེན་པ་ནི་སྤྱིར་བཏང་བརྩེ་ལྡན་གྱི་གཞོན་ནུ་ཕོ་མོ་གཉིས་ལྷན་འཛོམས་བྱུང་བ་ནས་གྱེས་བྲལ་བར་གྱི་བསམ་བློའི་བརྒྱུད་རིམ་ཆ་ཚང་མཚོན་པའི་ཚུལ་ལྟ་བུ་ཡིན་ལ། དེ་ལས་གཞན་རོགས་འགལ་བའི་སྐོར་དང་རོགས་རྩོད་པའི་སྐོར། བར་བཤོལ་གྱི་སྐོར། ལ་ཤགས། ལབ་སོགས་ཀྱང་ལན་རེར་གང་འཚམ་གྱིས་བར་དུ་འཇུག་སྲོལ་ཡོད་པས་འདིར་གཞས་ཚིག་དེ་དག་གི་སྤྱིའི་གོ་དོན་ཅུང་ཙམ་བཀྲལ་ན།

རྩེད་མགོ་རྩོམ་པའི་སྐོར་ནི་གཞས་གཏོང་མཁན་ཕན་ཚུན་བར་ལ་འཚམས་འདྲི་དང་རྒྱུས་ལོན། ཞོར་དུ་ཉན་མཁན་རྣམས་ལའང་བདེ་འཚམས་འདྲི་བའི་ནང་དོན་ཅན་གྱི་གཞས་ཡིན་ཏེ། སྔོན་ཆད་གཞས་གཏོང་མཁན་ཕན་ཚུན་ངོ་མི་ཤེས་པ་ཡིན་ན་ཕན་ཚུན་རྒྱུས་ལོན་བྱེད་པའི་ནང་དོན་ཅན་དང་༌། སྔོན་ཕན་ཚུན་ལ་གཞས་བླངས་མྱོང་ཞིང་ངོ་འདྲིས་སུ་སོང་བ་ཡིན་ན་འཚམས་འདྲིའི་ཚུལ་གྱིས་ལེན་པ་ཞིག་ཡིན་ཏེ། དཔེར་ན། ‘‘བྱ་རྒོད་པོའི་སྐྱེ་བ་བླངས་བླངས་ལ།། བྲག་དམར་པོར་དཀྲིས་གསུམ་རྒྱག་ལ་འགྲོ། ཡང་ཡང་བྱ་ཡི་མི་སྐྱེ་གི། སྐྱེས་རུང་བྱ་ཁྱུ་མི་གཅིག་གི། རོགས་ཆུང་ལོའི་སྐྱེ་བ་བླངས་བླངས་ལ།། ཁ་བགད་ནས་ཚིག་གསུམ་བཤད་ལ་འགྲོ། ཡང་ཡང་མི་ལུས་མི་ཐོབ་གི། ཐོབ་རུང་སྡེ་ལུང་མི་གཅིག་གི།’’ལྟ་བུ་དང་། ‘‘ངའི་དང་མའི་གྱོ་རྒྱ་(རྟ་སྤུ་མདོག་སྔོ་དཀར་གྱི་དོན)གཡུ་ལོ།། ཡུན་ཞིག་ལ་གྱོ་རྒྱ་མ་རིག་ཐལ།།  ལོ་ད་ལོ་སྤང་ནས་རིག་དུས་ན།། ཕྱི་སྤུ་ཁ་མ་འགྱུར་ངོ་མ་རེད།། རྒྱབ་སྒ་ཆ་མ་བསྟད་བདེན་པ་རེད།། དེ་ཡིན་ན་གྱོ་རྒྱ་བློ་ཡོད་རེད།། ངའི་དང་མའི་རྩེད་རོགས་བྱི་མོ་(བུ་མོ་)ཁྱོད།། ཡུན་ཞིག་ལ་རོགས་ལོ་མ་རིག་ཐལ།། ལོ་ད་ལོ་གྲོང་ནས་རིག་དུས་ན།། ཡག་མོ་སྒོ་མ་འགྱུར་ངོ་མ་རེད།། འདང་ཞེ་བརྩེ་དང་མའི་ཁ་མ་(སྔོན་དང་གཅིག་པ)རེད།། དེ་ཡིན་ན་བྱི་མོ་ཁྲེལ་ཡོད་རེད།།’’ ལྟ་བུའོ།།

རོགས་འགྲོགས་པ་ནི་ཕན་ཚུན་ལ་ཆེས་དགའ་བའི་ཚུལ་གྱིས་དུང་སེམས་སྟོན་པ་ཞིག་མ་ཡིན་པར་ཕན་ཚུན་ལ་འགྲོགས་འདོད་ཡོད་མེད་ཀྱི་བརྡ་སྟོན་པ་དང་རོགས་རྩེད་རྒྱུ་ཡིན་ཚུལ་ཁས་ལེན་པའམ་དམ་བཅའ་རུ་འཇུག་པ་ལྟ་བུ་ཡིན་ཏེ་དཔེར་ན། ‘‘སྟོད་བྲག་དམར་བྱ་ཚང་ནང་ནས།། བྱ་གཉིས་རེ་གཉིེས་རེ་འཕུར་གི། ང་འཕུར་གྲོགས་མེད་ལ་སྒུག་ཡོད།། ངའི་འཕུར་གྲོགས་གླག་མོ་ཁྱོད་བྱོས།། ས་མར་ནང་སྡེ་ཆེན་གྲོང་ན།། རོགས་གཉིས་རེ་གཉིས་རེ་རྩེད་གི། ང་རྩེད་རོགས་མེད་ལ་སྒུག་ཡོད།། ངའི་རྩེད་རོགས་བྱི་མོ་ཁྱོད་བྱོས།།’’ལྟ་བུའམ་‘‘ས་མདོ་སྨད་ཡུལ་གྱི་མཇལ་བ་ང་༌།། སྟོད་དབུས་གཙང་ཡུལ་ལ་ཐོན་དུས་ན།། དབུ་གསེར་ཞྭ་ཅན་གྱི་བླ་མ་ཁྱོས།། སྟོད་དབུས་གཙང་ཇོ་བོའི་སྐུ་མདུན་ནས།། ཁྲིམས་དགེ་བསྐོས་བཙན་པོའི་མངའ་འོག་ནས།། ངའི་རྣམ་ཤེས་སྦྲང་མ་འདྲ་བ་དེ།། ཡར་འཁོར་རེ་འདྲེན་རྒྱུ་ཁྱོད་ལ་གསལ།། ས་སྲི་སྡེ་ཞང་བཟང་ཚ་མོ་ང་༌།། ནང་ན་ཟླའི་གྲལ་ལ་ཐོན་དུས་ན།། སྐེད་གྲི་ཆུང་ཅན་གྱི་བུ་ཆུང་ཁྱོས།། དྲིན་ཕ་མ་གཉིས་ཀྱི་སྐུ་མདུན་ནས།། ཁྱོའི་རྒྱུ་བྱིན་ཆུང་མའི་བྲན་འོག་ནས།། སེམས་བསམ་པ་འབྲལ་མེད་འོ་མ་དེ།། ངའི་ས་ལ་འདྲེན་རྒྱུ་ཁྱོད་ལ་གསལ།།’’ལྟ་བུའོ།།

ཞེ་མཐུན་པའི་སྐོར་ནི་ཕན་ཚུན་ལ་བརྩེ་འདང་ཆེན་པོ་ཆགས་ནས་ཁ་འབྲལ་མི་ཕོད་པར་གྱུར་པས། ཕ་མའི་བཀག་འགོག་དང་རྒྱལ་པོའི་ཆད་པ་སོགས་གང་ལའང་མི་འཇིགས་པའི་ཚུལ་བརྗོད་ནས་དུང་སེམས་བརྟན་པོ་ཆགས་ཡོད་ཚུལ་བརྗོད་པ་སྟེ་དཔེར་ན། ‘‘མ་ཁྱོད་ཚོ་ཙན་དན་སྡོང་པོ་བྱོས།། ཕོ་ང་ཚོ་ཙན་དན་ལོ་མ་བྱེད།། ཁྱོད་སྡོང་བོ་རླུང་གིས་མ་འགྱེལ་ན།། ང་ལོ་མ་འཐོར་གི་དཔེ་ཞིག་མེད།། མ་ཁྱོད་ཚོ་ཞང་བཟང་ཚ་མོ་བྱོས།། ཕོ་ང་ཚོ་ཕ་བཟང་ཞི་ལི་(བུ)ཡིན།། ཁྱོད་བྱི་མོའི་བློ་སེམས་མ་འགྱུར་ན།། ང་ཞི་ལི་འགྱུར་བའི་དཔེ་ཞིག་མེད།།’’ལྟ་བུའོ།།

རོགས་དྲན་པ་ནི་སྔོན་ཕན་ཚུན་ངོ་མི་ཤེས་པ་ཡིན་ན་འགྲོགས་ཡ་བཙལ་ནས་མ་རྙེད་པའི་སྡུག་བསྔལ་བརྗོད་པའི་ཚུལ་གྱིས་དྲན་པ་དང་༌། ངོ་ཤེས་གཉིས་ཡུན་རིང་མ་འཕྲད་པ་ཞིག་ཡིན་ན་ཕ་རོལ་པོ་ཇི་ལྟར་དྲན་ཚུལ་བརྗོད་པ་སྟེ་དཔེར་ན། ‘‘བྱ་ཁུ་བྱུག་འཇོལ་མོ་གཉིས་ཀ། བྱ་ཁ་ཁ་སོང་གི་ཕྱི་ཉིན་ནས།། ངས་བྱ་བརྒྱ་རིག་ནས་འདྲོགས་ལངས་གཟིག། ང་འཕུར་གྲོགས་མེད་ལ་བྲེལ་ལངས་གཟིག ། ང་འཕུར་སའི་དགུང་སྔོན་གནམ་ནས།། སྒྲོ་སྨུག་པོ་རླུང་གིས་བཅད་ཐལ།། ང་འབབ་སའི་བྲག་དམར་ཐེམ་ནས།། སྒྲོ་བྲང་རུས་བཙག་གིས་ཁེངས་ཐལ།། ངའི་འཕུར་གྲོགས་བྱིའུ་ཆུང་འཇོལ་མོ།། སྙིང་རྗེ་ནས་བྱ་ཞིག་ཡིན་ན།། ཤ་ཚ་བའི་བར་སྐབས་འདི་རེད།། རོགས་ཁྲེལ་ཡོད་འདང་ཡོད་གཉིས་ཀ། རོགས་ཁ་ཁ་སོང་གི་ཕྱི་ཉིན་ནས།། ནང་རོགས་བརྒྱ་རིག་ནས་འདྲོགས་ལངས་གཟིག། ང་རྩེད་རོགས་མེད་ལ་ཡིད་སྨྲེང་གཟིག། ང་སོང་སའི་སྡེ་ཆེན་གྲོང་ནས།། ལུས་དྲང་ཤ་ཅན་པོ་རྒས་ཐལ།། ངའི་དང་མའི་ཞེ་མཐུན་རོགས་ལོ།། རོགས་བྱང་སེམས་ཅན་ཞིག་ཡིན་ན།། ཤ་ཚ་བའི་བར་སྐབས་འདི་རེད།།’’ལྟ་བུའོ།།

ཁ་འབྲལ་བ་ནི་ལ་གཞས་བཏང་ནས་ཡུན་རིང་འགོར་རྗེས་སོ་སོའི་ཕ་མས་ཡུལ་ལ་བོས་པའམ་རང་རང་གི་བཟའ་ཟླར་འཇིགས་པ་སོགས་རྐྱེན་བྱས་ནས་འབྲེལ་མི་འདོད་ཀྱང་མི་འབྲལ་ཐབས་མེད་དུ་གྱུར་ཚུལ་ལྟར་བརྗོད་པ་སྟེ་དཔེར་ན། ‘‘ང་བུད་ལ་འགྲོ་ན་བུད་ལ་འགྲོ། སྟོད་རྫ་ལམ་བརྒྱུད་ལ་བུད་ལ་འགྲོ། གོས་ཚ་རུའི་འདབས་ཀ་མི་ཟད་མོད།། གོས་ཚ་རུའི་འདབས་ཀ་ཟད་སོང་ན།། ངའི་ལག་ན་རྒྱ་ནག་གོས་སྐུད་ཡོད།། ཡང་བཙེམ་མ་དང་ང་བུད་ལ་འགྲོ། བུད་ལ་འགྲོ་ན་བུད་ལ་འགྲོ། ས་སྡེ་ཆེན་མཐའ་ནས་བུད་ལ་འགྲོ། རྒྱ་ནག་པོ་ར་མདའ་མི་ཡོང་མོད།། རྒྱ་ནག་པོ་ར་མདར་བུད་ཡོང་ན།། ངའི་ལག་ན་མགོ་སྐོར་དཔེ་ཆ་ཡོད།། མགོ་བསྐོར་ར་དང་ང་བུད་ལ་འགྲོ།’’མདོ་བསྐོར་ནས་འགྲོ་གི་ཡིན་ཞེས་པའི་དོན། ལྟ་བུའོ།།

བདེ་མོ་འཇོག་པའི་སྐོར་ནི་མཇུག་མཐར་བཀྲ་ཤིས་ཁ་གཡང་གི་ཚུལ་དུ་ཕན་ཚུན་ལ་བདེ་སྐྱིད་འཛོམ་པའི་སྨོན་ལམ་དང་དེའི་ཞོར་ལ་ཉན་མཁན་ན་ཟླ་དང་བཅས་པར་བཀྲ་ཤིས་ཁ་གཡང་འབོད་པ་སྟེ་དཔེར་ན། ‘‘མཚོ་སྔོན་པོའི་ནང་རྫོང་ལུག་རེད།། ལུག་ཚེར་མོའི་རྒྱན་ཆ་བལ་རེད།། བལ་བྲེག་ནས་འདུག་ཁོམ་མེད་ནོ།། ལུག་ཚེར་མོའི་སེམས་ན་ལོས་ཡོད།། ས་སྡེ་ཆེན་ནང་རྫོང་རོགས་རེད།། རོགས་ཆུང་ལོའི་རྒྱན་ཆ་ཚིག་རེད།། ཚིག་བཤད་ནས་འདུག་ཁོམ་མེད་ནོ།། རོགས་ཆུང་ལོའི་སེམས་ན་ལོས་ཡོད།།’’ ལྟ་བུའམ་‘‘བདེ་མོ་གཅིག་ལ་བདེ་མོ།། མཚོ་གཡས་སྡེ་གཡོན་སྡེ་བདེ་མོ།། དོན་དམ་པར་མཚོ་སྙིང་བདེ་མོ།། བདེ་མོ་གཅིག་ལ་བདེ་མོ།། སྡེ་གཡས་རུ་གཡོན་རུ་བདེ་མོ།། དོན་དམ་པར་རོགས་ལོ་བདེ་མོ།།’’ལྟ་བུ་དང་‘‘སྔགས་ཕུར་ཐོགས་ཁྱོད་དང་དགེ་བཤེས་ངས།། ཆོས་གསར་རྙིང་བར་གྱི་གྲུབ་མཐའ་རྩད།། འདི་སྒེར་དོན་མ་རེད་སྤྱི་དོན་རེད།། མཐར་གཏུགས་ན་སངས་རྒྱས་བསྟན་པ་རེད།། ཆོས་ད་ཐེངས་བསྐྱུར་ལ་གཞུག་ཐེངས་རྩོད།། འཛུམ་དམུལ་ལེར་བགད་ནས་ཐུག་རག་བར།། ཕྱག་རག་ཕྲེང་ཤ་ལེར་བདེ་མོ་བྱོས།། སྨན་བུ་མོ་ཁྱོད་དང་སྟག་ཤར་ངས།། ནང་ན་ཟླའི་བར་གྱི་ཁོག་དཔུང་ལ་རྒྱ་རྩད།། འདི་སྒེར་དོན་མ་རེད་སྤྱི་དོན་རེད།། མཐར་གཏུགས་ན་དམངས་ཁྲོད་སྒྱུ་རྩལ་རེད།། ལབ་ད་ཐེངས་སྐྱུར་ལ་གཞུག་ཐེངས་ལེན།། ཁ་བགད་ལེ་སྡེ་ནས་ཐུག་རག་བར།། སྐེ་གཡུ་བྱུར་ལྡེམ་མེར་བདེ་མོ་བྱོས།།’’ལྟ་བུའོ།།

གོང་གསལ་གྱི་གོ་རིམ་འདི་དག་སྤྱིར་བཏང་གི་འགྲོ་ཚུལ་ཙམ་ལས་རེ་རེ་བཞིན་ངེས་པར་ཚང་དགོས་པའམ་ཡང་ན་ཕན་ཚུན་བསྣོལ་མི་རུང་བ་སོགས་ཀྱི་ངེས་པ་མེད་པས། སྐོར་སོ་སོའི་དབྱེ་མཚམས་ཀྱང་དེ་འདྲ་གསལ་དགོས་དོན་མེད་ལ། རོགས་འགལ་བ་ནི་ལན་རེར་ཕན་ཚུན་ཞེ་མ་མཐུན་པའམ་ཡང་ན་ཕ་རོལ་པོས་ཁྲེལ་མེད་བྱས་མྱོང་བ་ལྟ་བུ་ཡིན་ཚེ་སྡིགས་དམོད་དང་མཚང་འབྱིན་གྱི་ཚུལ་དུ་ལེན་པ་སྟེ་དཔེར་ན‘‘རི་མཐོ་བའི་རྩེ་མོ་ཁྱོད་ཡོད་ཀི། བྱ་འཁོར་རེ་འབབ་འདོད་ང་མེད་ཀི། འགང་མེད་ཀི་ཟེར་ནི་མིན་ར།། ཁྱོད་བྱ་བརྒྱ་མང་པོས་བསྐོར་ཡོད་ཀི། ཁྱོས་བྱ་གཅིག་དྭང་ལ་བླངས་ཡོད་གི། ང་དེ་བས་འབབ་འདོད་མེད་ནི་ཡིན།། རོགས་ཡག་གི་ཕོ་སྒོ་ཁྱོད་ཡོད་ཀི། ཁ་བགད་ལེ་རྩེད་འདོད་ང་མེད་ཀི། འགང་མེད་ཀི་ཟེར་ནི་མིན་ར།། ཁྱོད་རོགས་བརྒྱ་མང་པོས་བསྐོར་ཡོད་ཀི། ཁྱོས་རོགས་གཅིག་དང་ལ་བླངས་ཡོད་ཀི། ང་དེ་བས་རྩེད་འདོད་མེད་ནི་ཡིན།།’’ ལྟ་བུའོ།། གཞན་ཡང་བར་བཤོལ་ལྟ་བུར་མཚོན་ན་ཕན་ཚུན་གྱི་གཞས་གྲངས་ལ་མང་ཉུང་ཤོར་བ་དང༌། ཕན་ཚུན་ཁས་མ་བླངས་པར་ལེན་མཚམས་མི་འཇོག་པ། ཡང་ན་འགལ་བ་ཛ་དྲག་ཏུ་གྱུར་ནས་ཚིག་རྩུབ་བྱུང་བ་སོགས་ཀྱི་སྐབས་སུ་གཞན་ཞིག་གིས་གཞས་པ་གཉིས་ལ་ངོ་བསྟོད་འདྲེས་མའམ་སེམས་གསོའི་ཚུལ་གྱིས་བར་བཤོལ་ཚུལ་ཡོད་པ་སྟེ་དཔེར་ན། ‘‘སྒོམ་ཉམས་ལེན་མཚམས་ཁང་ནང་གི། སྒོམ་རྟོགས་པ་ཅན་གྱི་སྔགས་པ་ཡིས།། ཇོ་སེར་པོར་མཇལ་གི་མི་མཇུག་ན།། སྨད་མདོ་སྨད་ཆོས་ཀྱི་ཁུངས་ཤིག་ཡིན།། དེར་ཤོག་དང་མཇལ་ས་རྙེད་ནི་རེད།། ལུས་སྒྲིབ་པའི་རྣམ་སྨིན་དག་ནི་རེད།། ས་སྡེ་ཆེན་རྩེད་ར་ནང་ནས།། རོགས་ཁ་འགྲོགས་ཞེ་འགྲོགས་བར་ལ།། ཚིག་ཁེར་ཞིག་(གཅིག་ཀྱང)བཤད་གི་མི་འཇུག་ན།། ངའི་རང་སྡེ་རོགས་ས་རོགས་ཡུལ་ཡིན།། དེར་ཤོག་དང་རྩེད་རོགས་རྙེད་ནི་རེད།། ཞེ་འཇིག་རྟེན་སྣང་བ་མཐུན་ནི་རེད།།’’ལྟ་བུའོ།།

རོགས་རྩོད་པ་ནི་གཙོ་བོ་སྐྱེས་པ་གཉིས་ཀྱིས་བུ་མོ་གཅིག་རྩོད་པའམ་ཡང་ན་བུ་མོ་གཉིས་ཀྱིས་ཕོ་གསར་གཅིག་རྩོད་རེས་བྱེད་པའི་ཚུལ་གྱིས་ལེན་པ་སྟེ་དཔེར་ན‘‘གསེར་ལ་རི་ཡི་མགོ་ནས།། ངའི་གསེར་ཆུང་ཐོ་རུ་འཚེར་གི། སྲབ་བཟུང་ནས་རྟ་བདག་ཐོན་དུས།། ཐག་དི་རེ་རྐྱང་གིས་འཁྲིད་གི། དེ(ད)མ་བྱེད་རྐྱང་མོ་ལས་ལེགས་མ།། རྟ་དེ་ཡི་རྟ་བདག་ང་ཡིན།། འདི་འདེད་རྒྱུ་ཟེར་ན་གྱོད་རེད།། གྱོད་རྒྱག་རྒྱུ་ཟེར་ན་ཁྱོས་ལྟོས།། དངུལ་ལ་རི་ཡི་སྒང་ནས།། ངའི་དངུལ་ཏོག་ན་ཟླས་འབོད་ཀི། ང་(ད)རྩེད་རོགས་རྩིབ་ལ་ཐོན་དུས།། ཁ་བགད་ནས་ཅིག་གིས་(གཞན་གྱིས་)ཁྲིད་ཐལ།། དེ(ད)མ་བྱེད་ཞི་ལི་ལས་ལེགས་གོ། མ་དེ་ཡི་སྐྲ་བདག་ང་ཡིན།། དེ་འཁྲིད་རྒྱུ་ཟེར་ན་གྱོད་རེད།། གྱོད་རྒྱག་རྒྱུ་ཟེར་ན་ཁྱོས་ལྟོས།།’’ལྟ་བུ་དང་། ‘‘ང་འཛམ་གླིང་ཉི་མ་ཟེར་ནོ། ། རི་ཉིན་སྲིབ་མེད་ལ་ཤར་ནོ།། ཁྱོས་འཆར་དགའ་ཆེ་གི་མ་ཟེར།། དགུང་སྔོན་པོའི་དཀྱིལ་གྱི་དཔེ་ཡིན།། ང་ཉི་མའི་སྔོན་གྱི་ལས་ཡིན།། ང་སྡེ་ཆེན་དཀྱིལ་གྱི་བྱི་མོ།། རོགས་ཡག་བཙོག་མེད་ལ་རྩེད་ནོ།། ཁྱོས་(ཁྱོད་ཀྱིས་ཞེས་པའི་བསྡུས་ཚིག)རྩེད་དགའ་ཆེ་གི་མ་ཟེར།། ས་སྡེ་ཆེན་གྲོང་གི་དཔེ་ཡིན།། ང་བྱི་མོའི་སྔོན་གྱི་ལས་ཡིན།།’’ ལྟ་བུ་བཅས་རྗེས་མ་གསུམ་ནི་ལན་རེར་འབྱུང་བ་ཙམ་ལས་ཐེངས་རེ་རེར་འབྱུང་བའི་ངེས་པ་མེད་དོ།། ལབ་ལེན་པ་ནི་རང་ཉིད་ལ་གཞས་གྲངས་མང་ཚུལ་སོགས་འུད་ཀྱིས་བརྗོད་པ་ཞིག་སྟེ་དཔེར་ན‘‘དོ་(ཐ་མ་ཁ)འཐེན་ནི་ཡོད་ན་འདིར་ཤོག།། ངའི་སྐེད་རགས་མདུད་པ་དོ་ཡིན།། གློ་ནད་ཀྱིས་ཟིན་ན་མི་ཤེས།། གླུ་ལེན་ནི་ཡོད་ན་ལབ་ལོངས།། ལབ་ལེན་ནི་ཡོད་ན་འདིར་ཤོག། ངོ་དམར་པོར་བཏང་ན་མི་ཤེས།།’’ལྟ་བུའོ། །

ལ་ཤགས་ནི་སྤྱིར་རོགས་འགལ་བའི་གྲས་སུ་གཏོགས་ལ་མདོ་སྨད་‘‘གླུ་ཤགས་’’ཀྱི་ཁྱད་ཆོས་དང་ཕལ་ཆེར་མཚུངས་པས་འདིར་ཟུར་དུ་མ་བརྗོད། དེས་ན་འདི་ལྟ་བུའི་གཞས་ཚིག་ནང་གསེས་མང་པོ་ཅན་དེའི་གྲངས་ཚད་སུས་ཀྱང་འཛིན་དཀའ་མོད་གཞས་པ་གཅིག་ལ་གཞས་ཚིག་ཉིས་བརྒྱ་ཡན་ཆད་བློ་ན་ཡོད་ཚེ་གཞས་པ་གྲགས་ཅན་གྱི་གྲས་སུ་ཚུད་ངེས་པ་དང༌་། བློར་བྱང་བ་མང་ཞིང་ལན་ཇི་ལྟར་འཁེལ་ན་མཚན་སྙན་གྲགས་དེ་ལྟར་རྒྱས་ངེས། ལ་གཞས་བློ་བཟོ་མ་ལ་ཉན་མཁན་ཕལ་ཆེ་བ་དེ་འདྲ་མི་དགའ་བས། གཞས་ཚིག་ཕལ་ཆེ་བ་ཞིག་ས་གནས་སོ་སོའི་གཞས་པ་རྣམས་ཀྱིས་མི་རབས་མང་པོའི་བར་དུ་འཚོ་བ་དངོས་ཀྱི་མྱོང་བ་དག་ངག་ནས་ངག་ཏུ་བརྒྱུད་དེ་སྡོམ་ཚིག་ལ་བཀོད་པ་ལྟ་བུ་ཡིན་པས་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང་བརྗོད་སྙིང་གཏིང་ཟབ་ཡིན་ཏེ་དཔེར་ན་‘‘སྟོད་གསེར་ལ་རི་ཡི་མགོ་ན།། ངས་གསེར་གྱི་ཐང་མ་བརྡལ་ཡོད།། འདི་མཐུག་བརྡལ་བྱས་ན་མཐུག་འགྲོ་ཀི། དགུང་ཉི་མའི་དྲོད་ཀྱིས་མི་སྐམ་ཀི། འདི་སྲབ་བརྡལ་བྱས་ན་སྲབ་འགྲོ་ཀི། རླུང་བསེར་བུ་གཡུག་ན་ཁུར་འགྲོ་ཀི། ངས་ཇི་ལྟར་བརྡལ་རྒྱུ་མི་ཤེས་ཀི། སྡེ་ཆེན་པོ་གཡུང་དྲུང་སྒོ་བཞི་ནས།། ཞེ་གཏད་ནས་རོགས་ཤིག་བཙལ་ཡོད་ད།། ཚིག་ཡང་མོ་བཤད་ན་ཡང་འགྲོ་ཀི།། རོགས་ཆུང་ལོའི་སེམས་ལ་མི་འབབ་ཀི། ཚིག་ལྗིད་མོ་བཤད་ན་ལྗིད་འགྲོ་ཀི། རོགས་ཆུང་ལོའི་སེམས་ལ་གནོད་འགྲོ་ཀི། ཚིག་ཇི་ལྟར་བཤད་རྒྱུ་མི་ཤེས་ཀི།’’ ལྟ་བུ་དང་༌། གཞས་ཚིག་ཕལ་ཆེར་ཞིག་ལ་རྒྱབ་ལྗོངས་ངེས་ཅན་རེའང་ཡོད་ཚོད་ཡིན་ཏེ་དཔེར་ན་སྔོན་གཞོན་ནུ་ཕོ་མོ་གཉིས་ཕན་ཚུན་མཛའ་གྲོགས་ཡིན་པ་ལ་རྗེས་སུ་བར་ལ་ཚིག་ཤོར་(ཆིངས་ས་རྒྱག་རྒྱུ་བྱས་པའི་དོན)་ནས་ཞེ་འགལ་བར་གྱུར་པས་གཞོན་ནུ་མས་སྔོན་གྱི་བྱུང་བ་ཁས་མི་ལེན་པའི་ཚུལ་བྱུང་པ་ན། ཕོ་གསར་དེས་ཡི་གེ་འདི་ལྟར་བསྐུར་བ་སྟེ། ‘‘ཁྱོད་འདོ་རིགས་རྟ་བོ་ཟེར་བ།། ཐང་ཡངས་ས་ཞིག་ནས་རྒྱུག་འཇོག་ཀི། འཕྲང་དོག་ས་ཞིག་ནས་སྒིག་(རྟས་མཆོང་ལྡིང་བྱས་པའི་དོན།)འཇོག་ཀི། ཁྱོད་འདྲ་འདྲའི་འདོ་བ་གེམ་ཅན་(སྐྱོན་ལ་གོ)ཞིག། ཁྱོད་ཁ་འཁྱམ་བྱི་མོ་ཟེར་བ།། མྱི་མེད་ས་ཞིག་ནས་ཉལ་འཇོག་ཀི། མྱི་ཡོད་ས་ཞིག་ནས་འགྱུན་(བྱས་ཉེས་ངོས་ལེན་མི་བྱེད་པར་གོ)འཇོག་གི། ཁྱོད་འདྲ་བའི་བྱི་མོ་གེམ་ཅན་ཞིག’’ཅེས་དོན་དངོས་དང་སྦྱར་ནས་ཡི་གེ་བསྐུར་པ་ན། གཞོན་ནུ་མས་ཕོ་གསར་ལ་‘‘སྟོད་དབུས་གཙང་འདུ་ཁང་ནང་ནས།། ལྷ་མཇལ་མཇལ་ཚང་མ་མ་བརྗེད་གཟིག། ལྷ་ཁྱོད་མཇལ་ཡིད་ནས་བརྗེད་སོང་གཟིག། ཡང་མིན་ན་ལྷ་ལ་མ་མཇལ་གཟིག། ཡང་མིན་ན་དད་པ་མེད་ནི་རེད།། ས་སྡེ་ཆེན་རྩེད་ར་ནང་ནས།། རོགས་རྩེད་རྩེད་ཚང་མ་མ་བརྗེད་གཟིག། རོགས་ཁྱོད་རྩེ་ཡིད་ནས་བརྗེད་སོང་གཟིག། ཡང་མིན་ན་རོགས་ལ་མ་རྩེ་གཟིག། ཡང་མིན་ན་དྲན་བརྗེད་མེད་ནི་རེད།།’’ཅེས་ལན་བསྐུར་རེས་བྱས་པ་ལྟ་བུའོ།།

གསུམ་པ། གཞས་ཚིག་གི་འཕེལ་ཕྱོགས་དང་ལ་སྐད་དབྱངས་རྟ།

མདོ་སྨད་ལ་གཞས་ལ་སྲོལ་རྒྱུན་གཞས་ཚིག་དང་དེང་རབས་ལ་གཞས་དགུ་ཚིག་མ་བཅས་ལུས་ཀྱི་ཆ་ནས་རིགས་ཆེན་པོ་གཉིས་སུ་དགར་རུང་སྟེ། སྲོལ་རྒྱུན་གཞས་ཚིག་གི་གྲུབ་སྟངས་ནི་སྤྱིར་དཔེ་དང་དཔེ་ཅན་གཉིས་གཞི་གཅིག་ཏུ་མི་བསྲེ་བར། ཤོ་ལོ་ཀ་གོང་མའི་ནང་དུ་དཔེ་དང་ཕྱི་མའི་ནང་དུ་དཔེ་ཅན་ཏེ་དོན་སྦྱར་ནས་གཞས་གཅིག་ཤོ་ལོ་ཀ་གཉིས་ཀྱིས་གྲུབ་པ་ཡིན་མོད། ཤོ་ལོ་ཀ་རེ་རེ་ཚིག་རྐང་བཞི་རེས་གྲུབ་དགོས་པའི་ཚོད་འཛིན་མེད་དེ། ཉུང་ན་ཚིག་རྐང་གཉིས་རེ་དང་མང་ན་དྲུག་བདུན་ཡན་ཆད་ཡོད་པའང་སྣང་ལ་སྤྱིར་བཏང་ཚིག་རྐང་བཞི་དང་ལྔའི་ཡས་མས་ཅན་རྒྱུགས་ཆེ། དེ་ཡང་ཚེག་ཁྱིམ་གྱི་དབང་དུ་བྱས་ན་ཚིག་རྐང་རེར་ཚེག་ཁྱིམ་བདུན་ཅན་ཤུགས་ཆེ་ལ། དྲུག་ཅན་དང་བརྒྱད་ཅན་ཡང་ཡོད་མོད་གཞས་གཏོང་བའི་ཚེ་ན་ངེས་པར་དུ་ཚེག་ཁྱིམ་བརྒྱད་དག་དག་ཡིན་དགོས་པས། ཡིག་འབྲུ་བདུན་ནམ་དྲུག་ཅན་ཡིན་ཚེ་ཚིག་རྐང་གི་མགོ་རྔ་གང་རུང་ལ་‘‘འདི་’’དང་‘‘ཡ།’’ ‘‘དགོ་’’སོགས་ནང་དོན་འགྲེལ་རྒྱུ་མེད་པའི་ཚིག་ལྷག་(ཡིག་འབྲུའི་ཐེབས་སུ་སྦྱོར་རྒྱུའི་ཚིག་རོ་ལྟ་བུ)སྦྱར་ནས་ཁ་སྐོང་བ་ཡིན། དཔེར་ན། དེང་རབས་ལ་གཞས་དགུ་ཚིག་མ་ཟེར་བ་ནི་ཚིག་རྐང་གཅིག་ལ་ཡིག་འབྲུ་དགུ་ཡོད་པ་དེའི་ཁྱད་ཆོས་གཙོ་བོ་ཞིག་ལོས་ཡིན་མོད། གཞན་ཡང་སྲོལ་རྒྱུན་གཞས་ཚིག་ལྟར་ཤོ་ལོ་ཀའི་ཚོད་འཛིན་མེད་པ་དང་དཔེ་དང་དཔེ་ཅན་གཉིས་ཀྱིས་གྲུབ་དགོས་པའི་ངེས་པ་མེད། ཚིག་སྦྱོར་ཡང་འགའ་ཤས་སྙན་ངག་གིས་བཅིངས་པ་དང་ལ་ལ་དུས་རྒྱུན་གྱི་ཁ་བརྡའི་ཚིག་སྦྱོར་བཀོལ་བའང་ཡོད་ལ། ནང་དོན་གྱི་ཆ་ནས་སྲོལ་རྒྱུན་གཞས་ཚིག་ལྟར་བརྩེ་དུང་ཁོ་ན་གཙོ་བོར་མཚོན་པ་མ་ཡིན་པར་བཞད་གད་དང་ཁ་བརྡ། མཚང་འབྱིན། ལབ། ཤགས་རྒྱག་པ་སོགས་ཀྱི་ཁྱད་ཆོས་སྣ་འཛོམས་འབུར་དུ་ཐོན་ཡོད་པ་དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་དར་བའི་ནང་དོན་དང་རྣམ་པ་གཉིས་ཀའི་ཆ་ནས་ཅུང་རང་དབང་ཡིན་པའི་ལ་གཞས་གསར་བར་ངོས་བཟུང་ཆོག

ལ་གཞས་ཀྱི་དབྱངས་རྟ་ནི་གེ་སར་སྒྲུང་གླུའམ་མདོ་སྨད་དམངས་གླུ་གཞན་དག་གི་འགུག་ལུགས་དང་མི་མཚུངས་ཞིང་ངེས་པར་ལ་གཞས་ཀྱི་དབྱངས་རྟ་ཡིན་པ་ལས་གཞན་གང་ཡང་མ་ཡིན་པ་ཞིག་དགོས། དེ་ཧ་མ་གོ་བར་ཕ་མ་གཉེན་ཉེའི་དྲུང་ནས་ལ་གཞས་ཀྱི་དབྱངས་ལ་གྱེར་ཚེ་ངོ་ཚ་ཉོ་བའམ་བཞད་གད་སློང་བའི་རྒྱུ་རུ་འགྱུར་ངེས། གཞས་པ་རྣམས་ཀྱིས་ལ་གཞས་གཏོང་སའི་ཁོར་ཡུག་དང་ཉན་མཁན། གཞས་ཚིག་གི་ཁྱད་ཆོས་སོགས་མི་འདྲ་བར་གཞིགས་ནས་རང་རང་གི་འདོད་བློ་ལྟར་དབྱངས་རྟ་སྣ་ཚོགས་ལ་གྱེར་ཆོག་པ་སྟེ། རྩེད་མགོ་རྩོམ་པ་དང་རོགས་མཐུན། སྨྲེང་པའི་སྐོར་སོགས་ལེན་སྐབས་འགྱུར་ཁུགས་མང་ཞིང་སྐད་གདངས་ལྷོད་པའི་ཚུལ་གྱིས་ལེན་པ་དང་༌། རོགས་འགལ་བའི་སྐོར་དང་ཤགས་སོགས་ཕན་ཚུན་ལ་མཚང་འདྲིའི་ཚུལ་གྱིས་ལེན་སྐབས་འགྱུར་ཁུགས་ཉུང་ཞིང་ཚགས་དམ་ལ་འབྲུ་གསལ་བའི་སྒོ་ནས་ཐུང་ལེན་བྱེད་པའམ་ལན་ཐུང་རྒྱག་བྱེད་ལུགས་ཡོད་པས། དམངས་ཁྲོད་དུའང་‘‘ཁ་ལ་ལ་གློག་དམར་འཁྱུག་འཁྱུག་བྱེད།། ལན་ལོན་པ་(ལྡོན་དང་འདྲ)སྒྲོ་གུ་སྒྲོག་སྒྲོག་བྱེད།།’’ཟེར་བའི་དཔེ་ཡོད་པ་སོགས་ནི་སྤྱིའི་དར་ལུགས་ཡིན། ལ་གཞས་ཀྱི་དབྱངས་རྟ་འདྲ་མིན་སྣ་ཚོགས་རགས་རྩིས་བྱས་ན་ཕལ་ཆེར་རིགས་བཞི་བཅུ་ལྷག་ཡོད། གཞན་ཡང་རེབ་གོང་དང་བླ་བྲང་སོགས་ཀྱི་ཕྱོགས་སུ་ལ་གཞས་རིང་འཐེན་བྱེད་པའི་སྲོལ་དང་ད་ལྟ་ལ་གཞས་རྡུང་ལེན་སོགས་ཀྱང་དར་བཞིན་ཡོད་པ་རྣམས་ཡིག་ཚོགས་ལ་འཇིགས་ནས་འདིར་མ་སྤྲོས།།

བཞི། ལ་གཞས་ཀྱི་དགེ་མཚན།

ལ་གཞས་ནི་དམངས་ཁྲོད་རོལ་རྩེད་ཀྱི་ཁོངས་སུ་གཏོགས་པས་དེའི་ཁྱད་ཆོས་སམ་དགེ་མཚན་གཙོ་བོ་ནི་རོལ་རྩེད་ཡིན། དེ་ཡང་དེང་རབས་གྲོང་བརྡལ་གྱི་རྣམ་པ་མངོན་པར་མི་གསལ་བའི་མདོ་སྨད་ཀྱི་ཁུལ་དེ་དག་ལ་མཚོན་ན། དགའ་སྟོན་དང་འདུ་ཚོགས་ཆེ་གྲས་ལ་རོལ་ཚེ་ལ་གཞས་ནི་མེད་དུ་མི་རུང་བའི་རིག་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། དཔེར་ན་ཁྲི་ཀའི་དྲུག་པའི་ལྷ་རྩེད་དང་༌། རེབ་གོང་དྲུག་པའི་ཀླུ་རོལ། གཅན་ཚའི་བཅུ་པའི་དགའ་སྟོན། ཆབ་ཆའི་ལབ་ཙེ་ཁྲ་རིལ། དེ་མིན་ས་གནས་སོ་སོའི་ལོ་གསར་སྨོན་ལམ་སོགས་འདུ་ཚོགས་ཆེ་གྲས་ཚང་མ་ལ་གཞས་ཀྱིས་མཇུག་རྫོགས་པ་ཡིན། ལ་གཞས་ནི་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་ལ་ཚང་མས་ཆེས་དགའ་བསུ་བྱེད་པའི་རོལ་རྩེད་ཀྱི་རིགས་ཤིག་ཡིན་པ་ར་སྤྲོད་བྱེད་ཐུབ་ལ། རོལ་རྩེད་ནི་ལ་གཞས་ཀྱི་དགེ་མཚན་གཙོ་བོའོ།།

ལ་གཞས་ཀྱི་དགེ་མཚན་གཉིས་པ་ནི་བསླབ་དེབ་ཏུ་མེད་པའི་དམངས་ཁྲོད་ཤེས་རིག་སྣ་ཚོགས་སྟབས་བདེའི་ངང་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་དེ་ཡིན། མིག་སྔར་མདོ་སྨད་ལ་གཞས་ཕལ་ཆེར་ཁྱོན་ཡོངས་ནས་འཚོལ་སྡུད་དང་ལེགས་སྒྲིག་བྱས་མེད་པས་འདིར་ཐོར་རེ་ལོང་ངེ་ཙམ་བསྡོམས་ན། རྟ་ནོར་ལུག་གསུམ་གཙོས་པའི་སྲོག་ཆགས་ཀྱི་འདུལ་སྦྱོང་དང་འཚོ་སྐྱོང་གི་སྐོར། ཞིང་པ། རྔོན་པ། རྡོ་བཟོ་ལྟ་བུའི་ལས་གཉེར་དང་ལག་ཤེས་བཟོ་ལས་ཀྱི་སྐོར། བླ་མ། མཁས་པ། སྨན་པ་ལྟ་བུའི་དམ་པའི་རིགས་ཀྱི་བྱ་སྤྱོད་ཀྱི་སྐོར། ཁུ་བྱུག ཐང་དཀར། བྱིའུ་ལྟ་བུའི་འདབ་ཆགས་རིགས་ཀྱི་འཚོ་གནས་བྱེད་སྟངས་སྐོར། བན་བོན་སྔགས་གསུམ་གྱི་གྲུབ་མཐའི་སྐོར། ཆར་རླུང་སྤྲིན་གསུམ་ལྟ་བུའི་གནམ་གཤིས་ཀྱི་ཤེས་བྱའི་སྐོར། དར་གོས་ཕྲུག་གསུམ་ལྟ་བུའི་གྱོན་པའི་རིགས། གཞན་ཡང་གསོ་རིག་སྨན་དང་རྩིག་བཟོ་ལ་སོགས་འཚོ་བའི་ཤེས་བྱ་མ་འདུས་པ་ཞིག་མེད་པས་ལ་གཞས་ཀྱི་གཞས་ཚིག་ནི་དམངས་ཁྲོད་ཤེས་རིག་གི་གཏེར་བུམ་ཆེན་པོ་ཞིག་ཡིན་ཞེས་བརྗོད་ཀྱང་མི་རུང་བ་ཅི་ཡང་མེད།

ལ་གཞས་གྱི་དགེ་མཚན་གསུམ་པ་ནི་ཁ་ཤགས་དང་གླུ་ཤགས་ཀྱི་རྣམ་པ་དང་འདྲ་བར་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མ་རབས་མཚང་འབྱིན་དང་ཡ་རབས་སློབ་གསོའི་ནུས་པ་འདོན་ཐུབ་པ་དེ་ཡིན། དཔེར་ན་བཟའ་ཚང་འགྲིག་མཐུན་ཡོང་དགོས་ཚུལ་དང༌། ཆེ་བཀུར་ཆུང་བྱམས་བྱེད་ཚུལ། དཔོན་ངན་རྒྱུ་གཟན་ལ་དམའ་འབེབས་པ། ཐ་ན་བསླབ་པ་སློབ་གཉེར་བྱེད་ཚུལ་སོགས་ཀྱང་གོ་བདེ་ལ་དགོད་བྲོ་བའི་ཚིག་སྦྱོར་གྱི་རྣམ་པས་ཉན་མཁན་རྣམས་ལ་ཤེས་སུ་འཇུག་ནུས་པ་ལྟ་བུའོ།།

དགེ་མཚན་བཞི་པ་ནི་དམངས་ཁྲོད་ཀྱི་སྐད་ཆ་དང་ཚིག་སྦྱོར་གསོན་ཉམས་ལྡན་པ་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་ཐུབ་པ་དེ་ཡིན། ལ་གཞས་ཀྱི་གཞས་ཚིག་ཕལ་ཆེ་བ་ནི་མང་ཚོགས་ཀྱི་ངག་ནས་ཡང་ཡང་བརྡར་བའི་སྐད་ཆའི་དྭངས་མ་ལྟ་བུ་ཡིན་པས་ཚིག་ལྷག་མེད་པར་ཚགས་དམ་ཞིང་གོ་སླ་བ་ཁོ་ན་ཉིད་དུ་ངེས། དེ་ནི་སྙན་ངག་དང་བརྩམས་སྒྲུང་སོགས་རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆའི་འབྱུང་ཁུངས་སམ་རྨང་རྡོ་ལྟ་བུའང་ཡིན་ལ། ཐ་ན་གཞོན་ནུའི་བློ་སྒོ་འབྱེད་པ་དང་ཡིག་རྨོངས་སེལ་བ། ཁོར་ཡུག་སྲུང་སྐྱོབ་སོགས་ལའང་ཕན་པར་སེམས་ཤིང༌། གཞན་ཡང་བོད་ཀྱི་ལ་གཞས་ནི་མདོ་སྨད་ཁུལ་མ་ཟད་ཀྲུང་གོའི་ནུབ་བྱང་ཁུལ་གྱི་མཚོ་སྔོན་དང་ཀན་སུའུ། ཉིང་ཞྭ། ཤིན་ཅང་སོགས་ཀྱི་མི་རིགས་བརྒྱད་ཙམ་གྱི་ཡུལ་དུ་དར་བའི་མཛའ་གཞས་ཧྭ་ཨེར་ཟེར་བ་འདིའི་མ་ཁུངས་ལྟ་བུའང་ཡིན་པས་ལ་གཞས་ལ་མཐོང་ཆེན་བྱས་ཏེ་ཁྱབ་སྤེལ་ལ་བཏང་ན་དགེ་མཚན་མང་དུ་ཡོད་དོ།།

མདོར་ན་དམངས་ཁྲོད་ལ་གཞས་ནི་དམངས་ཁྲོད་ཁོ་ན་རུ་མི་བསྐྱུར་པར་སྒྲ་ཐག་དང་འོད་སྡེར་སོགས་སུ་བཀོད་ནས་ཁྱབ་སྤེལ་དང་མཚམས་སྦྱོར་བྱེད་དགོས་པར་མ་ཟད། ལ་གཞས་འགྲན་ཚོགས་ཆེ་གྲས་བསྡུ་བ་དང༌། ཕྱོགས་དུ་མ་ནས་འཚོལ་བསྡུ་དང་ཞིབ་འཇུག་བྱས་པའི་འབྲས་བུ་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ཀྱི་གར་སྟེགས་སུ་གདན་འདྲེན་ཞུ་འོས་ལ། རྩོམ་རིག་ལོ་རྒྱུས་སོགས་ཀྱི་གཞུང་དུ་བཅུག་ནས་ལ་གཞས་རང་ཉིད་ལ་ཐོབ་འོས་པའི་དབང་ཐང་དེ་མྱུར་དུ་འཐོབ་པར་བྱ་རྒྱུ་ནི་རང་རེ་ཐུན་མོང་གི་ལས་འགན་གལ་ཆེན་ཞིག་ཏུ་སེམས་སོ།།

ཟུར་ལྟའི་དཔྱད་ཡིག

[1] བོད་ཀྱི་ལ་གཞས་གཞོན་ནུ་འགུག་པའི་ལྕགས་ཀྱུ། དེབ་དང་པོ། མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཁང་གིས་བསྒྲིགས། ༡༩༨༡ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

[2] བོད་ཀྱི་དམངས་གཞས་ཕྱོགས་སྒྲིག འཕྲིན་ལས་ཆོས་གྲགས་སོགས་ཀྱིས་བསྡུས། ༡༩༨༢ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

[3] ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ། གཅོད་པ་དོན་གྲུབ་སོགས་ཀྱིས་བརྩམས། ༢༠༠༡ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

[4] ཁུ་བྱུག་སྔོན་མོའི་འགྲིན་གླུ། ཚེ་རིང་བཀྲ་ཤིས་དང་སྐལ་བཟང་ཚེ་བརྟན་གཉིས་ཀྱིས་བསྒྲིགས། ༡༩༨༩ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

[5] བོད་ཀྱི་ལ་གཞས་གཞོན་ནུ་འགུག་པའི་ལྕགས་ཀྱུ། ཀུན་དགལ་རྒྱལ་མཚན་གྱིས་བསྡུ་སྒྲིག་བྱས། ༢༠༠༠ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

[6] ལ་གཞས། ཞིན་དབང་རྒྱལ་གྱིས་འཚོལ་སྒྲིག་བྱས། ༢༠༠༡ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

[7] ལ་གཞས་མཛོད། ༡ ༡༠ ནུབ་མཚོ་མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་བསྐྲུན་པའི་སྒྲ་ཐག

[8] ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། ༡༩༩༧ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་་སྐྲུན་བྱས།

[9] མདོ་སྨད་དམངས་གཞས། ཁྲོ་ཁོས་བསྡུས། མཚོ་སྔོན་དམངས་ཁྲོད་རིག་རྩལ་ཞིབ་དཔྱོད་ཁང་གིས་བསྒྲིགས།

[10] དམངས་ཁྲོད་རིག་རྩལ། དཀོན་མཆོག་རྡོ་རྗེས་བསྡུ་སྒྲིག་བྱས། མཆོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་དཔྱོད་ཚོགས་པས་བསྒྲིགས།

མཆན། ཝེ་ཆོན་མེན་གྱིས་བརྩམས་པའི་ལ་གཞས་གསར་བཤད། (རྒྱ་ཡིག)ཏུ་གསལ།

– – – – –

Loading

3 མཆན།

  1. དཔྱད་རྩོམ་ཧ་ཅང་གི་རིན་ཐང་ཅན་ཞིག་སྤེལ་འདུག གལ་ཏེ་ད་དུང་ལ་གཞས་ཀྱིས་རྒྱ་ནག་གི་ནུབ་བྱང་སྤྱི་ཚོགས་ཁྲོད་ཐེབས་པའི་ཤུགས་རྐྱེན་ཡང་ཅུང་ཙམ་ཁ་སྣོན་བྱེད་ཐུབ་པ་ཡིན་ན་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་ཡོད་པར་གོར་མ་ཆག རྒྱ་ནག་གི་ཡུལ་ལུང་འདི་དག་ཏུ”མེ་ཏོག་གི་བརྩེ་གླུ”(花儿)ཟེར་ཞིང་། དོན་ལ་དུས་རབས་བཅོ་ལྔ་ཡས་མས་ནས་ནུབ་བྱང་གི་རྒྱ་ནག་པའི་ཁྲོད་དུ་ལ་གཞས་ལས་བརྒྱུད་འགྱུར་བྱས་པ་ཞིག་ཏུ་གོ་ཐུབ། ཡིན་ནའང་། དེ་ལུགས་ཁ་སྣོན་བྱེད་ཆོག་གི་ཡོད་མེད་བོད་ནང་དུ་བཞུགས་མཁན་ཚོས་མ་གཏོགས་གཞན་གྱིས་ཤེས་མི་ཐུབ།

  2. ལ་གཞས་སྐོར་གྱི་རྩོམ་དེ་བཀླགས་ཟིན། ལ་གཞས་སམ་ལ་ཡེ་ནི་མདོ་སྨད་ཕྱོགས་ཙམ་མིན་པར་བོད་ས་ཡོངས་ལ་ཡོད་ངེས་སྙམ། ངའི་སྐྱེ་ཡུལ་ཁམས་འབྲི་རུ་ལ་མཚོན་ནའང་གོང་དུ་འགྲེལ་བའི་ལ་གཞས་དང་གཅིག་མཚུངས་ཡོད། ལ་གཞས་ལ་ང་ཚོས་ཀྱང་ཁ་ནས་ལ་ཡེ་ཟེར་དར། དེ་སྔོན་ངའི་གྲོགས་པོ་མདོ་སྨད་པ་ཞིག་གིས་ཁྱེད་ཚོ་ཡོད་སར་ལ་གཞས་ལེན་སྲོལ་ཡོད་རེད་ཟེར་བ་གོ་བྱུང་བདེན་ནམ། བདེན་ན་ཡི་གེ་དང་བརྙན་འདྲ་ཡོད་ན་གཏོང་རོགས་ཟེར། ལ་དེབ་ཁ་ཤས་ཡོད་རུང་དེ་དུས་མ་རག་པས་ངས་བརྙན་རིང་པོ་ཞིག་བཏང་བས། ཁོང་གིས་ངས་ལ་གཞས་ལེན་སྲོལ་འདི་མདོ་སྨད་ཕྱོགས་གཅིག་པུ་ཡིན་ས་རེད་བསམས་སོང་། ཁྱེད་ཚོ་ལའང་ལེན་སྲོལ་ཡོད་འདུག་ག ལ་གཞས་ཚིག་ཀྱང་མང་ཆེ་ཤོས་གོ་སོང་ལེན་སྟངས་སོགས་གཅིག་པ་རེད་འདུག་ཟེར། ང་ཚོས་ལ་ཡེ་ལ། ལ་ཡེ། ལ་མཐུ། ལ་ཤགས་སོགས་དབྱེ་བ་ཡོད། ལ་ཡེ་ནི་མཛའ་གཞས་ཤིག་ཡིན་པས་ལེན་སའང་རྒྱུས་ཡོད་མེད་ཀྱི་བུ་མོ་ལས་མ་དང་སྲིང་མོ་མིན་པ་མཚུངས། ལ་ཡེ་བླངས་ནས་དགའ་རོགས་འགྲིགས་པ་དུ་མ་ཡོད། ཧཧ མདོར་ན་ལ་ཡེ་ལེན་མི་འབྲི་རུའི་ཉེ་འཁོར་གཅིག་པུར་རྫོང་ཁག་བཅུ་ཁ་བརྒལ་བ་ཡོད། ” འདམ་ཅོག་ཙེ་ལ་ཡི་ལ་རྒྱབ་ནས།། བྱིའུ་ལྕུག་མོའི་དགོང་འདོན་འུ་རུ་རུ།། བྱིའུ་ལྕུག་མོ་ཆོས་སྣང་ཆེ་སོང་མག། དབུས་ལྷ་ས་ཁ་ཐག་ཉེ་སོང་རེད།། ལྟ་བུ་དང་། ནམ་མ་ལངས་ཉི་མ་ཤར་ལེ་དེ།། དབུས་ལྷ་སའི་རྒྱ་ཕེབས་སེར་པོ་རེད།། མུན་མ་རུབ་སྐར་གྲས་འགྲིག་ལེ་དེ།། དབུས་ལྷ་སའི་སྒོ་དང་སྒེའུ་ཁུང་རེད།། ལྟ་བུ་ལ་གླུ་དང་། ལ་དྲུག་ལ་མོའི་ཕར་ནང་ལ།།འབྲུ་དྲུག་སྙེ་མ་བཏབ་བཞག་ཡོད།། ལོ་ཡོད་ན་ཡག་དགའ་ཡག་སྐྱིད་ཡིན།། ལོ་མེད་ན་ཅི་དགའ་ལ་དགའ་ཡིན།། དེ་བཞིན། མཛོ་ཁྱུང་དཀར་རྭ་ཅོ་གཡས་པ་ལ།།མར་དཀར་པོའི་གཡུང་དྲུང་བྲིས་བཞག་ཡོད།། མར་དཀར་པོ་ཉི་མས་མ་བཞུ་ལེ།། གསལ་ཉི་མ་ངེད་གཉིས་ཁ་དན་ཡོད།། སོགས་རེད། མདོར་ན་ཐམས་ཅད་བྲིས་ན་ཉིན་གང་བྲིས་ཀྱང་འབྲིར་མི་ཐུབ་པ་རེད། ཧཧ

  3. ལ་གཞས་ཟེར་བ་དེ་མཚོ་སྔོན་དང་མགོ་ལོག་སོགས་ས་ཆ་རེ་ཟུང་ལ་དར་ཡོད་པ་ལས་མདོ་སྨད་ཀྱི་ས་ཆ་མང་ཆེ་བ་ལ་དར་མེད། མདོ་སྨད་ལ་དར་ཟེར་ན་དོན་ལ་མི་གནས། ངའི་ཕ་ཡུལ་ཡང་མདོ་སྨད་རེད། ལ་གཞས་དར་མེད། ང་ལོ་བཅུ་དྲུག་ལོན་སྐབས་མཚོ་སྔོན་གངས་ཚ་ཐེངས་གཅིག་སོང་། དེ་དུས་ཡུལ་མི་ཚོས་ལོ་གསེར་དང་དུས་སྟོན་ཚོགས་སྐབས་ལ་གཞས་ལེན་སྲོལ་ཡོད་པ་དེ་ནས་ཤེས།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།