དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཞེངས་སྐྲུན་བཀོད་པའི་རྟོག་དཔྱོད།*
གནད་བསྡུས། སྤྱི་ལོ་དུས་རབས་བཅུ་བཞི་པའི་དུས་སྟོད་དང་དུས་རབས་བཅོ་ལྔ་པའི་དུས་སྨད་ནི་གཙང་གི་ལ་སྟོད་ལྷོ་བྱང་དང་། མངའ་རིས་གུང་ཐང་གི་ཡུལ་དུ་རྒྱ་གར་པཱ་ལའི་བཟོ་རྩལ་དང་བལ་པོའི་བཟོ་རྩལ་རྒྱ་ཆེར་དར་བའི་སྐབས་ཤིག་ཡིན་ལ། གནའ་དཔྱད་རིག་པའི་རྟོག་ཞིབ་དང་ཡིག་ཚང་རིག་པའི་རྟོག་ཞིབ་ཐབས་ལམ་བརྒྱུད་དེ་ཤེས་གསལ་བྱུང་བ་ལྟར་ན། དུས་སྐབས་དེར་བཞེངས་པའི་དཔལ་རི་བོ་ཆེའི་སྐུ་འབུམ་མཆོད་རྟེན་དང་ཇོ་ནང་མཐོང་གྲོལ་ཆེན་མོ། རྒྱང་འབུམ་མོ་ཆེའི་སྐུ་འབུམ། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་སོགས་ཀྱི་བཞེངས་སྐྲུན་ཐད་པཱ་ལའི་བཟོ་རྩལ་དང་བལ་པོའི་བཟོ་རྩལ་སྤྱད་ཡོད་པར་མ་ཟད། ད་དུང་ཡོན་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་གི་བཟོ་རྩལ་ཡང་མང་དུ་སྤྱད་ཡོད་པས། འདིར་དཔལ་རི་བོ་ཆེའི་མཆོད་རྟེན་དམིགས་སུ་བཟུང་ནས་དེ་ཡི་བཀོད་པའི་ཆགས་དབྱིབས་དང་སྒྱུ་རྩལ་ཁྱད་ཆོས་སོགས་ལ་ཞིབ་ཏུ་དཔྱད་ཡོད།
གནད་ཚིག དཔལ་རི་བོ་ཆེའི་མཆོད་རྟེན། པཱ་ལའི་བཟོ་རྩལ། བལ་པོའི་བཟོ་རྩལ། སྒྱུ་རྩལ་ཁྱད་ཆོས།
དང་པོ། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཞེངས་སྐྲུན་ལོ་རྒྱུས།
ཐང་སྟོང་རྒྱལ་པོ[①]ནི་བོད་ཀྱི་བྱ་བཏང་རྣལ་འབྱོར་བའི་ཁྲོད“སྨྱོན་པ”[②]ཞེས་ལྟ་སྤྱོད་སོགས་ཕལ་བའི་སྣང་ངོ་དང་མི་མཐུན་པའི་གྲུབ་ཐོབ་ཀྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། “སྨྱོན་པ”འདི་ནི་དཀའ་ཐུབ་ཀྱི་སྤྱོད་པ་ལ་བརྟེན་ནས་སེམས་ཉིད་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པའི་སྒོ་ནས་ཐུན་མིན་སྔགས་ལམ་གྱི་རིམ་པ་དག་བརྒྱུད་དེ་ཐར་བའི་གོ་འཕང་ཐོབ་པ་ཞིག་ཡིན། ཐང་སྟོང་རྒྱལ་པོ་ནི་སྐུ་ཚེ་གང་པོར་དབེན་པའི་རི་ཁྲོད་དུ་སྒོམ་སྒྲུབ་ལ་གཞོལ་བ་ཙམ་མ་ཡིན་པར། གྲྭ་བུ་སློབ་ཡོན་བདག་མང་པོ་དང་ལྷན་དུ་འགྲོ་བ་སེམས་ཅན་གྱི་དོན་དུ་གཤེགས་པའི་གྲུབ་ཐོབ་ཆེན་པོ(mahasiddha)རྟེན་འབྲེལ་གྱི་གནད་ལ་དབང་འབྱོར་བ་ཞིག་ཡིན། གཞན་ཁོང་ནི་ཚན་རིག་པ་ཞིག་ཡིན་པར་མ་ཟད་བོད་ཀྱི་ཟློས་གར་གྱི་མེས་པོའང་ཡིན་ཏེ། ཁོང་གིས་རང་གི་རྩེར་སོན་གྱི་ཉམས་རྟོགས་ལ་བརྟེན་ནས་བོད་ཀྱི་ཟློས་གར་གྱི་རང་ལུགས་གསར་དུ་གཏོད་ཅིང་། བོད་ཀྱི་ལྕགས་ཟམ་བཟོ་མཁན་ཐོག་མའང་ཡིན་པས“ལྕགས་ཟམ་པ”ཞེས་ཆོས་འབྱུང་ལོ་རྒྱུས་ཡོངས་སུ་གྲགས་ཤིང་། ཕལ་ཆེར་བོད་ཁུལ་གྱི་ལྕགས་ཟམ་སྔ་བ་ཀུན་ནི་ཁོང་གིས་གསར་བཞེངས་མཛད་པ་ཡིན།[③] ཁོང་གི་མཛད་པ་གཙོ་བོ་ནི་ཟམ་བཟོ་བ་ཁོ་ན་ཙམ་མ་ཡིན་པར་བོད་ཀྱི་ཡུལ་ཕྱོགས་ཀུན་དུ་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པ་སོགས་དགེ་ལས་མཐའ་ཡས་པ་གནང་ཡོད།
ཐང་སྟོང་རྒྱལ་པོ་ལ་ངོ་མཚར་བའི་མཛད་པ་ཤིན་ཏུ་མང་བ་ལས་ཀུན་ལ་དོ་སྣང་ཆེ་བའི་མཛད་པ་གཅིག་ནི། འགྱུར་མེད་བདེ་ཆེན་གྱིས་མཛད་པའི《ཐང་རྒྱལ་རྣམ་ཐར》[④]དུ་འཁོད་པའི་གྲུབ་ཆེན་ཁོང་གི་ཞལ་བཀོད་འོག་གསར་བཞེངས་གནང་བའི་དཔལ་རི་བོ་ཆེའི་བཀྲ་ཤིས་སྒོ་མང་མཆོད་རྟེན[རི་མོ3]གྱི་བཞེངས་སྐྲུན་ལོ་རྒྱུས་ཞིབ་ཅིང་ཕྲ་བ་དེ་ཡིན། མཆོད་རྟེན་དེ་ནི་ར་ག་གཙང་པོའི་བྱང་འགྲམ་གྱི་བྱང་ངམ་རིང[⑤][རི་མོ2]ཞེས་པའི་ས་ཆར་བཞེངས་ཡོད།
གྲུབ་ཆེན་ཐང་སྟོང་རྒྱལ་པོ་བྱང་གི་ངམ་རིང་འབུམ་ཐང་དུ་བཞུགས་དུས།‘ཅུང་གདོང་ཞུར’ཞེས་པའི་ས་ཆའི་ཡ་གིའི་རི་བོ་ལ‘དཔལ་རི་བོ་ཆེ’རུ་མིང་བཏགས[⑥]ཤིང་། སྤྱི་ལོ1448འབྲུག་གི་ལོ་ལ། ལ་སྟོད་བྱང་གི་ངམ་རིང་སྡེ་པའི་ཆིབས་རར་བྱོན་ནས་སྡེ་སྲིད་ཡབ་སྲས་ལ་འདི་སྐད་ཅེས་གསོལ་ཏེ།“ངེད་ཀྱི་ཕ་མའི་ས་གཞིས། སྤྱི་རིན་ཆེན་སྡིངས་ན་ཡོད་པའི་གཞིས་གཉིས་ལ་དམག་ཁྲལ་འུ་ལག་མེད་པ་དང་། ཨར་པོའི་ས་ཆུ་རྩ་གསུམ་ཁྲལ་མེད་དུ་སྟེར་ན་དཔལ་རི་བོ་ཆེར་དགེ་ལས་འཛུགས། བཟོ་རིས་པ་དང་དང་བླངས་བྱེད་མི་བྱུང་ན་དགེ་ལས་བྱེད།”[⑦]ཅེས་ཞུས་པས་ངམ་རིང་སྡེ་པས་གྲུབ་ཐོབ་ཆེན་པོའི་རེ་འདུན་རྣམས་དང་དུ་བླངས་ཏེ་རི་བོ་ཆེའི་མཆོད་རྟེན་མ་གྲུབ་པའི་བར་དུ་བཟོ་རིས་དང་དང་བླངས་བ་གཏོང་བའི་ཕྱག་རྟགས་གནང་། དེ་ལ་བརྟེན་ནས་གྲུབ་ཐོབ་ཆེན་པོས་མཆོད་རྟེན་གྱི་དགེ་ལས་འཛུགས་པར་ཞལ་གྱིས་བཞེས། དེ་ནས་གྲུབ་ཐོབ་ཆེན་པོ་ལྷོ་ཤེལ་དཀར་དུ་ཕེབས་པ་དང་ལ་སྟོད་ལྷོ་ཡི་སྡེ་པ་ཏའི་སི་ཏུ་ལྷ་བཙུན་སྐྱབས་དཔོན་གཡོག་གཙོས་པའི་ཡོན་བདག་མང་པོར་གང་ལ་གང་འདུལ་གྱི་ཆོས་འཁོར་བཟང་པོ་བསྐོར། སྡེ་པ་དཔོན་གཡོག་དག་གིས་ཁོང་ལ་དགེ་ལས་ཤིག་འཛུགས་པར་བཀའ་བཀོད་གནང་བའི་རེ་ཞུ་བྱས་པ་ལ། གྲུབ་ཆེན་པའི་ཞལ་སྔ་ནས།“དགེ་ལས་སྟོབས་ཅན་བྱེད་པ་འདི་བར་ཆད་ཆེ་བ་ཞིག་གདའ་བས་མི་མཛད་པར་ཞུ། ལྷོ་བྱང་མངའ་གསུམ་གྱི་འཛོམ་ས། གདོང་ཞུར་ན་དྲུད་པ་རང་གིས་སྔར་ཡང་ལྕགས་ཟམ་བཙུགས་གདའ་བས་དེར་དགེ་ལས་མཛད།”[⑧]ཅེས་གསོལ་བས། ལ་སྟོད་ལྷོ་ཡི་སྡེ་པས་རང་གི་ཁྲི་སྐོར་གྱི་ས་ནས་བཟོ་རིགས་མཁན་གང་མཁོ་དང་། མངའ་ཞབས་ཀྱི་ལས་ཁྲལ་དང་ཤིང་ཆ་སོགས་གང་མཁོ་རྣམས་གྲུབ་ཆེན་པ་ལ་ཕུལ།
སྤྱི་ལོ1449ས་མོ་སྦྲུལ་གྱི་ལོར། གྲུབ་ཐོབ་ཆེན་པོ་དཔལ་རི་བོ་ཆེར་ཕེབས། “མཆོད་རྟེན་བཀྲ་ཤིས་སྒོ་མངས[⑨][རི་མོ1]ཀྱི་གཞི་འདིངས་པ་ལ། བྱང་ཁྲི་ཞབས་ཀྱི་འུ་ལག་པ་མང་པོ་འཛོམ། དཔོན་སློབ་རྣམས་ཀྱིས་ས་རྡོའི་ལས་ཀ་མཛད་པས། ས་རྡོ་ཤིན་ཏུ་མང་བ་འབད་མེད་དུ་བྱུང་ཡང་། མཆོད་རྟེན་གྱི་བུམ་པ་མན་གྲུབ་པ་ལན་གསུམ་ཞིག སྔར་ལས་ངོ་མཚར་ཞིང་རྒྱ་ཆེ་བ་ཞིག་གི་གཞི་བཏིང་བས། རྩིག་ཁ་ན་འབྲུ་ཐོ་རེ་བ[⑩]རྒྱུན་དུ་བྱུང་། གཞི་པ་ལ་གྲྭ་པ་དང་ལས་བྱེད་ཀུན་ཡི་མུག་སྐྱོ་སུན་སྐྱེས་འདུག་པ་ལ། གྲུབ་ཐོབ་ཆེན་པོས་གང་ཟག་ལ་འཆི་རྩིས། སྡེ་ལ་རྟག་ཆིས། བསྟན་པ་དང་སེམས་ཅན་གྱི་དོན་དུ་དགེ་ལས་བྱེད་པ་འདི། ཚེ་འདི་ལ་མ་གྲུབ་ཀྱང་སྐྱེ་བ་ཕྱི་མ་ལ་སྨོན་ལམ་བཏབ་ནས་བྱེད་པ་ཡིན། ང་འཆི་གོང་གྲུབ་ལས་ཆེ། འདི་མ་གྲུབ་ན་བོད་ཁ་བ་ཅན་འདིར་དུས་མིན་གྱི་རླུང་དང་། རེས་འགའ་ཐན་པའི་མེ་འབར་ཞིང་། ཡང་ན་ཆར་ཆེ། འབྱུང་བཞི་ཆ་མི་སྙོམས་པར་ལོ་ཉེས་དང་འཁྲུག་པ་ཡོང་། ནད་ངོ་མི་ཤེས་པས་མི་མང་པོ་འཆི། དེ་དག་མི་འབྱུང་བའི་ཕྱིར་དུ། མི་བསམ་ཅན་བསམ་མེད་ཀུན་རེམ། མཆོད་རྟེན་འདིའི་རྒྱུ་རྐྱེན་ལས་ལ་འདྲེས་པའི་སེམས་ཅན་ཐམས་ཅན་བདེ་བ་ཅན་དུ་སྐྱེའོ་གསུངས་པས། ཀུན་དད་ཅིང་ལས་ཀ་ལ་བློས་ལོངས་པར་བྱུང་།”[11]
“དཔལ་རི་བོ་ཆེའི་མདུན་ལ་ལམ་སྒོ་ཆེ་བ་ཡོད། ལམ་ཁྲལ་བསྐུལ་ནས་ཐབས་ཀྱིས་དགེ་བ་ལ་སྦྱོར་བ་མ་གོ་བར། ལམ་གཞན་ལ་བཟུར་བ་དང་། སྟོབས་ཆེ་བས་དམག་བྱས། གཞན་མ་རྣམས་ཀྱིས་སྐུར་བ་བཏབ་ནས། ལས་འཕྲོ་གཤོལ་འུ་ལག་མི་དགོས་པ་ཨེ་ཡོང་བསམ་འདུག་པས། ང་དང་དགེ་ལས་འདི་ལས་དཀར་ནག་གི་འབྲེལ་བ་ཐོགས་པ་རྣམས་འཁོར་བ་ལས་མྱུར་དུ་གྲོལ་ཐར་པའི་ལམ་སྣ་ཟིན་གསུངས། སྟོད་སྨད་ལ་རོ་སྙོམས་ནས་དགེ་ལས་རྒྱུན་མ་ཆད་པ་མཛད། དེའི་དུས་ངམ་རིང་ཆོས་སྡེའི་གྲྭ་པ་མང་པོ་དང་དཔལ་རི་བོ་ཆེའི་ལམ་ཁྲལ་བསྐུལ་མི་འཐབ་མོ་བྱུང་། དེ་ལ་བརྟེན་ནས་ཆོས་སྡེའི་སེར་དམག[12]བྱས། དགེ་བཤེས་སྟོང་ཕྲག་ལྷག་པས་རི་བོ་ཆེའི་མཐའ་བསྐོར་བྱུང་། དཔལ་རི་བོ་ཆེ་ན་གྲྭ་པ་བཞི་བཅུ་ཙམ་ཡོད་པ་རྣམས། གྲུབ་ཐོབ་ཆེན་པོའི་དྲུང་དུ་འོངས་ནས་སེར་དམག་ལ་འཁྲུག་པ་མ་བྱས་ན། རང་རེ་དཔོན་སློབ་ཀྱི་སྐུ་ཆས་འཕྲོག རྒྱབ་བརྡུངས་བྱེད་པ་འདྲ་ཞུས་པས། གྲུབ་ཐོབ་ཆེན་པོས་ཞལ་ནས། འདི་འདྲའི་དུས་ཀ་བཟོད་པ་དགོས་པ་ཡིན། རང་རེ་བསྟན་པའི་ཞབས་ཏོག་བྱེད་པ་ལ། དགེ་འདུན་ལ་གནོད་པ་མ་བྱས་ན་མི་ཡོང་བས་འཁྲུག་པ་བྱས་ན་ང་དང་ཚེ་འདི་ཕྱིར་མི་འཕྲད་དོ་གསུངས་ནས། གྲྭ་པ་རྣམས་ཀྱིས་བཟོད་པ་བསྒོམས་པས། ཆོས་སྡེའི་གྲྭ་པས་ལྕགས་ཟམ་དང་མཆོད་རྟེན་ལ་གནོད་པ་བྱེད་གྲབས་འདུག་པས། གྲུབ་ཐོབ་ཆེན་པོས་རྫུ་འཕྲུལ་མཛད་ནས་དཔལ་རི་བོ་ཆེའི་ལོགས་ཐམས་ཅད་གོ་མཚོན་ཐོགས་པའི་སྐྱེས་པ་འཇིགས་སུ་རུང་བ་མང་པོས་བཟུང་ཡང་མི་ཐུབ་པར་སྤྲུལ། གྲུབ་ཐོབ་ཆེན་པོའི་སྐུ་དངོས་ཀྱིས་དེ་རྣམས་བསྐོར་བའི(བཀག་པ)ཚུལ་མཛད་པས། ཆོས་སྡེའི་སློབ་དཔོན་དགེ་འདུན་དང་བཅས་པ་ན་རེ། ལྕགས་ཟམ་པ་ལ་དམག་སྟོབས་ཅན་འདུག མི་ཐུབ་པ་ལ་བྲོས་པ་འཐད་ཟེར་ལོག་སོང་ངོ་། མཆོད་རྟེན་གྱི་བུམ་ལྡིར་རྩིག་པའི་དུས་རྡོ་སྤེ་རྣམས་དང་འདམ་ཡོད་པ་ཉུང་དུ་སོང་། རྩིག་པ་རྩིག་འཕྲོ་མཐོ་རུ་འགྲོ་ཞིང་རྩིག་ཁ་ན་འབྲུ་སྣ་ཚོགས་ཆིལ་ལེ་འདུག་པ། གྲུབ་ཐོབ་ཆེན་པོ་ལ་ཞུས་པས། འབྲུག་ལོ་ངམ་རིང་དུ་མཆོད་རྟེན་འདི་བཞེངས་བསམ། ལྷ་འདྲེ་མི་གསུམ་ལ་དགེ་བསྐུལ་བྱས་པས། དཔོན་པོ་བྱང་པས་ཞབས་ཏོག་གང་དགོས་བྱེད་པར་བྱས། ཡོན་བདག་ལྷོ་པས་ཤིང་ཆ་གང་དགོས་དང་གསེར་འབྲུའི་ཁག་ཁུར་བྱས། སྨན་ཁབ་སྐྱབས་པས་བྲེ་བཞེངས་པར་བྱས། བུམ་ལྡིར[13]རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཀྱིས་བཞེངས་པར་བྱས། སྣང་སྲིད་ལྷ་འདྲེས་མཐུན་རྐྱེན་གང་དགོས་བསྒྲུབ་པར་བྱས། དགེ་ལས་འདི་ཙམ་བྱེད་པ་ལ་མིའི་འུ་ལག་རྐྱང་པས་སྒྲུབ་དགོས་ན་དཀའ་ལས་ཆེན་པོ་ཡོང་། ནུབ་མི་རྩིག་པ་མཐོ་རུ་འགྲོ་བ་རྒྱལ་ཆེན་རིགས་བཞིས་བརྩིགས་པ་ཡིན། འབྲུ་སྣ་ཐོ་རེ་ཡོང་བ་རྒྱལ་བ་སྲས་དང་བཅས་པས་རབ་གནས་མཛད་པ་ཡིན་གསུངས་།”[14]
“གྲུབ་ཐོབ་ཆེན་པོས་སྤྲུལ་པའི་ཁྲོ་རྒྱལ་བཀའ་བཅུ་པ་ནམ་མཁའ་ལེགས་བཟང་ལ། བོད་སྤྱི་ཁྱབ་འདིར་ནད་ཡམ་བྱུང་དོགས་འདུག་པའི་རིམ་གྲོ་ལ་སའི་མེ་བཙའ། མཆོད་རྟེན་ཆེན་པོའི་ཕྱི་ནང་གི་ཞལ་བ་མྱུར་དུ་གྲུབ་ན་ནད་ཡམས་མི་བྱུང་བའི་དགོས་པ་ཡོད། རྩོལ་བ་ཆེ་དགོས་གསུངས་པ་ལ། ཞལ་བ་བྱེད་པའི་ས་སྣ་གཞན་འཛོམ་ཡོང་དེ་སྦ་སྐྱ་གསུམ་སྟོན་ནས་ལེན་དགོས་ན་ཐག་རིང་བས་དཀའ་ལ་ཆེ་ཙམ་ཡོང་བ་གདའ་ཞུ་བ་ལ། སྦ་སྐྱའི་གཏེར་མ་ག་ན་ཡོད་གསུང་། སྐུ་དྲུང་ན་རྩམ་པ་ཐང་རྐྱལ[15]གང་འདུག་པ་སྐྱུར་བྱུང་བ། གཟིམས་སྤྱིལ་ནས་རྒྱངས་པ་ཞིག་ཏུ་བབས། རིམ་པས་འགྲིལ། རྩམ་པ་སྐྱ་ཐོར་བྱུང་སར་བརྐོས་པས། སྦ་སྐྱ་གང་དགོས་བྱུང་ངོ་། མཆོད་རྟེན་ཆེན་པོའི་ཕྱི་ནང་གི་ཞལ་བ་རྣམས་གྲུབ་མཚམས། ལྷོ་བྱང་མངའ་གསུམ་གྱི་བྲིས་འདུར་བ[16]བརྒྱ་དང་བཅོ་བརྒྱད་འཛོམ། སྙེ་མོའི་གཞི་བདག་གིས་ཕུལ་བའི་སྤང་མཐིང་ཐོགས་མེད་གནང་བྱུང་། མཚལ་དང་གསེར་སྟོབས་ཆེ་བ་ཞིག་དགོས་པ་འདུག་ལགས་ཞུས་པས། གྲུབ་ཐོབ་ཆེན་པོས། གྲྭ་པ་བདུན་ལ་ཉ་མཁར་ཕུར་མཚལ་འདོན་པ་ལ་རྒྱུག་གསུངས་པས། གྲྭ་པ་རྣམས་ཀྱི་མཚལ་ག་ན་ཡོད་ཀྱི་རྒྱུས་མེད་ཅིང་། སྔར་ནི་མཚལ་ཡོད་ཟེར་བ་མ་ཐོས། ཡོད་ཀྱང་གཞི་བདག་གཉན་པོ་ཡོད་པས། མི་ཐོན་ལགས་སམ་ཞུས་པས། ཕུ་སླ་ང་འདྲ་བའི་ཆུ་ཆུང་ངུ་གཉིས་བྲག་རུས་སྦལ་འདྲ་བའི་གདོང་དུ་འཛོམ་པའི་གཡས་ན། མཚལ་དང་གསེར་ཅི་འདོད་ཡོད། ཡི་གེ་འདི་གཞི་བདག་ལ་སྤྲད་པས་གྲོགས་གཞི་བདག་གིས་བྱས་ཡོང་གསུང་བཀའ་ཤོག་གནང་།”[17]
“གྲྭ་པ་རྣམས་ཀྱིས་གསེར་དང་མཚལ་སྟོབས་ཆེ་བ་རྗེ་བླ་མའི་ཕྱག་ཏུ་ཕུལ་ལོ། ལྷ་བཟོ་བ་ཞིག་རྗེ་བླ་མ་ལ་ཤིན་ཏུ་མོས་པས་གསོལ་རེ་ཞུས། ཕྱག་མཆོད་སྐོར་བ་ཐུན་མ་ཆག་པ་བྱེད་པ་ཞིག་གི་མཐོང་སྣང་ལ། གྲུབ་ཐོབ་ཆེན་པོ་འཇའ་འོད་ཀྱི་དབུས་ན་བཞུགས་པའི་སྐུ་དྲུང་ན་བལྟ་བས་ཆོག་མི་ཤེས་པའི་བུད་མེད་མང་པོས་གླུ་གར་གྱིས་མཆོད་པ་འབུལ་བ་མཐོང་། མཆོད་རྟེན་གྱི་བང་རིམ[18]ལ་རྒྱུད་སྡེ་བཞིའི་ལྷ་ཚོགས། བུམ་པ་ཉིས་རིམ་ཡན་ལ་བླ་མ་སྐུ་བཞི་ཡི་རིམ་པ་ཟངས་གླིང་གི་སྒོ་མངས[རི་མོ1]དང་འདྲ་བ་བྲིས་ཡོད། མཁའ་འགྲོ་མ་བསོད་ནམས་འདྲེན་མའི་སྐྱེ་བ་གསུམ་པ་རྗེ་བཙུན་མ་ཆོས་སྒྲོན་བྱོན། ནོར་བུ་རིན་ཆེན་གྱི་ཕྲེང་བ་སོགས་ཕུལ། དེའི་སྐབས་སུ་མཆོད་རྟེན་ཆེན་པོའི་སྲོག་ཤིང[19]འཛུགས་པ་དང་འགྲིག གྲུབ་ཐོབ་ཆེན་པོའི་བཀའ་ལུང་ལ། དེ་རིང་སྲོག་ཤིང་འཛུགས་ལགས་པས་སློབ་དཔོན་མ་དཔོན་སློབ་ཀྱང་ཕེབས་ནས་ཐུགས་འདུན་མཛད་པར་ཞུ། ཐམས་ཅད་ཀྱིས་མ་ནམ་མཁའ་མ[20]འཐེན་ལ་ཚུགས་ཤིག་གསུང་། རྗེ་བཙུན་མ་དཔོན་སློབ་ཕེབས། ལྕགས་ཟམ་པའི་གྲྭ་པ་རྣམས་ཀྱིས་སྲོག་ཤིང་ཆེན་པོ་འཇིགས་ཆི་ལེ་བ་ལ་ཐག་པ་མང་པོ་བཏགས་ནས་ཇ་སྦྱོར་ཙམ་གྱི་རིང་ལ་སྟ་གོན་ཚར་བར་བྱས། དངོས་གཞི་ཅུང་ཟད་ཙམ་གྱི་རིང་ལ། མ་ནམ་མཁའ་མ་དིར་པ་གཅིག་ལ། ཤིང་དེ་འུར་ཆིལ་པའི་སྒྲ་དང་བཅས་ཚུགས།”[21]
“དེ་ནས་གྲུབ་ཐོབ་ཆེན་པོ་དགུང་ལོ་གོ་དྲུག་བཞེས་པ་མེ་ཕོ་བྱི་བའི་ལོ(སྤྱི་ལོ1456)། མཆོད་རྟེན་ཆེན་པོའི་གསེར་གདུགས་གསེར་འཕྲུ་སོགས་རྟེན་གྱི་བྱ་བ་ཡོངས་སུ་རྫོགས་པ་དང་། གྲུབ་ཐོབ་ཆེན་པོའི་རྡོ་རྗེ་གསུམ་ལས་འཁྲུངས་པའི་རྒྱལ་བའི་སྲས་པོ་ཉི་མ་བཟང་པོ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། མཆོད་རྟེན་ཆེན་པོར་ལྷག་གནས་ཀྱི་མེ་ཏོག་འཐོར་བ་དུས་གཅིག་ཏུ་མཛད་པས། དེའི་ཚེ་གདུལ་བྱ་ལས་དག་པ་རྣམས་ཀྱིས་མཆོད་རྟེན་ཆེན་པོ་དང་། བསྟན་འཛིན་ཉི་མ་བཟང་པོའི་སྟེང་གི་ནམ་མཁའ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང་། དཔལ་ཤ་བ་རི་དབང་ཕྱུག་ལ་སོགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་པའི་དཀར་ཕྱོགས་སྐྱོང་བ་རྣམས་དང་། ལྷའི་བུ་དང་བུ་མོ་མང་པོས་གདུགས་དང་རྒྱལ་མཚན་དང་བ་དན་དང་ཕྱེ་ཕུར་དང་། བླ་རེ་ལ་སོགས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་པ་མཐོང་ཞིང་། དེར་འཚོགས་པའི་ལྕགས་ཟམ་པའི་གྲྭ་པ་བཟོ་བོ་རྣམས་ཀྱིས་གྲུབ་ཐོབ་ཆེན་པོས་སྒྲུབ་ཁང་འཛམ་གླིང་རྒྱན་ནས་ཕྱག་ནས་གཏོར་བ། མཆོད་རྟེན་ཆེན་པོའི་ཕྱི་ནང་ཐམས་ཅད་དུ་ཁྱབ་པ་དང་མེ་ཏོག་ཆར་དང་། ལྷའི་སྤོས་ཀྱི་དྲི་ཞིམ་པོ་ཀུན་གྱིས་དབང་པོའི་སྤྱོད་ཡུལ་དུ་གྱུར་ཏོ། རྒྱལ་བའི་སྲས་པོ་བསྟན་འཛིན་ཉི་མ་བཟང་པོ་གདན་སར་ཕེབས་པའི་སྐབས་དེར། རྒྱ་ནག་རྒྱལ་པོའི་འབུལ་སྐྱེལ་ཕུལ་ལོ། །”[22]
གཉིས་པ། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཟོ་བཀོད་ཆགས་དབྱིབས།
དཔལ་རི་བོ་ཆེའི་མཆོད་རྟེན་ནི་རྗེས་དྲན་རང་བཞིན་གྱི་བཀྲ་ཤིས་སྒོ་མང་མཆོད་རྟེན་ནམ་སྐུ་འབུམ་མཐོང་གྲོལ་ཆེན་མོ་ཞིག་ཡིན་ལ།[རི་མོ3] དེ་ནི་ལོ་བཅུའི་གོད་ཆགས་ཁྲོད་བོད་ཀྱི་རྗེས་དྲན་རང་བཞིན་གྱི་མཆོད་རྟེན་དང་རྟེན་རྙིང་གཞན་དག་དང་འདྲ་བར་གཏོར་སྐྱོན་ཚབས་ཆེན་ཐེབས་པ་ཡིན་མོད། འོན་ཀྱང་མཆོད་རྟེན་གྱི་རྨང་ནི་མ་བཤིགས་པས་ཉེ་ལམ་བསྐྱར་བཞེངས་ལེགས་པོར་བྱས་ཡོད། མཆོད་རྟེན་སྤྱིའི་རིམ་པ་ལ་ཐོག་སོ་བརྒྱད་ཡོད་ཅིང་། རྟིང་གི་ས་འཛིན་དང་བཅས་པར་ཐོག་སོ་དགུ་རུ་སྣང་། མཆོད་རྟེན་གྱི་ས་འཛིན་གྱི་མཐའ་བཞི་ནི་སྐོར་ལམ་ཡིན་ཞིང་དེ་ཡི་འཛུལ་སྒོ་ནི་བྱང་ངོས་སུ་བཏོད་ཡོད། སྐོར་ལམ་དུ་ས་འཛིན་གྱི་བློ་འབུར(ས་འཛིན་ལ་བློ་འབུར་ཉི་ཤུ་ཡོད)མང་དུ་བཏོད་ཅིང་། དེ་རུ་རྟེན་ཁང་དང་ལྷ་ཁང་གང་ཡང་བཞེངས་མེད་པས་ཆེད་དུ་མཆོད་རྟེན་གྱི་སྐོར་ལམ་དུ་གཏན་འཁེལ་བྱས་ཡོད། བང་རིམ་བཞི་རུ་བཀྲ་ཤིས་སྒོ་མང་གི་རྟེན་ཁང་མང་པོ་བཞེངས་ཤིང་། བང་རིམ་རེའི་ཕྱོགས་རེར་བློ་འབུར་དང་བཅས་པའི་ངོས་ལྔ་ཡོད་པ་དང་ངོས་རེ་ལ་སྒོ་རེ་ཡོད་པས། བང་རིམ་རེ་ལ་སྒོ་ཉི་ཤུ་རེ་ཡོད། བང་རིམ་བཞི་པོའི་སྒོ་མང་གི་བཞེངས་ལུགས་དང་བསྡུར་ཚད་ནི་ཆ་མཉམ་ཡིན་ཞིང་། ཁྱོན་བང་རིམ་བཞི་ལ་སྒོ་བརྒྱད་ཅུ་ཐམ་པ་ཡོད། མཆོད་རྟེན་གྱི་བུམ་པ་ནི་ཤིན་ཏུ་ཆེ་བར་མ་ཟད་གོང་འོག་གཉིས་སུ་སྣང་ལ་དེ་རུ་ད་དུང་སྐོར་ལམ་ཡང་མཆིས། བུམ་པ་རིམ་པ་དང་པོའི་ཕྱོགས་བཞི་རུ་རྩིག་ཁུང་བཞི་མཆིས་ཤིང་ཕྱོགས་སོ་སོར་སྐུ་རྟེན་བཞེངས་ཡོད། རིམ་པ་འདིའི་ཡན་ནི་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་ཐེབས་པས་ད་ལྟ་ཡོངས་སུ་བསྐྱར་དུ་བཞེངས་ཡོད། བུམ་པ་ཉིས་རིམ་གྱི་ཕྱོགས་བཞི་རུ་བློ་འབུར་དང་བཅས་ངོས་མང་པོ་མཆིས་ཤིང་གཙོ་སྒོ་བཞི་བཏོད་ཡོད། མཆོད་རྟེན་གྱི་ཆེས་མཐོ་བའི་རིམ་པ་རུ་ཏོག་དང་ཉི་ཟླ། ཆར་ཁེབས། གདུགས། ཐུགས་རྗེའི་མདོ་གཟུངས། ཆོས་འཁོར་བཅུ་གསུམ་སོགས་འདུས་ཤིང་། དེ་དག་གི་དབྱིབས་ནི་ཟླུམ་པོར་སྣང་ཞིང་ཉི་ཟླ་ཆར་ཁེབས་སོགས་ནི་གསེར་འོད་ལམ་ལམ་དུ་འཕྲོ་བཞིན་ཡོད། མཆོད་རྟེན་གྱི་ཕྱི་རུ་ལྕགས་རིས་ཡོངས་སུ་བསྐོར་ཞིང་། དེ་ནི་མཆོད་རྟེན་གྱི་ཐོག་སོ་དང་པོའི་འཛུགས་སྐྲུན་ཀུན་གྱི་ཆ་ཤས་གཙོ་བ་ཞིག་ཡིན་ལ། དེ་རུ་རྩིག་ཁུང་དང་སྔོན་གྱི་རི་མོའི་རྗེས་ཤུལ་སོགས་མང་དུ་མཆིས།
དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཞེངས་ལུགས་ནི་བོད་ཁམས་སུ་ཤིན་ཏུ་དཀོན་པ་མ་ཡིན་ཏེ། མཆོད་རྟེན་དེའི་རིགས་ནི་ད་ལྟའི་བར་དུ་མ་ཉམས་པར་གནས་པས་ནུབ་གླིང་གི་ཉམས་ཞིབ་པ་དག་གིས་དེའི་ཐད་ལ་རྟོགས་ཞིབ་བྱས་པའི་དཔྱད་འབྲས་ཀྱང་མི་ཉུང་པ་ཞིག་མཆིས།[23] དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཟོ་བཀོད་དང་མཚུངས་པའི་གནའ་བོའི་མཆོད་རྟེན་ལ་ཇོ་ནང་མཐོང་གྲོལ་ཆེན་མོ[24]སོགས་ཡོད་ཅིང་། ཇོ་ནང་མཐོང་གྲོལ་ཆེན་མོ[རི་མོ9、13]ནི་གཡས་རུ་དང་རུ་ལག་འབྲེལ་མཚམས་ཀྱི་ཕྱོགས་བཞི་རི་བོས་བསྐོར་བའི་ཐང་དཀྱིལ་དུ་བཏབས་པའི་ཕུན་ཚོགས་གླིང་དགོན་པ[25]དང་། རྒྱང་འབུམ་མོ་ཆེ[26][རི་མོ10、14]། གྲོམ་པ་རྒྱང་དང་ལྷ་རྩེ[27]སོགས་ཀྱི་ས་ཁུལ་དང་ཐག་ཉེ་བའི་ས་རུ་བཞེངས་ཡོད། གནས་དེ་ནི་ཤིན་ཏུ་རྒྱ་ཆེ་ཞིང་ཁོད་ཡངས་པ[28]ཞིག་རེད། ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེ་ནི་དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཀོད་པ་དང་ཤིན་ཏུ་མཚུངས་ལ། དེ་དག་གི་བུམ་པའི་བཟོ་བཀོད་ཀྱི་ཆ་ཚད་དང་བུམ་པའི་ནང་ངོས་ཀྱི་སྐོར་ལམ་སོགས་ཀྱང་གཅིག་པ་ཡིན། ཇོ་ནང་མཐོང་གྲོལ་ཆེན་མོའི་ཆ་ཚད་ནི་དཔལ་རི་བོ་ཆེ་དང་རྒྱང་འབུམ་མོ་ཆེ་མཆོད་རྟེན་དང་ཧ་ལམ་གཅིག་པ་ཡིན་མོད། འོན་ཀྱང་ལྷོ་ཁའི་བྱམས་པ་གླིང་མཆོད་རྟེན་ཆེན་མོ[29]དང་གཏན་ནས་མི་འདྲའོ། །
དཔལ་རི་བོ་ཆེའི་མཆོད་རྟེན་དང་ཇོ་ནང་མཐོང་གྲོལ་ཆེན་མོ། རྒྱང་འབུམ་མོ་ཆེའི་མཆོད་རྟེན་གསུམ་ལ་མཚོན་ན་བཟོ་བཀོད་ཀྱི་སྟེང་ནས་འདྲ་བའི་ཆ་ཞིག་ཡོད་པ་ནི་བུམ་པའི་ཆ་ཚད་ཡིན་ཞིང་། མཆོད་རྟེན་དེ་དག་ནི་བུམ་པ་ཡན་གྱི་རིམ་པ་དག་རིམ་བཞིན་ནང་དུ་སྐུམ་ནས་ཇུས་འགོད་བྱས་མེད། དཔེར་ན་རྒྱལ་རྩེའི་སྐུ་འབུམ་ཆེན་མོ[30]ར་མཚོན་ན། མཆོད་རྟེན་གྱི་བུམ་པའི་སྟེང་ཕྱོགས་ཀྱི་ཆ་ཚད་དང་རྟིང་ཕྱོགས་ཀྱི་ཆ་ཚད་གཉིས་ཧ་ལམ་མཚུངས་པ་ཡིན་ལ། དཔལ་རི་བོ་ཆེའི་སྐུ་འབུམ་མཆོད་རྟེན་ཆེན་མོ་དང་ཇོ་ནང་སྐུ་འབུམ་ཆེན་མོ་གཉིས་ལ་མཚོན་ནའང་འདྲ་བའི་ཆ་ཤིག་སྣང་པ་ནི་བང་རིམ་རེའི་ཁྲོད་ཀྱི་རྟེན་ཁང་རྣམས་ནི་ཐོག་སོ་གཅིག་རེ་ལྟར་བཞེངས་ཤིང་། བང་རིམ་རེའི་རྟེན་ཁང་མང་ཉུང་གི་ཚད་ནི་གཅིག་པ་ཡིན། རྒྱང་འབུམ་མོ་ཆེ་དང་རྒྱལ་རྩེའི་སྐུ་འབུམ་ཆེན་མོ་གཉིས་ལ་མཚོན་ན་བང་རིམ་རེའི་ཐོག་སོ་རེའི་མདུན་ངོས་ཀྱི་དཀྱུལ་དབུས་སུ་བཞེངས་པའི་རྟེན་ཁང་གི་གནས་ཡུལ་དང་དེའི་སྟེང་གི་ཐོག་སོའི་རྟེན་ཁང་གི་གནས་ཡུལ་གཉིས་གཅིག་པ་ཡིན་ལ། གཞན་པའི་རྟེན་ཁང་དག་གི་གནས་ཡུལ་ནི་སོ་སོར་ཡོད།
འབྲུག་ཡུལ་དུ་ཡོད་པའི་གཏམ་ཆོས་དགོན་པ[31]དེ་ལ་ཡོངས་གྲགས་སུ་རྟ་མཆོག་སྒང[32]ཞེས་འབོད་ཅིང་། དགོན་པ་དེའི་བཟོ་བཀོད་རྣམ་པ་ནི་གོང་གི་སྐུ་འབུམ་མཆོད་རྟེན་ཆེན་མོ་དག་དང་འདྲ་བ་ཡིན། དགོན་པ་དེ་ནི་མཆོད་རྟེན་དང་ལྷ་ཁང་གི་རྣམ་པ་དང་མི་འདྲ་མོད། འོན་ཀྱང་དེ་དག་དང་མཐུན་པའི་ཆའང་དུ་མ་ལྡན། དགོན་པ་དེའི་ཐོག་རྩེག་གོང་མའི་རིམ་པ་རུ་སྐུ་འབུམ་མཆོད་རྟེན་གྱི་བུམ་པ་དང་མཚུངས་པའི་བཟོ་བསྐྲུན་ཞིག་མཆིས་ཤིང་། དེ་ལ་ད་དུང་སྐོར་ལམ་ཕྱི་ནང་གཉིས་ཡོད་པར་མ་ཟད། རྩིག་པའི་ནང་ངོས་སུ་སྲོག་ཤིང་ལ་ཁ་གཏད་དེ་རྩིག་ཁུང་མི་འདྲ་བ་བཞི་བཏོད་ཡོད།
གསུམ་པ། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་སྒྱུ་རྩལ་ཁྱད་ཆོས།
དཔལ་རི་བོ་ཆེའི་མཆོད་རྟེན་དང་རྒྱང་འབུམ་མོ་ཆེའི་སྐུ་འབུམ་མཆོད་རྟེན། ཇོ་ནང་མཐོང་གྲོལ་ཆེན་མོ་སོགས་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཐུན་མིན་གྱི་རྣམ་ཐར་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆ་ནས་དེ་དག་གི་བཟོ་རྩལ་ལའང་མཐུན་པའི་ཆ་མང་ཡང་ཡོངས་སུ་མཐུན་པ་ནི་མ་ཡིན།《ཐང་རྒྱལ་རྣམ་ཐར》དུ།“གྲུབ་ཆེན་པའི་གསུང་ལས་ང་སྐྱེས་པ་སྔ་མ་ལ་ཀུན་མཁྱེན་དོལ་པོ[33](ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན)ཟེར། ཇོ་ནང་གི་མཆོད་རྟེན་དཔལ་ཡོན་ཅན་བཞེངས་ཤིང་། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་མཛད་པ་དེར་སྐུའི་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དོ། །”[34]ཅེས་ཇོ་ནང་མཐོང་གྲོལ་ཆེན་མོ་དེ་གྲུབ་ཆེན་ཁོང་གི་སྐྱེས་རབས་སྔ་མས་བཞེངས་པར་གསུངས་ཤིང་། གྲུབ་ཆེན་ཁོང་སྐུ་ན་གཞོན་པའི་དུས་སུ་ཞལ་བཀོད་ལྟར་ཡོན་བདག་བསོད་ནམས་བཀྲ་ཤིས[35]ཀྱིས་ས་རྡོའི་འུ་ལག་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ས་སྐྱའི་བླ་བྲང་ལྷ་ཁང་གི་ཡན་ལག་ཏུ་གྱུར་བའི་རྒྱང་འབུམ་མོ་ཆེའི་སྐུ་འབུམ་མཆོད་རྟེན[36]ཡང་བཞེངས་པར་བཤད། གཞན་ཡང་ཁྱད་མཚར་བ་ཞིག་ལ་འབྲུག་ཡུལ་གྱི་རྟ་མཆོག་སྒང་དགོན་པའི་བཞེངས་སྐྲུན་བཀོད་པའི་སྒྱུ་རྩལ་ཡང་གྲུབ་ཆེན་ཁོང་དང་འབྲེལ་བ་ཡོད་པར་བཤད།
དཔལ་རི་བོ་ཆེའི་མཆོད་རྟེན་ཁྲོད་བཞུགས་པའི་རྟེན་རྙིང་དང་ལྡེབས་རིས་སོགས་ཀྱི་སྒྱུ་རྩལ་མཚོན་ཐབས་ལ་བརྟག་དཔྱད་བྱས་ཚེ། དེ་དག་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་བཀོད་ལས་བྱུང་པ་ཤ་སྟག་ཡིན་ཞིང་། གཞན་ཡང་དེ་དང་ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེ་བར་གྱི་སྒྱུ་རྩལ་མཚོན་ཐབས་བར་གྱི་འབྲེལ་བ་དེའང་རྟོགས་ཐུབ། གྲུབ་ཆེན་ཁོང་གི་རྣམ་ཐར་གྱི་ཚིག་གོང་དུ་འཁོད་པ་ནང་བཞིན་མཆོད་རྟེན་གྱི་བང་རིམ་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་སོགས་ཀྱི་ཕྱག་རིས་སྣ་མང་བྲིས་ཡོད་ཅིང་། བང་རིམ་ཡན་གྱི་བུམ་པའི་ཁྲོད་དུ་དེ་སྔར་སྐུ་བརྙན་སོགས་བཞེངས་ཡོད་པ་ལའང་ཐེ་ཚོམ་མེད་མོད། འོན་ཀྱང་ད་ལྟ་དེ་དག་ཡོངས་སུ་མི་སྣང་པར་གྱུར་འདུག དེ་སྔའི་བུམ་པའི་ཁྲོད་ཀྱི་སྐུ་བརྙན་དག་ནི་ཕྱོགས་བཞིར་དམའ་བར་བཞེངས་ཡོད་པའི་རྩིག་ཁུང་གི་ཕྱོགས་སུ་ཡོད་ངེས་ཤིང་། ཡང་ན་དེའི་སྟེང་ཕྱོགས་ཀྱི་གནས་སུ་ཡོད་པ་རེད།
མཆོད་རྟེན་གྱི་བང་རིམ་ཡན་གྱི་རིམ་པ་དག་ནི་ཡུན་རིང་པོར་ཞིག་རལ་ཏུ་བསྐྱུར་བས་གློ་བུར་བརྡིབས་ཤིང་ད་ལྟ་ཡོངས་སུ་བསྐྱར་བཞེངས་བྱས་ཡོད། འོན་ཀྱང་བང་རིམ་ཡན་གྱི་ལྡེབས་རིས་དང་རྟེན་རྙིང་མང་པོ་ནི་བོར་བརླགས་སུ་སོང་བས། བུམ་པའི་ཕྱི་ནང་གི་སྐོར་ལམ་གྱི་རྟིང་ཕྱོགས་རྩིག་ལྡེབས་སུ་གསལ་ལ་མི་གསལ་བའི་རི་མོ་རེ་འགའ་ལས་ལྷག་མེད། བུམ་པ་མན་གྱི་ལྡེབས་རིས་དང་རིག་དངོས་སོགས་ནི་ཅི་ནུས་ཀྱིས་སྲུང་སྐྱོབ་བྱས་ཡོད་པས་ད་ལྟའང་ད་དུང་མཇལ་དུ་ཡོད་དོ། །
དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བང་རིམ་སོ་སོའི་ལྡེབས་རིས་ཁྲོད་ཧ་ཅང་རིན་ཐང་ལྡན་ཞིང་སྒྱུ་རྩལ་གྱི་ཁྱད་ཆོས་ལྷག་པར་མངོན་པ་ནི་རྙིང་གོག་ཏུ་གྱུར་བའི་དཀྱིལ་འཁོར་གྱི་ལྡེབས་རིས[རི་མོ14]དག་ཡིན་ལ། དཀྱིལ་འཁོར་གྱི་ལྡེབས་རིས་དེ་དག་མཐོང་མ་ཐག་ཏུ་ས་སྐྱའི་ལུགས་ཀྱི་དཀྱིལ་འཁོར་རྣམས་ཡིད་ལ་དྲན་པར་བྱེད། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་ལྡེབས་རིས་གཅིག་པུའི་དཔེ་མཚོན་ལ་བརྟེན་ནས་དཀྱིལ་འཁོར་དེའི་ལུགས་ནི་ས་སྐྱའི་དཀྱིལ་འཁོར་བཞེངས་ལུགས་དང་མཐུན་པའི་ཁ་ཚོན་གཅོད་དཀའ་ཡང་། འོན་ཀྱང་ལྡེབས་བྲིས་རི་མོ་དེ་དག་གི་ཚོན་གྱི་སྡེབ་སྟངས་སྟེ། དམར་པོ་དང་སྔོན་པོ། ལྗང་ཁུ་སོགས་ཚོན་མདོག་སྣ་མང་གི་སྔ་ཕྱིའི་རིམ་པ་སྡེབ་ལུགས་ལ་གཞིགས་ཚེ་ས་སྐྱའི་ལུགས་ཀྱི་དཀྱིལ་འཁོར་དང་མཐུན་པའི་ཆའང་མང་དུ་མཆིས།
དཔལ་རི་བོ་ཆེའི་མཆོད་རྟེན་གྱི་ལྷ་ཁང་ཆུང་ངུ་རེའི་ཁྲོད་ལྡེབས་རིས[རི་མོ5]ཀྱང་མི་ཉུང་པ་རེ་བཞེངས་ཡོད་ཅིང་། ལྡེབས་རིས་དེ་དག་གི་ཁྲོད་རྒྱུན་པར་སངས་རྒྱས་ཀྱི་སྣང་བརྙན་དང་འཕགས་པ་གཙོ་འཁོར་གྱི་ལྷ་ཚོགས་སོགས་ཀྱི་སྣང་བརྙན་རི་མོར་བྲིས་ཡོད། རི་མོ་དེ་དག་ནི་མགྱོགས་བྲིས་སུ་བྱས་པས་མི་སྣའི་འགུལ་སྐྱོད་ཀྱི་སྣང་བརྙན་ཁག་ཅིག་ལ་ཞིབ་ཆ་དེ་འདྲ་ཐོན་མེད་མོད། ཡིན་ཡང་གསོན་ཉམས་ཀྱིས་ཕྱུག་ཡོད། ལྡེབས་རིས་ཀྱི་ཕྱོགས་གཞན་དག་ནས་ཀྱང་ཞིབ་ཆ་མེད་པའི་ཆ་མང་དུ་མཐོང་ནུས་ཏེ། དཔེར་ན་ཤིང་སྡོང་དང་སྤྲིན་པ་སོགས་བྲིས་པའང་ལྷ་སྐུའི་སྣང་བརྙན་ཇི་བཞིན་རི་མོའི་ཞིབ་ཚགས་ཀྱི་ཁྱད་ཆོས་རབ་ཏུ་དོད་མེད། དེ་ལྟར་མཆོད་རྟེན་གྱི་ལྷ་ཁང་ནང་དུ་རི་མོ་དག་གི་ཚོན་མདངས་དང་བཀོད་པ་རྣམས་རང་སྣང་ལྟར་བྱས་པ་ནི་ཕལ་ཆེར་བྱ་དངོས་ཀྱི་དངོས་ཡོད་ཆོས་ཉིད་རྣམས་གཞིར་བཟུང་སྟེ་བྲིས་པར་སྙམ།[རི་མོ7]རི་མོ་དེ་དག་ནི་ལྡེབས་རིས་ཀྱི་གཙོ་འཁོར་ལྷ་ཚོགས་སོགས་གཙོ་བོའི་རི་མོ་དག་ནི་མིན་པས་ཐིག་ནག་པོ[རི་མོ7]ཟབ་མོས་སྟབས་བདེར་བྲིས་ཤིང་། གོང་དུ་བཤད་པ་ནང་བཞིན་ཤིང་སྡོང་དང་སྤྲིན་པ་སོགས་ཀྱིས་རང་བྱུང་གི་སྣང་བརྙན་མཚོན་པར་བྱས་ཡོད། ལྡེབས་བྲིས་རི་མོ་དེ་དག་གི་འབྲི་ལུགས་ལ་གཞིགས་ཚེ་ས་སྐྱའི་རི་མོ་འབྲི་ལུགས་དང་མཐུན་པ་སྟེ། དེ་ནི་གཙོ་བོ་རི་མོའི་ཁྲོད་ཀྱི་མཐོ་རིམ་བླ་སྤྲུལ་དང་དགེ་འདུན་པའི་སྣང་བརྙན་སོགས་ལས་མངོན་ཞིང་། རི་མོ་དེ་དག་ལ་ད་དུང་སྐབས་དེའི་དབང་བསྒྱུར་གྲལ་རིམ་སྤྱི་ཚོགས་ཀྱི་མཐོ་རིམ་དཔོན་རིགས་དག་གི་རི་མོའི་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་རེད།
མཆོད་རྟེན་གྱི་བང་རིམ་དག་གི་ལྷ་ཁང་གི་ལྡེབས་རིས་སུ་བྲིས་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ནི་ཞལ་དབྱིབས་སྒོ་ངའི་དབྱིབས་ལྟར་སྣང་པ་ལ་སྐུ་མདོག་དྭངས་ཤིང་སྤྱན་ཟུང་ཅུང་ཟད་བཙུམ་ལ་ཞལ་འཛུམ་དང་བཅས་བཞུགས་པ་དང་། སྐུ་གཟུགས་ཆུང་ཞིང་དཔུང་བ་ཟླུམ་པོར་སྣང་། སྐུའི་རྒྱབ་ཕྱོགས་སུ་འོད་གོར་ཉིས་བརྩེགས་སུ་བྱས་ཡོད་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པ་ཞིག་རེད། སྟོན་པའི་ཉེ་འཁོར་ཏུ་སྐུ་གཟུགས་བརྗིད་པའི་ཉེ་གནས་འགའི་སྣང་བརྙན་བྲིས་ཡོད་ཅིང་། ཉེ་གནས་དེ་དག་ནི་ལོགས་ངོས་སུ་བཞུགས་ཡོད་པས། གོས་ཐུང་གི་ཚོན་མདངས་ནི་ལྷག་ཏུ་གསལ་བོར་མཐོང་ནུས། འཕགས་པ་སྤྱན་རས་གཟིགས་ཀྱི་སྣང་བརྙན་རི་མོར་བྲིས་པ་དག་གི་ཁྲོད་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ལྡན་པ་ནི་རིགས་ལྔའི་དབུ་རྒྱན་ཡིན་ཞིང་། དབུ་རྒྱན་དེ་དག་ནི་རྒྱུན་པར་རིན་ཆེན་སྣ་ལྔས་ཕྲ་ཚོམ་གྱིས་བརྒྱན་པར་མ་ཟད། ཁ་དོག་སྣ་ཚོགས་སུ་སྣང་པས་ཀུན་ལ་བག་ཆགས་ཟབ་མོ་འཇོག་སྲིད། གཞན་ཡང་མཆོད་རྟེན་གྱི་ཐོག་སོ་དང་པོའི་སྐོར་ལམ་གྱི་ཁྱམས་ངོས་སུ་སྟོན་པའི་སྐུ་བརྙན་མང་པོ་བྲིས་ཡོད།
ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེ་སོགས་ནས་ཀྱང་དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཀོད་པ་དང་འདྲ་བའི་ཆ་མང་པོ་ཞིག་མཐོང་ཐུབ་ཅིང་། དགེ་རྒན་ཆེན་མོTucciཡི་དེ་སྔའི་རྟོག་དཔྱོད[37]དང་ངེད་ཀྱི་ཉེ་དུས་ཀྱི་ཡུལ་དངོས་རྟོག་དཔྱོད་གཉིས་ཟུང་འབྲེལ་བྱས་ཚེ། རྒྱང་འབུམ་མོ་ཆེའི་མཆོད་རྟེན་ཁྲོད་ཀྱི་དེ་སྔའི་རྟེན་སྣ་འབོར་ཆེན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་དངོས་མང་དག་ཅིག་ནི་ཡལ་བར་བོར་ཟིན་པ་ཤེས་ལ། ད་ལྟ་ལྷག་ཡོད་པ་ནི་བསྐྱར་དུ་བཞེངས་པའི་བརྗིད་ཉམས་དང་ལྡན་པའི་ཕྱིའི་བཀོད་པ་ཙམ་རེད། འོན་ཀྱང་ཇོ་ནང་མཐོང་གྲོལ་ཆེན་མོ་ལ་མཚོན་ན་མ་མཐའ་ཡང་དེ་སྔའི་སྒྱུ་རྩལ་གྱི་རྗེས་ཤུལ་རེ་འགའ་ད་ལྟ་ད་དུང་ལྷག་ཡོད། སྐུ་འབུམ་ཆེན་མོ་དེ་གསུམ་ལ་མཚོན་ན་སྒྱུ་རྩལ་གྱི་རྣམ་པ་དང་ཁམས་ནི་གཅིག་པ་སྟེ་མཚོན་ཐབས་མི་འདྲ་བ་དུ་མ་ནས་མངོན་ཡོད། ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེ་ལ་མཚོན་ན་མགྱོགས་བྲིས་སུ་བྱས་པའི་རི་མོའི་ཐིག་རིས་དང་ཚོན་གྱི་སྡེབ་སྟངས་སོགས་ནི་གཅིག་པ་ཡིན། མཐུག་ཅིང་ཟབ་པའི་ཐིག་རིས་ནག་པོས་ནི་ལྡེབས་བྲིས་ཀྱི་རི་མོ་སྤྱི་ལ་མཛེས་སྤྲོས་ཀྱི་ནུས་པའང་ཐོན་ཡོད་པ་མ་ཟད། ཞིབ་ཏུ་བྲིས་པའི་རི་མོ་ཆུང་ངུ་དག་ཕྱི་རུ་མངོན་པར་རབ་འདེགས་ཀྱི་བྱེད་ནུས་ཀྱང་ཐོན་ཡོད། དཔེ་མཚོན་གྱི་རི་མོ་དེ་དག་ནི་དཔལ་རི་བོ་ཆེའི་ལྡེབས་རིས་ཁྲོད་མཐོང་ཐུབ་པ་མ་ཟད་ཇོ་ནང་སྐུ་འབུམ[རི་མོ16]དང་རྒྱང་འབུམ་མོ་ཆེ[རི་མོ17、18]རུ་ཡང་མཐོང་ཐུབ། འོན་ཀྱང་ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེའི་སྐུ་འབུམ་ཁྲོད་ཐུན་མོང་ལ་མངའ་བའི་སྒྱུ་རྩལ་མཚོན་ཐབས་དེ་དཔལ་རི་བོ་ཆེ་རུ་བརྙེད་པར་དཀའ་ཞིང་། ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེའི་སྐུ་འབུམ་གྱི་ལྡེབས་རིས་ཁྲོད་ལྗོངས་བཀོད་རྣམ་པའི་རི་མོ་དག་སྒྲོམ་མི་འདྲ་བ་མང་པོའི་ནང་དུ་བྲིས་ཡོད་ཅིང་། སྒྲོམ་རེ་རེ་ལ་ནང་དོན་མི་འདྲ་བའི་རི་མོ་རེ་བྲིས་ཡོད། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་ལྡེབས་རིས་སུ་ནི་དེ་ལྟར་མ་ཡིན་པར་དཀྱིལ་འཁོར་གྱི་རི་མོ་ཧྲིལ་བོ་སྒྲོམ་ཆེན་པོ་གཅིག་གི་ནང་དུ་བྲིས་ཡོད། རི་མོ་རྣམས་སྒྲོམ་གྱི་ནང་དུ་འབྲི་བ་ནི་གནའ་བོའི་ལུགས་སྲོལ་ཞིག་ཡིན་ཞིང་། རྒྱང་འབུམ་མོ་ཆེའི་སྐུ་འབུམ་ཆེན་མོ་རུ་ཡང་དེ་ལྟར་བྲིས་ཡོད་པས་མཆོད་རྟེན་དེ་ནི་དཔལ་རི་བོ་ཆེ་ལས་སྔ་བ་རྟོགས་ཐུབ། གལ་སྲིད་སྒྱུ་རྩལ་མཚོན་ཐབས་འདི་ཡིས་མཆོད་རྟེན་དེ་གཉིས་བཞེངས་སྐྲུན་གྱི་ལོ་ཚིགས་ཁྱད་པར་འབྱེད་ནུས་པའི་དབང་དུ་བཏང་ན། ཇོ་ནང་མཐོང་གྲོལ་ཆེན་མོའི་སྒྱུ་རྩལ་མཚོན་ཐབས་དེའི་རིགས་ནི་རྒྱང་འབུམ་མོ་ཆེའི་སྐུ་འབུམ་ལས་ཀྱང་སྔ་བར་འདོད། དཔེར་ན། རི་མོའི་ཁྲོད་གཙོ་སྐུའི་སྣང་བརྙན་གྱི་འོད་གོར་ཕྱེད་ཙམ་གྱི་མཐའ་འཁོར་དུ་གཙོ་སྐུའི་ཉེ་གནས་སམ་རྗེས་འབྲང་ཅི་རིགས་ཤིག་བྲིས་ཡོད་པ་ནི་རྒྱ་གར་གྱི་གནའ་བོའི་བཟོ་ལུགས[རི་མོ19]ཤིག་ཡིན་པས། གལ་ཏེ་བཟོ་ལུགས་འདིའི་རིགས་ལ་བརྟེན་ནས་མཆོད་རྟེན་གྱི་ལྡེབས་རིས་སྒྱུ་རྩལ་ལ་དཔྱད་པ་བཏང་ཚེ། ཇོ་ནང་པའི་སྨན་ཐང་ལུགས་ཀྱི་རི་མོ་མང་པོ་དང་དཔལ་རི་བོ་ཆེའི་མཆོད་རྟེན་གྱི་རི་མོའི་ཁྲོད་ཀྱང་དེ་མཚུངས་ཀྱི་རྣམ་པ་མང་དུ་མཐོང་དུ་ཡོད[38]ཅིང་། གཞན་ཡང་འཕགས་པ་སྤྱན་རས་གཟིགས་གདན་བཞུགས་ཀྱི་སྐུ་བརྙན་སོགས་ལས་ཀྱང་སྒྱུ་རྩལ་མཚོན་ཐབས་དེའི་རིགས་མཐོང་ཐུབ་པ་མ་ཟད་དེ་དག་གི་བཟོ་རྩལ་གྱི་ཁུངས་ཀྱང་རྒྱ་གར་རང་ཡིན་པ་རྟོགས་ནུས། སྐུའི་དབུ་དང་གཟུགས་གཞིའི་ཆ་ཚད་སོགས་ལས་དེ་དག་ལ་ད་དུང་དུས་རབས་བཅུ་བཞི་པའི་སྐབས་སུ་བོད་དུ་རྒྱུག་ཆེ་བའི་རྒྱ་གར་པཱ་ལའི་ལུགས(བལ་པོའི་བཟོ་རྩལ་ཡང་འདུ)ཀྱི་བཟོ་རྩལ་གྱིས་ཤན་ཡང་ཐེབས་ཡོད་པ་རྟོགས་ཐུབ།[རི་མོ20]
དོན་དངོས་སྟེང་དཔལ་རི་བོ་ཆེ་དང་ཇོ་ནང་མཐོང་གྲོལ་ཆེན་མོ། རྒྱང་འབུམ་མོ་ཆེའི་སྐུ་འབུམ་མཆོད་རྟེན་སོགས་བཞེངས་སྐྲུན་གྱི་ལོ་ཚིགས་ཀྱིས་སྐབས་དེའི་སྒྱུ་རྩལ་གྱི་འཕོ་འགྱུར་ཆེན་པོ་ཞིག་མཚོན་ཞིང་། ཇོ་ནང་མཐོང་གྲོལ་ཆེན་མོ་ནི་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་སྤྱི་ལོ1330ལྕགས་རྟ་ལོར་རྨང་བཏིངས[39]ཤིང་། སྤྱི་ལོ1354ལོར་ལེགས་པར་གྲུབ། ཕལ་ཆེར་སྤྱི་ལོ་དུས་རབས་བཅོ་ལྔ་པའི་དུས་སྟོད་ཀྱི་བགྲང་བྱ་བཅོ་ལྔའི་མཚམས་སུ་ཡོན་བདག་བསོད་ནམས་བཀྲ་ཤིས(1351-1417)ཀྱིས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་བཀོད་ནང་བཞིན། རྒྱང་འབུམ་མོ་ཆེའི་སྐུ་འབུམ་ཆེན་མོ་བཞེངས་གྲུབ་བྱུང་ཡོད། དེ་ནས་རྩིས་པའི་དུས་ཡུན་ཅི་ཙམ་སོང་བ་མ་ཤེས་མོད། གྲུབ་ཆེན་ཁོང་གི་རྣམ་ཐར་དུ་རིང་པོ་མ་ལོན་པར་རྒྱང་གི་འབུམ་མོ་ཆེ་ལ་ཞབས་སྐོར་ཞག་གསུམ་མཛད་ཅེས་འཁོད་ཡོད། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཞེངས་སྐྲུན་ལོ་ཚིགས་ནི་གྲུབ་ཆེན་པའི་རྣམ་ཐར་ཁྲོད་ཤིན་ཏུ་གསལ་ཏེ། ས་སྦྲུལ་སྤྱི་ལོ1449ལ་རྨང་བཏིངས་ཤིང་། མེ་བྱི་སྤྱི་ལོ1456ལོ་ལ་ལེགས་པར་གྲུབ། དེར་བརྟེན་གོང་གསལ་གྱི་ལོ་ཚིགས་དག་ལས་ཤེས་ཐུབ་པ་ཞིག་ནི་བཀྲ་ཤིས་སྒོ་མང་སྐུ་འབུམ་མཆོད་རྟེན་ཆེན་མོའི་བཞེངས་ལུགས་དེ་ནི་སྐབས་དེར་མ་མཐའ་ཡང་དུས་རབས་གཅིག་ཙམ་གྱི་ཡས་མས་སུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་ཁྲོད་གཏན་འཇགས་སུ་རྒྱུན་མཐུད་ནས་ཡོད་པ་རྟོགས་ཐུབ། མཆོད་རྟེན་དེ་གསུམ་ལས་ཇོ་ནང་དང་པོར་བཞེངས་ཤིང་དེ་ནས་རྒྱང་འབུམ་མོ་ཆེ། དེ་ནས་དཔལ་རི་བོ་ཆེའི་མཆོད་རྟེན་བཞེངས་པ་ཡིན། དེར་བརྟེན་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་བོད་ཀྱི་བཀྲ་ཤིས་སྒོ་མང་སྐུ་འབུམ་ཆེན་མོའི་བཞེངས་སྐྲུན་གྱི་སྲོལ་བཏོད་པ་པོ་མིན་ཡང་། ཁོང་གི་སྐྱེ་རབས་རྣམ་ཐར[40]ལས་ཁོང་ནི་ཀུན་མཁྱེན་དོལ་པོ་བའི་སྐྱེ་རབས་ཕྱི་མ་ཡིན་པར་བཞེད་པས། དོན་ལ་ཇོ་ནང་མཐོང་གྲོལ་ཆེན་མོ་དེའང་གྲུབ་ཆེན་པའི་སྐྱེ་རབས་སྔ་མས་བཞེངས་པ་རེད། གཞན་གྲུབ་ཆེན་ཁོང་རྒྱང་འབུམ་མོ་ཆེའི་མཆོད་རྟེན་གྱི་བཞེངས་སྐྲུན་གོ་རིམ་ཁྲོད་དངོས་སུ་ཞུགས་པ་མ་ཟད་ཞལ་བཀོད་ཀྱང་ལེགས་པར་མཛད་ལ། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་བཞེངས་སྐྲུན་ཁྲོད་ཀྱང་གདོང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན་པས། མཆོད་རྟེན་འདི་གསུམ་གྱི་བཞེངས་བཀོད་དང་སྒྱུ་རྩལ་ཁྱད་ཆོས་སོགས་ལ་གཅིག་མཐུན་གྱི་ཆ་མང་པའང་དོན་དངོས་དང་མཐུན་ནོ། །
བཞི་བ། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་སྒྱུ་རྩལ་བཀོད་པའི་ཡོངས་ཁུངས།
ཞ་ལུ་གསེར་ཁང་ཆེན་མོ[41]ཡི་ཐོག་སོ་དང་པོ་དང་བར་མའི་སྐོར་ལམ་གྱི་གྱང་ལྡེབས་སུ། དུས་སྔ་མའི་ལྡེབས་རིས་སོགས་ད་ལྟ་ད་དུང་གསལ་བོར་མཐོང་ཞིང་། ལྡེབས་རིས་སྟེང་གི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་དེ་དག་ནི་རིམ་བཞིན་ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེ། དཔལ་རི་བོ་ཆེའི་མཆོད་རྟེན་གྱི་ཁྲོད་དུའང་མངོན་ཡོད། སྤྱིར་བཤད་ན་ཞ་ལུ་གསེར་ཁང་ཆེན་མོའི་ལྡེབས་རིས་ཁྲོད་ཀྱི་རི་མོ་དག་ལ་གསར་གཏོད་ཀྱི་ཆ་ཤིན་ཏུ་མང་ཞིང་། རི་མོའི་ཚོན་མདངས་དང་ཞིབ་ཕྲའི་བཟོ་རྩལ་སོགས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། མཆོད་རྟེན་དེ་གསུམ་གྱི་ཁྲོད་དུ་དེའི་ཁྱད་འཕགས་ཀྱི་ཡོན་ཏན་དེ་ལྟ་བུ་ཞིག་ནི་ཐོན་པར་དཀའོ། །ཞ་ལུའི་ལྡེབས་རིས་བཟོ་རྩལ་དེ་དང་པོ་ཇོ་ནང་མཐོང་གྲོལ་སྐུ་འབུམ་དུ་དར་ཞིང་། དེ་ནས་རྒྱང་འབུམ་མོ་ཆེ་དང་དཔལ་རི་བོ་ཆེ་རུ་དར་བ་ཞིག་རེད། ཞ་ལུ་གསེར་ཁང་ཆེན་མོའི་ཁྲོད་ཀྱང་ལྷ་ཁང་གི་ལྡེབས་རིས་སུ་སྒྲོམ་སྣ་ཚོགས་སུ་རི་མོ་བྲིས་ཡོད་པ་མ་ཟད། བྱང་ཆུབ་སེམས་དཔའ[རི་མོ23]དང་འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་འཁོར་དུ་ཉེ་གནས་དུ་མས་བསྐོར་བའི་རི་མོའི་སྣང་བརྙན[རི་མོ21]བྲིས་ཤིང་། སྐུ་བརྙན་དེ་དག་གི་དབུས་ཀྱི་གཙོ་སྐུ་ཆེ་ཞིང་དེའི་འཁོར་གྱི་མི་རྣམས་ཆུང་ངུར་བྲིས་པའི་སྒྱུ་རྩལ་མཚོན་ཐབས་དེའི་རིགས་ནི་དུས་རབས་དུ་མའི་འཕེལ་རྒྱས་ཁྲོད་རིམ་བཞིན་དཔལ་རི་བོ་ཆེའི་མཆོད་རྟེན་དུ་དར་བ་རེད།
ཞ་ལུ་གསེར་ཁང་གི་ལྡེབས་རིས་སུ་བཞེངས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཁོང་གི་ཉེ་གནས་ཀྱི་རི་མོའི་ཁྲོད་ཀྱི་གཟུགས་གཞིའི་ཆ་ཚད་དང་སྒྱུ་རྩལ་མཚོན་ཐབས་སོགས་ནི་ཇོ་ནང་མཐོང་གྲོལ་ཆེན་མོའི་ཁྲོད་རྒྱུན་པར་མཐོང་ལ། ཤིང་སྡོང་གི་ལོ་མའི་མཐའ་རུ་ཟབ་ཅིང་ནག་པའི་ཐིག་གིས་བྲིས་ཤིང་སྤྲིན་པའི་མཐའ་རུ་ཅི་ཡང་བྲིས་མེད་པའི་རི་མོའི་སྒྱུ་རྩལ་དེའི་རིགས་ནི་ཞ་ལུར་དཀོན་ཡང་ཇོ་ནང་དུ་ནི་རྒྱུག་ཆེའོ[རི་མོ22]། །ཞ་ལུ་གསེར་ཁང་གི་ལྡེབས་རིས་སུ་ཐིག་རིས་ནག་པོ་དེའི་རིགས་བཀོད་པ་ཉུང་ཞིང་དེ་བཀོད་པ་ལ་སྒྱུ་རྩལ་མཚོན་ཐབས་གཞན་ཞིག་ཡོད་པ་སྟེ། དེ་ནི་གཙོ་བོ་རི་མོའི་རྒྱབ་ལྗོངས་ཁྲོད་ཀྱི་ཞིབ་ཕྲའི་སྣང་བརྙན་རེ་འགའ་གསལ་བར་དོད་པའི་ཆེད་དུ་ཡིན་ལ། ཤིང་སྡོང་ལོ་མ་སོགས་རྒྱུན་པར་ཐིག་ནག་དེས་བསྐོར་ནས་བྲིས་ཡོད། འོན་ཀྱང་ཞ་ལུའི་རྗེས་སུ་བཞེངས་པའི་མཆོད་རྟེན་དེ་གསུམ་གྱི་ལྡེབས་རིས་རི་མོའི་ཁྲོད་དུ། ཐིག་རིས་ནག་པོ་དེའི་རིགས་བཀོད་པ་ཤིན་ཏུ་མང་ཞིང་ཟབ་པས། ཕལ་ཆེར་བཟོ་བོ་དག་གིས་ཐིག་ནག་དེ་རི་མོ་ཡོངས་ཀྱི་ཕྱི་ཐིག་ཏུ་འཁྲུལ་བར་སྙམ།
གོང་གསལ་གྱི་རི་མོའི་བཟོ་རྩལ་མང་པོའི་ཁུངས་ནི་ཞ་ལུ་གསེར་ཁང་ལ་གཏུགས་འོས་ཤིང་། དགོན་པ་དེ་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་བཏབས་པའི་གྲགས་ཅན་གྱི་དགོན་གནས་རྙིང་ཁུངས་ཤིག་ཡིན་ཏེ། སྐུ་ཞང་གྲགས་པ་རྒྱལ་མཚན[42]གྱིས་སྦྱིན་བདག་མཛད་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་གསེར་ཁང་རྟེན་དང་བརྟེན་པ་གསར་བཞེངས་མཛད་ཅིང་། སོག་པོ་ཨོལ་ཇ་ཐུ[43]རྒྱལ་པོས་ཁོང་ལ་ཞ་ལུ་ཁྲི་སྐོར་གྱི་ལྷ་སྡེ་མི་སྡེ་ཐམས་ཅད་བདག་པར་བྱས་པའི་འཇའ་ས་གནང་། དེ་ནས་སྤྱི་ལོ1306ལོ་ལ་ཞ་ལུ་གཙུག་ལག་ཁང་ལ་ཞིག་གསོ་དང་རྟེན་བཞེངས་སྔར་ལས་ལྷག་པ་མཛད་རྗེས། སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་ཞབས་ཏོག་ལེགས་པོ་དང་བཅས་ཏེ་བུ་སྟོན་ཐམས་ཅད་མཁྱེན་པ་སྤྱན་འདྲེན་ཆེད་གཉེར་ཞུས་པ་ཞལ་གྱིས་བཞེས་ནས་ལྕགས་ཕོ་སྤྲེའུའི་ལོ་སྟེ་སྤྱི་ལོ1320ལོ་ལ་ཞ་ལུར་ཕྱག་ཕེབས་གནང་།[44] སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་རྒྱ་ཧོར་ཡུལ་གྱི་བཟོ་བོ་མཁས་པ་མང་པོ་གདན་འདྲེན་བྱས་ནས་གསེར་ཁང་གི་རྒྱ་ཕིབས་གཡུ་ཅན་གསེར་གྱི་གན་ཇི་ར་སོགས་བཙུགས་པ་ཆེ་བཞི་དང་། ཟུར་གྱི་བློ་འབུར་བཞི་ལ་གཡུ་ཆུའི་བ་གམ་དང་། རྒྱན་ལ་གསེར་གྱི་གན་ཇི་རས་བརྒྱན་པ་སོགས་བསམ་གྱི་མི་ཁྱབ་པའི་ཞིག་གསོ་རྒྱ་ཆེར་མཛད[45]ཡོད། ནུབ་གླིང་གི་མཁས་པ་མང་པོས་ནི་སྐབས་དེའི་རྒྱ་དང་ཧོར་གྱི་སྒྱུ་རྩལ་སོ་སོར་ཕྱེ་བ་ཡིན་མོད། འོན་ཀྱང་ངེད་ཀྱིས་དེ་གཉིས་ཀྱི་དབྱེ་བ་གསལ་བོ་འབྱེད་ཀྱིན་མེད་དེ། རྒྱུ་མཚན་ནི་སྐབས་དེའི་དབང་འཛིན་གྱི་རྒྱལ་རབས་ནི་སོག་པོ་ཡིན་ཞིང་། ཡོན་ཆེན་མོའི་གོང་མའི་ཕོ་བྲང་གི་བཟོ་རྩལ་དེ་ཤིན་ཏུ་རྒྱུག་ཆེ་བ་ཞིག་ཡིན།
ཞ་ལུ་གསེར་ཁང་གི་ལྷ་སྐུ་དང་ལྡེབས་རིས་བཟོ་རྩལ་མང་ཆེ་ཤོས་ཀྱི་ཕྱག་རྒྱུན་ནི་རྒྱ་དང་སོག་པོ་གང་ནས་ཀྱང་བྱུང་བ་མ་ཡིན་ཏེ། དེ་དག་ནི་རི་མོའི་ཉམས་འགྱུར་དང་ཚོན་གྱི་སྡེབ་ལུགས་སོགས་གང་ལ་གཞིགས་ཀྱང་བལ་པོའི་བཟོ་རྩལ་དུ་གཏོགས་ཤིང་། སྤྲིན་གྱི་རི་མོ་དང་ལྷ་སྐུ་རེ་འགའི་བཟོ་རྩལ(རྒྱལ་ཆེན་རིགས་བཞིའི་གྱད་མིའི་སྐུ་བརྙན)ནི་རྒྱ་ནག་གི་ཁུངས་སུ་གཏོགས་པ་རེད། བལ་པོའི་བཟོ་རྩལ་དེ་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་དུས་སྨད་དུ་རྒྱལ་ནང་ལ་དར་ཞིང་། ས་སྐྱ་འགྲོ་མགོན་འཕགས་པས་བལ་པོའི་བཟོ་བོ་འབོར་ཆེན་ཡོན་ཆེན་མོའི་གོང་མའི་ཕོ་བྲང་དུ་མངགས[46]མྱོང་ལ། དེའི་ཁྲོད་ཀྱི་ཨ་ཉི་ཀོ(Aniko)ཞེས་པ་དེ་ནི་བཟོ་བོ་ཁྱད་དུ་འཕགས་པ་ཞིག་ཡིན། བལ་པོའི་བཟོ་ལུགས་ནི་སྐབས་དེར་ཡོན་ཆེན་མོའི་གོང་མའི་ཕོ་བྲང་དུ་ཤིན་ཏུ་རྒྱུག་ཆེ་བར་མ་ཟད། ད་དུང་ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྒྱང་འབུམ་མོ་ཆེའི་སྐུ་འབུམ་མཆོད་རྟེན། དཔལ་རི་བོ་ཆེའི་མཆོད་རྟེན་སོགས་ཀྱི་ཁྲོད་དུའང་རྒྱ་ཆེར་སྤྱད་ཡོད། སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་ཞ་ལུ་གསེར་ཁང་ལ་ཞིག་གསོ་བྱེད་དུས་སུའང་བལ་པོའི་བཟོ་བོ་མང་པོ་གདན་དྲངས་ཏེ་ལྡེབས་རིས་རི་མོ་སོགས་མང་དུ་བཞེངས་ཡོད། ཇོ་ནང་མཐོང་གྲོལ་ཆེན་མོའི་ཁྲོད་ཀྱི་ལྡེབས་རིས་མང་ཆེ་ཤོས་ནི་བོད་ལུགས་སུ་གཏོགས་ཤིང་།[རི་མོ11、12] རྒྱང་འབུམ་མོ་ཆེའི་སྐུ་འབུམ་ཁྲོད་ཀྱི་ལྡེབས་རིས་ལ་བལ་བོད་ཟུང་འབྲེལ་གྱི་ཁྱད་ཆོས་དང་སྒྱུ་རྩལ་མཚོན་ཐབས་གསར་པའི་ཆ་སོགས་ཤིན་ཏུ་མང་། དཔལ་རི་བོ་ཆེའི་མཆོད་རྟེན་དུ་སྔ་མའི་ཁྱད་ཆོས་དེ་དག་སྲུང་འཛིན་བྱས་ཡོད་པ་མ་ཟད། ལྡེབས་རིས་སྐོར་ཞིག་ནི་ད་ལྟའང་ད་དུང་མཐོང་ཆས་སུ་འགྱུར་རོ། །
ཡང་སྙིང་སུ་ཞིག་གིས་ཞ་ལུ་དགོན་པར་ཕྱི་ཡོང་གི་སྒྱུ་རྩལ་ཁྱབ་གདལ་དུ་བཏང་སྟེ་རང་ས་ཅན་དུ་གྱུར་བ་ཡིན་ནམ། ཡང་སུ་ཞིག་གིས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་སྒྱུ་རྩལ་གྱི་མན་ངག་བསྩལ་བ་ཡིན་ནམ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་བོད་ཀྱི་ཡུལ་ཕྱོགས་ཀུན་དང་ཐ་ན་བལ་ཡུལ་དང་རྒྱ་ནག་གི་ཡུལ་དུའང་བྱོན[47]ཏེ་ཆོས་དང་སྒྱུ་རྩལ་བསླབས་ཤིང་། གྲུབ་པའི་རྩེར་སོན་པ་དང་རྗེས་འབྲེང་གི་གདུལ་བྱ་དང་བཟོ་བོ་མང་པོ་དང་ལྷན་དུ་བོད་ཡུལ་དུ་ལྷ་ཁང་དང་མཆོད་རྟེན། ལྕགས་ཟམ་སོགས་གང་མང་བསྐྲུན་པས་ཁོང་གི་བཟོ་རྩལ་གྱི་ཕྱག་རྗེས་ནི་ཡུལ་གྲུ་ཀུན་ལ་ཁྱབ་ཡོད།《ཐང་རྒྱལ་རྣམ་ཐར》དུ། བཟོ་བོ་དག་གིས་གྲུབ་ཆེན་ཁོང་ལས་སྒྱུ་རྩལ་གྱི་མན་ངག་བསླབས་ཀྱང་སྣོད་དུ་རུང་བའི་གདུལ་བྱ་མ་ཡིན་པས་དངོས་གྲུབ་མ་ཐོབ་ཅིང་། ལྷ་བཟོ་བ་ཞིག་རྗེ་བླ་མ་ལ་ཤིན་ཏུ་མོས་པས་ཕྱག་རིས་དངོས་སུ་བསྟན་ཅིང་སྒྱུ་རྩལ་གྱི་མན་ངག་དག་ཀྱང་མ་ལུས་པར་བོགས།[48] ཐང་སྟོང་རྒྱལ་པོའི་འཁྲུངས་ཡུལ་ནི་ལ་སྟོད[49]ཡིན་ལ། ས་ཆ་དེའི་ཡུལ་གྱི་བཀོད་པའང་དཔལ་རི་བོ་ཆེའི་ཡུལ་དང་མཚུངས། ཡུལ་དེ་རུ་གྲུབ་ཆེན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཡོན་བདག་མང་པོ་མེད་པས་མཆོད་རྟེན་དང་ལྷ་ཁང་སོགས་མང་པོ་བཞེངས་མེད་པར་སྣང་། འོན་ཀྱང་དཔལ་རི་བོ་ཆེའི་ས་ཆའི་གནའ་དཔྱད་རྟོག་དཔྱོད་ལས་ཤེས་གསལ་ལྟར་ན། རི་བོ་ཆེའི་མཆོད་རྟེན་དང་དེ་གའི་སྐུ་འབུམ་གཞན་དག་གི་བཟོ་རྩལ་ནི་མ་མཐའ་ཡང་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་མ་ཉམས་པར་རྒྱུན་སྲུང་བྱས་ཡོད་པ་རྟོགས། ཚོད་དཔག་དེ་ནི་ཚན་རིག་གི་རང་བཞིན་དང་ལྡན་པ་ཞིག་སྟེ། དཔལ་རི་བོ་ཆེ་དང་དུས་མཉམ་དུ་བཞེངས་པའི་རྒྱང་འབུམ་མོ་ཆེའི་སྐུ་འབུམ་མཆོད་རྟེན་ཆེན་མོར་མཚོན་ནའང་ཕྱིའི་བཟོ་རྩལ་དང་རང་སའི་བཟོ་རྩལ་ཟུང་འབྲེལ་གྱི་སྒྱུ་རྩལ་རྣམ་པ་དེ་ནི་དུས་ཡུན་ངེས་ཅན་ཞིག་ལ་མ་མཉམ་པར་གནས་ཤིང་། ས་སྐྱའི་ལུགས་ཀྱི་བཟོ་རྩལ་གྱིས་མཆོད་རྟེན་གྱི་བཟོ་རྩལ་ཀུན་ལས་གཙོ་བོའི་གོ་གནས་ཟིན་ཡོད།
གྲུབ་ཆེན་ཁོང་གི་རྣམ་ཐར་དུ། ལ་སྟོད་ལྷོ་ཡི་ཁྲི་དཔོན་གྱིས་དཔལ་རི་བོ་ཆེའི་མཆོད་རྟེན་གྱི་དགེ་ལས་འཛུགས་པའི་ཁས་འཆེ[50]ལྟར། ལྷོ་བྱང་མངའ་གསུམ་ནས་འོངས་པའི་བཟོ་བོ་དང་དང་བླངས་པ་མང་པོ་ལྷན་དུ་འཛོམས་ཏེ་མཆོད་རྟེན་གྱི་རྨང་བཏིངས[51]ཤིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་ལ་སྟོད་ནི་ལྷོ་བྱང་གཉིས་སུ་དབྱེ[52]ལ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་དུའང་དེ་གཉིས་ནི་ས་ཁུལ་མི་འདྲ་བ་གཉིས་སུ་སྣང་སྟེ། ལ་སྟོད་ལྷོ་ཡི་སྡེ་པས་གྲུབ་ཆེན་པ་ལ་ལ་སྟོད་ལྷོ་ཡི་ས་ཆར་དགེ་ལས་ཤིག་འཛུག་པར་བསྐུལ་བས། གྲུབ་ཆེན་པས“དགེ་ལས་སྟོབས་ཅན་བྱེད་པ་འདི་བར་ཆད་ཆེ་བ་ཞིག་གདའ་བས་མི་མཛད་པར་ཞུ། ལྷོ་བྱང་མངའ་གསུམ་གྱི་འཛོམ་ས། གདོང་ཞུར་ན་དྲུད་པ་རང་གིས་སྔར་ཡང་ལྕགས་ཟམ་བཙུགས་གདའ་བས། དེར་དགེ་ལས་མཛད།”[53]ཅེས་གསུངས་པས་དཔལ་རི་བོ་ཆེའི་མཆོད་རྟེན་དེ་ལ་སྟོད་ལྷོ་བྱང་དང་མངའ་རིས་བཅས་ཀྱི་ས་མཚམས་སུ་བཞེངས་པར་གསལ། འདི་ལས་ཤེས་ཐུབ་པ་ཞིག་ནི་སྐབས་དེའི་ལ་སྟོད་ལྷོ་བྱང་ཕུད་པའི་མངའ་རིས་ནི་མངའ་རིས་སྨད་དམ་གུང་ཐང་དུའང་འབོད་པའི་ས་ཆ་དེར་ངོས་འཛིན་དགོས། སྐབས་འདིའི་ལྷོ་བྱང་མངའ་གསུམ་གྱི་མངའ་རིས་ཀྱི་ས་ཆ་དེ་ནི་ལ་སྟོད་ལྷོ་བྱང་དང་ཐག་ཤིན་ཏུ་ཉེ་བས། མཆོད་རྟེན་དང་ལྷ་ཁང་གི་བཟོ་རྩལ་གྱི་ཆ་ནས་ཕལ་ཆེར་གཅིག་པ་སྟེ། དུས་རབས་བཅོ་ལྔ་པའི་ཡས་མས་སུ་དར་བའི་བལ་ལུགས་ཀྱི་བཟོ་རྩལ་ཤུགས་ཆེ་བ་རེད། འོན་ཀྱང་མངའ་རིས་སྐོར་གསུམ་གྱི་ས་ཁུལ་ཡོངས་ལ་མཚོན་ན་དེ་ལྟར་མ་ཡིན། རྒྱུ་མཚན་ནི་མངའ་རིས་སྐོར་གསུམ་གྱི་ས་ཁུལ་གཞན་དག་ནི་ལ་སྟོད་ལྷོ་བྱང་དང་གུང་ཐང་ས་ཆའི་མཚམས་སུ་ཡོད་པའི་དཔལ་རི་བོ་ཆེའི་ས་ཁུལ་དང་ཤིན་ཏུ་ཐག་རིང་པོ་ཡོད། གཞན་ཡང་གྲུབ་ཆེན་པའི་རྣམ་ཐར་དུ་སྐབས་དེའི་མངའ་རིས་སྟོད་ཕྱོགས་ཀྱི་ས་ཆ་དེའང་སྐོར་གསུམ་གྱི་ཁུངས་སུ་གཏོགས་པ་གསལ།[54]
ཇོ་ནང་སྐུ་འབུམ་དང་རྒྱང་འབུམ་མོ་ཆེ། དཔལ་རི་བོ་ཆེའི་མཆོད་རྟེན་གསུམ་གྱི་བཟོ་རྩལ་ཁྱད་ཆོས་ནི་གོང་དུ་སོང་ཟིན་ལ། ལ་སྟོད་ལྷོ་ཡི་གནའ་དཔྱད་རྟོག་ཞིབ་ལས་ཤེས་གསལ་ལྟར་ན། མཆོད་རྟེན་དེ་དག་གི་བཟོ་རྒྱུན་ཁྱབ་ཁོངས་ནི་ལ་སྟོད་ལྷོ་བྱང་དང་མངའ་རིས་སྨད་གསུམ་གྱི་ཡུལ་ཁམས་ལས་ཡོངས་སུ་བརྒལ་ཡོད་དེ། དཔེར་ན་གཙང་གི་ཁྲི་སྐོར་གྱི་ཁོངས་སུ་ཡོད་པའི་རྒྱལ་རྩེ་རྫོང(1390)གི་དཔལ་འཁོར་མཆོད་རྟེན་ཆེན་མོར་མཚོན་ན། མཆོད་རྟེན་དེ་ནི་མེ་ལུག་ལོ་སྟེ་སྤྱི་ལོ1427ལོར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པའི་ཞལ་བཀོད་འོག་གསར་བཞེངས་མཛད་པ[55]ཡིན་པས། ཇོ་ནང་མཐོང་གྲོལ་ཆེན་མོ(1330)བཞེངས་པའི་ལོ་ཚིགས་ལས་འཕྱི་ཞིང་། རྒྱང་འབུམ་མོ་ཆེ(དུས་རབས15དུས་སྟོད)འི་ལོ་ཚིགས་དང་ཁེལ་བ། དཔལ་རི་བོ་ཆེའི་སྐུ་འབུམ་ཆེན་མོ(1449-1456)ལས་ཅུང་སྔ་བ་ཡིན་སྟབས། རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དེ་མ་བཞེངས་པའི་ཡར་སྔོན་ནས་བཟུང་ལ་སྟོད་ལྷོ་ཡི་བཟོ་རྩལ་ནི་ཡུལ་དེར་ཁྱབ་གདལ་དུ་སོང་ཞིང་། གཞན་མཆོད་རྟེན་གྱི་བཞེངས་སྐྲུན་བཀོད་པ་ལའང་ཤན་མི་འདྲ་བ་ཞིག་ཐེབས་ཡོད་པར་སྙམ། ཀུན་གྱིས་ཤེས་གསལ་ལྟར་དུ། རྒྱལ་རྩེའི་སྐུ་འབུམ་གྱི་བཟོ་རྩལ[56]ནི་གཞན་ད་དུང་རྒྱལ་རྩེ་དང་ཐག་མི་རིང་བའི་ས་ཆ་སྟེ་གནས་རྙིང་སྣར་ཐང་། ལྷ་རྩེ། སྙེ་མོ་དང་གུང་ཐང་སོགས་ནས་ཀྱང་འོངས་པ་ཡིན་ཞིང་། དོན་དངོས་སུ་བཟོ་རྩལ་དེ་དག་ཀུན་གྱི་ཡོངས་ཁུངས་ནི་གཅིག་པ་ཡིན་ཏེ། དུས་རབས་བཅུ་བཞི་པའི་དུས་སྨད་ནས་བཅོ་ལྔ་པའི་དུས་སྟོད་དུ་ལ་སྟོད་དང་གཙང་གི་ཕྱོགས་སུ་དར་ཁྱབ་བྱུང་བའི་རྒྱ་གར་པཱ་ལའི་བཟོ་རྩལ་དང་བལ་པོའི་བཟོ་རྩལ། ས་སྐྱའི་བཟོ་རྩལ་སོགས་ཟུང་དུ་འབྲེལ་བ་ཞིག་ཡིན།
ལ་སྟོད་ཀྱི་བཟོ་རྩལ་ནི་སྐབས་དེར་རང་རྐྱ་འཕེལ་བའི་ངང་འཕེལ་རྒྱས་སུ་ཕྱིན་ཅིང་། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་བཞེངས་པའི་དུས་སུའང་བཟོ་རྩལ་དེ་དང་ལེན་བྱས་ཡོད་པ་མ་ཟད། ད་དུང་རང་གི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཞིག་ཀྱང་ཆགས་ཡོད་པར་སྣང་། དེའི་སྐོར་ནི་རྒྱལ་བ་དགེ་འདུན་གྲུབ་པ(1391-1474)འི་རྣམ་ཐར་ལས་གསལ། [57]རྣམ་ཐར་དེ་ནི་ཁོང་གི་དངོས་སློབ་ཀྱིས་བརྩམས་པར་མ་ཟད་རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་གྱི་བཞེངས་སྐྲུན་ཁྲོད་ཀྱང་དངོས་སུ་ཞུགས་མྱོང་པས་དེ་ལ་བདེན་ཤེལ་ཤིན་ཏུ་ཆེ།[58] སྤྱི་ལོ1461ས་སྦྲུལ་ལོར། རྒྱལ་བ་དགེ་འདུན་གྲུབ་པ་ལ་སྟོད་བྱང་གི་རྒྱལ་ས་ངམ་རིང་དུ་ཕེབས་ཏེ་ཡུལ་དེའི་བཟོ་བོ་གྲགས་ཅན་བཀྲ་ཤིས་རིན་ཆེན་ཞེས་པ་གཙང་གི་ཡུལ་དུ་གདན་ཞུ་ཞུས་ཀྱང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་དགོངས་པ་དང་ལེན་མ་བྱས་པར་གསུངས། གལ་སྲིད་གནས་ཚུལ་དེ་བདེན་པའི་དབང་དུ་བཏང་ཚེ། ཐང་རྒྱལ་རྣམ་ཐར་ལྟར་ན་སྐབས་དེར་དཔལ་རི་བོ་ཆེའི་མཆོད་རྟེན་ཡོངས་སུ་གྲུབ་པས། བཟོ་བོ་དེ་གཙང་གི་ཕྱོགས་སུ་མི་མངགས་པའི་སྒྲུབ་བྱེད་མེད་ལ། ཡང་ཕྱོགས་གཞན་ཞིག་ནས་བལྟས་ཚེ་བཟོ་བོ་བཀྲ་ཤིས་རིན་ཆེན་ནི་སྐབས་དེའི་བལ་པོའི་བཟོ་བོ་དང་བསྡུར་ཐབས་མེད་པས། གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བཟློགས་ནས་རིན་པོ་ཆེས་བལ་ཡུལ་གྱི་བཟོ་བོ་ཞིག་གཙང་ཕྱོགས་སུ་གདན་དྲངས་པའི་གཏམ་དེ་བདེན་མིན་ནི་ཐེ་ཚོམ་གྱི་གཞིར་རུ་གྱུར་རོ། །[59]
ལ་སྟོད་ཀྱི་བཟོ་རྩལ་དེ་ཇོ་ནང་སྐུ་འབུམ་དང་རྒྱང་འབུམ་མོ་ཆེ། དཔལ་རི་བོ་ཆེའི་མཆོད་རྟེན་ཁྲོད་དར་བ་ནི། བཟོ་རྩལ་དེ་རྩེར་སོན་གྱི་དུས་སྐབས་ཡིན་ལ། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་ཁྲོད་ཀྱང་རྒྱ་ཆེར་སྤྱད་ཡོད།[60] འོན་ཀྱང་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དེ་དཔལ་རི་བོ་ཆེའི་མཆོད་རྟེན་ལས་བཞེངས་སྔ་ཡང་། མཆོད་རྟེན་དེའི་ཁྲོད་ད་དུང་མིང་རྒྱལ་རབས་དུས་མགོའི་བཟོ་རྩལ་ཡང་སྤྱད་ཡོད་ལ། དཔལ་རི་བོ་ཆེའི་མཆོད་རྟེན་ཁྲོད་དུ་ནི་ཡོན་རྒྱལ་རབས་སྐབས་ཀྱི་གོང་མའི་ཕོ་བྲང་གི་བཟོ་རྩལ་ཡང་སྤྱད་ཡོད་པས། དེ་དག་གི་བཞེངས་སྐྲུན་ལོ་ཚིགས་དང་བཟོ་རྩལ་འཕེལ་རྒྱས་ཀྱི་སྔ་ཕྱིའི་དུས་ཚོད་གོ་རིམ་ལ་གཞིགས་ཚེ་འགལ་བ་ལྟར་སྣང་མོད། འོན་ཀྱང་གནའ་དཔྱད་རྟོག་ཞིབ་སོགས་ལས་ཤེས་གསལ་ལྟར་ན། དུས་སྐབས་དེར་བཞེངས་པའི་བཟོ་རྩལ་དངོས་པོ་ནི་མཐའ་གཅིག་ཏུ་ལྷུང་པའམ་གཅིག་གྱུར་གྱི་རྣམ་པ་ཞིག་ནི་གཏན་ནི་མ་ཡིན་པར། དེ་དག་ནི་བཟོ་རྒྱུན་མཐུན་པ་ལ་རང་སོ་སོའི་ཁྱད་ཆོས་འབུར་དུ་དོད་ནས་བཞེངས་ཡོད་པས་སོ། །
དཔྱད་གཞིའི་ཡིག་ཆ།
- ཚེ་ཏན་ཞབས་དྲུང་།《བསྟན་རྩིས་ཀུན་ལས་བཏུས་པ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
- འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
- ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》གསུང་རབ་ཉམས་གསོ་པར་ཁང་།
- བྱམས་པ་ཐུབ་བསྟན་རྫོང་རྩེ།《རྫོང་རྩེ་བྱམས་པ་ཐུབ་བསྟན་དགའ་ལྡན་ཕུན་ཚོགས་གླིང་གི་ཐོག་མཐའ་བར་གསུམ་གྱི་བྱམས་པ་ཡིད་ལ་དྲན་བྱེད་ཀུན་ཁྱབ་སྙན་པའི་རྔ་སྒྲ》འཇར་མན་ཀོ་ཐེ་གི(Gottinge University)སློབ་གྲྭ་ཆེན་མོ།
- བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་བསྒྲིགས།《ས་སྐྱའི་གདུང་རབས》དོ་ལན་ཇི།
- དཔལ་ལྡན་ཆོས་ཀྱི་བཟང་པོ།《སྡེ་པ་གཡས་རུ་བྱང་པའི་རྒྱལ་རབས་རིན་པོ་ཆེ་སྟར་པ》(བྱང་ཆོས་འབྱུང)ལྡེ་ལེ་གསར་པ།
- མང་ཐོག་ཀླུ་སྒྲུབ་རྒྱ་མཚོ།《བསྟན་རྩིས་གསལ་བའི་ཉིན་བྱེད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
- ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོ།《དགེ་འདུན་གྲུབ་པའི་རྣམ་ཐར》ལྡེ་ལེའི་པར་མ།
- ལྷག་པ་ཚེ་རིང་སོགས་ཀྱིས་བསྒྲིགས།《མྱང་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
- སྐལ་བཟང་དང་རྒྱལ་པོ།《ཞ་ལུ་དགོན་གྱི་ལོ་རྒྱུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
- ཚལ་པ་ཀུན་དགའ་རྡོ་རྗེ།《དེབ་ཐེར་དཔར་པོ》རྣམ་རྒྱལ་བོད་རིག་པ་ལྟེ་གནས་སུ་ཉར། སྒང་ཏོག
- Ruegg, D.S., The Life of Bu ston Rin po che. SOR. Vol.XXXIV, IsMEO.Roam. 1966.
- ,S., Le Nepal, 3 vols., Leroux, Paris. 1905.
- Petech, L.,The Medieval History of Nepal (c.750-1480), SOR, Vol.X, IsMEO, Roma, 1958.
- H.. Early Sino-Tibrtan Art. Aris&Phillips. Warminster.1975.
- J., The Teaching of Thang stong rgyal po. In M. Airs and Aung San Suu Kyi. Tibetan Studies in Honour of Hugh Richerdson, Warminster.1980.
- Tucci, G.,,Deb ther dmar po gsar ma, SOR, Vol.XXIV, IsMEO, Roma, 1971.185.
- G., Indo-Tibetica, Reale Accademia d’Italia, Roma. 1932-1941.
- Chan, V., Tibet Handbooks, Moon,Chico. 1991.
- Titetan Painted Scrolls. Istituto Poligrafico di Stato. Roma.1949.
- Roerich, The Blue Annals,(reprint), Motilal, Delhi,1979.
- Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958.
- Transhimalaya, Nagel,Geneve. 1973.
- Ruegg, D.S. The Jo nang pas: A School of Buddhist Ontologists According to the Grub mtha’ shel gyi me long. JAOS, Vol.1,1963.
- Tibet: Land of Snows, (reprint), Oxford and IBH, Calcutta, 1967
- Aris, M., Bhutan: Early History of a Himalayan Kingdom, Aris & Philips, Warminster, 1979.
- To Lhasa and Beyond, (reprint), Oxford and IBH, New Delhi. 1983.
- Olschak, B., Ancient Bhutan, Swiss Foundation for Alpine Research, Zurich, 1979. 120ff.
- Beckwith, C.I., The Tibetan Empire in the West, in M. Aris, M & Aung San Suu Kyi, eels.. Tibetan Studies in Honour of Hugh Richardson, Aris & I’hillips, Warminster, 1980.
- Budclha Prakash, Tibet, Kaslimir and Noth India 647-747, 87:vol.VI, 1969.
- S.W., The Early History of Tibet,,JRAS, 1880.
- Pal, P., The Arts of Nepal,I :Sculpture. Brill. Leiden. 1974.
- Pal, P., The Arts of Nepal,Il:Painting, Brill. Leiden, 1978.
- Pal, P., Tibetan Paintings, 1984.
- Pal, P., Arts of Nepal, Los Angeles County Museum, University of California Press, Berkeley. 1985.
- Petech, , Sang-ko, A Tibetan Statesman in Yuan China. AOH, tomus, XXXIV, 1980.
- H.E., Tibetan Inscriptions at Zhva-hi l.ha-khang, parts I and II. RAS, 1952-1953.
- H.E., A Tibetan Inscription from rGyal Llia-khang; And A Note on Tibetan Chronology from A.D. 841 to A.D1042. JRAS. 1957.
- R.A.. Tibetica Antqua I. BEFEO, vol.LXXI1. 1983.
- Thomas, F.W.. T’ibetan Literary Texts and documents Concerning Chinese Turkestan, The Sa-cu Region. JRAS. 1928.
西藏昂仁县贝日吾齐佛塔建筑风格与艺术特征考察
摘要:14世纪初至15世纪末,印度帕拉风格及尼泊尔建筑技艺在藏拉堆南北和阿里贡唐等地极为盛行,对西藏建筑文化产生了深远的影响。本文依据考古研究和史料记载发现,当时修建的贝日吾齐佛塔、觉囊佛塔、江佛塔,以及江孜白居寺佛塔等西藏早期的吉祥多门佛塔的建造风格不仅运用了印度帕拉风格及尼泊尔建筑技艺,并参考了彼时‘元代宫廷’建筑及造像风格。此文以贝日吾齐佛塔为典范,重点研究了其建筑风格及艺术特征。
关键词:贝日吾齐佛塔;帕拉风格;尼泊尔风格;艺术特征;
Riwoche Stupa: The Magnum Opus of Thangtong gyalpo
Abstract: From the beginning of the 14th century to the end of the 15th century, the architectural evolution and artistic of Indian Pala style and Newar style were very popular in all three territories of Lho, Byang and mNga in the gTsang Khri sKor. Based on archaeological research and historical records, the construction style of the early auspicious stupas in Tibet, such as the dPal Riwoche, Jonang Thongsgrol and rGyang ‘bum mo che were not only used the Indian Pala style and Newar styles, but also referred to the architecture and statue style of the ‘Yuan court’ at that time. So this article focuses on the architectural evolution and artistic features of dPal Riwoche stupa as a model.
Key words: Riwoche stupa; Pala style; Newar styles; artistic features;
མཆན་བུ།
* དཔྱད་རྩོམ་འདི་ནི་སྤྱི་ལོ1990ལོར་རོ་པོ་ཐུ·ཝེ་ཐ་ལི(Roberto Vitali)ཡིས་བརྩམས་པའི《དབུས་གཙང་ཁུལ་གྱི་སྔ་རབས་གཙུག་ལག་ཁང》ཞེས་པའི་དེབ་ལས་བདམས་ཏེ་བསྒྱུར། Roberto Vitali. Early temples of central Tibet. Serindia Publications.1990.123-137.(ནང་དོན་གནད་བསྡུས་དང་ཐ་སྙད་གཙོ་བོ་སོགས་སྒྱུར་པ་པོས་བསྣན)
[①] ཐང་སྟོང་རྒྱལ་པོའི་མཚན་དངོས་ལ་ཐང་སྟོང་རྒྱལ་པོ་བརྩོན་འགྲུས་བཟང་པོ་ཞུ་ཞིང་། གྲུབ་ཆེན་ཁོང་གི་རྣམ་ཐར་དུ་ཁོང་གི་འཁྲུངས་ལོ་ནི་ལྕགས་གླིང་ལོ་སྟེ་སྤྱི་ལོ1361ལ་འཁེལ་ཞིང་། འདས་ལོ་ནི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ1485ལོར་འཁེལ་ཡོད། འོན་ཀྱང་ཚེ་ཏན་ཞབས་དྲུང་ལགས་ཀྱི་བཞེད་པ་ལྟར་ན། བོད་ཀྱི་རྩིས་གཞུང་དུ་གྲུབ་ཆེན་ཁོང་ནི་དགུང་ལོ128ལ་བཞུགས་པར་གསུངས།《བསྟན་རྩིས་ཀུན་ལས་བཏུས་པ》ཤོག་ངོས228པར་གསལ། Tucci(1949.163)དངR.A.Stein(1959.238) Gyatso(1980. 115.n.2.)སོགས་ཀྱིས་གྲུབ་ཆེན་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ཏེ་སྤྱི་ལོ1385-1481རུ་གཏན་འཁེལ་བྱས་ཡོད།
[②] ལྷ་སའི་གཙུག་ལག་ཁང་གི་མདུན་སྒོའི་ཤར་ཁྱམས་ཀྱི་ཀ་བའི་སྟེང་དུ་སྨྱོན་པ་གཉིས་ཀྱི་ཕྱག་རྗེས་མཐོང་དུ་ཡོད་དེ། དེ་ནི་གཙང་སྨྱོན་དང་དབུས་སྨྱོན་རྣམས་གཉིས་ཀྱིས་ཤིང་གི་ཀ་བའི་སྟེང་ཕབས་པའི་རྡེའུའི་རྗེས་ཤུལ་ཡིན་པར་གྲགས།
[③] ཐང་སྟོང་རྒྱལ་པོ་ནི་བོད་ཁུལ་གྱི་ལྕགས་ཟམ་བཟོ་མཁན་ཐོག་མ་མ་ཡིན་ཏེ། བོད་དུ་བཙན་པོའི་དུས་ནས་བཟུང་ལྕགས་ཟམ་ཡོད་པ་ཡིག་ཚང་དུ་གསལ། དཔེར་ན། ཏུན་ཧོང་ཡིག་ཆP. t.1287དུ།“སྟགི་ལོ་ལ་བབ་སྟེ་ཕོ་བྲང་དབྱར: ས: བྱར་ན་བཞུག དབྱར་འདུན་གླགི: བུ་ཅུང་འདུ་འདུས: ……ཆབ་སྲིད་ཞིག་ན་ཞང་རྒྱལ་ཟིགས་དང་ཞང་སྟོན་རྩན་ལས་སྩོགས་པས། བུམ་ལིང་ལྕག: ཟམ: རྒལ་ཏེ། །ཅེན་དྲང་སྟེ་འབུ་ཤིང་ཀུན་དང་ཟིན་ཅུ་དང་ག་ཅུ་ལས་སྩོགས་པ། རྒྱའི་མཁར་མང་པོ་ཕབ།”ཅེས་དང་། ཡང《ཐང་ཡིག་གསར་རྙིང》ཤོག་ངོས3པར།“བྷོད་དམག་གིས་དབྱང་དང་པིས་ཞེས་བྱ་བའི་ཆུ་བོར་ལྕགས་ཟམ་བཙུགས་ཏེ་ཞི་ཨར་མན་ཕྱཱ་ལ་གཏུགས། ལྕགས་རི་བསྐོར་ཏེ་སྲུང་།”ཞེས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གོང་ལ་བོད་དུ་ལྕགས་ཟམ་ཡོད་པ་གསལ། (སྒྱུར་པ་པོས་མཆན་བཏབ)
[④] འགྱུར་མེད་བདེ་ཆེན་གྱི《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཞེས་པའི་རྣམ་ཐར་ནི་སྤྱི་ལོ1540ལོར་བརྩམས་ཤིང་། Tucci (1919.16)ཡི་བཞེད་པ་ལྟར་ན་རྣམ་ཐར་དེ་ནི་ས་བྱི་སྤྱི་ལོ1588ལ་བརྩམས། R.A. Stein (1959.220)གྱི་བཞེད་པ་ལྟར་ན་ས་བྱ་སྤྱི་ལོ1609ལ་འཁེལ་ཡོད། བོད་ཀྱི་རྣམ་ཐར་ནི་ནམ་རྒྱུན་ནང་དོན་གཅིག་ལ་པར་གཞི་མི་འདྲ་པ་དུ་མ་མཆིས་པས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་འདི་ལ་མཚོན་ནའང་སྡེ་དགེའི་པར་མ་ལས་གཞན་ད་དུང་རྒྱ་གར་གྱི་ལྡེ་ལེ་གསར་པའི་བོད་ཀྱི་ཤེས་རིག་རྟེན་མཛོད་ཁང་དུ་པར་མ་གཞན་ཞིག་ཀྱང་ཉར་ཡོད།
[⑤] སྤྱི་ལོ1988ལོའི་སྟོན་ཁར་ངེད་རང་དཔལ་རི་བོ་ཆེའི་མཆོད་རྟེན་གྱི་གནས་སུ་ཕྱིན་ལ། མཆོད་རྟེན་དེ་ནི་ངམ་རིང་ནུབ་བརྒྱུད་ཀྱི་སྤྱི་ལེ་འགའི་མཚམས་སུ་ཡོད་པའི་ར་ག་གཙང་པོའི་བྱང་འགྲམ་དུ་མཆིས། ལ་སྟོད་བྱང་གི་རྒྱལ་ས་ཡོད་སའི་གནས་ནས་རི་བོ་ཆེའི་བར་དུ་ལམ་ཕྲན་གཟར་བོ་ཞིག་བརྒྱུད་དགོས་ཤིང་། གཞན་ཡང་ཟངས་དཀར་བྱང་ནས་རི་བོ་ཆེར་བགྲོད་པའི་རྒྱུ་ལམ་ཡང་དེ་དང་མཚུངས་པ་རེད། ངེད་རང་རི་བོ་ཆེར་བགྲོད་པའི་ལམ་སྐབས་སུ་སྟབས་ལེགས་པ་ཞིག་ལ་དེ་སྔོན་གངས་རིན་པོ་ཆེ(Kailash)རུ་འགྲོ་སྐབས་ངོ་ཤེས་པའི་གནས་སྐོར་བ་འགའ་ལ་འཕྲད་ཅིང་། ཁོང་ཅག་གིས་རེ་འདུན་བྱས་པ་བརྒྱུད་རི་བོ་ཆེའི་མཆོད་རྟེན་གྱི་དཀོར་གཉེར་གྱིས་ངེད་ལ་མཆོད་རྟེན་གྱི་ཐོག་བརྩེགས་སོ་སོའི་རྟེན་བཞེངས་དང་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱེད་དུ་བཅུག གལ་སྲིད་ཁོང་ཅག་གི་རོགས་རམ་མེད་ཚེ་དཀོར་གཉེར་གྱིས་ནམ་རྒྱུན་གནས་སྐོར་བ་དག་ལ་མཆོད་རྟེན་གྱི་ཐོག་བརྩེགས་དང་པོ་ལས་གཞན་རྣམས་གནས་མཇལ་གཏོང་གིན་མི་འདུག
[⑥] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས281ལ་གསལ།
[⑦] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས269ལ་གསལ།
[⑧] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས270ལ་གསལ།
[⑨] བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་ཕྱི་ནང་གི་རྟེན་གཉིས་ཀྱིས་གྲུབ་པ་སྟེ། ཕྱི་མཆོད་རྟེན་དང་ནང་ལྷ་ཁང་གི་བཀོད་པ་ལྟར་བྱས་ཡོད། དེའི་དབྱིབས་ནི་བུམ་གདན་པད་མ་ནས་ཏོག་གི་བར་དུ་མཆོད་རྟེན་གཞན་དག་དང་འདྲ་བ་ལ། བང་རིམ་བཞི་ཡི་དབྱིབས་གྲུ་བཞི། དཀྱིལ་དུ་གློ་འབུར་ཕྱོགས་བཞི་ཀར་ཡོད་པ། གློ་འབུར་དང་གཞོགས་ངོས་ཚང་མ་རུ་སྒོ་མང་པོ་ཡོད་པ་དང་། སྒོ་མང་ཤོས་ལ་བརྒྱ་དང་བརྒྱད། འབྲིང་ལ་སྒོ་ལྔ་བཅུ་ང་དྲུག བསྡུས་པར་སྒོ་བཅུ་དྲུག་བཅས་སྲོལ་བཏོད་ཡོད་པས་བོད་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན། བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་རྒྱུ་ནི་བརྗོད་གཞི་འདི་ལས་རིང་དུ་ལྷག་པ་ཡིན་མོད། འོན་ཀྱང་མཆོད་རྟེན་བཞེངས་ལུགས་འདི་ནི་ཧ་ཅང་སྔ་བར་འདོད་དེ། བོད་བརྒྱུད་ནང་བསྟན་པའི་ཆོས་རྒྱུན་ཁག་གི་དགོན་སྡེ་རྙིང་པ་རྣམས་སུ་མཆོད་རྟེན་འདིའི་རིགས་མང་དུ་མཐོང་བར་སྣང་པས། མཆོད་རྟེན་བཞེངས་སྐྲུན་འདི་ལ་མ་མཐའ་ཡང་དུས་རབས་དུ་མའི་སྲོལ་རྒྱུན་ཡོད་པར་སྙམ།
[⑩] རྟགས་མཚན་ངན་པ་ཞིག་ཏུ་མཐོང་།
[11] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས271ལ་གསལ།
[12] སེར་དམག་ནི་དགོན་སྡེ་ནང་སློབ་གཉེར་བྱེད་མཁན་གྱི་གྲྭ་བ་སྟེ། དགོན་པ་ཆགས་འཇིག་སོགས་ཀྱི་ཉེན་ཁ་ལ་འཕྲད་དུས་སུ་དང་བླངས་ཀྱིས་བདེ་སྲུང་བྱེད་མཁན་གྱི་གྲྭ་པའི་སྤྱི་མིང་ལ་ཟེར། བོད་ཀྱི་ལོ་རྒྱུས་སུ་ཆབ་སྲིད་ཟིང་འཁྲུག་གི་ཁྲོད་སེར་དམག་གཡུལ་དུ་ཆས་པའང་ཡོད་དེ། དཔེར་ན་ལྔ་པ་ཆེན་མོའི་དུས་སྐབས་སུ་སོག་པོ་དགའ་ལྡན་ཚེ་དབང་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་སེར་དམག་གི་དཔུང་སྣ་དྲངས་ཏེ་ལ་དྭགས་རྒྱལ་རབས་ལ་དཔུང་འཇུག་བྱས(Petech.1947.169ff)པས། མཐར་ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་རྒྱལ་བློན་ཚོགས་ཀྱིས་བཀའ་བཞིན་སྒྲུབ་པར་ཁས་བླངས་ཏེ་མགོ་བོ་སྒུར། གུ་གེ་སྤུ་ཧྲེངས་སོགས་དབང་དུ་བསྡུས།
[13] བུམ་ལྡིར་ནི་བུམ་པའི་དོན་ཏེ། འདིར་མཆོད་རྟེན་གྱི་བུམ་པ་ལ་གོ་དགོས།
[14] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས274-276ལ་གསལ།
[15] ཕྱུགས་ཀྱི་པགས་པའི་བཟོས་པའི་རྩམ་ཁུག་གི་མིང་།
[16] རྩི་ཤིང་དང་གཏེར་རྡོ་སོགས་རྡུང་ནས་ཚོན་བཟོ་མཁན་གྱི་ལག་ཤེས་པའི་མིང་། ལྷ་བྲིས་པའི་ལག་གཡོག་གི་མིང་ལའང་ཟེར།
[17] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས279-280ལ་གསལ།
[18] མཆོད་རྟེན་གྱི་བང་རིམ་སྟེ་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་སྐས་རིམ་ལའང་གོ བང་རིམ་ནི་བུམ་པའི་ཞབས་སྐྱོར་གྱི་སྐས་རིམ་དག་ལ་ཟེར།
[19] མཆོད་རྟེན་གྱི་གཞུང་ཤིང་སྟེ་ནང་གི་རྟེན་ཡུལ་གཙོ་བོའི་མིང་།
[20] དཔལ་རི་བོ་ཆེའི་མཆོད་རྟེན་གྱི་སྲུང་མ་ཞིག་གི་མིང་།
[21] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས281-282ལ་གསལ།
[22] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས284-285ལ་གསལ།
[23] ནུབ་གླིང་གི་ཉམས་ཞིབ་པ་དག་གིས་ཞིབ་འཇུག་བྱས་པ་ཆེས་མང་བའི་མཆོད་རྟེན་ནི་ཁྲོ་ཕུ་མཆོད་རྟེན(Tucci, 1949.179)
དང་སྣར་ཐང་མཆོད་རྟེན(ibid,186-189.pls.41-52)། ཚལ་གུང་ཐང་མཆོད་རྟེན(Ferrari, 1958.105-106.n.105,pl.11)། ཇོ་ནང་མཐོང་གྲོལ་ཆེན་མོ། རྒྱང་འབུམ་མོ་ཆེ། རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དང་ལྷོ་ཁའི་བྱམས་པ་གླིང་མཆོད་རྟེན་ཆེན་མོ་སོགས་ཡིན་ལ། སྒོ་མང་མཆོད་རྟེན་ཕྱི་མ་བཞིའི་གནས་ཚུལ་ནི་འོག་གི་ཞིབ་འཇུག་ཏུ་གསལ་ཞིང་། གཞནChan, V., Tibet Handbooks, Moon,Chico.1991.རུ་ཡང་གསལ་བོར་འཁོད་ཡོད།
[24] ཇོ་ནང་མཐོང་གྲོལ་ཆེན་མོའི་ཞིབ་འཇུག་སྐོར་ལ། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》ཞེས་པའི་ཤོག་ངོས436-469དང་། Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.189-196. བྱམས་པ་ཐུབ་བསྟན་རྫོང་རྩེས་མཛད་པའི《རྫོང་རྩེ་བྱམས་པ་ཐུབ་བསྟན་དགའ་ལྡན་ཕུན་ཚོགས་གླིང་གི་ཐོག་མཐའ་བར་གསུམ་གྱི་བྱམས་པ་ཡིད་ལ་དྲན་བྱེད་ཀུན་ཁྱབ་སྙན་པའི་རྔ་སྒྲ》History of the Monastic University of Pun tshogs gling. Gottingen University.1977.241-24.དངRoerich, The Blue Annals,(reprint), Motilal, Delhi,1979.776; Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958.155-156.n.562-584; Tucci. Transhimalaya, Nagel,Geneve. 1973.119-183,pls.78-79སོགས་ཡོད་ཅིང་། TucciཡིTranshimalayaཞེས་པའི་དེབ་ཀྱི་ཁྲོད་དུ་ཇོ་ནང་མཐོང་གྲོལ་ཆེན་མོ་དེ་རྒྱང་སྐུ་འབུམ་ཆེན་མོ་དང་འཁྲུལ་ཡོད། ཇོ་ནང་མཐོང་གྲོལ་ཆེན་མོ་ནི་ས་སྐྱ་པཎ་ཆེན་གྱི་དངོས་སློབ་ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་དུས་རབས་བཅུ་གཉིས་པའི་སྨད་ཀྱི་ཆར་གཙང་གི་ས་ཆ་རུ་ས་སྐྱའི་ཆོས་བརྒྱུད་ཀྱི་དགོན་ཤུལ་ཞིག་ཏུ་ཕྱག་བཏབས་པ་ཡིན། ཀུན་སྤངས་བའི་སྐོར་ནི Roerich, The Blue Annals,(reprint), Motilal, Delhi,1979.771-772རུ་གསལ་ལ། གཞནRuegg, D.S. The Jo nang pas: A School of Buddhist Ontologists According to the Grub mtha’ shel gyi me long. JAOS, Vol.1,1963.80,90-91.རུ་ཡང་ཁོང་གི་སྐོར་ལ་ཞིབ་འཇུག་བྱས་ཡོད།
[25] ཕུན་ཚོགས་གླིང་དགོན་པའི་སྐོར་ལ། བྱམས་པ་ཐུབ་བསྟན་རྫོང་རྩེས་མཛད་པའི《རྫོང་རྩེ་བྱམས་པ་ཐུབ་བསྟན་དགའ་ལྡན་ཕུན་ཚོགས་གླིང་གི་ཐོག་མཐའ་བར་གསུམ་གྱི་བྱམས་པ་ཡིད་ལ་དྲན་བྱེད་ཀུན་ཁྱབ་སྙན་པའི་རྔ་སྒྲ》History of the Monastic University of Pun tshogs gling. Gottingen University.1977.241-24དང་། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》ཞེས་པའི་ཤོག་ངོས469-477སོགས་ཡོད་ལ། གཞན་ཡང Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.196-201.དངFerrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958.155.n60; Tucci. Transhimalaya, Nagel,Geneve. 1973.194,pls.192-196སོགས་ཡོད།
[26] རྒྱང་འབུམ་མོ་ཆེའི་སྐོར་ལ། སྤྱི་ལོ1975ལོར་བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་བསྒྲིགས་པའི་རྒྱ་གར་སྨན་རི་དགོན་པའི《ས་སྐྱའི་གདུང་རབས》པར་མའི་ཤོག་ངོས435-436ལ་གསལ། 《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》ཡི་ཤོག་ངོས459དང《ཐང་རྒྱལ་རྣམ་ཐར》ཤོག་ངོས33དང75པར་གསལ། Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958.154-155.n556;དངTucci. Transhimalaya, Nagel,Geneve. 1973.119,181-183.pls.123,182,183བཅས་སུ་གསལ་ཞིང་། མཆོད་རྟེན་དེ་གཏོར་བཤིག་མ་ཐེབས་པའི་ཡར་སྔོན་གྱི་པར་རིས་ནི TucciཡིTibet: Land of Snows, (reprint), Oxford and IBH, Calcutta, 1967གྱི་པར་རིས་ཨང་རྟགས71པར་གསལ།
[27] ཁ་གནོན་དུ་བཞེངས་པའི་སའི་མེ་བཙའི་མཆོད་རྟེན་ཏེ། Aris, M., Bhutan: Early History of a Himalayan Kingdom, Aris & Philips, Warminster, 1979.20-32སུ་གསལ། གྲོམ་པ་རྒྱང་གི་སྐོར་ལ《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》ཡི་ཤོག་ངོས459-461པ་དང་། Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958. 66,154.n553བཅས་གསལ། ལྷ་རྩེའི་སྐོར་ལ《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》ཡི་ཤོག་ངོས453-459པ་དང་། Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958. 65,153.n560-561བཅས་གསལ།
[28] ངེད་རང1985ལོའི་ཟླ་དགུ་པར་གྲོམ་པ་རྒྱང་ལྷ་ཁང་དུ་རྟོག་ཞིབ་བྱེད་དུ་ཕྱིན་ལ། སྐབས་དེར་ལྷ་ཁང་ལ་གཏོར་བརླག་ཐེབས་ཟིན་པས་རྙིང་གོག་ཏུ་གྱུར་བའི་ཕྱིའི་ལྕགས་རི་མ་གཏོགས་ལྷག་མེད།
[29]མཆོད་རྟེན་འདི་ནི་ཐུ་མི་ལྷུན་གྲུབ་བཀྲ་ཤིས་ཀྱིས་ཆུ་འབྲུག་ལོ་སྟེ་སྤྱི་ལོ1472ལོར་གསར་བཞེངས་མཛད།《གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུའི་ཟླ་ཤེལ་གྱི་སེ་མོ་དོ》ཡི་ཤོག་ངོས172-175རུ་གསལ། Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958.55.133.n322-323; Tucci. To Lhasa and Beyond, (reprint), Oxford and IBH, New Delhi. 1983.148བཅས་སུ་གསལ།
[30] རྒྱལ་རྩེའི་སྐུ་འབུམ་ཆེན་མོའི་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ལ། Tucci, Indo-Tibetica. Reale Accademia d’Italia, Roma. 1932-1941. IV.1,2,3; Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO, Roma, 1958.41.141. n412,142, n414;སོགས་ཡོད་ཅིང་། ངེད་རང་སྔ་ཕྱིར་གནས་དེར་འབྱོར་བའི་དུས་ཚོད་ནི་སྤྱི་ལོ1985ལོའི་ཟླ10དང11 སྤྱི་ལོ1986ལོའི་ཟླ6 སྤྱི་ལོ1986ལོའི་ཟླ9དང10བཅས་ཡིན།
[31] Olschak, B., Ancient Bhutan, Swiss Foundation for Alpine Research, Zurich, 1979. 120ff.
[32] Aris, M., Bhutan: Early History of a Himalayan Kingdom, Aris& Philips, Warminster, 1979. 186ff.
[33] ཀུན་མཁྱེན་དོལ་པོ་བའི་ཞིབ་འཇུག་སྐོར་ལ། Roerich, G.N,. The Blue Annals, (reprint), Motilal Banarsidass, Delhi. 1979. 775ff; Tucci, Tibetan Painted Scrolls. Istituto Poligrafico di Stato. Roma, 1949.190; Ferrari, mKhyen brtse’s Guide to the Holy Places of Central Tibet, SOR,Vol.XVI, IsMEO,Roma,1958.66-67.155, n.563, 156. N.564སོགས་ཡོད་ཅིང་། ཀུན་མཁྱེན་ཁོང་ནི་ཇོ་ནང་པའི་བླ་མ་ཞིག་སྟེ་རབ་བྱུང་ལྔ་པའི་ཆུ་འབྲུག་ལོར་འཁྲུངས། རབ་བྱུང་དྲུག་པའི་ལྕགས་གླང་ལོར་འདས། ཁོང་དང་པོ་ས་སྐྱའི་ཆོས་བརྒྱུད་ཡིན་ཡང་། དགུང་ལོ་སོ་གཅིག་པར་ཇོ་ནང་དུ་ཕེབས་ནས་ཀུན་སྤངས་པའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་དུས་འཁོར་གྱི་དབང་ཁྲིད་གསན། དེ་ནས་བཟུང་ཇོ་ནང་པའི་ཆོས་བརྒྱུད་དུ་ཞུགས། དགུང་ལོ་སོ་ལྔ་པ་ལ་ཇོ་ནང་གི་གདན་ས་བཟུང་ནས་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། རབ་བྱུང་དྲུག་པའི་ཤིང་ཁྱི་ལོར་ཐུགས་སྲས་ས་བཟང་མ་ཏི་པཎ་ཆེན་དང་། ལོ་ཙཱ་བ་བློ་གྲོས་དཔལ་གཉིས་དུས་འཁོར་རྒྱུད་ཀྱི་བོད་འགྱུར་ལ་ཞུ་དག་མཛད་དུ་བཅུག་ཅིང་། འགྲེལ་ཆེན་དྲི་མེད་འོད་ཀྱི་ཊི་ཀ་དང་དོན་བསྡུ་མཛད། གཞན་ཡང་ཇོ་ནང་པའི་ལུགས་ཀྱི་གཞུང་ངེས་དོན་རྒྱ་མཚོ་དང་། བཀའ་བསྡུ་བཞི་པ། རྒྱུད་བླའི་ཊི་ཀ་མངོན་རྟོགས་རྒྱན་གྱི་འགྲེལ་བ། བསྟན་པའི་སྤྱི་དོན། དབང་བསྐུར་ཆོ་ག་དང་སྒྲུབ་ཐབས། རྩིས་གཞུང་སོགས་མང་དུ་བརྩམས་ནས་ཇོ་ནང་པའི་གྲུབ་མཐའ་རྒྱ་ཆེར་སྤེལ། ཀུན་མཁྱེན་དོལ་པོ་བ་ནི་སྤྱི་ལོ1326སྟེ་མེ་འབྲུག་ལོ་ནས་སྤྱི་ལོ1354སྟེ་ཤིང་རྟ་ལོའི་བར་དུ་ཇོ་ནང་གི་མཁན་པོ་བཞུགས། Ruegg, D.s., The Jo nang pas: A School of Buddhist Ontologies According to the Grub mtha’ shel gyi me long. JAOS. Vol.1, 1963.
[34] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས10-11ལ་གསལ།
[35] བསོད་ནམས་བཀྲ་ཤིས(1351-1417)ཀྱི་སྐོར་ལ། 1975ལོར་བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་བསྒྲིགས་པའི་རྒྱ་གར་སྨན་རི་དགོན་པའི《ས་སྐྱའི་གདུང་རབས》པར་མའི་ཤོག་ངོས436ལ་གསལ། དཔལ་ལྡན་ཆོས་ཀྱི་བཟང་པོས་མཛད་པའི《སྡེ་པ་གཡས་རུ་བྱང་པའི་རྒྱལ་རབས་རིན་པོ་ཆེ་སྟར་པ》(བྱང་ཆོས་འབྱུང)ལྡེ་ལེ་གསར་པ། 1974ལོར་པར་དུ་བསྐྲུན། ཤོག་ངོས181-182ལ་གསལ། Tucci, Tibetan Painted Scrolls. Istituto Poligrafico di Stato. Roma, 1949.632. བསོད་ནམས་བཀྲ་ཤིས་ནི་ལ་སྟོད་བྱང་གི་སྡེ་པ་རུ་གྱུར་བ་ནི་ཁོང་ཉིད་དེ་གའི་བྱང་པ་དཔོན་མོ་མ་ཅིག་གནམ་པ་དང་གཉེན་འབྲེལ་བཙུགས་པས་ཡིན། Tucci, Tibetan Painted Scrolls. Istituto Poligrafico di Stato. Roma, 1949.176.
[36] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས33ལ་གསལ།
[37] ཇོ་ནང་མཐོང་གྲོལ་ཆེན་མོའི་ཞིབ་འཇུག་སྐོར་ལ། Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.189-196, pls.53-61; རྒྱང་འབུམ་མོ་ཆེའི་ཞིབ་འཇུག་སྐོར་ལ། འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས179-185ལ་གསལ།
[38] ལྡེབས་རིས་ཁྲོད་སངས་རྒྱས་དང་འཕགས་པ་སྤྱན་རས་གཟིགས། དེ་ཡི་ཉེ་གནས་སོགས་ཀྱི་སྣང་བརྙན་དུ། སྐུའི་གཟུགས་སྟོབས་ཆེ་ཞིང་དཔྲལ་བའི་དབྱིབས་ཆེ་ལ། དབུ་རྒྱན་དུ་རིགས་ལྔའི་ཅོད་ཅན་འཆིང་ཡོད།
[39] མང་ཐོག་ཀླུ་སྒྲུབ་རྒྱ་མཚོ།《བསྟན་རྩིས་གསལ་བའི་ཉིན་བྱེད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས178གསལ།
[40] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས75ལ་གསལ།
[41] ཞ་ལུ་གསེར་ཁང་ཆེན་མོའི་ཞིབ་འཇུག་སྐོར་ལ། Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.656ffདང་།《མྱང་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས 160ffལ་གསལ། སྐལ་བཟང་དང་རྒྱལ་པོ། 《ཞ་ལུ་དགོན་གྱི་ལོ་རྒྱུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
[42] སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་ཞིབ་འཇུག་སྐོར་ལ། Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.659དང་།《 མྱང་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ ཤོག་ངོས168ལ་གསལ། སྐལ་བཟང་དང་རྒྱལ་པོ། 《ཞ་ལུ་དགོན་གྱི་ལོ་རྒྱུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས19ལ་གསལ། Ruegg ཡིས་ལོ་ཙཱ་བྱས་པའི《བུ་སྟོན་རིན་པོ་ཆེའི་རྣམ་ཐར》1966ལོ། སོགས་ཡོད།
[43] Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.660:《 མྱང་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ ཤོག་ངོས468ལ་གསལ། HambisདངPelliotསོགས་ཀྱི་ཞིབ་འཇུག་ལྟར་ན་སོག་རྒྱལ་ཨིལ་ཇ་ཐུའི་སྲི་འཛིན་ལོ་ཚིགས་ནི1294-1307ལོའི་བར་ཡིན།《དེབ་ཐེར་དཔར་པོ》རྣམ་རྒྱལ་བོད་རིག་པ་ལྟེ་གནས་སུ་ཉར། སྒང་ཏོག 1961ལོ། ཤོག་ངོས14པར་གསལ།
[44] Ruegg, D.S., The Life of Bu ston Rin po che. SOR. Vol.XXXIV, IsMEO.Roam. 1966.92-93.
[45] Ruegg, D.S., The Life of Bu ston Rin po che. SOR. Vol.XXXIV, IsMEO.Roam. 1966.90.《 མྱང་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ ཤོག་ངོས168ལ་གསལ།
[46] ཨ་ཉི་ཀོ(Aniko)ཡི་སྐོར་ལ། Levi. ,S., Le Nepal, 3 vols., Leroux, Paris. 1905.185-189; Petech, L.,The Medieval History of Nepal (c.750-1480), SOR, Vol.X, IsMEO, Roma, 1958. 99-101; Karmay. H.. Early Sino-Tibrtan Art. Aris&Phillips. Warminster.1975. 21.33.n.99.སོགས་ཡོད་ཅིང་། ཨ་ཉི་ཀོ་ནི་ལྕགས་སྤྲེའུ1263ལོར་ཡོན་ཆེན་མོའི་ཕོ་བྲང་དུ་བསླེབས་ཤིང་། མེ་རྟ1306ལོར་འདས།
[47]《ཐང་རྒྱལ་རྣམ་ཐར》ལྟར་ན། ཁོང་གིས་གདུལ་བྱ་བསྐྱངས་པའི་ཡུལ་དང་འགྲོ་དོན་མཛད་པའི་ཡུལ་ནི་གུང་ཐང་། ལྷ་ས། ཀོང་པོ། འོན་ཤོད། འཕན་ཡུལ། སྟོད་ལུང་། རྒྱ་གར། ཏི་སེ། མདོ་ཁམས། བསམ་ཡས། སྙེ་མོ། རྒྱལ་རྩེ། ས་སྐྱ། ཞ་ལུ། མངའ་རིས་སྐོར་གསུམ། ལ་དྭགས། སྨར་ཁམས་སོགས་ཡིན།
[48] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས281ལ་གསལ།
[49] Gyatso. J., The Teaching of Thang stong rgyal po. In M. Airs and Aung San Suu Kyi. Tibetan Studies in Honour of Hugh Richerdson, Warminster.1980.115.
[50] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས269ལ་གསལ།
[51] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས280ལ་གསལ།
[52] ལ་སྟོད་ལྷོ་བྱང་གཉིས་ནི་དབུས་གཙང་གི་ཁྲི་སྐོར་གྱི་ཁོངས་སུ་འདུ་སྟེ། ཧོར་ཆེན་མོའི་སྐབས་སུ་དབུས་གཙང་ལ་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བའི་ཁྲོད་ཀྱི་ཁྲི་སྐོར་གཉིས་ཡིན། དེའི་སྐོར་ལTucci, G., trans.,Deb ther dmar po gsar ma, SOR, Vol.XXIV, IsMEO, Roma, 1971.185; Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.680; དང་གཞན་ཡང་རྒྱལ་དབང་ལྔ་བ་ཆེན་མོའི་མཛས་པའི《དེབ་ཐེར་དཔྱི་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཡོད།
[53] འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས270ལ་གསལ།
[54] གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་དུ་བཤད་པའི་མངའ་རིས་ནི་དོན་ལ་སྐབས་དེའི་མངའ་རིས་སྨད་ཀྱི་ས་ཆ་སྟེ་ཚལ་གུང་ཐང་ལ་གོ་བ་ཡིན། འགྱུར་མེད་བདེ་ཆེན།《དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་པར་ཐར་པ་ཀུན་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ》ཤོག་ངོས309-310ལ་གསལ།
[55] རྒྱལ་རྩེའི་ཞིབ་འཇུག་སྐོར་ལ། Tucci. G., Indo-Tibetica, Reale Accademia d’Italia, Roma. 1932-1941. IV.1.2.3;《 མྱང་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས49ffལ་གསལ། རྭ་ཡེ་ཤེས་སེང་གེ《རྭ་ལོ་ཙཱ་བའི་རྣམ་ཐར》སོགས་ཡོད།
[56] Tucci. G., Indo-Tibetica, Reale Accademia d’Italia, Roma. 1932-1941. IV.2.; Tucci. G., Indo-Tibetica, Reale Accademia d’Italia, Roma. 1932-1941. IV.1.19-20.36.
[57] ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མོ།《དགེ་འདུན་གྲུབ་པའི་རྣམ་ཐར》ཤོག་ངོས266-268ལ་གསལ། ལྡེ་ལེའི་པར་མ།
[58] རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་དེ་ནི་ཤཱཀྱའི་དགེ་སློང་ཡེ་ཤེས་རྩེ་མ་ཡིས་ཤིང་སྟག་གི་ལོ་སྟེ་སྤྱི་ལོ1494ལོར་བརྩམས་ཤིང་། རྣམ་ཐར་དུ་དགེ་སློང་ཡེ་ཤེས་རྩེ་མོ་ཉིད་རྒྱལ་བ་དགེ་འདུན་གྲུབ་དང་ལྷན་དུ་གཙང་གི་བཀྲ་ཤིས་ལྷུན་པོར་བྱམས་ཁང་བཞེངས་པར་ལ་སྟོད་བྱང་དུ་བཟོ་བོ་བཀྲ་ཤིས་རིན་ཆེན་གདན་འདྲེན་ཞུ་རུ་ཕེབས་པར་བྲིས་ཡོད།《དགེ་འདུན་གྲུབ་པའི་རྣམ་ཐར》ཤོག་ངོས267ལ་གསལ།《རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ》པོབ་བཅུ་པ། ཤོག་ངོས69-70པར་གསལ། 2014ལོའི་ལྡེ་ལེའི་པར་མ།
[59]《དགེ་འདུན་གྲུབ་པའི་རྣམ་ཐར》དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་དགེ་འདུན་གྲུབ་པའི་རེ་འདུན་དང་དུ་མ་བླངས་པའི་རྗེས་སུ་བཟོ་བོ་བཙལ་བའི་གནས་ཚུལ་རྣམས་འཁོད་ཡོད་ཅིང་། གཙང་གི་བྱམས་སྐུ་དང་བྱམས་ཁང་བཟོ་བསྐྲུན་བྱེད་པ་ལ་གནས་རྙིང་རྣར་ཐང་དང་བྲོང་རྩེ་སོགས་ནས་བཟོ་བོ་དང་དང་བླངས་པ་མང་པོ་ལྷགས་ཤིང་། མཐར་དགའ་ལྡན་དུ་བཞུགས་པའི་བལ་ཡུལ་གྱི་བཟོ་བོ་མིང་གྲགས་ཅན་པི་ཤོ་ཀརྨ་ཞེས་པ་སྤྱན་དྲངས་ཏེ་གཙང་གི་བྱམས་ཆེན་བཞེངས་པར་གྲགས། ཤོག་ངོས268ལ་གསལ། ལྡེ་ལེའི་པར་མ།
[60] Tucci. Titetan Painted Scrolls. Istituto Poligrafico di Stato. Roma.1949.184-185.
– – – – –