༄༅།། ཁོ་བོ་ཕྱི་ལོ་ ༢༠༡༦ལོར་ཡོ་རོབ་ཀྱི་རྒྱལ་ཁབ་ཎོར་ཝེར་( Norway ) རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་བཅར་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ཕྲན་གྱི་གཏམ་བཤད་ནི། སིངྒལའི་གླིང་དུ་སྙན་གྲགས་ཕྱོགས་བཞིར་ཁྱབ་པའི་བོད་མི་སྤེན་པ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་མདོ་ཙམ་བཤད་པ་ཡིན། ( རྗེས་སུ་ཁོང་གི་ལོ་རྒྱུས། སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ཞེས་པ་བཏོན་ཡོད) ཕྲན་གྱི་སྔོན་དུ་གཏམ་བཤད་བྱེད་མཁན་ནི་ཧྥ་རན་སིའི་བུད་མེད། དགེ་འདུན་ཆོས་འཕེལ་ཞིབ་འཇུག་པ་ཧཱི་ཐཱར ( Heather Stoddard ) གྱིས། ཀ་ལི་ཀ་ཏའི་གུང་ཚིགས། ཞེས་པའི་ཁ་ཡིག་གི་འོག་ནས་དགེ་ཆོས་དང་འགྲོགས་འདྲིས་མྱོང་བའི་ཕྱི་གླིང་བ་མི་སྣ་བཅུའི་ལོ་རྒྱུས་མདོ་ཙམ་རེ་དང་། ཁོང་ཨ་རིར་འགྲོ་རྩིས་བྱས་སྐོར་གྱི་གཏམ་བཤད་བྱས་སོང་བས་དགེ་ཆོས་ཨ་རིར་འགྲོ་རྩིས་བྱས་པའི་ལོ་རྒྱུས་སྐབས་དེ་དུས་ཐོག་མར་གོ་ཐོས་བྱུང་། གཏམ་བཤད་སྐབས་མང་ཚོགས་སུ་ཁོ་མོས་འཆར་ངོས་སུ་འབྲེལ་ཡོད་པར་ཁ་ཤས་ཤིག་བསྟན་བྱུང་བར་ཕྲན་གྱིས་དྲན་རྟེན་གྱི་ཚུལ་དུ་པར་འགའ་བརྒྱབ་པ་ཡིན།
དེ་ནས། ལོ་ངོ་གཉིས་ཙམ་གྱི་རྗེས་ཏེ་ཕྱི་ལོ་ ༢༠༡༨ ཀྱི་ལོ་དཀྱིལ་དུ་ཕྱི་ལོ་ ༢༠༡༩ ལོར་ཧྥ་རན་སིར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ ( བླ་མའི་ཆོས་ལུགས་ ) ཞེས་པའི་བརྗོད་བྱའི་ཐོག་གཏམ་བཤད་བྱེད་དགོས་བསམས་ནས་འབྲེལ་ཡོད་ཀྱི་དཔེ་ཆ་གང་མང་ཞིག་བཀླགས་ནས་དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཤིག་བསྐུར་བ་ཡིན། ཡིན་ན་ཡང་། ( བླ་མའི་ཆོས་ལུགས་ ) ཞེས་པའི་བརྗོད་གཞི་དེར་ངོས་ལེན་མ་བྱས་སྟབས་རེ་ཞིག་བླ་མའི་ཆོས་ལུགས་ཀྱི་སྐོར་ཞིབ་འཇུག་བྱེད་མཚམས་བཞག་པ་ཡིན།
བླ་མའི་ཆོས་ལུགས་ཀྱི་སྐོར་ལ་ཞིབ་འཇུག་ཆེད་ཕྱི་རྒྱལ་བས་བྲིས་པའི་དཔེ་ཆ་གང་མང་ཞིག་བཀླགས་པའི་གྲས་ནས་རྩོམ་པ་པོ་ཌོ་གྷ་སཱ། ཝེཎ་ཧོ་ ( Douglas Veenhof ) ཡིས་བརྩམས་པའི་བླ་མ་དཀར་པོ་( White Lama ) ཞེས་པའི་དཔེ་དེབ་ཀྱི་ཟིན་ཐོ་ཞིག་བྲིས་ཡོད་པ་དེ་ཉིད་ལ་འཕྲི་སྣོན་དང་། གཞན་འབྲེལ་ཡོད་ཀྱི་དཔེ་ཆ་གསར་པ་གཉིས་ཉོས་ཏེ་ཟིན་བྲིས་དེ་ཉིད་ཇེ་རྒྱས་དང་ཇེ་ཟབ་ཏུ་བཏང་སྟེ། མི་སྣ་གཙོ་བོ་བླ་མ་དཀར་པོའི་ལོ་རྒྱུས་འགོ་མཇུག་བར་གསུམ་ཆ་ཚང་བར་བྲིས་ཏེ། དཔེ་དེབ་ཅིག་གི་ཚད་གཞི་ལོན་པར་བྱས་ནས་ཁ་ཡིག་ལ། ( ཨ་རི་བ་བླ་མ་དཀར་པོ་) དང་། ཁ་ཡིག་ཆུང་བ་ལ། རྒྱལ་ཚབ་ཀྱི་ཐུགས་རེ་དང་དགེ་ཆོས་ཀྱི་རྨི་ལམ། ཞེས་བཏགས་ཏེ་པར་བསྐྲུན་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད།
ཨ་རི་བ་བླ་མ་དཀར་པོ། ཞེས་པའི་དཔེ་ཆའི་ནང་དོན་མདོ་ཙམ་ནི། ཕྱི་ལོ་ ༡༩༣༧ ལོར་ཨ་རི་བ་ཐིའུ་སི། བྷར་ནད་ ( Theos Bernard ) ཅེས་པའི་ཡོ་གའི་རྣལ་འབྱོར་བ་ཞིག་བོད་དུ་ཆེད་མངགས་ཀྱིས་རྩ་རླུང་ཐིག་ལེའི་སྒོམ་སྒྲུབ་སྦྱོང་བར་བསླེབས་པའི་ལོ་རྒྱུས་དང་། བོད་དུ་ཟླ་ལྔ་ཙམ་བསྡད་པའི་རིང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་དམིགས་བསལ་གཟིགས་སྐྱོང་དང་། མཇལ་བཅར་ཐེངས་གསུམ་དང་འཐོན་མཇལ་སྐབས། བོད་དང་ཨ་རིའི་བར་གྱི་མ་འོངས་པའི་མཐུན་ལམ་སོགས་ལ་དམིགས་ནས་རྒྱལ་ཚབ་རིན་པོ་ཆེ་ནས་སྐབས་དེའི་ཨ་རིའི་སྲིད་འཛིན་སོ་གཉིས་པ་རཱོ་སི་ཝོཌ་ ( Franklin D. Roosevelt ) ལ་ཕྱག་ཡིག་གཅིག་ཀྱང་གཏོང་གནང་མཛད་པ་དང་། ༧ ས་སྐྱ་གོང་མ་རིན་པོ་ཆེ། བཀའ་བློན་བཞི་ཀ། དགའ་ལྡན་ཁྲི་པ། གདན་ས་གསུམ་གྱི་མཁན་པོ་སོགས་ཀྱིས་ཀྱང་གཟིགས་སྐྱོང་གནང་བ་དང་། ཚ་རོང་དགྲ་འདུལ་གྱིས་ཀྱང་རོགས་རམ་ཤུགས་ཆེ་དང་། ཕྱིར་ཨ་རིར་ལོག་སྐབས་བོད་ཀྱི་རིག་དངོས་ཁལ་ལྔ་བཅུ་ལྷག་མཉམ་འཁྱེར་བྱས།
ཁོས་ཕྱི་ལོ་ ༡༩༤༡ ལོར་ཨ་རིར་ས་ཆ་རྒྱ་ཁྱོན་ཆེན་པོ་ཅན་གཉིས་ཉོས་ཏེ། ས་མིང་ལ་བོད་ཀྱི་ཡུལ་ ( Tibet Land ) ཞེས་བཏགས་རྗེས། བོད་ཀྱི་སློབ་གཉེར་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་སྒྲ་སྒྱུར་ཁང་བཅས་འཛུགས་རྒྱུའི་འཆར་གཞི་བཏིངས། བཀའ་བསྟན་དབྱིན་བསྒྱུར་ཆེད་དགེ་འདུན་ཆོས་འཕེལ་ཨ་རིར་མགྲོན་འབོད་བྱས་པ་སོགས་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་ཞིག་ཡིན།
དེབ་འདིའི་ནང་། དགེ་ཆོས་ཀྱི་རྨི་ལམ། ཞེས་པའི་ལེའུ་གཅིག་ཟུར་དུ་ཡོད། དེའི་ཆེད་དུ་དགེ་ཆོས་དང་ཐིའུ་སིའི་བར་གྱི་འབྲེལ་བར་ཞིབ་འཇུག་དང་དཔེ་ཀློག་གང་མང་བྱས་པའི་ཁྲོད། ཉིན་ཞིག་གློ་བུར་དུ། སྔར་ཎོར་ཝེར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་དགེ་ཆོས་ཞིབ་འཇུག་པ་ཧཱི་ཐར་གྱི་གཏམ་བཤད་སྐབས་ཕྲན་གྱིས་བརྒྱབ་པའི་པར་རྣམས་དྲན་ནས་ལྟ་ཀློག་བྱས་པ་ཡིན། པར་གྱི་གྲས་སུ། དགེ་འདུན་ཆོས་འཕེལ་གྱིས་འཇོར་རྗེ་རཱོང་རིཀ་( George Nicholas Roerich ) ལ་བཏང་བའི་ཤོག་ངོས་གཉིས་ཅན་གྱི་འཕྲིན་ཡིག་དེའི་པར་ལ་དམིགས་བསལ་དོ་སྣང་གིས་ཞིབ་ཀློག་བྱས།
འཕྲིན་ཡིག་ཤོག་ངོས་གཉིས་ཅན་དེ་ཞིབ་ཀློག་སྐབས་གནད་དོན་གསར་པ་མང་པོ་ཞིག་ཤེས་པ་དང་། ཐིའུ་སི་དང་དགེ་ཆོས་བར་འབྲེལ་བ་ཡོད་པའི་ཚུལ་ཡང་དེའི་ནང་གསལ་འདུག བློ་ཕམ་པ་ཞིག་ལ་ལག་ཐོག་ཁ་པར་གྱིས་ཐག་རིང་ནས་པར་བརྒྱབ་པ་ཡིན་པས་ཤོག་ངོས་གཉིས་པ་མི་གསལ་བས་ཀློག་ཐབས་བྲལ། ཁོ་མོར་མྱུར་འཕྲིན་གྱི་ལམ་ནས་འབྲེལ་བ་བྱས་ཀྱང་ཡ་ལན་མ་བྱུང་། ཕྱིས་སུ་ཁོ་མོ་ ( ཧཱི་ཐཱར Heather ) རྒྱ་གར་དུ་ཡོད་པའི་སྲོང་བཙན་དཔེ་མཛོད་ཁང་དུ་གནས་སྐབས་རིང་ཞིབ་འཇུག་བྱེད་བཞིན་ཡོད་པ་ཤེས་རྗེས་དཔེ་མཛོད་ཁང་དེའི་ལས་བྱེད་ཅིག་བརྒྱུད་ནས་ཁོ་མོའི་ལག་ནས་འཕྲིན་ཡིག་དེ་རག་ཐབས་བྱས་ཀྱང་སྤྲད་ཡོང་ཞེས་པ་ཙམ་ལས་ཕྱིས་སུ་སྤྲད་མ་བྱུང་བས་བྱ་ཐབས་བྲལ།
དེར་བརྟེན། འཕྲིན་ཡིག་ཤོག་ངོས་དང་པོ་དེ་ཉིད་ཞིབ་ཀློག་གིས་གནས་ཚུལ་གསར་པ་གང་རྙེད་ཀྱི་ཟིན་ཐོ་ཞིག་འགོད་དགོས་བསམས་ཏེ། ཞིབ་ལྟ་བྱས་པས་ང་ཚོའི་སྤྱི་ཚོགས་ཁྲོད་དེ་སྔ་གོ་ཐོས་མེད་པའི་གནས་ཚུལ་གསར་པ་ལྔ་ཙམ་ཤེས་རྟོགས་བྱུང་བ་སྐབས་དེར་ཟིན་ཐོར་བཀོད་པ་ནི་འདི་ལྟར།
ཐོག་མར་དབུ་མེད་དུ་བྲིས་པའི་དགེ་ཆོས་ཀྱི་འཕྲིན་ཡིག་ཕྱག་བསྟར་མའི་ཤོག་ངོས་དང་པོ་དབུ་ཅན་དུ་ཕབ་པ་གཤམ་གསལ།
༄༅།། རིང་ནས་མཛའ་བའི་ཆོས་ཀྱི་གྲོགས་པོ་འཇོར་རྗེ་གང་དེར།
གུས་གསོལ། བར་སྐབས་སུ་སྐུ་དཀྱིལ་དྭངས་ཤིང་མཛད་འཕྲིན་ཡར་རྒྱས་སུ་བཞུགས་པ་གཞིར་བཅས། ཕྲན་བུ་ཡང་ལྷ་ལྡན་དུ་འབྱོར་ནས་བདེ་བར་ཡོད། མི་རིང་བར་ཟླ་ཤས་ཀྱི་རྗེས་སུ་སླར་རྒྱ་གར་དུ་འཁོར་རྩིས་ཡོད། རང་ཅག་གིས་བྲིས་པའི་དབྱིན་ཡིག་སྟོང་ཉིད་སྐོར་གྱི་དཔེ་ཆ་དེ་ཇི་ལྟར་བྱེད་ཀྱིན་ཡོད་པ་བཀའ་གསལ་ཞུ། འདིར་ཕྲན་གྱི་གྲོགས་པོ་སྐུ་དྲག་ཞིག་ལ། མེ་དྷམ་ Blavatsky དཔེ་ཆ་མོ་རང་གིས་བརྩམས་པ་རྣམས་དང་། Ouspensky དཔེ་ཆ་དང་པོ་གཉིས་ཤིན་ཏུ་མཁོ་བར་འདུག་པས། དཔེ་དེ་རྣམས་ཀྱི་རིན་པ་ག་ཚོད་དང་ Address ( ཁ་ཡིག ) གང་ཡིན་གསལ་པོ་ཞིག་ཅིས་ཀྱང་ཕྲན་ལ་ཡི་གེ་གནང་རོགས་ཞུ།
ཡང་ཕྲན་གྱི་གྲོགས་པོ་སེ་ར་བྱེས་པའི་ལྷ་རམས་པ་དགེ་བཤེས་ཆོས་གྲགས་བྱ་བ། འཁྲུངས་ཡུལ་སོག་པོ། པོ་རད་ནས་ཡིན་ཞིང་། རིག་གནས་དང་། མཚན་ཉིད་གང་ལ་ཡང་སྐུ་ཡོན་འགྲན་ཟླ་བྲལ་བ་འདི་གའི་སྐུ་དྲག་མང་པོའི་དགེ་རྒན་ཡིན་པ་ཞིག་ཡོད་པ་དེ། སྔར་བྷར་ནད་ ( ཐིའུ་སི་ བྷར་ནད་ ) ནས་ཚ་རོང་བརྒྱུད་ཨ་མེ་རུ་ཀར་( ཨ་མི་རི་ཀ ) ཡང་གདན་ཞུ་བྱས་པ་ཕེབས་མ་ཐུབ། ཁོང་ཨུ་རུ་སིའི་སྐད་ཡིག་ཀྱང་ཅུང་ཟད་མཁྱེན་ཞིང་། སོག་ཡིག་ལ་ནི་མཁས་པའི་ཕུད་དུ་ཕྱིན་པས་ཁྱེད་ཀྱི་བཞུགས་སར་ཕེབས་ནས་ཨུ་རུ་སིའི་སྐད་ཡིག་ལེགས་པར་བསླབས་ན་སྙམས་པའི་ཐུགས་བཞེད་འདུག་པས། ཁྱེད་ཀྱི་དགོངས་པ་གང་ཡིན་གསལ་པོར་གསུང་རོགས་གནང་།
ཕྲན་ལ་ཡི་གེ་བཏང་ཚེ་ཕྲན་གྱི་ཁ་ཡིག་ནི་འདི་བཞིན་དང་། ལྷ་ས་ཆུ་སྲིན་ཤར་བརྒྱུད་ཨ་མདོ་དགེ་འདུན་ཆོས་འཕེལ་ལ་སྤྲོད།
C/O Dharmantar Gyaling Chogpa, Gyantse, Tibet
ཡང་ན། ཚ་རོང་བརྒྱུད་ནས་བཏང་ན་ཡང་འཕྲོད་ངེས་ལགས།
ཞེས་གསལ་ཞིང་འཕྲིན་ཡིག་གི་འཕྲོ་རྣམས་ནི་ཤོག་ངོས་གཉིས་པའི་ངོར་ཡོད་ཅིང་། པར་མི་གསལ་བས་ཀློག་ཐབས་བྲལ། འཕྲིན་ཡིག་དེ་ཕྱི་ལོ་ ༡༩༤༥ ཟླ་ ༨ ཚེས་ ༢༥ ཉིན། ལྷ་ས་ནས་སྤྲིངས་པ་དང་མཇུག་ཏུ་ཁོང་གི་དབྱིན་བོད་སྦྲགས་མའི་མིང་རྟགས་ཀྱང་བཀོད་འདུག
འཕྲིན་ཡིག་ཤོག་ངོས་དང་པོ་དེ་ཉིད་ཞིབ་ཀློག་སྐབས་ཤེས་རྟོགས་བྱུང་བའི་གཏམ་གསར་ལྔ་ནི།
དང་པོ། ( རང་ཅག་གིས་བྲིས་པའི་དབྱིན་ཡིག་གི་སྟོང་ཉིད་སྐོར་གྱི་དཔེ་ཆ་དེ་ཇི་ལྟར་བྱེད་ཀྱི་ཡོད་པ་བཀའ་གསལ་ཞུ།) ཞེས་པས་དགེ་འདུན་ཆོས་འཕེལ་དང་འཇོར་རྗེ་ ( George Nicholas Roerich ) གཉིས་མཉམ་འབྲེལ་གྱིས་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་བསྒྱུར་པ་ལྟ་བུ་དང་། ཤོག་ངོས་བཅུ་གྲངས་ཀྱི་དཔྱད་རྩོམ་ལྟ་བུ་མ་ཡིན་པར། དཔེ་ཆ་ཞེས་པའི་ཚིག་དངོས་སུ་གསལ་བས་མ་མཐའ་ཡང་ཤོག་གྲངས་བརྒྱ་ཉིས་བརྒྱ་ཙམ་ལོན་པའི་དཔེ་དེབ་ཅིག་གསར་དུ་བརྩམས་ཡོད་པ་ཚོད་དཔག་ཐུབ་པར་མ་ཟད། དྲི་བ་འདྲི་སྟངས་ལ་བལྟས་ན། ( དཔེ་ཆ་དེ་ཇི་ལྟར་བྱེད་ཀྱིན་ཡོད་པ་བཀའ་གསལ་ཞུ། ) དཔེ་ཆ་དེ་དམིགས་འདུན་ཆེན་པོ་ཞིག་བཟུང་ནས་བརྩམས་པ་དང་པར་བསྐྲུན་བྱ་རྒྱུའི་སྐོར་སྐད་ཆ་བྱུང་ཡོད་པ་ལྟར་པར་བསྐྲུན་ཟིན་པའི་རེ་བ་ཆེན་པོ་བཅངས་ཏེ། ད་ཆ་པར་བསྐྲུན་ཟིན་ཡོད་མེད་དྲིས་འདུག་སྙམ། ཁོང་གིས་དཔེ་ཆ་དེར་ཐུགས་རེ་དང་པར་བསྐྲུན་བྱེད་རྒྱུར་རེ་སྒུག་ཆེན་པོ་བྱས་འདུག་སྙམ་སྟེ། དེའི་སྐབས་དེབ་ཐེར་སྔོན་པོ་དབྱིན་བསྒྱུར་ཟིན་ཀྱང་དེའི་སྐོར་མ་དྲིས་པར་སྟོང་ཉིད་སྐོར་གྱི་དཔེ་དེབ་དེ་དམིགས་སུ་བཀར་ནས་དྲིས་པ་ལས་ཀྱང་ཤེས་ཐུབ།
དེ་ཡང་། ལེགས་བཤད་དེ་ཉིད་དགེ་ཆོས་ཀྱིས་གཙོ་བོར་འགན་ཁུར་ནས་བརྩམས་འདུག་སྙམ་སྟེ། འཇོར་རྗེའི་ལོ་རྒྱུས་ལ་བལྟས་ཚེ་ཁོས་བོད་ཀྱི་ལོ་རྒྱུས་དང་སུམ་རྟགས་སོགས་ལ་སྦྱངས་པ་བྱས་ཏེ་ཤེས་ཚད་མི་དམན་པ་ཞིག་ཡོད་པ་ལས་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་དེ་ཙམ་བྱས་ཨེ་ཡོད་སྙམ་པ་ཞིག་འདུག
དགེ་ཆོས་ལ་དབྱིན་ཡིག་ཏུ་སྟོང་ཉིད་སྐོར་རྩོམ་ཐུབ་པའི་མཁྱེན་པ་དང་གདེང་སྤོབས་ཡོད་པ་ནི་ཁོང་གིས་དགེ་སློང་སེར་བོ་ཇཱི་ཎོ་ར་སི་དང་ལྷན་དུ་སྤྱོད་འཇུག་ཆེན་མོ་དབྱིན་བསྒྱུར་བྱས་པའི་བརྒྱུད་རིམ་ལས་ཀྱང་དཔོག་ཐུབ་སྙམ། འཇོར་རྗེ་ཡིས་བསམ་ཚུལ་འདོན་རོགས་དང་། མཐུན་རྐྱེན་སྦྱར་བ་སོགས་ལ་བརྟེན་ནས་རང་ཅག་གིས་བྲིས་པ་ཞེས་གཉིས་ཚིག་དེ་བྲི་དགོས་བྱུང་འདུག་སྙམ།
དེས་ན། དགེ་འདུན་ཆོས་འཕེལ་གྱིས་བོད་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་པའི་དཔེ་དེབ་ལ་སྤྱོད་འཇུག་ཆེན་མོ་དང་དེབ་སྔོན་གཉིས་ཡོངས་གྲགས་ཡིན་ཡང་། ཁོང་གིས་དབྱིན་ཡིག་ཏུ་བརྩམས་པའི་སྟོང་ཉིད་སྐོར་གྱི་དཔེ་དེབ་ཅིག་ཡོད་མེད་ལ་ད་ཕན་དཔྱོད་ལྡན་སུས་ཀྱང་ཞིབ་འཇུག་དང་། གླེང་སློང་བྱས་པ་ཟུར་ཙམ་ཡང་མཐོང་ཐོས་མ་བྱུང་བས། ད་རེས་ཁོང་གི་འཕྲིན་ཡིག་འདི་ལས་དཔེ་ཆ་དེ་འདྲ་ཞིག་བརྩམས་ཡོད་པར་ཤེས་པས་དེས་ནི་ཁོང་གི་ཡོན་ཏན་དང་ལྷག་པར་དབྱིན་ཡིག་གི་ཤེས་ཚད་ལ་བསམ་གཞིག་དང་དཔྱད་པའི་སྒོ་གསར་པ་ཞིག་འབྱེད་ངེས་སྙམ།
བརྩམས་ཆོས་འདི་ནི་ཁོང་གིས་སྐད་རིགས་གཞན་དུ་བརྩམས་པའི་དཔེ་ཆ་ཆེས་ཐོག་མ་དང་ཐ་མར་ཡང་གྱུར་འདུག་པས་ལེགས་བཤད་འདི་ནི་ཕྱོགས་གང་ཐད་ནས་དོན་སྙིང་དང་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་པའི་ཡིག་ཆ་ཞིག་ཏུ་བརྩི་རུང་ངོ་། ། དེར་བརྟེན་ངེས་པར་དུ་དེའི་སྐོར་ཞིབ་འཇུག་བྱེད་གལ་ཆེ་བར་མ་ཟད། གཙོ་བོ་ནི་དཔེ་ཆ་དེ་ཉིད་རང་ཅག་གི་ལག་ཏུ་རག་ཐབས་བྱེད་དགོས་པར་མཐོང་།
དེ་ནི། ཕལ་ཆེར་བོད་མི་ཞིག་གིས་ཟབ་མོ་སྟོང་པ་ཉིད་དང་ནང་ཆོས་ཀྱི་སྐོར་དབྱིན་ཡིག་ཏུ་བརྩམས་པ་ཐོག་མའི་གྲས་དང་། ལོ་རྒྱུས་ཀྱི་རྡོ་རིང་དང་ཟིན་ཐོ་ཞིག་ཏུའང་བརྩི་རུང་བས་ནང་ཆོས་དང་འབྲེལ་བའི་དབྱིན་ཡིག་བརྡ་ཆད་མང་པོ་ཞིག་ཇི་ལྟར་བརྡ་སྦྱོར་བྱས་ཡོད་མེད་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་ཀླུ་སྒྲུབ་དགོངས་རྒྱན་དགེ་ཆོས་ཀྱི་བརྩམས་ཆོས་དངོས་ཡིན་མིན་གྱི་སྐོར་གླེང་སློང་ཤུགས་ཆེ་ཡོད་མུས་དང་། དགེ་ཆོས་ཀྱི་ལྟ་བ་མཐར་ཐུག་གང་ཡིན་ལ་དོགས་པ་བྱེད་མཁན་ཡང་མང་པོ་ཡོད་པས་བརྩམས་ཆོས་དེའི་མཆོད་བརྗོད་སུ་དང་སུར་མཛད་ཡོད་མེད། གཞུང་དངོས་གཞིའི་སྐབས་རང་ལུགས་སུའི་རྗེས་སུ་འབྲངས་ཡོད་མེད། མཇུག་བྱང་དུ་གང་ཞིག་བྲིས་ཡོད་མེད་སོགས་ལས་མི་ལོ་དྲུག་ཅུའི་རིང་དོགས་པ་མ་ཆོད་པར་ལྷག་པའི་དོགས་གཞི་མང་པོ་ཞིག་ཡོད་པ་རྣམས་སེལ་བར་བརྩམས་ཆོས་དེ་ལྡེ་མིག་ལྟ་བུར་གྱུར་པས་ངེས་པར་ཐབས་བརྒྱ་ཇུས་སྟོང་གིས་ལག་ཏུ་སོན་ཐབས་བྱེད་དགོས་འདུག
དུས་སྐབས་དེར་བརྩམས་ཆོས་དེ་འཇོར་རྗེ་ ( George Nicholas Roerich ) ཡི་ལག་ཏུ་ཡོད་པ་འཕྲིན་ཡིག་འདི་ལས་དཔོག་ནུས་པ་དང་། དགེ་འདུན་ཆོས་འཕེལ་གྱིས་འཕྲིན་ཡིག་དེ་བསྐུར་རྗེས་རིང་པོར་མ་སོང་བར་ཁོ་རང་བཙོན་དུ་ཚུད། དེའི་རྗེས་རྒྱ་གར་དུ་འགྲོ་རྒྱུའི་གོ་སྐབས་མ་བྱུང་བས་བརྩམས་ཆོས་དེ་ཉིད་འཇོར་རྗེའི་ལག་ཏུ་ཡུན་རིང་གི་བར་དུ་ལྷག་ཡོད་པ་གོར་མ་ཆག
དེ་ནས། སྟོང་ཉིད་བརྗོད་བྱ་བྱས་པའི་བརྩམས་ཆོས་གསར་པ་འདི་འཇོར་རྗེ་དང་དགེ་ཆོས་མཉམ་འབྲེལ་གྱིས་ཕྱི་ལོ་ ༡༩༤༢ ནས་ ༡༩༤༤ ལོའི་བར་བརྩམས་འདུག་སྙམ་སྟེ། ཕྱི་ལོ་ ༡༩༤༢ ལོ་དཀྱིལ་དུ་དགེ་ཆོས་བཀའ་བསྟན་དབྱིན་བསྒྱུར་ཆེད་ཨ་རིར་མགྲོན་འབོད་ལྟར་ཡུན་རིང་ཐབས་ཤེས་བྱས་ཀྱང་། འགྲོ་མི་ཐུབ་པར་ཐག་ཆོད་རྗེས་འཇོར་རྗེ་ཡིས་སྔར་ནས་མགྲོན་འབོད་དང་རེ་སྐུལ་བྱས་ཡོད་པ་ལྟར་ཀུ་ལུར་སོང་ནས་དེབ་ཐེར་སྔོན་པོ་དབྱིན་བསྒྱུར་བྱས་འདུག་ཅིང་། ཕྱི་ལོ་ ༡༩༤༥ ཟླ་ ༨ པའི་ནང་ལྷ་སར་བསླེབས་ནས་ཉུང་མཐར་ཟླ་ཤས་སོང་བ་ནི་1.2 འཕྲིན་ཡིག་འདི་ལས་ཀྱང་དཔོག་ནུས་སྙམ། དེར་བརྟེན་གོང་གི་ལོ་དུས་ཀྱི་ནང་དེབ་ཐེར་སྔོན་པོ་དབྱིན་བསྒྱུར་དང་། སྟོང་ཉིད་ཀྱི་སྐོར་གྱི་དཔེ་ཆ་འདི་བརྩམས་ཡོད་པར་ཚོད་དཔག་བྱེད་ཐུབ།
- མཁས་དབང་ངྷི:ཙ་ཨ་ལག་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོ་ལས། དགེ་ཆོས་རིན་པོ་ཆེ་དུས་ཕྱིས་ལྷ་སར་ཕེབས་སྐབས་ཀྱི་ལོ་གྲངས་གསལ་པོ་མ་ངེས་ཀྱང་། ལྷ་སར་ཕེབས་རྗེས་མི་རིང་ཙམ་ནས་དཔེ་འཁྲིད་ལོ་གཅིག་དང་ཕྱེད་ཙམ་ཞུ་རྒྱུ་བྱུང་ཞིང་། དེ་ནས་བཙོན་དུ་ལོ་ཕྱེད་དང་བཞི། བཙོན་ནས་གྲོལ་རྗེས་སུ་ལོ་གཉིས་མ་ཟིན་ཙམ་གྱི་རིང་མཇལ་རྒྱུ་བྱུང་བས་དུས་ཡུན་དེ་དག་ལ་དཔགས་ན། ཕལ་ཆེར་ཕྱི་ལོ་ ༡༩༤༤ བོད་ཟླ་ལྔ་པའི་ནང་ཙམ་ལ་ལྷ་སར་ཕེབས་པ་འདྲ། ཞེས་འབྱུང་། བཀྲས་མཐོང་རཀ་ར་ཐུབ་བསྟན་ཆོས་དར་གྱིས་བརྩམས། ཤོག་གྲངས། ༦༤ བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༠༠
- དགེ་ཆོས་ཞིབ་འཇུག འདོན་ཐེངས་དང་པོ་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྩམས་པའི་མཁས་མཆོག་དགེ་འདུན་ཆོས་འཕེལ་གྱི་རྟོགས་པ་བརྗོད་པ་དག་པའི་སྣང་བ་ཞེས་བྱ་བ་ལས། སྐུ་ཚེ་སྨད་ཀྱི་མཛད་པའི་ལོ་རིམ་རགས་པ་ཙམ་ནི་སྤྱི་ལོ་ ༡༩༣༤ ནས་ ༡༩༤༥ ལོའི་ལོ་སྟོད་བར་རྒྱ་གར་ལ་ལན་གཉིས་ཕེབས་ཏེ་བཞུགས་པར་ལོ་བཅུ་གཉིས་ཙམ། ཞེས་འབྱུང་། ཤོག་གྲངས། ༣༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ཕྱི་ལོ་ ༡༩༤༩ ལོར་དབྱིན་བསྒྱུར་དེབ་ཐེར་སྔོན་པོ་དེ་ཀ་ལི་ཀ་ཏ་ནས་ཐེངས་དང་པོར་པར་སྐྲུན་བྱས་འདུག་པས་ཕལ་ཆེར་སྟོང་ཉིད་སྐོར་གྱི་བརྩམས་ཆོས་འདི་ཡང་དེ་དང་ལྷན་དུ་པར་བསྐྲུན་བྱེད་རྒྱུའི་ཐོག་མའི་འཆར་གཞི་ཡོད་པ་དེ་ནི་དྲི་བ་འདྲི་སྟངས་ཀྱི་རྣམ་འགྱུར་ལས་དཔོག་ནུས་སྙམ། ཡིན་ན་ཡང་། དེབ་སྔོན་དབྱིན་བསྒྱུར་མ་དང་ལྷན་དུ་པར་བསྐྲུན་བྱས་མེད་པར་སྣང་།
རྒྱུ་མཚན་དང་པོ། པར་སྐྲུན་ཟིན་པའི་འཇོར་རྗེའི་དཔེ་ཆའི་གྲངས་ཐོ་ཞིག་ཁོའི་དྲ་ཐོག་ཏུ་བཀོད་འདུག་ཀྱང་དེའི་གྲས་སུ་མཐོང་རྒྱུ་མི་འདུག
རྒྱུ་མཚན་གཉིས་པ། དཔེ་དེབ་ཀྱི་རྩོམ་པ་པོའི་མིང་ལ་ཁོང་དང་དགེ་ཆོས་གཉིས་ཀའི་མིང་བྲི་མ་བདེ་ཞིང་། ཁོང་གཅིག་པུའི་མིང་བྲིས་ན་ཡང་གཞན་ཡིད་ཆེས་དཀའ་བ་སོགས་ལ་བརྟེན་ནས་པར་སྐྲུན་བྱས་མི་འདུག་སྙམ། ཡིན་ན་ཡང་རྒྱུ་མཚན་དེ་གཉིས་ནི་རྨོངས་འཆར་ཙམ་ལས་ཁུངས་ལྡན་ནི་གང་ཡང་མིན་ནོ། །
དགེ་ཆོས་མ་འདས་པའི་སྔོན་དུ་དེབ་སྔོན་དབྱིན་བསྒྱུར་མ་དེ་པར་སྐྲུན་བྱས་ཟིན་པའི་གནས་ཚུལ་ཁོང་གིས་དངོས་སུ་གོ་ཐོས་བྱུང་ཡོད་མེད་ཞིབ་གསལ་མ་ཤེས་ཀྱང་། ཁོང་གིས་དཔེ་དེབ་དེ་གཉིས་ཀ་པར་བསྐྲུན་བྱ་རྒྱུར་ཐུགས་རེ་ཆེན་པོ་དང་ཡུན་རིང་རེ་སྒུག་གི་ངང་ནས་ཚེ་མཇུག་སྐྱོ་གར་གྱིས་ཟད་དགོས་བྱུང་འདུག
དེང་གི་དུས་སུ་ཡང་དགེ་ཆོས་ཀྱིས་སྟོང་ཉིད་སྐོར་གྱི་ལེགས་བཤད་རྩོམ་ཡུལ་ཀུ་ལུར་ཡོད་པའི་ཕྱི་ལོ་ ༡༩༢༨ ལོར་འཇོར་རྗེ་ཕ་བུས་བཙུགས་པའི་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་ཁང་ ( Himalayan Research Institute ) མ་ཉམས་པར་ཡོད་ཅིང་། ཕྲན་ཕྱི་ལོ་ ༢༠༠༨ ལོར་གཞིས་ཀ་དེར་ལྟ་སྐོར་དུ་བསྐྱོད་སྐབས། དེར་འགྲེམས་སྟོན་ཁང་ཞིག་ཀྱང་འདུག
ཕྱི་ལོ་ ༡༩༤༧ ལོར་འཇོར་རྗེ་ཁྱིམ་ཚང་དེར་མ་བསྡད་པར། ལྡི་ལིར་ལོ་གཅིག་ཙམ་དང་། དེའི་རྗེས་བྷོམ་བྷེར་ལོ་གཅིག་ཙམ་བསྡད་རྗེས་ཀ་སྦུག་ཏུ་གནས་སྤར་ཏེ་ཕྱི་ལོ་ ༡༩༥༧ བར་དེར་བསྡད། དེའི་རྗེས་སུ་ཨུ་རུ་སུར་ལོག་རྗེས་རྒྱལ་ས་མོ་སུ་ཀོར་ ( Indology Department , Institute of Oriental Studies ) ཤར་ཕྱོགས་རིག་པ་བའི་རྒྱ་གར་གྱི་སྡེ་ཚན་དུ་ཉམས་ཞིབ་པའི་ལས་ཀ་གཉེར་ནས་ཕྱི་ལོ་ ༡༩༦༠ ལོར་འདས་འདུག
དེས་ན། དོན་གཉེར་ཅན་དང་ཉམས་ཞིབ་ལ་སྤྲོ་སྣང་ཅན་ཚོས་སྟོང་ཉིད་སྐོར་གྱི་ལེགས་བཤད་དེ་འཚོལ་འདོད་ཚེ། ས་གནས་མི་འདྲ་བ་གསུམ་ནས་རྙེད་པའི་རེ་བ་ཆེ།
དང་པོ། ཀུ་ལུ་ཎཱ་གར་ ( Kulu, Naggar ) དུ་འཇོར་རྗེ་ལོ་བཅུ་གཉིས་ལྷག་རིང་ ( ཕྱི་ལོ་ ༡༩༣༥ ནས་ ཕྱི་ལོ་ ༡༩༤༧ ) གཏན་སྡོད་བྱས་མྱོང་བའི་ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་ཁང་དུ་འཚོལ་ཞིབ་དང་། དེར་རེ་བ་ཆེན་པོ་ཞིག་འདུག ཉེ་བའི་ཆར་ཡང་དེར་རཱོང་རིཀ་ཕ་བུའི་སྐོར་ལ་ཚོགས་འདུ་ཞིག་ཀྱང་ཚོགས་སོང་།
གཉིས་པ། ཕྱི་ལོ་ ༡༩༤༧ ལོར་ཀུ་ལུ་ནས་ལྡི་ལི་དང་བྷོམ་བྷེ། དེ་རྗེས་ཕྱི་ལོ་ ༡༩༥༠ ལོ་ནས་ཀ་སྦུག་ཏུ་གནས་སྤོར་གྱིས་ཕྱི་ལོ་ ༡༩༥༦ བར་དབྱིན་ཇིས་བརྒྱབ་པའི་ཁང་ཆེན་ ( Crookety House ) ཀོག་ཌེའི་ཁང་པར་རིག་གཞུང་ཞིབ་འཇུག་བྱས་ཏེ་བསྡད་པ་དང་། དེང་སང་ཡང་ཁང་ཆེན་དེ་མ་ཉམས་པར་ཡོད་འདུག་ཀྱང་མགྲོན་ཁང་གི་ངོ་བོར་སྔར་ནས་གྱུར་ཟིན་པས། དེར་རེ་བ་ཆུང་།
གསུམ་པ། འཇོར་རྗེའི་ཁྱིམ་ཚང་ནི་ཨུ་རུ་སུའི་མི་རིགས་ཡིན་པས། ཕྱི་ལོ་ ༡༩༥༧ ལོར་ཕྱིར་ཕ་ཡུལ་དུ་ལོག་ནས་རྒྱལ་ས་མོ་སུ་ཀོར་ ( Indology Department , Institute of Oriental Studies ) ཤར་ཕྱོགས་རིག་པ་བའི་རྒྱ་གར་གྱི་སྡེ་ཚན་དུ་ཉམས་ཞིབ་པའི་ལས་ཀ་གཉེར་ནས་བསྡད་འདུག དགེ་ཆོས་ཀྱིས་ཁོང་ལ་ཕྱི་ལོ་ ༡༩༤༥ ལོར་ལྷ་ས་ནས་སྤྲིངས་པའི་འཕྲིན་ཡིག་འདི་ཡང་ཧཱི་ཐར་མོ་རང་ལ་ཨུ་རུ་སུ་ནས་ལག་སོན་བྱུང་སྐོར་གོ་ཐོས་བྱུང་བས། ཨུ་རུ་སུར་རེ་བ་ཆེན་པོ་འདུག་པས་འཇོར་རྗེའི་རང་ཁྱིམ་དང་ལས་ཁུངས་གཉིས་ཀར་རྩད་གཅོད་དཔྱིས་ཕྱིན་པ་ཞིག་བྱེད་ཐུབ་ཚེ་རེ་བ་མངོན་དུ་འགྱུར་སྲིད།
གཞན་ཡང་། འཇོར་རྗེའི་པཱ་ལགས་ཀྱི་མིང་ཐོག་ཏུ་ཡོད་པའི་ཨུ་རུ་སུར་ཡོད་པའི་རྒྱལ་སྤྱིའི་རཱོང་རིཀ་འགྲེམས་སྟོན་ཁང་ ( International Centre of the Roerichs Museum ) དང་། ཨ་རིའི་ཎེའུ་ཡོཀ་ཏུ་ཡོད་པའི་རཱོང་རིཀ་འགྲེམས་སྟོན་ཁང་( Nicholas Roerich Museum )དུ་རྩད་གཅོད་བྱ་རྒྱུ་ཞིག་འདུག་བསམ།
གོང་གསལ་གྱི་ས་གནས་དེ་དག་ཏུ་རྩད་གཅོད་དང་འཚོལ་ཞིབ་བྱེད་སྐབས་ཀྱང་ཐབས་མཁས་པོ་དང་། ལྷག་པར་འབྲེལ་ཡོད་ངོ་ཤེས་དུ་མ་བརྒྱུད་ནས་འཚོལ་དགོས་པ་ལས། རང་དགར་སོང་ན་སྒོ་ཐེམ་བརྒལ་དུ་མི་འཇུག་པར་ཕྱིར་སློག་གཏོང་སྲིད་དོ། །
ཡང་། འཕྲིན་ཡིག་འདིའི་ནང་འཇོར་རྗེ་ལ་དགེ་ཆོས་ཀྱིས་ནན་ཏན་ཆེན་པོའི་སྒོ་ནས། ཅི་ཞིག་བྱེད་ཀྱིན་ཡོད་པ་བཀའ་གསལ་ཞུ། ཞེས་དང་། ཕྲན་ལ་ཡི་གེ་གནང་རོགས་ཞུ། ཞེས་དང་། ཁྱེད་ཀྱི་དགོངས་པ་གང་ཡིན་གསལ་པོར་གསུང་རོགས་གནང་། ཞེས་དང་། ཕྲན་ལ་ཡི་གེ་བཏང་ཚེ་ཞེས་ཐ་ན་ཁ་ཡིག་ཀྱང་བསྐུར་འདུག་པས། འཇོར་རྗེ་བསམ་མེད་ཇི་ལྟར་ཆེ་ཡང་ཡིག་ལན་ཞིག་མི་གཏོང་མི་སྲིད་པ་ལྟ་བུ་འདུག་པས་དགེ་ཆོས་ཀྱི་ཤུལ་ལུས་ཡིག་ཚོགས་ཀྱི་ཁོངས་སུ་འདིའི་ཡིག་ལན་ཞིག་ཀྱང་ཡོད་སྲིད། དེ་ལྟར་ཡོད་ཚེ། འཇོར་རྗེས་སྟོང་ཉིད་སྐོར་གྱི་དཔེ་ཆ་དེ་ཅི་ཞིག་བྱས་ཡོད་མེད་དང་། མ་འོངས་པར་ཅི་ཞིག་བྱེད་རྩིས་ཡོད་མེད་ཞིབ་གསལ་བྲིས་ཡོད་པ་གོར་མ་ཆག་པས་ལེགས་བཤད་དེ་ཉིད་རྙེད་པར་ཧ་ཅང་ཕན་ཐོགས་ཆེ།
དགེ་ཆོས་ལྷ་སར་འབྱོར་རྗེས་སུའང་འཇོར་རྗེ་དང་ཡིག་འབྲེལ་ཡོད་པ་ནི་འཕྲིན་ཡིག་འདིའི་མཇུག་ཏུ་ཁོང་ལ་རྒྱ་གར་ནས་འཇོར་རྗེས་བཏང་བའི་ཡི་གེ་འབྱོར་བར་ཐུགས་རྗེ་ཆེ་ཞུས་པ་ལས་ཀྱང་ཤེས་ནུས་པར་མ་ཟད། དེའི་རྗེས་སུའང་ཡིག་འབྲེལ་བྱུང་འདུག་སྙམ་མོ། །
དེར་བརྟེན། དེང་དུས་ཀྱི་ཞིབ་འཇུག་གི་ཐབས་ལམ་ལ་མོས་ཞིང་། ལྷག་པར་དུ་དགེ་ཆོས་ཀྱི་སྐོར་ལ་ཉམས་ཞིབ་བྱེད་པར་སྤྲོ་སྣང་ཅན་ཚོས་ངེས་པར་དུ་ས་གནས་ས་ཐོག་ཏུ་ཕྱིན་ནས་ཞིབ་འཇུག་བྱེད་དགོས་ཏེ། དགེ་ཆོས་ཀྱིས་ཀྱང་། མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་པར། ། ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པའི། །ཕྲ་རགས་དོན་གྱི་ཁྱད་པར་ཇི་སྙེད་ཅིག །ཅེས་གསུངས་པ་ལྟར་འདི་དང་འདིའི་རིགས་རྣམས་ལ་ཁྱིམ་གྱི་མལ་དུ་དཔྱད་ཁུལ་བྱེད་པ་རྣམས་ནི་སྤྱི་ཙམ་ལས་ཕུ་ཐག་ཆོད་པ་ཞིག་མི་ཡོང་བ་ནི་དཔྱོད་ལྡན་ཀུན་གྱིས་ཤེས་གསལ་ལྟར་རོ། །
ཡང་། འཇོར་རྗེ་དང་ལྷན་དུ་དགེ་ཆོས་ཀྱིས་དེབ་སྔོན་དབྱིན་བསྒྱུར་དང་། སྟོང་ཉིད་སྐོར་གྱི་དཔེ་ཆ་བརྩམས་པ་སོགས་རོགས་རམ་ཤུགས་ཆེན་བྱས་ཀྱང་། འཇོར་རྗེ་ཡིས་དྲན་བདེན་དང་ཉམ་ཆུང་། ཁེར་རྐྱང་དུ་རྒྱལ་ཁམས་རིག་པས་བསྐོར་བའི་དགེ་ཆོས་ལ་སྔ་ཕྱི་བར་གསུམ་དུ་དྲང་བདེན་ཞིག་བྱས་མི་འདུག་སྙམ་སྟེ། དགེ་ཆོས་ཀྱིས་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཡུལ་རིའི་བུ་མོའི་གྲོང་དང་ཉེ་བར་བརྩམས་པའི་སྙན་རྩོམ་ལས། ཁྲམ་དང་གཡོ་སྒྱུའི་རྩེ་མོ་དགུ་སྒྲིག་ཏུ་བྱས་ཏེ། །འབད་པ་བརྒྱ་ཡིས་བསྒྲུབ་པའི་འཇིག་རྟེན་གྱི་མདུན་མས། །ཡུན་རིང་སྒུག་པའི་མཐའ་ལ་སྟོང་བསླུས་སུ་བྱས་པས། །ལོ་གསུམ་སྡུག་ལས་བྱས་པས་ཨ་ཐང་དེ་ཆད་སོང་། །འབྱོར་ཚེ་རྐང་པའི་དྲུང་ནས་ཞུད་ཞུད་དུ་འགྲོ་ཞིང་། ། རྒུད་ཚེ་རིང་པོའི་ས་ནས་མཛུབ་ཀེར་གྱིས་འགྲོ་བ། །དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། ། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་། ། ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས། །བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ། །ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས། ། སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ། ། ཞེས་སོགས་ཀྱི་ཚིགས་བཅད་ལས་ཤེས་ནུས།
- མཁས་དབང་ངྷི:ཙ་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོ་ལས། ཤར་ཕྱོགས་བྷང་ག་ལའི་ཡུལ་རིའི་བུ་མོའི་གྲོང་དང་ཉེ་བར་དགེ་འདུན་ཆོ་འཕེལ་གྱིས་བྲིས་པའོ། ། ཞེས་གསུངས་ཞིང་། ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས། ། བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་ནས། ། ཞེས་སོགས་གསུངས་པ་ལ་དཔྱད་ན་དེ་དུས་ཐུགས་ཅུང་ཟད་ཕམ་པ་འདྲ་ཞིང་། འཇོར་རྗེ་རོལ་རིག་ཁྱིམ་ཚང་ཧ་ཅང་འབྱོར་པ་ཆེ་ཞིང་དེ་ཐོག་དེབ་ཐེར་སྔོན་པོ་ཆ་ཚང་བསྒྱུར་གྲོགས་མཛད་སྟབས། ཀ་ལ་ཀ་ཏར་སྐུ་མཉེལ་པོའི་ངང་བཞུགས་སྐབས་དེར་ཕྲན་བུའི་རོགས་རམ་འདྲ་ཞུས་ཨེ་ཡོང་དགོངས་པ་ཞིག་བྱུང་ན་ཡང་། དེ་སྐབས་ཐུགས་རེ་ལྟར་གྱི་རོགས་རམ་གང་ཡང་མ་ཞུས་པ་ནི། ངོས་ཀྱི་གཅེན་པོ་ལ། ང་ཀ་ལ་ཀ་ཏར་སྡོད་སྐབས་མཐུན་རྐྱེན་གྱིས་ཕོངས་པའི་དཀའ་བ་ཚད་མེད་བྱུང་། སྐབས་དེར་རོལ་རིག་སླེབས་འདུག་ཟེར་བས་ཁོང་ཕྲད་དུ་ཕྱིན་པ་ཡིན་པས་དངུལ་ཕྲན་བུ་ཞིག་བྱིན་བྱུང་། དེ་ནས་རོལ་རིག་ཁོང་རང་གིས་ལྐོག་ཞིག་ལ་ཕྲད་ནས་ཁོང་རང་གི་ཨ་མས་མ་ཤེས་པ་གྱིས་ཟེར་ནས་གསེར་ཌམ་ཆུང་ཆུ་ཞིག་སྟེར་བྱུང་བ།ཞེས་འབྱུང་། བཀྲས་མཐོང་རཀ་ར་ཐུབ་བསྟན་ཆོས་དར་གྱིས་བརྩམས། ཤོག་གྲངས། ༦༣ བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༠༠
གཞན་ཡང་། དེང་སང་ཡོངས་གྲགས་མཐོང་དུ་ཡོད་པའི་ཁོང་གི་གསུང་འབུམ་པོད་གསུམ་ལས་གཞན་པའི་དབྱིན་ཡིག་དང་འབྲེལ་བའི་བསྒྱུར་རྩོམ་དང་། གསར་རྩོམ་གང་ཡོད་ཀྱི་སྐོར་ཞིབ་འཇུག་བྱེད་མཁན་དཀོན་པས་ངེས་པར་ཞིབ་འཇུག་བྱེད་དགོས་པ་དང་། དགེ་ཆོས་དང་འཇོར་རྗེའི་བར་གྱི་འབྲེལ་བའི་སྐོར་ལའང་དཔྱད་རྩོམ་སྤེལ་རྒྱུ་གལ་ཆེར་མཐོང་།
གཉིས་པ། ( མི་རིང་བར་ཟླ་ཤས་ཀྱི་རྗེས་སུ་སླར་རྒྱ་གར་དུ་འཁོར་རྩིས་ཡོད། ) ཅེས་པས་དེ་སྔོན་ཉམས་ཞིབ་པ་མང་པོ་ཞིག་གིས་དགེ་འདུན་ཆོས་འཕེལ་བོད་དུ་གཏན་སྡོད་ཆེད་ཡོང་བའི་སྡོམ་ཚིག་བརྒྱབ་ཡོད་ཀྱང་། ཁོང་ལྷ་སར་ཟླ་ཤས་རིང་མ་གཏོགས་སྡོད་རྩིས་མེད་པར་ཕྱིར་རྒྱ་གར་དུ་ལོག་རྩིས་ཡོད་པ་ཤེས་ཐུབ། དེས་ཅི་ཞིག་མཚོན་ཞེ་ན། བོད་དུ་ཡོང་དགོས་དོན་ཡང་ཞིབ་འཇུག་གམ། ཡང་ན་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བོད་ལ་སྲིད་བྱུས་དང་ངན་བྱུས་ཅི་ཞིག་འཐེན་བཞིན་ཡོད་མེད་སྐོར་བོད་གཞུང་ལ་སྙན་སེང་ཞུ་བར་བཅར་བ་ཡིན་སྲིད།
ལྷག་པར་དུ་ཕ་ཡུལ་དང་ཁ་བྲལ་ནས་ཡུན་རིང་སོང་ཡང་ཕྱིར་རང་ཡུལ་དུ་ལོག་རྩིས་མ་བྱས་པར་གང་མགྱོགས་རྒྱ་གར་དུ་འཁོར་རྩིས་ཡོད་པ་ནི་དེའི་རྒྱབ་ཏུའང་ལས་དོན་གལ་ཆེ་ཞིག་དང་། དུས་ཐུང་ཞིག་གི་རིང་ལྷ་སར་ཡོང་དགོས་དོན་ཡང་རྒྱུ་མཚན་དམིགས་བསལ་བ་ཡོད་པ་ཤུགས་ཀྱིས་གོ་ཐུབ་པ་ཞིག་རེད།
གལ་ཏེ། ཕྱིར་རྒྱ་གར་དུ་བདེ་བླག་ངང་འཁོར་ཐུབ་ཡོད་ཚེ། ཁོང་བཙོན་དུ་ཚུད་པའི་ཡིད་སྐྱོ་བའི་གནས་ཚུལ་རྣམས་འབྱུང་མི་སྲིད་པར་མ་ཟད། ཨ་རི་བ་སྐུ་ཞབས་ཐིའུ་སི་ནས་ཕྱི་ལོ་ ༡༩༤༦ ལོའི་མཇུག་ཏུ་རྒྱ་གར་དུ་ཁོང་བསུ་བར་བསླེབས་དུས་ཨ་རིར་གདན་འདྲེན་ཞུ་ཐུབ་རྒྱུ་དང་། ཁོང་གཉིས་མཉམ་འབྲེལ་གྱིས་ཨ་རིར་བོད་ཀྱི་སློབ་གཉེར་ཁང་དང་སྒྲ་སྒྱུར་ཁང་བཙུགས་ནས་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་ནི་སྨོས་མེད་རེད་སྙམ།
གསུམ་པ། ( འདིར་ཕྲན་གྱི་གྲོགས་པོ་སྐུ་དྲག་ཞིག་ལ། མེ་ངྷམ་ Blavatsky དཔེ་ཆ་མོ་རང་གིས་བརྩམས་པ་རྣམས་དང་། Ouspensky དཔེ་ཆ་དང་པོ་གཉིས་ཤིན་ཏུ་མཁོ་བར་འདུག་པས། ) ཅེས་པས་ལྷ་སའི་སྐུ་དྲག་ག་གེ་མོ་ཡིས་དུས་སྐབས་འདིར་གསར་དུ་དར་ཁྱབ་འགྲོ་བཞིན་པའི་ལྟ་གྲུབ་གསར་གཏོད་མཁན་ ( Blavatsky ) བ་ལ་བི་ཀི་དང་ ( Ouspensky ) ཨུ་སུ་པིཎ་ཀི་ཡིས་བརྩམས་པའི་ལྟ་གྲུབ་གསར་པའི་དཔེ་དེབ་ཁག་ཅིག་དགེ་ཆོས་བརྒྱུད་འཇོར་རྗེ་ལ་མངགས་ཉོ་བྱས་འདུག་པས། དགེ་ཆོས་ཀྱིས་མངགས་ཉོ་བྱེད་སྟངས་ལ་གཞིགས་ཚེ་དེ་གཉིས་ཀའི་ལྟ་གྲུབ་དང་དཔེ་དེབ་ཁག་ལ་དགེ་ཆོས་ཀྱིས་རྒྱུས་མངའ་དང་སློབ་སྦྱོང་བྱས་པའི་རྣམ་པ་དང་། དེའི་སྐབས་སྐུ་དྲག་གྲས་ནས་ལྟ་གྲུབ་གསར་པ་ཁག་ལ་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་པ་སོགས་ཤེས་ཐུབ། ཆོས་ལུགས་དང་འབྲེལ་བའི་ལྟ་གྲུབ་གསར་པའི་སྐོར་ལ་སྐུ་དྲག་ཚོར་ངོ་སྤྲོད་བྱེད་མཁན་ནི་ཕལ་ཆེར་དགེ་ཆོས་རང་ཉིད་ཡིན་པར་ངེས་ཏེ། བ་ལ་བི་ཀི་ ( Blavatsky ) ཡི་ལོ་རྒྱུས་མདོར་བསྡུས་ཤིག་གཏམ་རྒྱུད་གསེར་ཐང་དུ།
འདི་དང་འདྲ་བའི་ཆོས་ལུགས་གསར་པ་ཞིག་ཀྱང་བྱུང་། དེའི་རྩ་བ་འཛུགས་མཁན་ནི་ཨུ་རུ་སུའི་བུད་མེད་བ་ལ་བི་ཀི་བྱ་བ་ཡིན། འདི་ནི་རང་བྱུང་གི་རྣལ་འབྱོར་མ་ངོ་མཚར་ཅན་ཞིག་ཡིན་སྙམ་ཞིང་། གང་ལྟར་རྫུ་འཕྲུལ་ཐོབ་པ་ཞིག་ཡིན། བྱིས་པའི་དུས་ནས་བོད་ཀྱི་བླ་མ་མུ་ར་བྱ་བ་དང་། སྐུ་ཐུ་མེད་བྱ་བ་གཉིས་ཀྱིས་རྨི་ལམ་དུ་རྗེས་སུ་བཟུང་། དེ་ནས་ཇི་ཞིག་ན་ཞལ་གཟིགས་ཀྱི་རྣམ་པ་དང་། མཐར་དངོས་སུ་མཇལ་ཏེ་མི་དང་མི་བཞིན་ལབ་ཅིང་། དོན་ཕྲ་རགས་ཐམས་ཅད་ཀྱི་བསླབ་བྱ་བྱས། དེ་དག་གི་ལོ་རྒྱུས་རྒྱས་པ་རྣམས་ཞིབ་ཏུ་བཀླགས་ཚེ། རེ་ལས་ཀྱི་རྡོ་རྗེ་ལས་བྱུང་བའི་གསང་བདག་ཀྱང་དྲན་སྙམ་བྱེད། རེ་རྗེ་བཙུན་རྒ་ལོ་ལ་བྱུང་བའི་རྒྱལ་གདོན་དེ་དང་ཡང་འདྲ་སྙམ་པ་བྱེད།
ཁ་ཚོན་གང་དུ་གཅོད་དགོས་པ་མ་ཤེས། སློབ་དཔོན་དེ་གཉིས་དང་ཡིག་འཕྲིན་ཀྱང་བརྒྱུད་མར་བྱས། ཡིག་ལན་རྣམས་ནམ་མཁའ་སྟོང་པ་ནས་མདུན་དུ་འབབ་པ་མི་ཤིན་ཏུ་མང་པོས་མངོན་སུམ་དུ་མཐོང་ཞིང་། རེ་གྲོ་གའི་སྟེང་དུ་བྲིས་པའི་ལནྩ་དང་བོད་ཡིག་ཏུ་འདུག་ཟེར། འོན་ཀྱང་ངེད་ཀྱིས་ནི་མཐོང་བ་མ་བྱུང་། གང་ལྟར་ཡང་མོའི་རྫུ་འཕྲུལ་གྱིས་ནི་ཕི་གླིང་པ་ཐམས་ཅད་ཡིད་ཆེས་པར་བྱས། འགའ་ཞིག་སྒྱུ་མའི་འཕྲུལ་དུ་དོགས་ཀྱང་དེ་ཀུན་ལ་སྦྱང་འདྲིས་མཐར་ཕྱིན་པ་ཕི་གླིང་འཕྲུལ་གྱི་རྒྱལ་ཁམས་པ་རྣམས་ལ་མགོ་སྐོར་ཐོང་བ་བྱ་དཀའ་བའི་གནས་སུ་སེམས།
མི་འདྲ་བའི་ཁྱད་པར་ནི། ནུ་མའི་འོག་ན་ཅི་ཡིན་སུ་ལ་རྒྱུས་མེད་པའི་རྨ་ཤུལ་ཆེན་པོ་ཞིག་ཡོད་པ་རེ་ཁ་ཕྱེ་ཚེ་ཁྲག་འབབ། ཡོ་བྱད་མཁོ་སྐྱེལ་རྣམས་ལ་དམིགས་པ་ཙམ་གྱིས་བྱེད། མར་མེ་སྤོར་བ་དང་ཕུ་འདེབས་པ་ཡང་སེམས་ཁོ་ནས་ནུས། གཞན་གྱི་ལུས་ལ་དམིགས་པ་གཏད་པས་ལུས་སྦྲིད་ཆིལ་བར་འབྱུང་། ནམ་མཁའ་སྟོང་པ་དྲིལ་བུ་དངུལ་གྱི་སྒྲ་ཙེར་རེ་བཞིན་རྒྱུན་དུ་སྒྲོག །ཡུལ་གཞན་དུ་བསྐུར་དགོས་པའི་ཡི་གེ་དང་གོས་སོགས་མདུན་དུ་མེ་ལ་བསྲེགས་ཏེ་ཐལ་བར་བྱས་པས་གནས་དེ་ཉིད་ལ་བསླེབས་ནས་དངོས་སུ་ལེན་རྒྱུ་ཡོད། མཁོ་བའི་དངོས་པོ་ཕལ་ཆེར་གང་སོང་ས་དེར་ཤིང་དང་ཆུ་དང་མཁའ་ལ་ལེན་པར་བྱེད། དེ་ཀུན་ལས་ཀྱང་མོའི་བསམ་བློ་གཉིས་པ་དང་ཡི་གེ་གཏོང་བ་དང་ལན་ཐོས་པ་དེ་ཤིན་ཏུ་ཡ་མཚན་ཟེར།
རྒྱ་གར་དུ་བསླེབས་ཚེ་ཕི་གླིང་པ་དག་གིས་མ་དགའ་བར་དེ་ཀུན་སྒྱུ་མ་ཡིན་སྨྲས་ནས་དམག་མི་བཏང་སྟེ་རྩད་གཅོད་ཇི་ཙམ་བྱས་ཀྱང་བརྫུན་ཁུངས་ཅི་ཡང་མ་བརྟོལ། གང་ལྟར་ཡང་ད་ལྟ་ཕྱིའི་རྒྱལ་ཁབ་ཀུན་ཏུ་སངས་རྒྱས་མོས་པ་བྲམ་ཟེ་( གནམ་) གྱི་སྐར་མ་བཞིན་གཅིག་རྗེས་སུ་གཅིག་རུབ་སྟེ་ཁེངས་ནས་དགོངས་པ་འདི་གཙོ་བོ་བུད་མེད་འདིའི་ལུགས་གསར་པ་དེའི་རྐྱེན་ཡིན།
སིངྒལ་པའི་དགེ་སློང་སེམས་རྒྱ་ཁབ་མིག་ལས་དོག་པ་དག་ཀྱང་མོ་ལ་ད་གཟོད་བསྔགས་བརྗོད་བྱེད་པ་མང་། དྷརྨཔཱ་ལ་དྲང་སྲོང་ལྷུང་བའི་གནས་གསོ་མཁན་དེ་ཡང་ཐོག་མར་འདི་ལ་བརྟེན་ནས་སངས་རྒྱས་ལ་མོས་པ་ཐོབ་ཟེར། མོས་ཆོས་དེ་དེང་སང་གི་རིགས་གསར་( ཚན་རིག་) གྱི་ལྟ་བ་དང་སྦྲེལ་ཏེ་བཤད་པས་ནུབ་ཕྱོགས་པ་ཐམས་ཅད་ཡིད་འཕྲོག །ལྷག་པར་སྔ་བར་ཕི་གླིང་པ་རྣམས་མི་ལས་འདས་པའི་སྒྱུ་འཕྲུལ་ལ་ཡིད་མི་ཆེས་པ་ལ་མོས་རྫུ་འཕྲུལ་བསྟན་པར་མ་ཟད། རྫུ་འཕྲུལ་གྱི་ནུས་པས་དངོས་པོ་བསྒྱུར་ཚུལ་སོགས་རིགས་གསར་གྱི་ལྟ་བའི་གནད་ལ་སྦྱར་བ་ཡིན། བཤད་ལུགས་དེ་ཀུན་ངེས་པར་ངོ་མཚར་བར་སྣང་། 4 ཞེས་བྲིས་འདུག
- དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གཉིས་པ། ཤོག་གྲངས། ༡༦༤ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་བསྒྲིགས། ཕྱི་ལོ། ༡༩༩༠
འཕྲིན་ཡིག་ཏུ་ ( མེ་དྷམ་ ) ཞེས་པ་མེ་དྷམ་གྱི་དོན་ནི་སྐུ་ཞབས་མའི་དོན་ལ་འཇུག་པ་དང་། དབྱིན་ཡིག་ ( Madam ) ཞེས་པའི་སྒྲ་སྒྱུར་ཡིན། ཁོ་མོའི་མིང་ཆ་ཚང་ནི། ཧི་ལི་ཎ། པིཀྲོ་ཎ། བ་ལ་བི་ཀ། ( Helena Petrovna Blavatsky) ཕྱི་ལོ་1831 ལོར་སྐྱེས་ཤིང་། ཕྱི་ལོ་ ༡༨༩༡ ལོར་འདས།
འཕྲིན་ཡིག་ཏུ་(Ouspensky) ཨུ་སུ་པིཎཀི་ཞེས་པའི་མི་དེ་ནི་ཆོས་ལུགས་ཀྱི་ལྟ་གྲུབ་སྨྲ་བ་པོ་ཞིག་དང་། ཁོས་གསར་གཏོད་བྱས་པའི་ཆོས་ལུགས་ཤིག་ཀྱང་འདུག ཁོའི་མིང་ཆ་ཚང་ལ། པི་ཀྲིར། གྲི། ཨུ་སུ་པིཎཀི། (Peter D.Ouspensky) ཕྱི་ལོ་ ༡༨༧༨ ལོར་སྐྱེས་པ་དང་། ཕྱི་ལོ་ ༡༩༤༧ ལོར་འདས།
བཞི་པ། ( ཡང་ཕྲན་གྱི་གྲོགས་པོ་སེ་ར་བྱེས་པའི་ལྷ་རམས་པ་དགེ་བཤེས་ཆོས་གྲགས་བྱ་བ། འཁྲུངས་ཡུལ་སོག་པོ་བོ་རད་ནས་ཡིན་ཞིང་། རིག་གནས་དང་། མཚན་ཉིད་གང་ལ་ཡང་སྐུ་ཡོན་འགྲན་ཟླ་བྲལ་བ་འདི་གའི་སྐུ་དྲག་མང་པོའི་དགེ་རྒན་ཡིན་པ་ཞིག་ཡོད་པ་དེ་སྔར་བྷར་ནད་ ( ཐིའུ་སི་ བྷར་ནད་ ) ནས་ཚ་རོང་བརྒྱུད་ཨ་མེ་རུ་ཀར་( ཨ་མི་རི་ཀ་ ) ཡང་གདན་ཞུ་བྱས་པ་ཕེབས་མ་ཐུབ། ) ཅེས་པས་ཨ་རི་བ་སྐུ་ཞབས་ཐིའུ་སི་ཡིས་བཀའ་བསྟན་དབྱིན་བསྒྱུར་ཆེད་དགེ་འདུན་ཆོས་འཕེལ་ཨ་རིར་གདན་འདྲེན་ཞུ་ཐབས་བྱས་པར་མ་ཟད། ཚ་རོང་བརྒྱུད་ནས་དགེ་བཤེས་ཆོས་གྲགས་ཀྱང་ཨ་རིར་གདན་འདྲེན་ཞུ་ཐབས་བྱས་ཡོད་པ་ཤེས་ཐུབ། ཨ་རི་བ་བླ་མ་དཀར་པོའི་མིང་ ( Theos Bernard ) ཐིའུ་སི་ བྷར་ནད། དང་། བྷར་ནད། ཅེས་པ་ནི་ཁྱིམ་རྒྱུད་ཀྱི་མིང་ཡིན་ཞིང་། མིང་སྨོས་སྟངས་དང་འབྲི་སྟངས་ཀྱི་རྣམ་པར་གཞིགས་ཚེ་ཁོང་གསུམ་སྔ་ས་ནས་ངོ་ཤེས་ཡིན་པའི་རྣམ་པ་མངོན་གྱི་འདུག གཞན་དུ་ན། ཨ་རི་བ་བླ་མ་དཀར་པོའི་མིང་ཟུར་ཙམ་སྨོས་པས་འཇོར་རྗེ་ཡིས་ངོ་ཇི་ལྟར་ཤེས།5
- ཁོང་གསུམ་གྱི་འབྲེལ་བའི་སྐོར། ( ཨ་རི་བ་བླ་མ་དཀར་པོ་) ཞེས་པའི་དཔེ་དེབ་ཏུ་རྒྱས་པར་བྲིས་ཡོད་པས་དེར་གཟིགས་འཚལ།
ལྔ་པ། ( ཁོང་ཨུ་རུ་སིའི་སྐད་ཡིག་ཀྱང་ཅུང་ཟད་མཁྱེན་ཞིང་། སོག་ཡིག་ལ་ནི་མཁས་པའི་ཕུད་དུ་ཕྱིན་པས་ཁྱེད་ཀྱི་བཞུགས་སར་ཕེབས་ནས་ཨུ་རུ་སིའི་སྐད་ཡིག་ལེགས་པར་བསླབས་ན་དགོངས་པའི་ཐུགས་བཞེད་འདུག་པས་ཁྱེད་ཀྱི་དགོངས་པ་གང་ཡིན་གསལ་པོར་གསུང་རོགས་གནང་། ) ཞེས་པས་དགེ་འདུན་ཆོས་འཕེལ་གྱིས་དགེ་བཤེས་ཆོས་གྲགས་ཀྱི་ཤེས་ཡོན་ལ་ཚད་མཐོའི་གདེང་འཇོག་དང་། འཇོར་རྗེ་ལ་མཚམས་སྦྱོར་གྱིས་མ་འོངས་པར་ཨུ་རུ་སིའི་སྐད་ཡིག་སློབ་རྒྱུའི་རེ་སྐུལ་བྱས་ཡོད་པར་ཤེས་ཐུབ། དགེ་བཤེས་ཆོས་གྲགས་ཀྱིས་ཨུ་རུ་སུའི་སྐད་ཡིག་སློབ་དགོས་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་བཤད་དཀའ་ཡང་། དགེ་ཆོས་ཀྱིས་མཚམས་སྦྱོར་བྱེད་སྟངས་ལ་གཞིགས་ཚེ་ཁོང་གཉིས་ཕན་ཚུན་ཆོས་གྲོགས་ཀྱི་དམ་ཚིག་དང་ལ་རྒྱ་ཟབ་མོ་ཡོད་པའི་རྣམ་པ་མཐོང་།
ཡང་། ( ཡང་ན་། ཚ་རོང་བརྒྱུད་ནས་བཏང་ན་ཡང་འཕྲོད་ངེས་ལགས། ) ཞེས་པས་ཀྱང་དགེ་འདུན་ཆོས་འཕེལ་དང་ཚ་རོང་བར་དངོས་ཤུགས་གང་རུང་ཞིག་ནས་འབྲེལ་བ་ཞིག་ཡོད་འདུག་སྙམ་ཡང་། དགེ་ཆོས་དང་ཚ་རོང་བར་འབྲེལ་བ་ཡོད་པའི་ལོ་རྒྱུས་ནི་ད་ཕན་མཐོང་ཐོས་མ་བྱུང་བས། ཁོང་གཉིས་བར་ལ་འབྲེལ་བ་ཡོད་མེད་སོགས་ཀྱི་སྐོར་དཔྱད་རྒྱུ་མང་ངོ་། །
ཡང་ ( C/O Dharmwantna, Gyaling Chogpa, Gyantse, Tibet ) ཞེས་པའི་ཁ་ཡིག་འདི་ནི་རྒྱལ་རྩེའི་ཁ་བྱང་དང་། དེའི་ཐོག་གི་མིའི་མིང་ནི་ ( Dharma Ratna ) དྷམ་རཱ་ཐཱ་ནཱ་ཞེས་པ་ནི་བལ་པོའི་ཚོང་པ་ ( Bhawani Ratna) བྷ་ཝ་ཎི། རཱ་ཐཱ་ནཱ་ཞེས་པའི་བུའི་མིང་དང་། ཁོང་དང་རཱ་ཧུ་ལའི་བར་འབྲེལ་བ་ཆེན་པོ་འདུག ཁོང་པཱ་ལགས་ལྷན་དུ་རྒྱལ་རྩེར་ཕྱི་ལོ་ ༡༩༣༠ ནས་ཕྱི་ལོ་ ༡༩༣༧ ལོའི་བར་ཚོང་གཉེར་དང་། དེ་རྗེས་བལ་ཡུལ་དུ་ལོག་ནས་གསར་བརྗེའི་ལས་འགུལ་ནང་ཞུགས་འདུག ( Gyaling Chogpa, ) ཞེས་པའི་དབྱིན་ཡིག་དེ་ནི་རྒྱ་གླིང་དང་ཚོང་པའི་སྒྲ་དབྱིན་ཡིག་ཏུ་བྲིས་འདུག་པས་རྒྱ་གླིང་གི་ཚོང་པ་ཞིག་ཡིན་ཚོད་འདུག ཚོང་ཁང་དེ་ཕྱི་ལོ་ ༡༩༥༩ བར་གནས་འདུག
གནད་དོན་དེ་དག་ནི་འཕྲིན་ཡིག་གི་ཤོག་ངོས་དང་པོའི་ཐོག་ནས་རྙེད་པའི་གནས་ཚུལ་གསར་པ་རྣམས་དོ་སྣང་ཅན་ཚོར་ཕན་དུ་རེ་སྟེ་ལོ་སྔོན་མར་བྲིས་པའི་ཟིན་བྲིས་ལ་འཕྲི་སྣོན་གྱིས་བྲིས་པ་ཡིན།
ད་ལོ་སྟེ། ཕྱི་ལོ་ ༢༠༢༠ ལོའི་ཟླ་དང་པོའི་གཞུག་ཙམ་དུ་ཉིན་གཅིག་གློ་བུར་དུ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱི་ངོ་དེབ་ལས་ཡུན་རིང་ཐབས་ཤེས་ཡོད་རྒུ་བཏོན་ཡང་ལག་སོན་མ་བྱུང་བའི་དགེ་ཆོས་ཀྱི་འཕྲིན་ཡིག་ཕྱག་བསྟར་མའི་ཤོག་ངོས་གཉིས་ཀའི་པར་གཙང་མ་ཞིག་མཐོང་བས་དགའ་བས་བརྟས་བཞིན་གཏམ་གསར་ཅི་ཞིག་ཡོད་དམ་སྙམ་སྟེ། ཤོག་ངོས་གཉིས་པ་དེ་གང་མགྱོགས་བཀླགས་པ་ཡིན། དེའི་སྐབས་ཕྲན་ཡུལ་སྐོར་དུ་སྐྱོད་བཞིན་ཡོད་པས་བསམ་ཚུལ་དམིགས་བསལ་འབྲི་ཁོམ་མ་བྱུང་བར་ད་ལྟའི་བར་ལུས།
འཛམ་གླིང་སྤྱི་དང་ལྷག་པར་རྒྱ་གར་དུ་ཏོག་དབྱིབས་ནད་དུག་མགྱོགས་ཚད་མྱུར་བའི་ཐོག་ནས་ཁྱབ་གདལ་དུ་སོང་བར་བརྟེན་ཟླ་བཞི་པའི་མཇུག་ནས་གཞུང་ངོས་ནས་ཁྱིམ་སྡོད་ཁྲིམས་གཞི་ལག་བསྟར་དང་། གྲྭ་ཚང་གིས་ཀྱང་དགོན་པའི་ལྕགས་རི་ལས་བརྒལ་ནས་འགྲོ་བསྐྱོད་མི་ཆོག་པའི་སྒྲིག་གཞི་བཟོས་རྗེས། འཕྲིན་ཡིག་གི་ཤོག་ངོ་གཉིས་པ་དེ་ཞིབ་བཀླགས་ཀྱིས་གཏམ་གསར་དུ་བརྩི་རུང་བའི་གནད་དོན་འགའ་ཟིན་བྲིས་སུ་ཕབ་པ་ནི།
ཐོག་མར་དབུ་མེད་དུ་བྲིས་པའི་དགེ་ཆོས་ཀྱི་འཕྲིན་ཡིག་ཕྱག་བསྟར་མའི་ཤོག་ངོས་གཉིས་པ་དབུ་ཅན་དུ་ཕབ་པ་གཤམ་གསལ།
ལོ་ངོ་མང་པོའི་རྗེས་སུ་ལྷ་སར་སླེབས་པས། ལྷ་ས་གསར་བ་བཞིན་སྣང་། འདིར་དིང་སང་གསར་བའི་ཡོན་ཏན་ཡོད་པའི་མི་མང་པོ་དང་། སྟོན་པ་ཐརོ་ས་ཀེའི་ལུགས་ལ་མོས་པ་སོགས་ཀྱང་མང་དུ་འདུག
ཕྲན་རྒྱ་གར་ནས་གསར་དུ་འབྱོར་བ་ཐོས་ནས། འདིར་ཟླ་བ་གཅིག་ཙམ་གྱི་རིང་ལ་སྐུ་དྲག་སོ་སོའི་ནང་དུ་འབོད་མཁན་དང་། ངོ་མཚར་བའི་སྐད་ཆ་དྲི་མཁན་བར་མེད་དུ་བྱུང་། ཚད་བཞི་པ་ Fourth Dimension ལབ་སྟེ་ཐམས་ཅད་དགའ་བར་བྱས།
ཁྱེད་རང་བརྒྱུད་ནས་ཨ་མདོ་ནས་རྒྱལ་སྲས་ནས་བཏང་བའི་ཡི་གེ་འབྱོར་བ་ཐུགས་རྗེ་ཆེ། གཞན་གསར་གནས་ཅང་མ་མཆིས། བཀྲ་ཤིས་སྨོན་འདུན་བཅས། དགེ་འདུན་ཆོས་འཕེལ། 25/8/1945
དང་པོ། ( འདིར་དིང་སང་གསར་བའི་ཡོན་ཏན་ཡོད་པའི་མི་མང་པོ་དང་། སྟོན་པ་ཐརོ་ས་ཀེའི་ལུགས་ལ་མོས་པ་སོགས་ཀྱང་མང་དུ་འདུག ) ཅེས་གསར་བའི་ཡོན་ཏན་ཞེས་པ་དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་གི་ལོ་རྒྱུས་དང་ཆབ་སྲིད་ལྟ་བུ། ཡང་ན། ཚན་རིག་གི་ཤེས་བྱར་གོ་དགོས་པས་སྐབས་དེར་ལྷ་སར་དེང་དུས་ཀྱི་ཤེས་ཡོན་པ་མང་པོ་ཞིག་ཡོད་པར་དགེ་ཆོས་ཀྱིས་ངོས་འཛིན་དང་གདེང་འཇོག་བྱས་པར་གཞིགས་ཚེ་དེང་དུས་ཀྱི་ཤེས་ཡོན་པ་ངོ་མ་ཚད་ལྡན་དུ་མ་ཡོད་པའམ། མ་མཐར་ཡང་དུས་སྐབས་དེར་བོད་ཀྱི་ན་གཞོན་གང་མང་ཞིག་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་དང་སློབ་སྦྱོང་གི་འགོ་ཞིག་བཙུགས་འདུག་སྙམ།
ཡང་། ( སྟོན་པ་ཐརོ་ས་ཀེའི་ལུགས་ལ་མོས་པ་སོགས་ཀྱང་མང་དུ་འདུག ) ཅེས་པའི་སྟོན་པ་ཐརོ་ས་ཀེ་ནི་ ( Leon Trotsky) མ་ཁེ་སིའི་རིང་ལུགས་སམ་དམར་པོའི་རྗེས་འཇུག་པ་དང་། ཕྱི་ལོ་༡༩༡༧ ལོའི་ཨུ་རུ་སུའི་གསར་བརྗེའི་སྣེ་འཁྲིད་གཙོ་བོའི་གྲས་ཤིག་དང་དམར་ཤོག་ཚོགས་པའི་འགོ་གཙོ་ཡང་བྱས་འདུག ཕྱིས་སུ་སཱི་ཏཱ་ལེན་( Joseph Stalin ) དང་ལྟ་བ་མ་མཐུན་པའི་རྐྱེན་གྱིས་ཨ་རི་སོགས་སུ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་འདུག
ཕྱི་ལོ་ ༡༩༤༠ ལོར་སཱི་ཏཱ་ལེན་གྱིས་གསང་བའི་མི་སྣ་བཏང་ནས་ལྐོག་གསོད་བྱས་འདུག ཁོའི་དམར་ཤོག་གི་ལྟ་བའི་རྣམ་གཞག་དང་འདོད་ཚུལ་ལ་ཐརོ་ས་ཀེའི་རིང་ལུགས་ ( Trotskyism ) ཞེས་འབོད་ཀྱིན་འདུག་པས་དུས་སྐབས་དེར་ཁོའི་ལྟ་གྲུབ་བམ་དམར་པོའི་རིང་ལུགས་བོད་དུ་དར་ཁྱབ་འགྲོ་བཞིན་ཡོད་པ་ཤེས་ཐུབ།
དེར་མ་ཟད། ( མོས་པ་སོགས་མང་དུ་འདུག ) ཅེས་སོགས་སྒྲས། དམར་པོའི་ལྟ་བར་མོས་པ་ཡོད་པ་ཙམ་མ་ཟད་ལྐོག་ཏུ་ལས་འགུལ་ཆེ་ཆུང་འདྲ་མིན་སྤེལ་བཞིན་པ་ལྟ་བུ། གྲངས་ཀྱི་ཆའང་མི་རེ་ཟུང་མ་ཡིན་པར་མང་པོ་ཞིག་ཡོད་པ་གོ་ཐུབ་སྙམ།
ཡང་། འཕྲིན་ཡིག་གི་མཚམས་འདིར། དགེ་ཆོས་ཀྱིས་གཞན་ལ་དམར་པོའི་ལྟ་གྲུབ་བཤད་པ་དང་འགྲེལ་བརྗོད་བྱས་སྐོར་དངོས་ཤུགས་གཉིས་ཀར་མི་སྣང་བ་དང་། གལ་ཏེ་ཁོང་གིས་ཁྲིད་པ་དང་འགྲེལ་བརྗོད་བྱས་ཡོད་ཚེ་ཐརོ་ས་ཀེའི་ལུགས་ལ་མོས་པ་ཡོད་སྐོར་བཤད་པའི་མཚམས་སུ་འཇོར་རྗེ་ལ་ནང་མོལ་གྱི་ཚུལ་དུ། ཁོང་གིས་ཀྱང་དམར་པོའི་ལྟ་བ་ལ་མོས་པ་ཡོད་མཁན་ཚོར་དམར་པོའི་ལྟ་བའི་སྐོར་འགྲེལ་བརྗོད་བྱས་དང་བྱེད་བཞིན་ཡོད་སྐོར་བཤད་དགོས་པ་ལྟ་བུ་འདུག་སྟེ། འཇོར་རྗེའི་ལྟ་བ་ནི་དམར་པོའི་རིང་ལུགས་ཡིན་པ་ཡོངས་གྲགས་དང་། བཤད་པའི་ཚིག་མཚམས་ཀྱང་འཚམས་པོ་རེད་འདུག འོན་ཀྱང་དེ་འདྲ་ནི་དངོས་ཤུགས་གཉིས་ཀར་མི་མངོན་པས་དགེ་ཆོས་ཁོང་དམར་པོའི་ལྟ་བར་མོས་པ་མེད་པའི་ཚོར་སྣང་ཞིག་བྱུང་།
གཉིས་པ། ( འདིར་ཟླ་བ་གཅིག་ཙམ་གྱི་རིང་ལ་སྐུ་དྲག་སོ་སོའི་ནང་དུ་འབོད་མཁན་དང་། ངོ་མཚར་བའི་སྐད་ཆ་དྲི་མཁན་བར་མེད་དུ་བྱུང་། 6. 7 ཚད་བཞི་བ་ Fourth Dimension ལབ་སྟེ་ཐམས་ཅད་དགའ་བར་བྱས། ) ཞེས་པས ( Fourth Dimension ) ཞེས་པའི་ལྟ་གྲུབ་ལ་ཚད་བཞི་པའི་ལྟ་གྲུབ་ཅེས་བསྒྱུར་པ་དང་། ( Fourth Dimension ) ཚད་བཞི་པ་ཞེས་པའི་ལྟ་གྲུབ་དེ་ནི་དུས་སྐབས་དེར་ཧ་ཅང་གྲགས་པ་ཆེན་པོ་དང་། དེ་ཡང་དུས་རབས་བཅུ་བདུན་པའི་དཀྱིལ་ཙམ་དུ་ཧྥ་རན་སིའི་ལྟ་གྲུབ་སྨྲ་བ་རཱི་ཎི་ཡིས་ ( Rene Descartes) གསར་གཏོད་བྱས་པའི་ཚད་གསུམ་པ་སྟེ། རིང་ཚད། ཞེང་ཚད་དང་། མཐོ་ཚད་གསུམ་གྱིས་དངོས་པོའི་རང་བཞིན་ལ་འགྲེལ་བརྗོད་བྱེད་པའི་ལྟ་གྲུབ་ཅིག་དང་། དུས་རབས་བཅུ་དགུ་པའི་ནང་འཇར་མན་གྱི་ལྟ་གྲུབ་སྨྲ་བ་མཱུ་བྷི་སིས་( Mobius August Ferdinand ) ཚད་གསུམ་པའི་ལྟ་གྲུབ་ཐོག་དུས་སམ་ནམ་མཁའི་རྣམ་གཞག་བསྣན་ནས་ཚད་བཞི་པའི་ལྟ་གྲུབ་གསར་གཏོད་བྱས་འདུག
ཕལ་ཆེར་དགེ་ཆོས་ཀྱིས་ཚད་བཞི་པའི་ལྟ་གྲུབ་དང་སངས་རྒྱས་པའི་གཞུང་ནས་བྱུང་བའི་དུས་དང་ནམ་མཁའི་རྣམ་གཞག་གཉིས་ཕན་ཚུན་མཚུངས་བསྡུར་གྱིས་འགྲེལ་བརྗོད་བྱས་པས་སྐུ་དྲག་རྣམས་དགའ་བོ་བྱུང་ཡོད་ཚོད་འདུག
ཨུ་རུ་སུའི་བུད་མེད་བ་ལ་བི་ཀ་སོགས་ཀྱིས་གསར་དུ་བཏོད་པའི་ཆོས་ལུགས་ཀྱི་ལྟ་གྲུབ་དང་། མཱུ་བྷི་སིས་གསར་དུ་བཏོད་པའི་ཚན་རིག་དང་འབྲེལ་བའི་ལྟ་གྲུབ་རྣམས་དུས་སྐབས་དེར་བོད་སྐད་དུ་འགྲེལ་བརྗོད་བྱས་ནས་སྐུ་དྲག་མང་པོ་དང་དོན་གཉེར་ཅན་མང་པོར་དགའ་མོས་སྐྱེ་བཅུག་པར་གཞིགས་ཚེ་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་དུ་བཞུགས་སྐབས་ཆོས་ལུགས་དང་ཚན་རིག་གི་ལྟ་གྲུབ་འདྲ་མིན་ལ་དོ་སྣང་དང་སློབ་སྦྱོང་ཤུགས་ཆེ་གནང་བའི་རྣམ་པ་འདུག
- མཁས་དབང་ངྷི:ཙ་དགེ་འདུན་ཆོས་འཕེལ་དང་མཇལ་སྐབས་ཀྱི་གླེང་མོ་ལས། ལྷ་སར་ཕེབས་འཕྲལ་ནས་བཟུང་། གཞུང་ཞབས་སྐྱ་སེར་དང་དགེ་བཤེས། རིག་གནས་ལ་དོན་གཉེར་ཡོད་ཟེར་བ་ཚོ་དགེ་ཆོས་རིན་པོ་ཆེ་མཇལ་ས་ཨེ་རག་ལྟ་བྱས་ཏེ། དཔེ་འཁྲིད་གནང་རྒྱུ་ལ་ཡང་དུས་ཚོད་ལྡེང་མིན་ལྟ་བུ་བྱུང་སོང་བ། ཞེས་འབྱུང་། བཀྲས་མཐོང་རཀ་ར་ཐུབ་བསྟན་ཆོས་དར་གྱིས་བརྩམས། ཤོག་གྲངས། ༦༤ བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ། ༢༠༠༠
- དགེ་ཆོས་ལྷ་སར་འབྱོར་འཕྲལ་ཁོང་གི་ཡོན་ཏན་གྱི་མཚན་སྙན་དང་ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་ཆེད་སྐུ་དྲག་དང་མི་དྲག་མང་པོས་མགྲོན་འབོད་བྱས་ཀྱང་། ཕྱིས་སུ་བཙོན་དུ་ཚུད་པ་དང་བཙོན་གྲོལ་རྗེས། སྔར་གྱི་སྐུ་དྲག་དང་མི་དྲག་རྣམས་མཐོང་སར་མེད་ཅིང་། རོགས་རམ་བྱེད་མཁན་ནི་དེ་བས་མེད་པར་བརྟེན།
དགེ་ཆོས་ཀྱིས། དགའ་བར་མཐོང་ཚེ་དྲུང་དུ་འདུད་བྱེད་ཅིང་། །སྡུག་པར་མཐོང་ཚེ་རྒྱང་ནས་ཡིབ་བྱེད་པ། །ཕལ་པའི་སྐྱེ་བ་ཀུན་གྱི་ཆོས་ཉིད་འདི། །སྔ་མོའི་དུས་ནས་ཁོ་བོས་ཤེས་པ་ལགས། །འབྱོར་པར་མཐོང་ཚེ་དྲུང་དུ་འདུས་བྱེད་ཅིང་། །རྒུད་པར་མཐོང་ཚེ་རྒྱང་ནས་ཡིབ་བྱེད་པ། །ཕལ་པའི་སྐྱེ་བོ་ཀུན་གྱི་ཆོས་ཉིད་འདི། །སྔ་མོའི་དུས་ནས་ཁོ་བོས་ཤེས་པ་ལགས། །
གསུམ་པ། ( ཁྱེད་རང་བརྒྱུད་ནས་ཨ་མདོ་ནས་རྒྱལ་སྲས་ནས་བཏང་བའི་ཡི་གེ་འབྱོར་བ་ཐུགས་རྗེ་ཆེ།) ཞེས་པས་ཨ་མདོ་ནས་རྒྱལ་སྲས་ཞེས་པའི་སྐྱེས་བུ་ཞིག་གིས་རྒྱ་གར་དུ་གནས་བཞུགས་འཇོར་རྗེར་དགེ་ཆོས་ལ་སྤྲོད་རྒྱུའི་འཕྲིན་ཡིག་ཅིག་བསྐུར་བ། དེ་རྗེས་རྒྱ་གར་ནས་འཇོར་རྗེས་སྦྲག་ཐོག་དང་ལག་ཐོག་གང་རུང་བརྒྱུད་ནས་ལྷ་སར་བསྐུར་བ་དགེ་ཆོས་ཁོང་གི་ཕྱག་ཏུ་འབྱོར་བར་ཐུགས་རྗེ་ཆེ་ཞེས་ཞུས་འདུག་པས། དུས་སྐབས་དེར་ཨ་མདོ་ནས་ཐད་ཀར་དབུས་ལ་སྦྲག་ཟམ་མེད་པ་ཡིན་ནམ། ཡང་ན། རྒྱ་ནག་དང་རྒྱ་གར་བརྒྱུད་འཕྲིན་བཏང་ཚེ་ལྷ་སར་མགྱོགས་པར་འབྱོར་བའི་རྒྱུ་མཚན་གྱིས་རེད་ཡིན་ནམ་ངེས་པ་ནི་མ་རྙེད་དོ། །
ཡང་། རྒྱལ་སྲས་ཞེས་པའི་སྐྱེས་བུ་དེ་སུ་ཞིག་ཡིན་མིན་དང་དགེ་ཆོས་དང་འབྲེལ་བ་ཅི་ཞིག་ཡོད་མེད་ཀྱང་ཞིབ་འཇུག་བྱེད་དགོས་འདུག
འཕྲིན་ཡིག་དེའི་ནང་དུ། དགེ་ཆོས་ལ་འབྲེལ་ཡོད་མི་སྣ་དགུའི་མིང་དངོས་སུ་སྨོས་འདུག་པ་ནི།
༡ འཇོར་རྗེ། ( George Nicholas Roerich 1902-1960) དགེ་ཆོས་དང་དངོས་སུ་འབྲེལ་བ་ཡོད་པ་དང་། ལྷན་དུ་དེབ་སྔོན་དབྱིན་བསྒྱུར་དང་། དབྱིན་ཡིག་ཏུ་སྟོང་ཉིད་སྐོར་གྱི་དཔེ་ཆ་གསར་དུ་བརྩམས།
༢ བ་ལ་བི་ཀ། ( Helena Petrovna Blavatsky 1831-1891) དགེ་ཆོས་དང་དངོས་སུ་འབྲེལ་བ་བྱུང་མེད།
༣ ཨུ་སུ་པིཎཀི། ( Peter D.Ouspensky 1878-1947) དགེ་ཆོས་དང་དངོས་སུ་འབྲེལ་བ་བྱུང་མེད།
༤ བྷར་ནད། ( Theos Bernard 1908-1947 ) དགེ་ཆོས་དངོས་སུ་འབྲེལ་བ་བྱུང་ནས། ཨ་རིར་བཀའ་བསྟན་དབྱིན་བསྒྱུར་ཆེད་མགྲོན་འབོད་གནང་མཁན།
༥ དགེ་བཤེས་ཆོས་གྲགས། ( 1898-1972 )དགེ་ཆོས་དང་ཆོས་གྲོགས་ཡིན།
༦ ཚ་རོང་། ( 1888-1969) དགེ་ཆོས་དང་དངོས་སུ་འབྲེལ་བ་བྱུང་ཡོད་ཚོད་འདུག་ཀྱང་། ཁུངས་ལྡན་གྱི་ཡིག་ཆ་མ་རྙེད།
༧ དྷརྨ་རཱ་ཐཱ་ནཱ། ( Dharma Ratna1915-1975) དགེ་ཆོས་དང་དངོས་སུ་འབྲེལ་བ་བྱུང་མེད།
༨ ཐརོ་སོ་ཀེ། ( Leon Trotsky 1879-1940) དགེ་ཆོས་དང་དངོས་སུ་འབྲེལ་བ་བྱུང་མེད།
༩ རྒྱལ་སྲས། དགེ་ཆོས་དང་དངོས་སུ་འབྲེལ་བ་ཡོད་ཀྱང་སུ་ཡིན་མིན་ད་དུང་རྩད་མ་ཆོད་དོ།
གཞན་ཡང་། གསར་བུ་རྣམས་ཀྱིས་འཕྲིན་ཡིག་ཕྱག་བསྟར་མ་འདི་ལས་སྟབས་བདེའི་འཕྲིན་ཡིག་གཏོང་ཚུལ། ཚུགས་མ་འཁྱུག་དང་། བསྐུངས་ཡིག་དང་། ས་ཡིག་འབྲི་སྲོལ་སོགས་དང་། དེང་སང་( Address ) ལ་ཁ་བྱང་ཞེས་བེད་སྤྱོད་གཏོང་བཞིན་ཡོད་ཀྱང་། དགེ་ཆོས་ཁོང་གིས་ཁ་ཡིག་ཅེས་བྲིས་པ་སོགས་ཕྱོགས་མང་པོ་ནས་བློ་སྐྱེད་ཇི་སྙེད་ཅིག་ལེན་རྒྱུ་འདུག་སྙམ།
དགེ་ཆོས་ཀྱི་བརྩམས་ཆོས་གསར་པ། དགེ་ཆོས་ཀྱི་འཕྲིན་ཡིག་ཕྱག་བསྟར་མ་ལས་འཕྲོས་པའི་གཏམ་ཞེས་ཞེས་པའི་རྩོམ་ཐུང་འདི་ཁྱིམ་སྡོད་བཀའ་རྒྱའི་སྐབས། སྔར་གྱི་ཟིན་ཐོར་སྣོན་འཕྲི་གང་དགོས་དང་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༦ ཉིན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་རང་ཤག་བདེ་བའི་ཞིང་ནས་མཇུག་བསྡུས་སོ། །
སྨྲས་པ།
མལ་དུ་དཔྱད་པས་མི་ཤེས་གསུངས་པའི་གཏམ། །
བདེན་པའི་ཚིག་ཏུ་བཀུར་བཞིན་རང་ཤག་ཏུ།།
གང་ཤར་ཀུན་རྟོག་རི་མོར་ཕབ་པ་ལ།།
རིག་པའི་དབང་ཕྱུག་དགེ་ཆོས་མི་དགྱེས་མོད། །
དེ་ལྟ་ན་ཡང་གང་གི་རྣམ་དཔྱོད་ལས། །
ཉེར་འཁྲུངས་ལེགས་བཤད་རིག་པའི་ནོར་བུ་ཞིག །
ཐབས་ཀྱིས་འཚོལ་བར་འབད་པ་བསྟེན་ལུགས་འདིས། །
དྲན་དབང་དགེ་ཆོས་མི་མགུ་ཅི་ལ་སྲིད། །
མཁས་པ་མཁས་པར་མི་ཤེས་བླུན་པོའི་ལུགས།
དྲིན་ཅན་དྲིན་དུ་མི་ཤེས་ཁྲེལ་མེད་ལུགས། །
རིང་དུ་སྤངས་ཏེ་རིག་པའི་དབང་པོ་ཡི། །
བྱས་པ་རྗེས་སུ་དྲན་ལ་མི་གུས་སུ། །
དགེ་ཆོས་ཀྱི་སྟོང་ཉིད་སྐོར་གྱི་བརྩམ་ཆོས་ཨིན་ཡིག་ཏུ་བྲིས་པ་དེ་རྙེད་ན་ཧ་ཅང་བཟང་མོད། མི་མགོ་བདེ་འགས་རང་ཉིད་ཀྱི་ལྟ་བ་དང་མཐུན་པའི་སྟོང་ཉིད་ཀྱི་བཤད་པ་ཞིག་བྲིས་ཏེ་དགེ་ཆོས་དེ་རྙེད་ཡོད་མདོག་བྱེད་སྲིད།
གཅིག་བྱས་ན། དགེ་ཆོས་བརྩམས་པའམ། བསྒྱུར་བའི་སྟོང་ཉིད་སྐོར་གྱི་དཔེ་ཆ་དེ། སུ་ཞིག་གིས་རང་ཉིད་ཀྱིས་བརྩམས་པའམ། བསྒྱུར་བ་ཡིན་མདོག་གིས། དཔེ་སྐྲུན་བྱས་ཚར་ཡོད་ཀྱང་སྲིད།
བཀྲ་ཤིས་བདེ་ལེགས།
ངས་དཔྱད་ན་ཕལ་ཆེར་འཇོར་རྗེའི་( George Nicholas Roerich 1902-1960) རང་ཁྱིམ་དུ་རང་འགར་ལྷག་འདུག་སྙམ། དེ་ལ་ཐབས་དང་དཔལ་འབྱོར་གཉིས་ཀར་དགོས།
Why no dates on your journal, and for the Gechoe article by Alak Jetrul?
Sorry Tibetan on my computer is not easy. Iphone is best.
Many thanks
Dezang
Tashi delek Dezang la,
I wrote this article last year ( 2020/April 26 ) , U probably know theme of this journal , one of main theme is “ We came to knew from letter which Gechoe sent to George from Lhasa in 1945/8/25 , that Gechoe n George Roerich wrote a English book on Emptiness” and this is new topic in Tibetan society ,
Do u have any clue where we could find that book ? If we found that book then its will open new chapter on Gechoe , Thank from Alak Jaytul
མཁས་པ་འདི་བཞིན་ས་ཡི་ཐེག་དཀའ་མོད།།
གངས་ཅན་པ་ལ་མཁོ་བ་མེད་པ་སྙམ།།
ཞེན་པའི་ཆོས་འདིས་ཁྱི་ཡང་མི་རིན་ཡང་།།
རྟེན་བཟང་ཕལ་གྱིས་ད་དུང་ངན་མོད་ཟེར།།
སྟོང་ཉིད་སྐོར་གྱི་དཔེ་ཆ་འདི་ཕལ་ཆེར་ཀླུ་སྒྲུབ་དགོངས་རྒྱན་དབྱིན་འགྱུར་མ་ཞིག་ཡིན་ངེས། རྒྱུ་མཚན་ནི་ཀླུ་དགོངས་དེང་རབས་རྩོམ་སྲོལ་ལྟ་བུར་བརྩམས་འདུག་པས། དགེ་ཆོས་ལ་མཚོན་ན་དབྱིན་སྒྱུར་ཧ་ཅང་ལས་སླ་བོ་འདུག་ག
གལ་སྲིད་ཀླུ་སྒྲུབ་དགོངས་རྒྱན་དེ་དགེ་ཆོས་ཀྱིས་དབྱིན་བསྒྱུར་བྱས་པའི་བདེན་རྟགས་གསལ་བོ་ཞིག་རྙེད་ཚེ། ཁོང་གི་མཐར་ཐུག་གི་ལྟ་སྒོམ་སྤྱོད་གསུམ་གང་ཡིན་ཤེས་ཐུབ། ཡིན་ནའང་། དགོངས་རྒྱན་གྱི་མཆོད་བརྗོད་དང་མཇུག་བྱང་སོགས་ལ་བལྟས་ཚེ་དབྱིན་བསྒྱུར་ཡིན་པའི་སྐོར་ཟུར་ཙམ་ཡང་མི་འདུག དེར་མ་ཟད། དེ་ལྟར་ཡིན་ཚེ་ཁོང་གིས་དབྱིན་ཡིག་ཏུ་བྲིས་པའི་རྩོམ་དེབ་ཀྱི་སྐོར་དགོངས་རྒྱན་གྱི་དངོས་ཤུགས་གང་རུང་དུ་བཤད་ངེས་ཡིན་དགོས་སྙམ།
གོང་གི་དགེ་ཆོས་ཀྱི་འཕྲིན་ཡིག་དེའང་ལོ་ཤས་གོང་Heather ལགས་ཀྱིས་རུ་སུ་ནས་རག་སྐོར་གོ་ཐོས་བྱུང་བས། དགེ་ཆོས་ཀྱི་དབྱིན་ཡིག་གི་དཔེ་དེབ་འདིའང་རུ་སུ་ནས་རག་སྲིད་སྙམ་སྟེ། འཇོར་རྗིའི་George ཚེ་མཇུག་རུ་སུར་བསྐྱལ་འདུག
ཨ་ལགས་རྗེ་སྤྲུལ་ལགས། བཀྲིན་ཆེ། དཔེ་སྙན་པོ་བྱུང་། བློ་སྐྱེད་ཡང་ཐོབ་བྱུང་།
ལགསོ། རྒྱལ་སྲས་ནི་དགུ་རོང་རྒྱལ་སྲས་ཡིན་རྒྱུ་རེད། དགེ་ཆོས་ཀྱི་སྟོང་ཉིད་ཀྱི་དཔེ་ཆ་དེ་ཁོས་རིག་གསར་དང་ཡུལ་དུས་ཀྱི་རྣམ་གཞག་སོགས་ཕྱིའི་གཞུང་དང་ནང་བའི་ལྟ་གྲུབ་ཚང་མ་ཕར་དཔྱད་ཚུར་དཔྱད་ཀྱིས་ཁོང་གི་ལྟ་གྲུབ་ལེགས་བཤད་ཕལ་ཚིག་གིས་བཤད་པ་གཞན་དེས་དབྱིན་ཡིག་ལ་བསྒྱུར་བ་ཞིག་ཡིན་ངེས། དེ་རྙེད་ཐུབ་ན་ཧ་ལས་ཡག་པོ་རེད། བཀའ་དྲིན་ཆེ།🌻🌻🌻