དགོན་པའི་དཔལ་འབྱོར་སྐོར་གླེང་བ།

2
1075

ཐོག་མའི་གླེང་མོལ།

དེ་ཡང་རང་རེ་བོད་ལ་མཚོན་ན་ནང་པའི་ཆོས་ལུགས་ནི་མི་རིགས་རང་གི་གཅེས་ནོར་ཞིག་གམ་རིན་ཐང་ཆེ་བའི་རིག་གཞུང་ཞིག་ཡིན་པས། རིག་གཞུང་དེ་གཅེས་སྤྲས་བྱེད་སྟངས་ཀྱང་ཡང་དག་པ་ཞིག་དགོས་སྟབས། སྤྱི་ཚོགས་ཀྱི་འགྱུར་བ་གནམ་ས་སློག་པ་ལྟ་བུ་ཞིག་བྱུང་བའི་སྐབས་འདིར། ང་ཚོའི་ངོས་ནས་ནང་པའི་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་སྟངས་ཐད། ཡང་དག་པའི་ཞིབ་འཇུག་བྱས་ཏེ་མུ་མཐུད་སྤྱི་ཚོགས་རྙིང་པའི་ལམ་ལུགས་སྲོལ་ཞིག་ལ་འཐམ་ནས་མི་སྡོད་པར་ཡུལ་དུས་སྤྱི་ཚོགས་ཀྱི་གནས་ཚུལ་དང་འཚམ་པའི་བཟང་ཕྱོགས་ཀྱི་ལམ་ཁ་ཞིག་འཚོལ་རྒྱུ་གལ་ཆེ་བ་སྨོས་ཅི་དགོས།

དེས་ན་ནང་པའི་ཆོས་ལུགས་དར་སྤེལ་དང་རྒྱུན་འཛིན་ཡང་དག་ཐུབ་མིན་གྱི་འགན་གཙོ་བོ་དགོན་པའི་མི་སྣ་ལ་ཡོད་སྟབས། དགོན་པའི་མི་སྣ་སྤུས་ཀ་ཡག་པོ་དང་དགོན་པའི་མི་སྣའི་འཚོ་བའི་འགན་སྲུང་མི་སེར་གྱིས་འཁུར་མི་དགོས་པར་རང་འཚོ་རང་སྒྲུབ་ཡོང་ཐབས་ལ་འབད་རྒྱུ་འདི་གཉིས་དེང་གི་སྤྱི་ཚོགས་ནང་ཆོས་ལུགས་རྒྱུན་འཛིན་ཐུབ་ཐབས་དང་། ཆོས་ལུགས་མི་སྣའི་རྐང་པ་བརྟན་པོ་འཛུགས་ཐུབ་པའི་ཆ་རྐྱེན་གཙོ་བོ་ཡིན་པས་འདིར་དགོན་པའི་མི་སྣའི་འཚོ་བའི་གནད་དོན་སྐོར་ནས་ཞིབ་འཇུག་ཅུང་ཙམ་བྱས་པའི་སྙན་ཞུ་འདི་བརྗོད་གཞིའི་གནད་དོན་དང་འབྲེལ་ཡོད་ཡིན་པའི་ལྷན་རྒྱས་ཚོར་དགོངས་པའི་དཔྱད་གཞི་ཙམ་དུ་འབུལ་རྒྱུ་ཡིན། ​

དེ་ཡང་ད་ལྟའི་དགོན་པ་ཁག་གི་དཔལ་འབྱོར་གནས་ཚུལ་ལ་ལེགས་བཅོས་དགོས་སྐོར་བཤད་ཚེ་དེ་སྔའི་དགོན་པ་ཁག་གི་དཔལ་འབྱོར་ལམ་ལུགས་གང་འདྲ་ཡིན་མིན་གྱི་གནས་ཚུལ་དང་། རྗེས་སུ་འགྱུར་བ་ཇི་འདྲ་གཏོང་དགོས་མིན་གྱི་བསམ་འཆར་བཅས་སྔ་ཕྱིའི་གནས་ཚུལ་དང་གནད་ཀ་མང་པོ་ཞིག་ལ་ཞིབ་འཇུག་བྱེད་དགོས་པས་འདིར་དོན་ཚན་བཞིའི་སྒོ་ནས་དཔྱད་ཞིབ་བྱས་པ་ཡིན་ནོ།།

དང་པོ། རྒྱ་གར་ནང་པའི་དགོན་སྡེའི་དཔལ་འབྱོར་གནས་ཚུལ།

རང་རེ་བོད་ཀྱི་དགོན་པའི་དཔལ་འབྱོར་གནས་ཚུལ་བཤད་ཚེ། དེ་དང་འབྲེལ་བའི་ནང་པའི་ཆོས་ལུགས་ཐོག་མ་དར་སའི་ཡུལ་གྱི་དགོན་པའི་དཔལ་འབྱོར་གནས་ཚུལ་ཡང་ཤེས་གལ་ཆེ་བར་བརྟེན། འདིར་བོད་ཀྱི་དགོན་སྡེ་ཁག་གི་དཔལ་འབྱོར་ལམ་ལུགས་ཀྱི་མིག་དཔེ་ལྟ་ཡུལ་དུ་གྱུར་པ། སྔ་མོའི་རྒྱ་གར་གྱི་ནང་པའི་དགོན་པའི་དཔལ་འབྱོར་གནས་ཚུལ་གང་འདྲ་ཡོད་མེད་ཤོད་དགོས་ཀྱི་འདུག་སྙམ།

ཕྱི་ལོའི་སྔོན་གྱི་ལོ་ ༥༦༥ པ་ལ་གནའ་དུས་འཛམ་གླིང་གི་ཤེས་རིག་འབྱུང་གནས་བཞི་བརྩི་བའི་ཡ་གྱལ་ཤར་གླིང་ཧིན་དྷིའམ་རང་རེས་རྒྱ་གར་དང་། འཕགས་ཡུལ་དུ་འབོད་པའི་རྒྱལ་ཁབ་འདིར་སྐུ་འཁྲུངས་པའི་རྒྱལ་བུ་གོའུ་ཏ་མས་བགྲང་བྱ་མང་པོའི་རིང་དཀའ་སྤྱད་སྡུག་རུས་ཀྱིས་མཐར་དགུང་ལོ་སོ་བདུན་སྟེང་རླབས་ཆེན་གྱི་ཆོས་ལུགས་ཤིག་གསར་བཏོད་བྱས་ཏེ་རིམ་གྱིས་ཆོས་མང་དུ་གསུངས་པ་དང་། སློབ་མའི་ཚོགས་ཀྱང་ཆེས་ཆེར་འཕེལ་ནས་གྲོང་ལས་ལོགས་སུ་དགོན་པ་དར་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཚོས་དགོན་པ་ནས་ཆོས་ལ་སློབ་སྦྱོང་དང་འཚོ་བའང་རྒྱལ་པོ་དང་གྲོང་གི་བསོད་སྙོམས་ལ་བརྟེན་ནས་གནས་ཡོད་པ་ཞིག་ཡིན་འདུག

​སངས་རྒྱས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་ཆོས་བྱེད་སྡེ་ཁག་ལྔ་[1]ཚུལ་དུང་དཀར་རིན་པོ་ཆེས་འདུལ་བ་ལུང་གཞིའི་གནས་མལ་གྱི་གཞིའི་སྐབས་སུ་གསལ་ཚུལ་གསུང་གནང་འདུག གང་ལྟར་སངས་རྒྱས་ཞལ་བཞུགས་པའི་དུས་སྐབས་འདི་འདྲའི་ནང་ནང་པ་སངས་རྒྱས་པ་རང་གི་རབ་བྱུང་གྲངས་གཅིག་སྟོང་ཡས་མས་ལས་མེད་ན་ཡང་།[2] སངས་རྒྱས་མྱ་ངན་ལས་འདའ་ཁར་རབ་བྱུང་ཁྲི་ཁ་ཤས་ཡོད་པ་ཚང་མའི་ཉིན་རེའི་འཚོ་བ་བསོད་སྙོམས་ལ་བརྟེན་དགོས་པ་ཡིན་འདུག དེས་ན་སངས་རྒྱས་ཞལ་བཞུགས་པའི་སྐབས་ཀྱི་རབ་བྱུང་ཚོའི་འཚོ་བ་ལེགས་པོ་ཡོད་པ་ནི། སྐབས་དེའི་རབ་བྱུང་གི་གྲངས་ཀ་དང་ལྷ་འབངས་དུད་ཁྱིམ་གྱི་གྲངས་ཚད་གཉིས་མཉམ་གཞལ་བྱས་ཚེ་གསལ་པོ་ཤེས་ཐུབ་པ་ལྟ་བུ་རེད།

དཔེར་ན། དང་ཐོག་རབ་བྱུང་གྲངས་གཅིག་སྟོང་ལྷག་ཙམ་ཡོད་པ་དེ། རྒྱལ་བྱེད་ཚལ་སོགས་ཆོས་བྱེད་སྡེ་ཁག་བཞིར་བགོས་ན། སྡེ་ཁག་རེ་ལ་རབ་བྱུང་གྲངས་ཉིས་བརྒྱ་ལྔ་བཅུ་ཡས་མས་ལས་མེད་ན་ཡང་ལྷ་འབངས་རྒྱལ་བྱེད་ཚལ་གཅིག་པུར་དུད་ཁྱིམ་ལྔ་བརྒྱ་ཡོད་ཚུལ་གྱིས་ལེགས་རྟོགས་ཐུབ་ངེས་ཤིག་འདུག འོན་ཀྱང་རབ་བྱུང་སྒེར་སོ་སོར་དེང་དུས་ལྟར་རྒྱུ་བཅའ་དངོས་མང་པོ་མེད་པ་ནི་ནང་པའི་ཆོས་ལུགས་ཀྱི་འདུལ་ཁྲིམས་ནང་འཚོ་བའི་ཡོ་བྱད་སྣ་བཅུ་གསུམ་དེ་དག་[3]ངེས་པར་ཚང་དགོས་པ་ལས་དེའི་ཡན་རང་དོན་དུ་ཉར་འཇོག་བྱེད་མི་ཆོག་པའི་བཅས་པ་ཡོད་པས་རབ་བྱུང་སྒེར་སོ་སོར་དཔལ་འབྱོར་ཆེན་པོ་མེད་པ་རེད། ཡིན་ན་ཡང་དགེ་འདུན་པའི་སྤྱི་རྫས་ཐད་དེ་ཙམ་ཆོག་ཤེས་བྱེད་མི་དགོས་པར། སྤྱི་རྫས་རང་གི་ཆེད་དུ་ཚོང་ལས་བྱེད་པ་དང་བུ་ལོན་ལེན་པ་སྐྱེད་ཁ་དང་གཏའ་མ་ལེན་པ་སོགས་གནང་རུང་བ་ནི། འདུལ་བའི་དགོངས་པ་ཡིན་པ་འདུལ་གཞུང་དུ་མ་དང་དུང་དཀར་རིན་པོ་ཆེའི་གསུང་རྩོམ་སོགས་སུ་གསལ་བོར་གསུངས་གནང་ཡོད།

འོན་ཀྱང་སྤྱི་བའི་ཆེད་དུ་ཚོང་ལས་སོགས་གཉེར་མཁན་ནི། རང་ལོ་ཉི་ཤུ་མ་ཟིན་པའི་དགེ་ཚུལ་དང་དགེ་བསྙེན་མ་མ་གཏོགས་དགེ་སློང་གིས་ལས་བྱ་འདི་རིགས་གནང་ཆོག་གི་མེད་པ་རེད། ཡང་དགོན་པ་དེ་སོ་སོར་དཔལ་འབྱོར་གང་ཡོད་བེད་སྤྱོད་གཏོང་ཡུལ་རིགས་མི་འདྲ་བ་བཞི་ཡོད་པ་ནི།

​༡ སྐུ་གསུང་ཐུགས་རྟེན་བཞེངས་བྱེད་ཀྱི་གྲས། ༢༽ ལྷ་ཁང་དང་གནས་ཁང་གསར་བཞེངས་དང་ཞིག་གསོ་གཏོང་བྱེད་ཀྱི་གྲས། ༣༽ དགེ་འདུན་པའི་སྤྱི་རྫས་སུ་བཞག་ནས་བགོ་བཤའ་རྒྱག་མི་ཆོག་པའི་གྲས། འདི་ནི་དཀའ་ངལ་བྱུང་ན་མ་གཏོགས་བེད་སྤྱོད་མི་བྱེད་རྒྱུ་ཞིག་ཡིན་འདུག ༤༽མང་ཉུང་གང་ཡོད་དགེ་འདུན་སོ་སོར་བགོ་བཤའ་གནང་རྒྱུའི་གྲས་བཅས་ཡོད་ཚུལ་འདུག

གང་ལྟར་དེ་ལྟའི་དུས་རིམ་གང་འཚམ་བརྒྱུད་པའི་རྗེས་ཕྱི་ལོ་བརྒྱ་ཕྲག་བདུན་པའི་མགོར་དེང་གི་དཀྱིལ་ཤར་ཡུལ་གྲུ་སྟེ་ཨ་རབ་ནས་ཁ་ཆེའི་ཆོས་ལུགས་དར་མགོ་ཚུགས་ཏེ་ག་ལེར་རིམ་མཆེད་བྱུང་བས་རྒྱ་གར་གྱི་ནང་པའི་དགོན་པ་མང་པོའི་ལྷ་ཁང་གཏོར་བཤིག་དང་ལྷ་འབངས་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་སྟབས། ནང་པའི་དགོན་པ་དེ་དག་གནས་ཡུལ་བརྗེ་སྤོར་གྱིས་དེ་སྔ་རྒྱ་གར་ནུབ་བྱང་དང་དབུས་ཁུལ་དུ་ཡོད་པ་ནས་ཤར་ཕྱོགས་དང་། ལྷོ་ཕྱོགས་སུ་གནས་བཞུགས་བྱས་པ་དང་། འཚོ་བའི་མཐུན་རྐྱེན་ཡང་དེ་སྔའི་བསོད་སྙོམས་གནས་སྟངས་ལས་བསྒྱུར་ནས་ནང་པའི་ཆོས་ལུགས་ལ་དད་པའི་རྒྱལ་བློན་དང་ཁྱིམ་བདག་ཆེན་པོ་རྣམས་ཀྱིས་རབ་བྱུང་ཚོར་མཆོད་གཞིས་ལ་ཞིང་དང་། ཕྱུགས་རིགས། འབྲོག་ཐང་། ལྷ་འབངས་བཅས་ཟུར་དུ་ཕུལ་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

དུས་སྐབས་དེ་ནི་ནང་པའི་ཆོས་ལུགས་པ་རྣམས་ཀྱིས་རང་ཁ་རང་གསོའི་ལས་རིགས་ཆེད་གཉེར་བྱས་པའི་ལོ་རྒྱུས་ཀྱི་དབུ་བསླངས་པའང་རེད་ལ། དུས་སྐབས་དེ་ནི་ནང་པའི་དགོན་པའི་དཔལ་འབྱོར་ལམ་ལུགས་ལ་འགྱུར་ལྡོག་དང་མདུན་བསྐྱོད་བྱས་ཐེངས་ཀྱང་དང་པོ་རེད། དེ་ལྟར་དུས་རབས་པ་ལྔ་དང་དྲུག་པའི་སྐབས་སུ་རྒྱ་གར་ནང་རབ་བྱུང་ས་ཡ་གཉིས་ལྷག་བྱུང་། ནང་ཆོས་དར་ནས་ད་བར་རྒྱལ་ཁབ་གཅིག་གི་ནང་འདི་འདྲའི་རབ་བྱུང་མང་པོ་བྱུང་བ་ཐོག་མ་འདི་ཡིན་ཚོད་རེད། དེ་ཚོ་ཚང་མ་ནང་པའི་ཆོས་ལུགས་ལ་དད་པ་ཡོད་པའི་རྒྱལ་བློན་དང་ཁྱིམ་བདག་འབྱོར་ལྡན་བཅས་ནས་གནང་བའི་བསོད་སྙོམས་ལ་བརྟེན་པའི་ལུགས་སྲོལ་ཡོད་པ་དེར་གནས་མ་ཐུབ་པར་གོང་ཞུས་གནས་ཚུལ་གྱི་རྐྱེན་པས་དགོན་པ་མང་པོ་ཞིག་རང་འཚོ་རང་སྒྲུབ་ཅན་དུ་གྱུར་པའི་གནས་ཚུལ་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་། རྒྱའི་བཙུན་པ་ཐང་ཟན་ནམ་ཞན་ཙང་སློབ་དཔོན་རྒྱ་གར་དུ་ཕེབས་པའི་ལམ་ཡིག་ནང་གསལ་བོ་ཡོད་པ་རེད།

དེ་ཡང་ཟླ་གྲགས་རྣམ་ཐར་དུ། ཁོང་གིས་ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་ནས་ཐོག་མར་སློབ་སྦྱོང་གནང་སྐབས། དགེ་འདུན་པ་མང་པོ་ཞིག་གིས་ཟླ་བ་གྲགས་པའི་ནང་གི་དེ་ཉིད་མ་རྟོགས་པར་དམོད་པ་མང་པོ་བགྱིས་པས་སྡིག་པ་བསགས་སྟབས། ཁོང་གི་མཁན་པོ་ཟླ་བ་མགོན་པོས་ཐ་མལ་བ་དག་གི་ངག་ཞུ་ཞིང་སྣང་བ་དག་པའི་ཕྱིར། དཔལ་ལྡན་ཟླ་བ་གྲགས་པ་ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་གི་གཉེར་བར་བཞག་པ་ན། ཁོང་གིས་བ་ཕྱུགས་སོགས་ཀྱི་འོ་མ་མང་པོ་དགེ་འདུན་པར་དྲངས་ཤིང་། འདིའི་ཐད། དཔལ་ལྡན་ཟླ་བ་གྲགས་པ་ཡིས། རི་མོའི་བ་ལས་འོ་བཞོས་ནས། །དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། །ཟེར་བའང་ཡོད། གཉེར་ལས་ཐོན་མཚམས་འབྲས་སོགས་གང་མང་མང་དགེ་འདུན་པར་གཏད་ཡོད་པའི་ལོ་རྒྱུས་ཡོད་པ་དང་། ཐང་ཟན་གྱི་ལམ་ཡིག་ཏུ་ཁོང་ནཱ་ལནྡཱར་སླེབས་སྐབས་དགོན་པ་དེར་སྤྱིའི་ལྷ་འབངས་དུད་ཁྱིམ་བརྒྱ་ཙམ་དང་ས་ཞིང་ནོར་ཕྱུགས་སོགས་ཡོད་ཚུལ་གསལ་བོ་འཁོད་ཡོད་པ་ཞིག་རེད།

དེས་ན་སངས་རྒྱས་ཞལ་བཞུགས་པའི་དུས་ཀྱི་ནང་པའི་དགོན་པའི་དཔལ་འབྱོར་ལམ་སྲོལ་དང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ ༡༡༧༠ ལྷག་སོང་མཚམས་གཟོད་དར་བའི་དགོན་པའི་དཔལ་འབྱོར་ལམ་ལུགས་གཉིས་གཏན་ནས་མི་འདྲ་སྟེ། འདི་གཉིས་བར་སྔ་མ་རབ་བྱུང་ཚང་མ་གྲོང་ཁྱེར་གྱི་བསོད་སྙོམས་ལ་བརྟེན་ནས་ཉིན་རེའི་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ཕྱི་མ་འཚོ་བའི་འགན་ལེན་གང་ཡང་རང་ཁུར་བྱེད་དགོས་པ་འདི་རེད། དེ་ལྟའི་ལམ་ལུགས་དང་འགྱུར་ལྡོག་སོགས་ནི་བོད་ཀྱི་དགོན་པ་ཁག་གི་མིག་དཔེ་ལྟ་ས་ཞིག་ཡིན་ངེས་རེད་བསམ་གྱི་ཡོད་དོ།།


གཉིས་པ། དེ་སྔའི་བོད་ཀྱི་དགོན་པའི་དཔལ་འབྱོར་ལམ་ལུགས།

༡ བཙན་པོ་ཁག་གི་རིང་ལ་བྱུང་བའི་དགོན་པའི་དཔལ་འབྱོར་ལམ་ལུགས།

བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཡོངས་གྲགས་བཤད་སྟངས་ལྟར་ན། བོད་ཡུལ་དུ་དགོན་པ་དང་། སློབ་གྲྭ། ལྷ་ཁང་སོགས་སྲོང་བཙན་དུས་སྐབས་ནས་བཟུང་རིམ་པས་དར་རྒྱས་བྱུང་ཚུལ་གསུངས་པ་བཞིན་བོད་ཀྱི་དགོན་པའི་ཐོག་མ་དེའང་། སྲོང་བཙན་རྗེས་ནས་བྱུང་བ་ཡིན་སྟབས་སྲོང་བཙན་རང་གི་སྐུ་རིང་ངམ་དེའི་ཡར་སྔོན་དགོན་པའི་དཔལ་འབྱོར་གནས་ཚུལ་གང་འདྲ་ཡོད་མེད་ཤོད་སའི་གཞི་ཡོད་པ་མ་རེད།

དེ་འདྲ་ཡིན་དུས་བོད་ཀྱི་དགོན་པའི་དཔལ་འབྱོར་གནས་ཚུལ་ཤེས་འདོད་ཡོད་ཚེ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་གསར་སྐྲུན་བྱས་པའི་བོད་ཀྱི་དགོན་པའི་ཐོག་མ་བསམ་ཡས་ནས་མར་ལོ་རྒྱུས་འཚོལ་དགོས་པ་རེད། དེས་ན་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་གི་རིང་མཁན་སློབ་ཆོས་གསུམ་གྱི་ནུས་མཐུ་ཆིག་སྒྲིལ་གྱིས་བོད་ཀྱི་དགོན་པའི་ཐོག་མ་བསམ་ཡས་གསར་བཞེངས་མཛད་པ་དང་ཆབས་ཅིག་དགོན་པའི་མི་སྣ་ཚོའི་འཚོ་བའི་འགན་སྲུང་ཡང་རྒྱལ་པོ་རང་གིས་བགྱིས་ཏེ། བླའི་མཛོད་ནས་རབ་བྱུང་ཚོར་ཕོགས་ཐོབ་ཆེན་པོ་སྤྲོད་ཀྱི་ཡོད་པ་ལས་གཞན་རབ་བྱུང་ཚོར་གཞིས་ཀ་དང་བསོད་སྙོམས་སློང་ཡུལ་དེ་འདྲ་ནི་མེད་ཚོད་རེད།

དེའང་སྤྱིར་བོད་དུ་སྲོང་བཙན་སྐུ་རིང་ནས་ནང་པའི་ཆོས་ལུགས་དར་རབས་ཤིག་ཡོད་ནའང་། དེ་ནི་ཆོས་ཚན་འགའ་བོད་སྐད་དུ་བསྒྱུར་བ་དང་ལྷ་ཁང་འགའ་གསར་བཞེངས། ​རྒྱ་ནག་དང་བལ་ཡུལ་བཅས་ནས་སྐུ་རྟེན་གདན་ཞུ་བྱས་པ་ལྟ་བུ་ལས། དོན་དམ་པའི་ཆོས་ཉམས་སུ་ལེན་པའི་རབ་བྱུང་གི་སྡེ་དང་འཆད་ཉན་དེ་འདྲ་མེད་སྟབས། བཙན་པོ་ཁྲི་སྲོང་སྐབས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་ཙམ་ཞིག་དར་ཐུབ་ཡོད་པ་མིན་ལ། རྒྱ་ལ་ཕྱིན་ཆད་དར་བར་གྱུར་ཀྱང་རབ་བྱུང་གི་སྡེ་མེད་པར་བསྟན་པ་འཛིན་སྐྱོང་མི་ནུས་སྙམ་སྟེ། བསམ་ཡས་གཙུག་ལག་ཁང་གསར་བཞེངས་དང་འབྲེལ་བོད་ཀྱི་རབ་བྱུང་གི་ཐོག་མ་སྦ་རཏྣས་ཐོག་དྲངས་སད་མི་མི་བདུན་རབ་ཏུ་བྱུང་སྟེ་ནང་ཆོས་འཆད་ཉན་དང་ཐོས་བསམ་བྱེད་པའི་དབུ་ཚུགས་པ་དང་། ག་ལེར་རབ་བྱུང་མང་དུ་འཕེལ་བ་དེ་ཚང་མའི་འཚོ་བ་རྒྱལ་པོ་རང་ནས་སྦྱར་ཡོད་པ་རེད། དེ་ནས་རྒྱལ་པོས་འདི་སྐད་དུ། ཤཱཀྱ་ཐུབ་པའི་བསྟན་པ་བསྒྲུབ་པར་བྱེད་ན་རབ་ཏུ་འབྱུང་དགོས་པ་ཡིན་པས། ད་བཙུན་མོ་(བུ་མོ་)སྲིད་མ་ཟིན་པ་དང་། ཞང་བློན་གྱི་བུ་ཚ་དད་པ་ཅན་ཐམས་ཅད་རབ་ཏུ་བྱུང་ཞིག་ཅེས་གསུངས་པར། བློན་པོ་རྣམས་ཀྱིས་རབ་ཏུ་བྱུང་ན་འཚོ་བ་མེད་དོ་ཞེས་བཤད་པ་ལ། རྒྱལ་པོས་འཚོ་བ་བླ་ནས་སྦྱོར་ཅིག་ཅེས་བཀའ་བབས་པས་སད་མི་མི་བདུན་སོགས་བཙན་པོ་ཁོང་གི་སྐུ་རིང་བྱུང་བའི་རབ་བྱུང་སུམ་བརྒྱ་བདུན་ཡོད་པ་དེ་དག་ཚང་མའི་འཚོ་བ་རྒྱལ་པོ་རང་ནས་སྦྱོར་བཞིན་ཡོད་སྟབས་རབ་བྱུང་ཚོར་འཚོ་བ་འཛོམས་པོ་ཡོད་པ་རེད།

དེས་ན་བོད་དུ་ཐོག་མར་དར་བའི་རབ་བྱུང་ཚོར་རྒྱལ་པོའི་མཛོད་ནས་ཕོགས་ཐོབ་ཇི་འདྲ་སྤྲོད་ཀྱི་ཡོད་མེད་སློབ་དཔོན་དུང་དཀར་རིན་པོ་ཆེས། ལོ་རེར་མི་གཅིག་ལ་འབྲུ་ཁལ་ཉི་ཤུ་རྩ་ལྔ་དང་མར་ཁལ་བཅུ་གཅིག་དང་སྲང་སུམ་ཅུའི་ཚད་སྤྲོད་ཀྱི་ཡོད་པའི་ཚོད་དཔག་བྱས་པ་དེ་ཏག་ཏག་ཡིན་པའི་དབང་དུ་བཏང་ན། གོང་གསལ་བཙན་པོ་ཁྲི་སྲོང་རིང་གི་རབ་བྱུང་གི་གྲངས་ཀ་དང་གཞལ་ནས་དཔྱད་ཚེ། བཙན་པོ་ཁྲི་སྲོང་གི་སྐུ་རིང་ལ་གོང་དུ་ཞུས་པ་བཞིན་སད་མི་མི་བདུན་སོགས་རབ་བྱུང་སུམ་བརྒྱ་བདུན་ཡོད་པ་དེ་ལ་བརྩིས་བརྒྱབ་ན། ལོ་གཅིག་ལ་མི་རེར་འབྲུ་རུའི་ཁལ་[4]ཉེར་ལྔ་དང་མར་འདེགས་ཁལ་བཅུ་གཅིག་དང་ཕྱེད་ཡོད་པ་རེད། དེ་གཉིས་གྲྭ་གྲངས་ ༣༠༧ གྱིས་བསྒྱུར་ན། ལོ་རེར་འབྲུ་རུའི་ཁལ་ ༧༦༧༥ འགྲོ་གི་ཡོད་པ་དང་དེ་དེང་སང་གི་རྒྱ་མར་བརྩིས་ན། འབྲུ་རུའི་ཁལ་ཉེར་ལྔ་བོ་དེང་གི་རྒྱ་མ་བདུན་བརྒྱ་ཡིན་པས་གོང་གསལ་འབྲུ་རུའི་ཁལ་ ༧༦༧༥ ལ་རྒྱ་མ་ ༢༡༤༩༠༠ ཏག་ཏག་འབབ་ཀྱི་ཡོད། དེ་ལྟར་མར་འདེགས་ཁལ་བཅུ་གཅིག་དང་ཕྱེད་དེ་དེང་གི་རྒྱ་མ་བདུན་ཅུ་དོན་བདུན་ཙམ་ཡིན་པས་དེ་གོང་གསལ་གྲྭ་གྲངས་ཀྱིས་བསྒྱུར་ན་ལོ་རེར་མར་རྒྱ་མ་ ༢༣༦༣༩ འགྲོ་གི་ཡོད། འདི་འདྲའི་འགྲོ་སོང་བཏང་བའི་དུས་སྐབས་དེ། བསམ་ཡས་དགོན་པ་གསར་བཞེངས་གནང་ནས་ཁོང་གི་སྐུ་ཚེའི་མཇུག་ཙམ་གྱི་རིང་ཡིན། གོང་གསལ་འབྲུ་ནས་དང་མར་གཉིས་དེང་དུས་ཚོང་རའི་ཁྲོད་ཀྱི་རིན་འབབ་ལྟར་བརྩིས་ན་རྒྱ་མ་གང་རེར་སྒོར་གཅིག་(རྒྱ་ནག་གི་དངུལ་ལོ་)བྱས་པའི་ནས་རྒྱ་མ་ ༧༠༠ ལ་སྒོར་བདུན་བརྒྱ་དང་གྲྭ་གྲངས་ ༣༠༧ གྱིས་བསྒྱུར་པར་རྒྱ་མའི་གྲངས་ཏག་ཏག་ ༢༡༤༩༠༠ འབབ་ཀྱི་ཡོད་པ་བཞིན་སྒོར་གྲངས་ཀྱང་དེ་ག་རང་འབབ་ཀྱི་ཡོད།

དེ་ལྟར་མར་རྒྱ་མ་གང་རེར་སྒོ་ཅི་ཐོབ་བལྟས་ཚེ་གོང་གསལ་རབ་བྱུང་གཅིག་གི་ལོ་རེའི་ཕོགས་ཐོབ་མར་རྒྱ་མ་ ༧༧ ལ་སྒོར་ཅི་ཐོབ་བལྟས་ཚེ་གོང་གསལ་མར་རྒྱ་མ་ ༧༧ ལ་སྒོར་ ༩༢༤ ཡིན་སྟབས། དེ་གྲྭ་གྲངས་ ༣༠༧ གྱིས་བསྒྱུར་ཚེ་ ༢༨༣༦༦༨ འབབ་ཀྱི་ཡོད་སྟབས་ལོ་རེར་རྒྱལ་པོའི་བང་མཛོད་ནས་དེང་གི་སྒོར་གྲངས་བྱས་ན་གྲྭ་པ་གཅིག་པུར་ ༤༩༨༥༦༨གཏོང་དགོས་པ་ཆགས་ཡོད་པ་ཡིན། འདི་ཐད་ནས་སློབ་དཔོན་དུང་དཀར་རིན་པོ་ཆེས་ཁྲི་སྲོང་གི་རིང་རབ་བྱུང་ཚོར་ཕོགས་ཐོབ་ཅི་ཙམ་སྤྲོད་ཀྱི་ཡོད་པའི་ཚོད་དཔག་གི་གྲངས་ཀ་དེ་གྲྭ་གྲངས་ཀྱིས་བསྒྱུར་སྟངས་ཅུང་འགྲིགས་མི་འདུག་སྙམ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་མ་གཏོགས་དེ་རྗེས་བཙན་པོ་དག་གི་རིང་ཕོགས་ཐོབ་སྤྲོད་པའི་ལུགས་སྲོལ་མེད་སྟབས་གྲྭ་པའི་གྲངས་འབོར་ཡང་བོད་དུ་རབ་བྱུང་དར་ནས་གླང་དར་གྱིས་སྲིད་དབང་མ་བཟུང་བར་གྱི་གྲྭ་གྲངས་གང་ཡོད་འདི་ལ་བལྟས་ནས་བརྩི་རྒྱུ་མིན་པར་ཁྲི་སྲོང་རང་གི་སྐུ་དུས་ཀྱི་ཕོགས་ཐོབ་སྤྲོད་སའི་རབ་བྱུང་དེ་དག་གི་གྲངས་ཁར་བལྟས་ནས་བསྒྱུར་རྩིས་བྱེད་དགོས་རྒྱུ་རེད་སྙམ་མོ། །

གང་ལྟར་དེ་ལྟའི་ཕོགས་ཐོབ་དེ་ནི་སྐབས་དེའི་རྒྱལ་པོའི་སྲིད་གཞུང་དང་མང་ཚོགས་གང་ལ་བལྟས་ཀྱང་ཁུར་བོ་ལྕི་བོ་ཞིག་ཏུ་གྱུར་ཡོད་པ་ནི། དུང་དཀར་རིན་པོ་ཆེས་ཁོང་རྣམ་པར་སྲིད་གཞུང་ནས་སྤྲོད་དགོས་པའི་ཕོགས་ཐོབ་ཀྱི་ཚད་དེ་དེང་སྐབས་དང་བསྡུར་ན་ཧ་ཅང་དམའ་བོ་ལས་མེད་པས། བཙན་པོའི་སྲིད་གཞུང་དང་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཐོག་ཁུར་ཐུབ་པའི་ཚད་ལས་བརྒལ་མེད་ཅེས་གསུངས་པ་དེ་བདེན་པ་རེད་བསམ་གྱི་འདུག དེས་ན་ཕོགས་ཐོབ་དེ་ལྟ་བུ་སྤྲོད་པའི་ལམ་ཁ་དེ་ཡུན་གནས་ཐུབ་ཐབས་བྲལ་བར་བརྟེན་ཁོང་གི་སྐུ་ཚེའི་སྨད་ནས་དེ་སྔའི་དགོན་པའི་དཔལ་འབྱོར་ལམ་ལུགས་དེར་བསྒྱུར་བཀོད་བཏང་ཡོད་པ་ནི་སྦ་བཞེད་དུ་གསལ་བོ་ཡོད་པ་ཡིན། དེ་ཡང་མཁན་ཆེན་ཞི་བ་འཚོ་སྐུ་གཤེགས་ནས་སྦ་རཏྣ་རྒྱལ་པོའི་བཤེས་གཉེན་དང་བླར་བཟུང་ནས་གཙུག་ཏུ་བཀུར། ཁོང་གིས་གང་གསུངས་པ་ཡང་སངས་རྒྱས་ཀྱི་བཀའ་དང་འདྲ་བའི་ཚད་མར་འཛིན་པ་སོགས་བྱུང་བའི་སྐབས་སུ། སྦ་རཏྣས་དཀོན་མཆོག་གསུམ་གྱི་རྟེན་དང་བརྟེན་པ་དང་། ནམ་དུ་ཡང་མི་གཞིག་པའི་སླད་དུ་དཀོན་མཆོག་གསུམ་དང་། དགེ་འདུན་གྱི་བཤོས་ཆ་(ཟས་ཀྱི་ཆ་)ལས་རྗེ་འབངས་རྣམས་ཀྱིས་མི་གསོལ་བར་རྐྱེན་རིས་(ཆ་རྐྱེན་ཞིག་བཟོས་པ་)ཤིག་བསྐུལ་ནས་ཁྲིམས་བཅས་ན་སླད་རྗེ་འབངས་རྗེས་སུ་ལེགས་ཞེས་རྒྱལ་པོའི་སྙན་དུ་གསོལ་ཏེ། རྗེ་བློན་ཡོངས་ཀྱི་ཇི་ལྟར་བགྱི་བའི་གྲོས་བྱས་པའི་མཐར། དཀོན་མཆོག་གསུམ་(ལྷ་རྟེན་ཆོས་གསུམ་གྱི་མཆོད་པ་)ལ་འབངས་མི་ཁྱིམ་ཉེས་བརྒྱ། གང་ཟག་བན་དེ་གཅིག་ལ་འབངས་མི་ཁྱིམ་གསུམ་གྱི་ཐད་དུ་བཅད་དེ། ལྷ་འབངས་དེ་དག་གི་དབང་དགེ་འདུན་ལ་བསྐུར་ནས། སླད་རྒྱལ་པོ་ནས་དབང་མི་མཛད་པར་བྱས།

​འདི་ལས་གསལ་བོ་ཤེས་ཐུབ་པ་ནི་བོད་དུ་རབ་བྱུང་ཐོག་མ་དར་བའི་སྐབས་སུ་རབ་བྱུང་གང་ཡོད་ཀྱི་འཚོ་བ་བླ་ནས་སྦྱར་ཡོད་ཅིང་མུ་མཐུད་ལམ་ལུགས་དེ་མཐའ་འཁྱོངས་ཐབས་དཀའ་སྙམ་གྱིས་ཁོང་གི་སྐུ་ཚེའི་སྨད་ནས་རབ་བྱུང་ཚོའི་འཚོ་བའི་འགན་སྲུང་ཐད་ཀར་འབངས་མི་ཁྱིམ་བདུན་རེ་ཕུལ་ནས་དགེ་འདུན་པའི་འཚོ་བ་བརྟན་པོ་བཟོས་ཡོད་མོད་ཀྱང་། བྱ་བ་དེ་གཡོན་ཐལ་ཆེ་བ་ངོ་མ་ཞིག་ཡིན་སྟབས་འབངས་མི་སེར་ལ་དཀའ་ཁག་མི་ཉུང་བ་ཞིག་འཕྲད་ཡོད་པ་ནི། དུས་རིམ་དེ་དག་གི་ནང་བྱུང་བའི་བོད་ཀྱི་ལོ་རྒྱུས་ལ་ཅུང་ཙམ་བལྟ་རྒྱུ་ན་གསལ་བོ་ཤེས་ངེས་རེད།

​༢ དགའ་ལྡན་ཕོ་བྲང་སྐབས་ཀྱི་དགོན་པའི་དཔལ་འབྱོར་ལམ་ལུགས།

ཕྱི་ལོའི་དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་སྟེ་ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོས་བོད་ཀྱི་སྲིད་དབང་བཟུང་བ་ནས། བོད་ཀྱི་དགོན་སྡེ་ཕལ་མོ་ཆེ་དང་དམིགས་བསལ་དགེ་ལུགས་པའི་དགོན་སྡེ་ཁག་དེ་ཚོར་འཚོ་བ་སྲ་བརྟན་ཡོད་པ་རེད། དེ་ནི་སྐབས་དེའི་ཆབ་སྲིད་ཐད་ཀྱི་ཆེས་མཐོའི་མི་སྣ་གཙོ་བོ་དགེ་ལུགས་པ་ཡིན་པ་མ་ཟད་སྲིད་གཞུང་གི་ལས་ཞབས་རྣམས་ཀྱང་དགེ་ལུགས་པ་ཤ་སྟག་ཡིན་སྟབས་དགེ་ལུགས་པའི་དགོན་པར་དམིགས་བསལ་ལྟ་རྟོག་ཡོད། དེ་ཡང་རྒྱལ་དབང་ལྔ་པའི་རིང་བོད་ལ་དགོན་པ་གཅིག་སྟོང་བརྒྱད་བརྒྱ་ལྷག་ཡོད་ཁོངས་སུ་མཆོད་གཞིས་མི་སེར་ཡོད་པའི་དགོན་སྡེ་ ༣༧ ཙམ་ཡོད་པ་དེ་ཚོ་ནི་དགེ་ལུགས་པ་དང་རྙིང་མའི་དགོན་པ་དེ་འདྲ་རེད་ལ་བོད་ཀྱི་དགོན་པ་ཚང་མའི་ནང་ནས་དཔལ་འབྱོར་དང་ཐོབ་ཐང་གང་ཅིའི་ཐད་ནས་འབྲས་སྤུངས་རྩེར་སོན་ལྟ་བུ་ཡིན་ཚོད་རེད། དེ་ལྟའི་མཆོད་གཞིས་མི་སེར་ཡོད་པའི་དགོན་གྲལ་དུ་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ། ལི་ཐང་དགོན་ཆེན། མགོ་ལོག་དགོན་སར། དགའ་ལྡན་སུམ་རྩེན་གླིང་སོགས་ཡོད་འདུག

​སྐབས་དེར་བཀྲ་ཤིས་ལྷུན་པོ་དང་འབྲས་སྤུངས་སེ་ར་བཅས་ལ་སྔར་ནས་རང་འཁྲིས་སུ་ལྷ་འབངས་དང་། ས་ཞིང་ཡོད་མུས་ཡིན་ན་ཡང་། རབ་བྱུང་མང་དུ་འཕེལ་བས་བོད་ཀྱི་སྲིད་གཞུང་ནས་བཀྲ་ཤིས་ལྷུན་པོར་འབྲུ་ནས་རུའི་ཁལ་ ༣༣༠ (རྒྱ་མ་ ༩༢༤༠ )ཙམ་རྨོ་འདེབས་བྱེད་སའི་ཞིང་ས་གནང་བ་དང་། འབྲས་སྤུངས་ལ་ལག་འབབ་རང་ནས་ཁལ་ ༣༥༡ དང་ལྷ་འབངས་དུད་ཁྱིམ་ ༡༧༠ གནང་། ལི་ཐང་དགོན་ཆེན་དེ་སྔ་བེ་རིས་གཏོར་བཅོམ་བྱས་སྟབས་དགོན་པའི་འདུ་ཁང་ཞིག་གསོ་དང་རྒྱ་སྐྱེད་ཆེད་ལི་ཐང་དཔོན་མཁའ་འགྲོས་སྦྱིན་བདག་བྱས་པ་དང་། གཞུང་ནས་ས་ཁུལ་དེ་དག་ལས་རབ་བྱུང་གི་ཁྲལ་གསར་རྒྱག (བུ་གསུམ་བར་པའི་གྲྭ་ཁྲལ་) བྱས་ཏེ་གྲྭ་ ༥༠༠ ལྷག་འཕྲལ་བཙུགས་ཀྱིས་དེ་དག་གི་མཐུན་རྐྱེན་གཞིས་ཀ་དང་འབྲོག་རྭ་ལྷ་འབངས་དུད་བཅས་གསོལ་རས་སྦྱོར་འཇགས་མཛད་པ་ལྟ་བུ་དང་། མགོ་ལོག་དགོན་གསར་ལ་འཚོ་སྣོན་དུ་འབྲུ་ཁལ་ ༢༥༠ (རྒྱ་མ་ ༧༠༠༠) དང་། སུམ་རྩེན་གླིང་གྲྭ་ ༥༣༠ སྐོར་ལ་དུད་ཁྱིམ་སུམ་བརྒྱ་དང་། སོ་ནམ་ཐོན་སྐྱེད་ཀྱི་ཞིང་ས་བཅས་སྤྲད་པ་ལྟ་བུ་རེད། དེ་དག་ནི་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཐོག་མའི་སྐབས་ཀྱི་དམིགས་བསལ་དགོན་ཁག་འགའི་དཔལ་འབྱོར་ལམ་ལུགས་ཡིན་པ་ལས་སྐབས་དེའི་དགོན་པ་ཡོད་ཚད་ལ་གཅིག་གྱུར་གྱི་ལམ་ལུགས་དེ་འདྲ་མེད་པ་མ་ཟད་དེ་སྔ་གཙང་པ་སྡེ་སྲིད་ཀྱིས་དགེ་ལུགས་པའི་དགོན་པ་འགའ་གཏོར་བཅོམ་བྱས་རྐྱེན་དེ་ལན་དེ་འཇལ་ལྟ་བུར་བཀའ་བརྒྱུད་པའི་དགོན་པ་ཁག་ཅིག་གཏོར་སྐྱོན་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

​དེ་མིན་སྤྱིར་བཏང་གི་དགོན་པ་ཆུང་ཁག་དེ་འདྲ་མང་པོ་ཞིག་སོ་སོའི་ལྷ་སྡེ་དེ་འདྲ་བཙལ་འཚོལ་དང་གཞན་འགའ་རེ་བསོད་སྙོམས་དེ་འདྲར་བརྟེན་ཚུལ་ཡང་འདུག གང་ལྟར་གཙང་པ་སྡེ་སྲིད་དང་དགའ་ལྡན་ཕོ་བྲང་བ་གཉིས་དབར་ཁྱོད་ཤི་ང་གསོན། དགྲ་འཐབ་མེ་ལྕེ་མཆེད་པའི་དུས་སྐབས་ཁྲོད་དགོན་པ་གཏོར་བཤིག་གཏོང་རེས་དང་ལྷ་འབངས་བཙན་འཕྲོག་བྱེད་རེས་མི་སེར་གསོད་གཏུབ་བྱེད་རེས་ཀྱི་ལས་ངན་ཚན་པོ་ཆེ་ཇི་རྙེད་ཅིག་བསགས་ནས་མཐར་དགའ་ལྡན་ཕོ་བྲང་བར་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ནས་རྒྱལ་ཁ་ཐོབ་པ་དང་།དགེ་ལུགས་པའི་དགོན་སྡེ་ཆེ་ཁག་ཚོར་ཡང་ཁྲིམས་མགོ་རང་བཙན་ལྟ་བུ་བྱས་ཏེ་གོ་གནས་དང་དཔལ་འབྱོར་གཉིས་ཀའི་ཐད་ནས་ཚད་བརྒལ་ཅན་གྱི་ཁེ་དབང་ཡོད་པ་ནི་ལྷ་ལྡན་སྨོན་ལམ་སྐབས་སུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོས་སྣང་རྩེ་ཤག(དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་འཛིན་སྐབས་ཀྱི་ལྷ་སའི་གླིང་སྐོར་ནང་ཁོངས་ཀྱི་སྒྲིག་ཁྲིམས་ལྟ་རྟོག་དང་དམ་འཛིན་བྱེད་མཁན་གྱི་ལས་ཁུངས་ཤིག་)གི་དབང་ཆ་ཡོངས་རྫོགས་འཛིན་ཆོག་པའི་དམིགས་བསལ་ཐོབ་ཐང་ཡོད་པ་ལྟ་བུ་རེད། སྐབས་དེ་ནས་བོད་ལ་རྒྱས་བཙན་འཛུལ་མ་བྱས་བར་གཞི་རྐང་དགོན་པའི་དཔལ་འབྱོར་ལམ་ལུགས་དེ་འདྲ་ཞིག་ཡིན་འདུག

​༣ རྒྱས་བཙན་འཛུལ་བྱས་རྗེས་ཀྱི་དགོན་པའི་དཔལ་འབྱོར་ལམ་ལུགས།

དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རྐྱེན་ངན་ཅིག་བྱུང་བའི་མྱ་ངན་དུས་སྐབས་ཡིན་སྟབས་ལོ་རབས་དེའི་མཐའ་མ་ཕྱི་ལོ་ ༡༩༥༩ ལོ་ནས་བོད་གཞིས་བྱེས་གཉིས་སུ་ཆགས་སྟབས། བོད་ཀྱི་དགོན་པ་ཁག་ཀྱང་གཞིས་བྱེས་གཉིས་སུ་ཆགས་ཏེ་བོད་ཀྱི་དགོན་པ་སོ་སོས་ཐབས་ལམ་སྣ་མང་ལག་བསྟར་བྱས་ནས་འཚོ་བ་འཚོལ་གྱིན་ཡོད་པ་རེད། དེ་གཉིས་ལས་བོད་ནང་གི་དགོན་པ་ཁག་ལ་འཚོ་བ་ཡོང་ཁུངས་ཀྱི་དཔལ་འབྱོར་ལམ་ལུགས་གཉིས་ཡོད་པས་གཅིག་ནི་རྒྱ་གཞུང་གིས་དགོན་པར་གྲྭ་པ་ཅི་ཙམ་སྡོད་ཆོག་མིན་དང་གྲྭ་པའི་ཕོགས་ཐོབ་ཀྱི་འགན་ལེན་འགན་སྲུང་བཅས་སྟངས་འཛིན་བྱས་ཡོད་པ་དང་། ཡང་ཁག་ཅིག་ལ་རང་ཁོངས་ལྷ་སྡེ་མི་སྡེ་དེ་འདྲས་རོགས་རམ་ལམ་ལུགས་ཀྱི་སྲོལ་ཞིག་གི་ཐོག་ནས་དགོན་པའི་འཚོ་བའི་འགན་སྲུང་བྱེད་ཀྱི་ཡོད་པ་དེ་འདྲ་ཡང་ཡོད་པ་རེད།

སྤྱིར་བཏང་དགོན་པ་གང་ཡིན་རུང་དེ་སོ་སོའི་དཔལ་འབྱོར་འགྲོ་གྲོན་གཏོང་ཕྱོགས་ཆེ་ཁག་གཉིས་སུ་འདུས་ཡོད་སྟབས། གོང་གསལ་གཞུང་གིས་གསོ་སྐྱོང་དང་མི་སེར་གྱིས་གསོ་སྐྱོང་བྱས་པ་དེ་གཉིས་ཀའི་དགོན་པ་སྤྱིའི་ལྷ་ཁང་འདུ་ཁང་དང་འགྱེད་མང་ཇ་དེ་འདྲའི་ཐད་རོགས་རམ་གནང་གི་ཡོད་པ་ལས་ཉིན་རེའི་ཇ་ཚུལ་དེ་གྲྭ་པ་སོ་སོས་ཐབས་འཚོལ་བྱེད་དགོས་སྟབས་བརྒྱ་ཆ་དགུ་བཅུའིི་འཚོ་བ་དེ་སོ་སོའི་ནང་མིར་བརྟེན་ཡོད་པ་ཞིག་རེད།

​འདིའི་ཐད་ཞིབ་བལྟ་བྱས་ན་གྲྭ་པ་སོ་སོའི་ཉིན་རེའི་ཇ་ཚུལ་དེ་ནང་མིར་བརྟེན་པ་ནི་ཕྱོགས་གཉིས་ཀའི་ངོས་ནས་མང་ཚོགས་ཀྱིས་དགོན་པར་རོགས་རམ་བྱས་པ་ཞིག་ཏུ་འདོད་ཀྱི་མེད་པར་དེ་སོ་སོའི་ནང་མི་སོ་སོས་གསོ་སྐྱོང་བྱས་པ་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་གྲྭ་པ་དེ་དགོན་པའི་མི་སྣ་ཡིན་སྟབས་ཁོང་ཚོ་དགོན་པའི་གཞུང་ངོས་ནས་གསོ་སྐྱོང་བྱེད་མ་ཐུབ་པར་ད་དུང་ལག་པ་གྲོང་པར་བཟེད་དགོས་པ་འདིར་བལྟ་དུས། མང་ཚོགས་ནས་གྲྭ་པ་སོ་སོར་འཚོ་བ་སྦྱར་བ་འདི་དགོན་པར་ཆེས་གལ་གནད་ཆེ་བའི་རོགས་སྐྱོར་ཞིག་བྱས་པ་རེད་སྙམ།

​རྒྱ་གར་གྱི་རང་རེའི་དགོན་པ་ཁག་ལ་མཚོན་ན་དགོན་པ་སོ་སོའི་དཔལ་འབྱོར་ལས་དོན་གཉེར་མཁན་ཆེད་འཛུགས་ཀྱིས་ཚོང་ཁང་དང་ཟ་ཁང་མགྲོན་ཁང་སོགས་ཀྱིས་དཔལ་འབྱོར་འཚོལ་སྡུད་དང་ཞིང་ལས་ཐོན་སྐྱེད་དང་། འབྲེལ་ཡོད་སྒྲིག་འཛུགས་ཀྱིས་མཐུན་སྦྱོར། ཕྱི་རྒྱལ་རོགས་དངུལ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་རེད། གཞིས་བྱེས་གཉིས་ཀྱི་དགོན་པའི་དཔལ་འབྱོར་གནད་དོན་ཐད་མི་འདྲ་བ་ཆེན་པོ་ཞིག་ཡོད་པ་ལྷ་འབངས་ཡོད་མེད་དང་གསོ་སྐྱོང་བྱེད་མཁན་གྱི་སྲིད་གཞུང་ཡོད་མེད་ཡིན་པ་དང་ཉིན་རེའི་ཇ་ཚུལ་སྒེར་གྲོན་གཏོང་བ་དང་སྤྱི་ཐབ་མཉམ་ཟ་བྱེད་པ་སོགས་རེད། དེས་ན་རྒྱ་གར་གྱི་དགོན་སྡེ་ཁག་ལ་ལྷ་འབངས་སོགས་མེད་སྟབས། ཕྱོགས་གཅིག་ནས་བལྟས་ན་རང་འཚོ་ལྟ་བུ་ཡིན་རུང་། ད་དུང་རོགས་དངུལ་ལ་བརྟེན་པ་མང་བས་རང་འཚོ་ངོ་མ་ཞིག་ཐུབ་ཀྱི་མེད་པ་རེད།

གསུམ་པ། དགོན་པའི་དཔལ་འབྱོར་ལམ་ལུགས་གཞན་བརྟེན་དུ་ཆགས་པའི་དགེ་སྐྱོན།

༡ དགེ་མཚན་གང་ཡོད་སྐོར།

དགོན་པའི་དཔལ་འབྱོར་ལམ་ལུགས་གཞན་བརྟེན་ཅན་ཞིག་ཡིན་པ་དེས། དགོན་པའི་མི་སྣ་དཔལ་འབྱོར་ལས་རིགས་ཁྲོད་ནས་ཆུད་ཟོས་སུ་མི་འགྲོ་བ་དང་གཅིག དགོན་པའི་མི་སྣའི་ཐོས་བསམ་སློབ་སྦྱོང་ཐད་འཐུས་ཤོར་དུ་མི་འགྲོ་བ་དང་གཉིས། དགོན་པའི་དཔལ་འབྱོར་ཐད་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འབྱུང་ཉེན་ཆུང་བ་དང་གསུམ་བཅས་ཀྱི་དགེ་མཚན་ལྡན་ཡོད། དེ་ཡང་དགོན་པའི་གྲྭ་སུ་ཞིག་གིས་ཀྱང་དཔལ་འབྱོར་ཆེད་ཚོང་བྱ་སོགས་ལས་རིགས་འདྲ་མིན་ལ་ལག་འཇུ་བྱེད་མི་དགོས་པར་མང་ཚོགས་ལ་རེ་བ་བརྒྱབ་ནས་བསྡད་ན་དེ་གས་འཐུས་པས་དགོན་པའི་མི་སྣ་ཆུད་ཟོས་སུ་མི་འགྲོ་བ་དང་། དགོན་པའི་དཔལ་འབྱོར་ཡོང་ཁུངས་མང་ཚོགས་ཡིན་སྟབས་དེ་ལྟའི་དཔལ་འབྱོར་ངལ་རྩོལ་བ་ཡང་མང་ཚོགས་ཡིན་པས་དགོན་པར་དེའི་ཐད་ལ་བྱ་བཞག་གང་ཡང་མེད་སྟབས་དགོན་པ་རང་གི་ཐོས་བསམ་སློབ་གཉེར་ལ་མི་གནོད་པ་དང་། མང་ཚོགས་ཀྱིས་ཡར་ཕུལ་བའི་དགོན་པའི་དཔལ་འབྱོར་དེ་ཡང་དགོན་པའི་དཔལ་འབྱོར་དོ་དམ་མི་སྣའི་ལག་པར་སྦྱིན་བདག་ངོ་མ་རང་ནས་རྩིས་འབུལ་ཞུ་གི་ཡོད་པ་ལས་ཚོང་ལས་ལྟ་བུའི་རྙོག་འཛིང་བར་ནས་གཞུང་རྒྱུ་སྒེར་འཛིན་བྱེད་མཁན་ལྟ་བུ་དེ་རིགས་ཡོང་ཐབས་མེད་སྟབས་དགོན་པའི་དཔལ་འབྱོར་ཐད་ནས་ལྐོག་ཟ་རུལ་སུངས་ཀྱི་བྱ་ངན་འབྱུང་རྒྱུའི་ཉེན་ཁ་ཉུང་བ་སོགས་ཀྱི་དགེ་མཚན་ཡོད་སྙམ་མོ།།

༢ སྐྱོན་ཆ་གང་ཡོད་སྐོར།

ད་ཆ་བོད་ཀྱི་ཤེས་ལྡན་མི་སྣ་མང་པོ་ཞིག་ནས་ནང་པའི་ཆོས་ལུགས་བོད་དུ་དར་སྤེལ་གཏོང་སྟངས་དང་དེའི་རྒྱུན་འཛིན་བྱེད་སྟངས་བཅས་ཀྱི་ཐད་བསམ་འཆར་སྣ་མང་འདོན་བཞིན་ཡོད་ཁོངས་ནས་གླེང་སློང་ཤུགས་ཆེ་ཤོས་ཤིག་ནི་བོད་ཀྱི་དཔལ་འབྱོར་མདུན་བསྐྱོད་བྱེད་རྒྱུར་བཀག་རྒྱ་ཤུགས་ཆེ་བྱས་ཡོད་པའི་བསམ་འཆར་འདི་རེད། དེས་ན་ཆོས་ལུགས་རྒྱུན་འཛིན་ཡག་པོ་ཐུབ་རྒྱུར་མང་ཚོགས་ཀྱིས་མོས་མཐུན་བྱེད་དཀའ་སའི་ཆོས་ལུགས་དར་སྤེལ་གཏོང་སྟངས་དང་རྒྱུན་འཛིན་བྱེད་ཚུལ་དེར་ཞིབ་འཇུག་སྒོས་བཅོས་བསྒྱུར་ནན་ཏན་གཏོང་རྒྱུ་དེ་རེད།

མང་ཚོགས་ཀྱིས་མོས་མཐུན་མ་ཐུབ་ཚེ་མང་ཚོགས་ལ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པར་ཐེ་ཚོམ་མི་དགོས་པས་དཀའ་ངལ་དེ་རིགས་སེལ་ཐུབ་ཚེ་མང་ཚོགས་ཀྱིས་ཆོས་དང་ཆོས་པ་གཉིས་ཀར་དགའ་བསུ་ཞུ་རྒྱུ་རེད། བོད་དུ་རབ་བྱུང་ཐོག་མ་དར་སྐབས་སུ་རྒྱལ་པོའི་མཛོད་ནས་ཕོགས་ཐོབ་ཆེན་པོ་སྤྲོད་ཀྱི་ཡོད་པ་དེའང་དོན་དམ་མང་ཚོགས་ཀྱི་དཔྱ་ཁྲལ་ལྕི་རུ་འགྲོ་བའི་རྐྱེན་རྩ་ཡིན་པ་དང་། ད་དུང་རབ་བྱུང་ཚོར་མང་ཚོགས་ཁྲོད་ཀྱི་མི་སྣ་སུ་འདྲ་ཞིག་གིས་མཛུབ་མོ་ཀེར་ཏེ་དམོད་མོ་བྱས་ན་མཛུབ་མོ་གཅོད་པ་དང་། མཆུ་སྟོན་བྱས་ཚེ་མཆུ་གཅོད་པ། མིག་ལོག་བྱས་ཚེ་མིག་འབྲུ་བ་སོགས་ཀྱི་བཀའ་ཁྲིམས་བཙན་པོ་ཡོད་སྟབས་མང་ཚོགས་ལ་ཐད་ཀར་དཔལ་འབྱོར་གྱི་ཁུར་བོ་ལྕི་བ་མ་ཟད། དེའི་ཁར་བཀའ་ཁྲིམས་དེ་ལྟར་སྒོ་གསུམ་དམ་དོན་མ་བྱས་ཚེ་ཉེས་ཆད་དྲག་པོ་ཡོད་པ་སོགས་མང་ཚོགས་ཀྱིས་དགའ་བསུ་ཞུ་ཐབས་བྲལ་བའི་བྱེད་བབ་ནོར་འཁྲུལ་ཅན་དེ་འདྲ་ཡང་ལག་བསྟར་བྱས་ཡོད་པ་རེད། དེ་མཚུངས་ཁྲི་སྲོང་གི་སྐུ་ཚེའི་སྨད་ནས་རབ་བྱུང་མི་རེར་ལྷ་འབངས་དུད་གསུམ་རེ་ནས་ཁྲི་རལ་གྱིས་རབ་བྱུང་མི་རེར་འབངས་མི་ཁྱིམ་བདུན་རེ་ཕུལ་བའི་ལོ་རྒྱུས་ཡོད་པ་དེ་ཚོ་ཚང་མ་མི་མང་མང་ཚོགས་ཀྱི་འཚོ་བའི་མཐུན་རྐྱེན་ཐད་ཚབས་ཆེའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད་པ་ནི་ཐེ་ཚོམ་མི་དགོས་པ་རང་རེད། ​

དང་པོ། དགོན་པའི་དཔལ་འབྱོར་གཞན་ལ་བརྟེན་པས་དགོན་པའི་དཔལ་འབྱོར་ལ་སྲ་བརྟན་མེད་པ། གཉིས་པ། དགོན་པས་ནམ་རྒྱུན་མང་ཚོགས་ཀྱི་དཔལ་འབྱོར་བེད་སྤྱོད་བྱས་པས་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་འགོག་པ། གསུམ་པ། དགོན་པ་ནམ་རྒྱུན་མང་ཚོགས་ལ་རེ་རྒྱུ་དེ་མཚམས་འཇོག་མ་བྱས་པས་མ་འོངས་པ་ན་ཕན་ཚུན་བར་འགལ་ཟླ་ཤུགས་ཆེ་འབྱུང་རྒྱུ་བཅས་ཀྱི་སྐྱོན་ཆ་ཡོད་པ་རེད།

དང་པོ། དེས་ན་དགོན་པའི་དཔལ་འབྱོར་གཞན་བརྟེན་ཅན་དུ་ཆགས་པ་དེས། དགོན་པ་རང་གི་འཚོ་བའི་གནད་དོན་ནམ་དཔལ་འབྱོར་ལ་སྲ་བརྟན་མེད་པ་མ་ཟད་ཐོན་ཁུངས་དེ་ཚད་འཕེར་བོ་དང་ཡིད་རྟོན་རུང་བ་ཞིག་མིན་སྟབས། མང་ཚོགས་ཀྱི་དཔལ་འབྱོར་གནས་ཚུལ་དང་བསྟུན་ནས་དགོན་པའི་འཚོ་བར་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པས་དགོན་པ་རང་གི་བློ་འདོད་ཏག་ཏག་ཅིག་བསྐོང་ཐུབ་མིན་ཅི་རིགས་འབྱུང་གི་ཡོད་པ་དང་མང་ཚོགས་ཀྱི་དཔལ་འབྱོར་ལ་ཚབས་ཆེའི་གོད་ཆག་བྱུང་ཚེ་རང་བཞིན་གྱིས་དགོན་པའི་དཔལ་འབྱོར་ལ་དཀའ་ཁག་ཆེན་པོ་འཕྲད་ངེས་ལ་སོང་། དེ་ལས་དགོན་པ་རང་གི་འཚོ་བའི་རྐང་འགན་རང་འཁུར་ཐུབ་ཚེ། དགོན་པའི་དཔལ་འབྱོར་དང་མང་ཚོགས་གང་རུང་གིས་དཔལ་འབྱོར་གནས་སྟངས་ལ་ཚབས་ཆེའི་གོད་ཆག་བྱུང་རུང་། ཕན་ཚུན་རོགས་རེས་བྱེད་ཆོག་པ་དང་དེའི་མཐུན་རྐྱེན་ཡང་འཛོམ་པོ་ཡོད་པ་ལས་དེ་སྔའི་ལུགས་སྲོལ་བཞིན་དགོན་པ་མང་ཚོགས་ལ་རེ་རྐྱང་བྱས་ནས་བསྡད་ན་དགོན་པའི་ངོས་ནས་ཕར་མང་ཚོགས་ལ་རོགས་རམ་མི་ཐུབ་པ་མ་ཟད་ནམ་ཞིག་གློ་བུར་དུ་མང་ཚོགས་ཀྱི་དཔལ་འབྱོར་ལ་ལྟ་ས་མེད་པའི་གོད་ཆག་བྱུང་ན། དགོན་པ་རང་གི་འཚོ་བའི་གནད་དོན་ཡང་ཅི་བྱ་གཏོལ་མེད་ཅིག་ཏུ་ཆགས་ངེས་ཡིན་པས་དགོན་པའི་དཔལ་འབྱོར་མཐུན་རྐྱེན་མང་ཚོགས་ལ་རེ་བ་དང་གཞན་བརྟེན་བྱེད་རྒྱུའི་ཐད་དགེ་མཚན་མེད་པས་བཟང་ཕྱོགས་ཀྱི་དབུལ་ཞིང་སྐྱོན་ཆས་ཕྱུག་པ་ཞིག་རེད་ཟེར་གྱི་ཡོད་པ་རེད།

གཉིས་པ། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཧ་ཅང་སྐྱོ་བོ་དང་དམན་པོ་ཞིག་ལས་མེད་སྟབས་མང་ཚོགས་བྱིངས་ཀྱིས་རང་ཁ་སོས་ཙམ་མ་གཏོགས་མེད་པས་དགོན་པར་དཔལ་འབྱོར་ཕྱོགས་ནས་རོགས་རམ་བྱེད་རྒྱུའི་འདང་ཚད་ཡོད་པ་མ་རེད། མང་ཚོགས་ཀྱིས་རང་ཁ་སོས་ཙམ་ཡིན་པའི་གནས་སྟངས་འདི་ཐབས་བརྒྱ་ཇུས་སྟོང་གིས་སྲ་བརྟན་དང་གོང་འཕེལ་ལ་གཏོང་དགོས་མོད་ཀྱང་། བྱ་བ་དེ་ལས་སླ་བོ་ཞིག་མིན་པ་མ་ཟད། དེ་ལ་ཡུལ་དུས། རྒྱུ་དང་མི། ཧུར་བརྩོན་བཅས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་དགོས་པ་དང་ལྷག་པར་དཔལ་འབྱོར་ཡར་རྒྱས་ལ་འབད་བརྩོན་བྱས་པ་གཅིག་པུས་མི་འགྲིག་པར་དགོན་པར་འབུལ་རྒྱུའི་དཔལ་འབྱོར་ཀྱང་མི་ཉུང་བ་ཞིག་འཚོལ་དགོས་པའི་ཁུར་པོ་ཡོད་སྟབས་ཁུར་པོ་དེ་ཡང་ལམ་སང་འགྲུབ་ཐུབ་པ་ཞིག་མིན་པ་དང་། ཞིང་པས་སོ་ནམ་གཉེར་བའི་ཐོན་སྐྱེད། འབྲོག་པས་ཕྱུག་ཟོག་བསྐྱངས་པའི་ཡོང་འབབ་བཅས་ཞིང་འབྲོག་མང་ཚོགས་ཀྱིས་དཔལ་འབྱོར་ཕྱོགས་ལ་ཅུང་ཙམ་འབད་པ་དེ་དགོན་པའི་ལྷ་ཁང་བཞེངས་བྱེད་དང་། རབ་བྱུང་མང་པོའི་འཚོ་བར་འབུལ་དགོས་པས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་སོར་གནས་རང་ལས་གོང་འཕེལ་འགྲོ་ཐུབ་ཀྱི་མེད་པ་རེད།

དེ་ནི་ལུགས་སྲོལ་ཞིག་གམ་ཡང་ན་འདུ་ཤེས་འཛིན་སྟངས་ཤིག་གི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མང་ཇ་སྐུ་འགྱེད་གཏོང་བྱེད་དང་ལྷ་ཁང་སྐུ་རྟེན་བཞེངས་བྱེད་ཆེད་སོགས་སུ་ཏག་ཏག་མ་སླེབས་ཚེ་དགོན་པ་ལ་ལས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་སོ་སོར་འབྲེལ་བ་གཅོད་པ་དང་། ཁྱིམ་ཚང་དེ་ཚོའི་བུ་ཕྲུག་དགོན་པར་ཡོད་ན་དགོན་པས་ཕྱིར་སྐྲོད་བྱེད་པ་དང་། ཡར་མི་འཇུག་རྒྱུ་ཁྱིམ་ཚང་སོ་སོར་སྐུ་རིམ་འདོན་མི་མི་གཏོང་བ་སོགས་ཐབས་ལམ་སྣ་མང་གིས་དགོན་པའི་དཔལ་འབྱོར་འཚོལ་གྱི་ཡོད་པ་ནི་ཆེས་ནོར་འཁྲུལ་ཅན་ཞིག་རེད།

དེ་ཡང་ཡིན་ཏེ་བྱ་ཐབས་དེ་ནི་མང་ཚོགས་ཀྱི་ལག་པར་ཡོད་པའི་དཔལ་འབྱོར་ཅུང་ཙམ་དེ་བཙན་འཕྲོག་བྱས་པ་ལྟ་བུ་ཞིག་ལས་མང་ཚོགས་ཀྱིས་རང་མོས་དད་དམ་གཙང་མའི་ངང་ནས་དགོན་པར་སོ་སོས་བསོད་ནམས་གསོག་ཕྱིར་ཕུལ་བ་མིན་སྟབས་དེ་ལྟའི་དཔལ་འབྱོར་དེ་དགོན་པའི་ངོས་ནས་བེད་སྤྱོད་བྱེད་པ་ནི་ནང་པའི་ཆོས་ལུགས་ཀྱི་དགོངས་པ་དང་མི་མཐུན་པ་མ་ཟད། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ལམ་དང་ཡང་འགལ་བ་ཆགས་ཡོད་པ་རེད། དེས་ན་ལས་རིགས་དེ་འདྲ་བ་གང་མང་མང་ཞིག་གིས་མང་ཚོགས་ཀྱི་དཔལ་འབྱོར་མདུན་བསྐྱོད་དང་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཤུགས་ཆེར་བཟོས་ཡོད་པ་མ་ཟད། ནོར་འཁྲུལ་རང་བཞིན་ཅན་གྱི་བྱ་ཐབས་དེས་མང་ཚོགས་ཀྱི་བསམ་པར་ཆོས་དང་ཆོས་པ་གཉིས་ཀ་སྤྱི་ཚོགས་ཀྱི་གཉའ་གནོན་ལྟ་བུའི་སྣང་བརྙན་བསྐྲུན་ཡོད་པས་མུ་མཐུད་དུ་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་རྐང་པ་བརྟན་པོ་ཚུགས་རྒྱུར་དཀའ་ངལ་ཡོད་པ་ཡང་བཟོས་པ་རེད།

གསུམ་པ། དེ་ལྟར་དུས་རབས་མང་པོ་ཞིག་གི་ནང་དུ་མང་ཚོགས་ཀྱི་དཔལ་འབྱོར་སྲིད་གཞུང་དེ་འདྲ་བརྒྱུད་ནས་དགོན་པའི་ལག་པར་སོང་བ་དང་། ཐད་ཀར་དགོན་པས་མང་ཚོགས་ལག་ནས་བླངས་པ་སོགས་གང་ལྟར་མང་ཚོགས་ཀྱིས་དགོན་པ་གསོ་སྐྱོང་བྱས་པ་ལས་དགོན་པ་རང་འཚོ་ཐུབ་མེད་སྟབས་ཞིང་འབྲོག་མང་ཚོགས་ལ་ཁུར་པོ་ལྕི་མོ་ཞིག་གིས་དུས་ཡུན་རིང་པོར་མནམ་པ་རེད། དེ་ལྟའི་ཁུར་པོ་དེ་དང་ཐོག་ཁྲི་སྲོང་སོགས་ཀྱི་རིང་བཙན་འགེལ་བྱས་ནས་ག་ལེར་ལུགས་སྲོལ་ཞིག་གམ་གང་ཟག་རང་སོ་སོས་མོས་ཕྱོགས་ཤིག་གིས་དང་ལེན་དང་། ད་ལྟ་སྔ་མོའི་ལུགས་སྲོལ་དེ་དང་རྒྱ་ཆེ་ཕྱོགས་ཀྱི་བསམ་བློ་ལ་འགལ་འཐབ་བྱེད་པའམ་ཡང་ན་ངོ་རྒོལ་གྱིས་འོས་ལངས་བྱེད་མ་ཐུབ་པ་ཙམ་ལས་དགའ་བསུ་ཞུ་གི་མེད་སྟབས་དགོན་པས་མུ་མཐུན་དེ་ལྟའི་སྲོལ་ཀ་རྒྱུན་འཛིན་བྱེད་དགོས་སྙམ་པ་ནི་ཆོས་དང་ཆོས་ལུགས་པ་གཉིས་སྤྱི་ཚོགས་ཁྲོད་ནས་གནས་ཐབས་དཀའ་བའི་རྙོག་འཛིངས་ནང་ལྷུང་རྐྱེན་ཞིག་རེད།

དེ་སྔའི་སྤྱི་ཚོགས་ལ་གོ་རྟོགས་མེད་པ་རེད་ཟེར་ནའང་འདྲ་ལ་ཆོས་དད་ཆེ་བ་རེད་ཟེར་ནའང་འདྲ། གང་ལྟར་དགོན་པར་འཚོ་བ་ཐུབ་ཚོད་ཅིག་སྦྱར་བ་རེད། ད་ལྟ་དུས་རབས་ཉེར་གཅིག་པ་དཔལ་འབྱོར་གྱི་དུས་རབས་ཡིན་ཟེར་བའི་བསྒྲགས་གཏམ་འཛམ་གླིང་ཡོངས་ལ་གྲགས་པའི་སྐབས་འདིར་བོད་ཀྱི་སྤྱི་ཚོགས་ཀྱང་འཛམ་གླིང་གི་དཔལ་འབྱོར་དུས་རབས་ཁྲོད་ཞུགས་ནས་རང་ཉིད་སྤྱི་ཚོགས་ནང་མདུན་ལམ་ཅན་ཞིག་ཏུ་བཟོ་རྒྱུར་བྲེལ་བ་བྱེད་ཀྱི་ཡོད་སྟབས་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དེ་འདྲ་ཞིག་འཛིན་བཞིན་པའི་སྐབས་འདིར་དགོན་པས་ད་དུང་ཁོ་ཚོར། དེ་སྔའི་ལམ་སྲོལ་བཞིན་ཁུར་པོ་བཀལ་ན་ཕར་ཕྱོགས་ཀྱི་ངོས་ལེན་བྱེད་རྒྱུ་ཕར་ཞོག་འོ་ཆུ་འདྲེས་པ་ལྟ་བུའི་དེ་སྔའི་མཐུན་སྒྲིལ་གྱི་ཚབ་ཏུ་མེ་ཆུ་དང་མཚུངས་པའི་འགལ་ཟླ་ཤུགས་ཆེ་འབྱུང་རྒྱུའི་ཉེན་ཁ་ཡོད་སྟབས་ང་ཚོས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་དང་ལྷག་པར་དགོན་པའི་ལས་སྣེ་དང་ཆོས་ལུགས་རྒྱུན་འཛིན་མཁན་ཚོས་རྣམ་དཔྱོད་ལྡན་པའི་སྒོ་ནས་དེང་དུས་ཀྱི་སྤྱི་ཚོགས་ཁྲོད་ཆོས་དང་ཆོས་ལུགས་པ་གཉིས་ཀའི་རང་རྐང་བརྟན་པོ་འཛུགས་ཐུབ་རྒྱུར་སྤྱི་ཚོགས་ཀྱི་མོས་པ་དང་ཁ་ཕྱོགས་ལ་བལྟས་ནས་རྒྱུན་འཛིན་བྱ་བ་དང་། དར་སྤེལ་གཏོང་དགོས་པ་ལས་ལམ་དང་ལུགས་སྲོལ་ཁོ་ནར་འཇུས་ནས་ཆོས་རྒྱུན་འཛིན་བྱ་རྒྱུར་གནོད་པ་ཆེ་བ་འབྱུང་རྒྱུར་ཐེ་ཚོམ་མི་དགོས་པ་རེད།


བཞི་པ། མ་འོངས་པར་དགོན་པའི་དཔལ་འབྱོར་ལམ་ལུགས་རང་འཚོ་རང་སྒྲུབ་ཅན་དུ་བསྒྱུར་རྒྱུ།

༡ ཐོན་སྐྱེད་ལས་རིགས་ཆེད་གཉེར་བྱས་ནས་དཔལ་འབྱོར་འཚོལ་བ།
དགོན་པས་སོ་ནམ་ལས་དོན་གཉེར་རྒྱུ་དེ་སྔོན་དུས་རྒྱ་གར་དང་རང་རེ་བོད་དུའང་སྲོལ་ཡོད་པ་བཞིན་དེང་སང་ཡང་དགོན་པའི་དཔལ་འབྱོར་རང་མཁོ་རང་སྒྲུབ་ཀྱི་ཕྱོགས་སུ་ཁ་འཁོར་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ལས་རིགས་སྣེ་མང་གཉེར་དགོས་པ་དང་གཉེར་ཆོག་པ་ཞིག་ཡིན་སྟབས། དགོན་པ་སོོ་སོའི་རབ་བྱུང་གི་མང་ཉུང་གྲངས་བསྟུན་གྱིས་ས་ཞིང་མཁོ་སྒྲུབ་བྱས་ཏེ་དགོན་པའི་རབ་བྱུང་ཚོའམ་ཡང་ན་ལས་མིར་གླ་སྟེར་གྱིས་དགོན་པའི་ཟ་འབྲུ་དང་ཁེ་ཚོང་འབྲུ་ནས་གསོག་སྒྲུབ་བྱེད་ཆོག་གི་ཡོད་པ་རེད། དེ་ལྟའི་ཞིང་ལས་ཐོན་ཁུངས་སུ་གྲོ་ནས་དང་ཚལ་རིགས་སྣེ་མང་བཅས་ཡུལ་ལུང་དང་གནམ་གཤིས་ཀྱི་དྲོ་གྲང་སྟབས་བསྟུན་གྱིས་ལས་གཉེར་བྱས་ནས་དགོན་པའི་འཚོ་བ་འཐུས་ཚང་དང་ཞིང་ལས་ཐོན་སྐྱེད་ཁེ་ཚོང་ལ་བརྟེན་ནས་དགོན་པར་དཔལ་འབྱོར་མང་ཙམ་གསོག་སྒྲུབ་བྱེད་དགོས་འདུག

༢ ཁེ་ཚོང་ལས་རིགས་ཆེད་གཉེར་གྱིས་དཔལ་འབྱོར་འཚོལ་བ།
​ནང་པའི་འདུལ་ཁྲིམས་ཁག་ཏུ་དགེ་འདུན་སྤྱིའི་ཆེད་ཁེ་ཚོང་ལས་རིགས་གཉེར་ཆོག་པའི་གནང་བ་ཡོད་པ་ལྟར་རང་རེ་བོད་ཀྱི་དགོན་པ་ཁག་གིས་ཀྱང་དགེ་འདུན་སྤྱིའི་འཚོ་རྟེན་དུ་ཁེ་ཚོང་ལས་རིགས་གཉེར་ན་བཀག་རྒྱ་གང་ཡང་མེད་པ་མ་ཟད་གནས་ཚུལ་ཕྱོགས་མང་པོ་ཞིག་གི་ཐད་ནས་དགོན་པས་རང་འཚོ་རང་སྒྲུབ་ཆེད་དུ་ཁེ་ཚོང་ལས་རིགས་ཀྱིས་དཔལ་འབྱོར་ཐབས་འཚོལ་བྱ་རྒྱུ་དེར་དགའ་བསུ་ཞུ་དགོས་པ་ཞིག་རེད། དེས་ན་དགོན་པའི་ཁེ་ཚོང་ལས་དོན་པས་ལས་རིགས་ཐད་ཧུར་བརྩོན་ཆེན་པོ་བྱེད་དགོས་པ་རེད། དགོན་པས་གཉེར་ཆོག་པའི་ལས་རིགས་དཔེར་ན་མར་ཆུར་དང་འབྲུ་རིགས་སྔོ་ཚལ་དང་དཀར་ཟས་རིགས་སོགས་དང་། རས་ཆ་དང་འཕྲུལ་ཆས་སོགས་ཀྱང་འཚོང་ཆོག་པ་མ་ཟད། དཔེ་སྐྲུན་ཁང་དང་། ཟ་ཁང་། ཚོང་ཁང་། མགྲོན་ཁང་། དྲྭ་འབྲེལ་ཚོང་ལས། སྨན་ཁང་སོགས་ཀྱི་ཐད་ནས་ཀྱང་ལས་རིགས་གཉེར་ཆོག་པ་ཡིན་སྟབས། ཁེ་ཚོང་གཙང་རིགས་དེ་ཚོ་བརྒྱུད་ནས་དགོན་པ་རང་གི་འཚོ་བ་ཡར་རྒྱས་བརྟན་པོ་བཟོ་ཆོག་པ་ཞིག་རེད། མདོར་བསྡུས་ནས་བཤད་ན་འཚེ་བའི་རིགས་སུ་མི་འགྲོ་བ་དང་གནས་ཡུལ་སྤྱི་ཚོགས་ཀྱིས་བཀག་རྒྱ་མེད་རིགས་ཀྱི་ཚོང་ལས་རྣམས་ཆེད་གཉེར་བྱེད་འོས་པས་དེ་ངེས་པར་བྱེད་དགོས་པ་ཞིག་རེད་དོ། །

༣ ཐོན་ཁུངས་གསར་འཚོལ་དང་གསར་སྐྲུན་བྱ་རྒྱུ་ཆེད་གཉེར་གྱིས་དཔལ་འབྱོར་འཚོལ་བ།
​རང་བྱུང་གཏེར་དངོས་སྔོག་འདོན་གྱིས་དཔལ་འབྱོར་ཐོན་ཁུངས་རྒྱ་ཡངས་པོར་བཟོ་བ་ནི་དཔལ་འབྱོར་ཆེད་གཉེར་པ་སུས་ཀྱང་ལག་བསྟར་བྱེད་འོས་པ་ཞིག་ཡིན་སྟབས། དེ་སྔའི་ལྷ་ཀླུ་གཉན་གསུམ་ལ་འཇིགས་སྣང་གིས་ལག་འཇུ་བྱེད་མི་ཕོད་པའི་རྙིང་ཞེན་གྱི་འདུ་ཤེས་ནས་ཐོད་ཀྱིས་བརྒལ་ཏེ་འཇིག་རྟེན་འདིའི་དཔལ་ཡོན་གང་ཡང་འགྲོ་བ་མིའི་བདེ་རྩར་འགྲོ་ཐབས་སུ་ཧུར་བརྩོན་བྱེད་བཞིན་པའི་སྐབས་འདིར། དགོན་པ་ཁག་གིས་ཀྱང་རང་བྱུང་ཁམས་ཀྱི་དཔལ་འབྱོར་ཐོན་ཁུངས་ནས་ཆ་ཤས་ངེས་ཅན་ཞིག་བླངས་ཏེ། དགོན་པ་རང་རང་གིས་དཔལ་འབྱོར་ཐབས་འཚོལ་བྱ་དགོས་པ་ཡིན།

དཔེར་ན། རྡོ་སོལ་དང་སྨན་རྩ་རྡོ་དང་བྱེ་མ་ཤིང་ནགས་ཀྱི་ཐོན་ཁུངས་གསར་འཚོལ་གྱིས་དཔལ་འབྱོར་འཚོལ་སྙེགས་བྱེད་དགོས་ལ། དེས་མ་ཚད་བཟོ་སྐྲུན་ལས་གྲྭ་དང་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས་གསར་སྐྲུན་བཅས་ལས་རིགས་སྣེ་མང་གཉེར་ཆོག་པ་དང་། ད་དུང་བླ་མས་ཆོས་གསུངས་པར་ཆོས་ཡོན་དང་དགོན་པར་གནས་མཇལ་འགྲོ་བར་ལག་འཁྱེར་ཉོ་རྒྱུ་སོགས་གང་ལེགས་གང་འོས་ཀྱིས་དགེ་འདུན་སྤྱིའི་འཚོ་བ་འཛོམས་པོ་དང་ནམ་ཕུགས་བརྟན་པོ་བཟོས་ན་དགེ་མཚན་ཡོད། དེས་ན་དཔལ་འབྱོར་ཐོན་ཁུངས་གང་ཡོད་ཐད་ངལ་རྩོལ་བྱེད་རྒྱུ་དཀའ་ཡང་རང་རང་སོ་སོའི་དགོས་མཁོར་བསྟུན་ནས་དགོས་ངེས་ཀྱི་འཚོལ་སྒྲུབ་བྱ་བར་རིགས་སྙམ།

ལྔ་པ། མཇུག་གཏམ།

དེ་ལྟར་ཡུལ་དུས་སྤྱི་ཚོགས་དང་འཚམ་པའི་དེང་རབས་ཀྱི་བྱ་ཐབས་བཟང་པོ་སྤྱད་དེ། འཇིག་རྟེན་སྤྱི་ཕན་དང་ཀུན་ཁྱབ་སེམས་ཁུར་གྱི་རང་བཞིན་ལྡན་པའི་ནང་པའི་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་དགོན་པའི་མི་སྣའི་འཚོ་བ་སྲ་བརྟན་དང་རང་འཚོ་རང་སྒྲུབ་ཅན་དུ་བསྒྱུར་རྒྱུར་སྤྲོ་བ་བསྐྱེད་དེ་ཧུར་བརྩོན་ལྷོད་མེད་བྱེད་དགོས།

​དེ་ཡང་ནང་པའི་ཆོས་ལུགས་ལྟ་བུའི་རིག་གཞུང་བཟང་པོ་དེ་འདྲ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དམིགས་ཡུལ་འདི་རླབས་ཆེ་ཞིང་འགན་ལྕི་བོ་ཞིག་ཡིན་པ་ལོས་ཀྱང་ཤེས་མོད། དེ་ལྟའི་ལས་འགན་དེ་སྒྲུབ་བྱེད་ཀྱི་ཐབས་ལམ་རེ་གཉིས་ཐོག་ནས་ནོར་འཁྲུལ་ཤོར་ཚེ། དམིགས་ཡུལ་ཏག་ཏག་འགྲུབ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ངེས་ལ་སོང་། དགོན་པའི་མི་སྣས་རང་ཉིད་ཀྱི་དམིགས་ཡུལ་ཆོས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ལེགས་འགྲུབ་འབྱུང་ཐབས་སུ། སྒྲུབ་བྱེད་གང་ཕན་མཁོ་འདེམས་གནང་གལ་ཆེ་བ་ལས་དེ་སྔའི་ལམ་ལུགས་སྲོལ་ཞིག་ལ་འཐམས་ནས་སྡོད་པ་ནི་དམིགས་ཡུལ་ལེགས་འགྲུབ་ཡོང་བའི་གེགས་ཁོ་ན་རེད།

དེས་ན་ཡུལ་དུས་སྤྱི་ཚོགས་དང་འཚམ་ཞིང་ཆོས་ལུགས་རང་གི་བཅས་པ་དང་མ་འགལ་བའི་སྒོ་ནས་རང་འཚོ་རང་སྒྲུབ་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་དེ་སྔའི་ཁུར་བོ་གཙང་སེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་གོ་རྟོགས་གོང་འཕེལ་དང་འཚོ་བ་ཡར་རྒྱས་བཅས་ཀྱི་ཐད་སྣེ་ཁྲིད་དང་སྐུལ་འདེད་བྱས་ནས་དགོན་པ་རང་གི་དཔལ་འབྱོར་ལམ་ལུགས་ལ་རྣམ་པ་གསར་པ་ཞིག་བཟོས་ནས་ཆོས་དང་ཆོས་ལུགས་པ་གཉིས་ཀ་མི་དམངས་མང་ཚོགས་ཀྱི་ངལ་སེལ་མཁོ་སྒྲུབ་བྱེད་པའི་དགོས་མཁོ་ཅན་ཤ་སྟག་བཟོས་ཏེ། ཕྱིན་ཆད་དགོན་པའི་མི་སྣར་རྒྱ་ཆེའི་མི་དམངས་ཚོས་དགའ་བསུ་ངོ་མ་དང་མཐུན་སྒྲིལ་ངོ་མ་ཡོང་བ་བྱས་ཐོག་རང་རང་སོ་སོའི་རྩ་བའི་དམིགས་ཡུལ་གྱི་འཕྲིན་ལས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་ནོ། །

མཆན་བུ།

[1] རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། ༢ མཉན་ཡོད་ཀྱི་རྒྱལ་བྱེད་ཚལ། ༣ ཡངས་པ་ཅན། ༤ ཀོ་ཤམ་བྷའི་གདེང་ཅན། ༥ ལིམ་བི་ནིའི་ནྱ་གྲོ་དྷའི་སྐྱེད་ཚལ་སོགས་ཡོད་པ་དང་། དེ་སོ་སོར་ལྷ་འབངས་དུད་ཁྱིམ་མང་ཙམ་རེ་ཡོད་པ་ནི། འོད་མའི་ཚལ་གཅིག་པུར་ལྷ་འབངས་དུད་ཁྱིམ་ལྔ་བརྒྱ་ཡོད། ལྷ་འབངད་དེ་དག་གིས་དགོན་པའི་སྤྱི་རྫས་སུ་འབུལ་བ་ཕུལ་བ་ལསཉིན་རེའི་འཚོ་བ་བསོད་སྙོམས་ལ་བརྟེན་ཡོད་འདུག

[2] དུང་དཀར་རིན་པོ་ཆེས་རབ་བྱུང་གྲངས་གཅིག་སྟོང་ཉིས་བརྒྱ་ལྔ་བཅུ་ཚོད་འཛིན་བྱས་ཡོད།

[3] ༡ སྣམ་སྦྱར། ༢ བླ་གོས་ཏེ་ཆོས་གོས། ༣ མཐང་གོས་ཏེ་ཤམ་ཐབས། ༤ ཤམ་ཐབས། འདི་མཐང་གོས་དང་མི་འདྲ་བར་ཆུ་རས་ཨེ་ཡིན་སྙམ། ༥ ཤམ་ཐབས་ཀྱི་གཟན་འདི་མཚན་མོ་སྨད་དུ་གྱོན་རྒྱུའི་གོས་ཤིག་ཡིན་ཚུལ་འདུག་པར་བལྟས་ན་དེང་སང་ལུས་སྨད་ལ་དཀྲི་རྒྱུའི་རྒྱ་གར་གྱི་ས་རས་འདྲ་བ་རེ་མིན་ནམ་སྙམ། ༦ རྔུལ་གཟན། ཆེ་ཆུང་ཆོས་གོས་དང་འདྲ་བའི་ལུས་ཀྱི་རྔུལ་ཆུ་ལེན་བྱེད་ཀྱི་སྟོད་གོས་ཉིན་མོ་ཆོས་གོས་ཀྱི་ནང་དུ་གྱོན་རྒྱུ་ཞིག ༧ རྔུལ་གཟན་གྱི་གཟན། ཆེ་ཆུང་སོགས་གོང་དང་མཚུངས་པའི་མཚན་མོ་ཆོས་གོས་ཀྱི་ནང་ལ་གྱོན་རྒྱུ་ཞིག ༨ གདོང་ཕྱིས། རྔུལ་ཆུ་ལེན་བྱེད་གྱི་རས་ཤིག ༩ རྣག་གཟན། ཤ་ཁྲག་རུལ་པའི་གཤེར་ཁུ་གང་སར་མི་འགོ་བྱེད་ཀྱི་རས་ཤ་རང་ལ་སྦྱར་ནས་གྱོན་རྒྱུའི་གོས་ཤིག ༡༠ གཡན་དགབ། གཡན་པའི་ཟ་འཕྲུག་འབྱུང་ཞིང་ཆུ་སེར་འཛག་པའི་པགས་ནད་ཅན་གྱི་ཤ་ལ་སྦྱར་ནས་གྱོན་རྒྱུའི་གོས་ཤིག ༡༡ སྐྲ་བཟེད། སྐྲ་བཞར་སྐབས་སྟོད་ལ་གྱོན་རྒྱུའི་གོས་ཤིག ༡༢ གདིང་བ། བཞུགས་ཡུལ་གྱི་མལ་སྟན་སྲུང་བྱེད་ཅིག ༡༣ དབྱར་གྱི་གོས་རས་ཆེན། དབྱར་ཁ་གྱོན་རྒྱུའི་གོས་ཤིག་སྟེ་ཕལ་ཆེར་ཆར་གོས་ཤིག་མིན་ནམ་སྙམ།

[4] ཁལ་ནི་སྔོན་དུས་བོད་ཡུལ་གྱི་ཚད་གཞལ་ཡོད་བྱད་ཅིག་གི་མིང་སྟེ། དེ་ལ་རུའི་ཁལ་དང་འདེགས་ཁལ་གཉིས་ཡོད་པ་སོ་སོའི་བྱེད་ལས་མི་འདྲ་བར། རུའི་ཁལ་གྱིས་ནས་སོགས་ཀྱི་འབོར་ཚད་འཇལ་བར་བྱེད་ཅིང་། འདེགས་ཁལ་གྱིས་མར་སོགས་ཀྱི་ལྗིད་ཚད་འཇལ་བ་ཡིན། རུའི་ཁལ་གཅིག་ལ་དེང་སང་གི་རྒྱ་མ་ཉེར་བརྒྱད་དང་། འདེགས་ཁལ་གཅིག་ལ་དེང་སང་གི་རྒྱ་མ་བདུན་ཙམ་ཡོད་པ་རེད། དེ་གཉིས་ལས་རུའི་ཁལ་ནི་དུས་རབས་བཅུ་བདུན་པའི་མགོར་གཙང་སྡེ་སྲིད་ཀྱི་མི་དབང་ཀརྨ་བསྟན་སྐྱོང་དབང་པོས་གསར་བཟོ་བྱས་པར་གྲགས།

Loading

2 མཆན།

  1. ངས་དེ་སྔོན་གཅིག་བྲིས་པ་ཡིན་ཧ་ཅང་འདྲ་པོ་འདུག་པས་ཡ་མཚན་ལ་ཨང་།

  2. ཆུང་བདག་ལགས།
    ཁམས་བཟང་། ཁྱེད་ཀྱིས་གུས་པའི་རྩོམ་དེ་འདྲ་ཞིག་བྲིས་ཡོད་ན། ལོ་དུས་ནམ་ཞིག་ལ་བྲིས་པ་ཡིན། དུས་དེབ་སོགས་ཅི་ཞིག་གི་ཐོག་བཀོད་ཡོད་ལགས།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།